པཎ་ཆེན་ཤཱཀྱ་མཆིག་ལྡན། ་

ས་སྐྱའི་བླ་མ་འདི་ཉིད་རབ་ཆུང་བདུན་པའི་ས་སྤྲེལ(༡༤༢༨)ལོར་གསང་ཕུའི་བར་ཚིགས་ཞེས་པར་སྐུ་འཁྲུངས། དགུང་ལོ་བརྒྱད་པ་ལ་སྐྱོར་མི་ལུང་དུ་རོང་སྟོན་ཆེན་པོ་ལས་རབ་ཏུ་བྱུང་། མཚན་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་ཞེས་གསོལ། དགུང་ལོ་ཉེར་གཅིག་གི་བར་རོང་སྟོན་ཆེན་པོའི་ཞབས་ལ་གཏུགས་ནས་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་སོགས་ཟབ་ཆོས་མང་དུ་གསན། དགུང་ལོ་ཉེར་ལྔ་པ་ལ་ངོར་དགོན་དུ་ངོར་ཆེན། བྲག་དཀར་སེམས་དཔའ་ཆེན་པོ། མུས་ཆེན་གསུམ་གྱིས་མཁན་པོ་དང་ལས་གསང་མཛད་དེ་བསྙེན་པར་རྫོགས། བྲག་དཀར་སེམས་དཔའ་ཆེན་པོ། མུས་ཆེན་གསུམ་གྱིས་མཁན་པོ་དང་ལས་གསང་མཛད་དེ་བསྙེན་པར་རྫོགས། བྲག་དཀར་སེམས་དཔའ་ཆེན་པོ། ལྕང་ལུང་པ་གཞོན་ནུ་བློ་གྲོས། པཎ་ཆེན་ནགས་རིན་སོགས་ལས་གསུང་ངག་སྦྱོར་དྲུག་གི་གཙོས་ཟབ་རྒྱས་ཀྱི་ཆོས་མང་དུ་ནོད། དགུང་ལོ་བཅོ་ལྔ་པ་ལ་གསང་ཕུའི་གནས་སྒོ་གྲྭ་ཚང་གི་འཛིན་བདག་མཛད། དེ་ནས་དཔལ་ལྡན་ས་སྐྱར་《གཞུང་ལུགས་བརྒྱ་ལ་བཤད་པའི་དགའ་སྟོན》དང་། 《གོ་སྒྲ་ལས་དྲངས་པའི་གནས་བསྟོད་དང་ང་བརྒྱད་མ》སོགས་མཛད། དགུང་ལོ་ཞེ་ལཉིས་པ་ས་གླང(༡༤༦༩)ལོར་གསེར་མདོག་ཅན་དུ་འདུས་ཚོགས་བརྒྱ་ཕྲག་བདུན་ལ་འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་སྤེལ་ཏེ། དགུན་ཆོས་ལ་མངོན་པ་གོང་འོག། དཔྱིད་ཆོས་ལ་དབུ་མ། དབྱར་ཆོས་ལ་འདུས་བ་གཙོ་བོར་འདོམས་པར་མཛད། དེ་ནས་ཆོས་རྒྱལ་རྣམ་རྒྱལ་གྲགས་པ་ལས་དུས་འཁོར་གྱི་དབང་གྱི་དབང་སོགས་གསན། གསེར་མདོག་ཅན་དུ་དྲི་ལན་གསེར་གྱི་ཐུར་མ་མཛད། བློ་བརྟན་བཞི་པ་དང་དེའི་ཉེ་གནས་བློ་ལྡན་པའི་དྲུང་དུ་ཀ་ཙན་སྙན་ངག་སོགས་སྦྱངས་ཤིང་། རིག་གནས་ལྔ་ལ་སྙན་པའི་གྲགས་པས་ཁྱབ། ཡོངས་རྫོགས་པཎྜི་ཏ་ཆེན་པོར་གྱུར། སྤྱིར་རག་གནས་ལྔ་དང་། ཁྱད་པར་སྒྲ་རིག་དང་། ནང་རིག་གི་སྙིང་པོ། བཀའ་བར་མཐའ་དང་། ལུགས་གཉིས་ཀྱི་སྲོལ་ལས་བྱུང་བའི་རང་སྟོང་གཞན་སྟོང་གི་ལྟ་བའི་གནད་ཟབ་མོ་ལ་འདི་ཁོ་ན་བཀའ་དྲིན་ཆེ། དེ་བཞིན་མངའ་རིས་འཁོར་འཕྲལ་འདུ་ཁང་རྙིང་པ་དང་། ཕྱིས་གསར་པ། མགོན་ཁང་། གོས་སྐུ་སོགས་བཞེངས། ཕྱག་རྩོམ་ལ་ཡང་། 《ཚད་མའི་དཀའ་འགྲེལ་སྤྱི་དོན་ཆེ་ཆུང་གཉིས》 《རྣམ་རིག་ཊཱིཀ་ཆེན་གཉིས》 《ཕར་ཕྱིན་ཊཱི་ཀ་ལུང་སྙིང་སྤྱི་དོན་གསུམ》 《རྩ་འཇུག་ཊཱི་ཀ་སྟོང་ཐུན་ཆེན་མོ་གསུམ》 《འདུལ་པའི་བཀའ་འགྲེལ་ལས་བརྒ་ཊཱིཀ》དང་། 《བདེ་གསང་རྣམ་བཤད་གསེར་ཐུས་ཆོས་ཚན》སོགས་རྩོམ་པའི་རྣམ་གྲངས་ཤིན་ཏུ་མང་བར་མཛད། གསུང་ལས་སྐྱེས་པའི་སློབ་མ་སོགས་མང་དུ་བྱོན། དེ་ལྟར་མཛད་པ་མཐར་ཕྱིན་ཏེ་དགུང་ལོ་བརྒྱད་ཅུ་ལ་ཕེབས་པ་རབ་ཆུང་དགུ་པའི་མེ་ཡོས(༡༥༠༧)ལོར་དགོངས་པ་གཞན་དོན་དུ་གཤེགས།