Open main menu

Wikipedia β

ཕོ་བྲང་ཡུམ་བུ་བླ་སྒང།

ཡུམ་བུ་བླ་སྒང་། ཕོ་བྲང་ཡུམ་བུ་བླ་སྒང་ནི། ལྷོ་ཁའི་རྩེད་ཐང་གྲོང་རྡལ་ནས་ཁྲ་འབྲུག་བརྒྱུད་ན་ལྷོ་ཕྱོགས་སྣེ་གདོང་རྫོང་གི་ཉེ་འདབས་སུ་ཡོད། དེ་ནི་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོའི་དུས་སུ་བཞེངས་པའི་བོད་ཀྱི་ལོ་རྒྱུས་སྟེང་གི་ཕོ་བྲང་ཆེས་སྔ་ཤོས་ཡིན་ལ། ད་བར་དུ་མི་ལོ་ཉིས་སྟོང་ལྷག་གི་ལོ་རྒྱུས་མཆིས། བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་སོ་གཉིས་པ་གནམ་རི་སྲོང་བཙན་བར་གྱི་བཙན་པོ་རིམ་བྱོན་རྣམས་བཞུགས་སའི་ཕོ་བྲང་ཡིན་སྟབས་ལོ་རྒྱུས་ཀྱི་གནས་རྙིང་གྲགས་ཅན་ཞིག་ཡིན། བཤད་རྒྱུན་ལ། འདིའི་ནང་གི་ལྡེབས་རིས་སུ་བོད་རྗེ་གཉའ་ཁྲི་བཙན་པོ་ཇི་ལྟར་བྱོན་ཚུལ་བྲིས་ཡོད་ཚུལ་སོགས་བཤད་ནའང་ད་ལྟ་མཇལ་དུ་མེད་ཀྱང་། ཕྱི་ནང་གི་བཀོད་པ་ལས་དེ་སྔའི་བོད་ཀྱི་རིག་གནས་དང་ལོ་རྒྱུས་ལ་ཞིབ་འཇུག་བྱ་རྒྱུར་རྒྱུ་ཆ་མི་ཉུང་བ་ཡོད།
ད་ལྟའི་ཡུམ་བུ་བླ་སྒང་དེ་རྒྱབ་མདུན་ཁག་གཉིས་སུ་དབྱེ་བའི་མདུན་ངོས་ཐོག་བརྩེགས་གསུམ་ཅན་གྱི་ཁང་བ་དེའི་འོག་རྣམས་ལྷ་ཁང་ཡིན་པ་དང་། ནང་རྟེན་གཙོ་བོ་ཤཱཀྱ་ཐུབ་པ་དང་། པུར་རྒྱལ་བཙན་པོ་རིམ་བྱོན་ལས་གཉའ་ཁྲི་དང་། ལྷ་ཐོ་ཐོ་རི། སྲོང་བཙན། ཁྲི་སྲོང་། རལ་བ་ཅན་བཅས་གྲགས་ཅན་འགའ་དང་། ད་རུང་སྲོང་བཙན་གྱི་བཙུན་མོ་རྒྱ་བལ་བཟའ་གཉིས་དང་། ཐུ་མི་དང་མགར་སྟོང་བཙན་བཅས་རྒྱལ་བློན་དྲིན་ཆེ་བ་འགའི་ལྡེར་སྐུ་བཞུགས་ཡོད། ཐོག་བརྩེགས་གཉིས་པ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཕྱག་འཚལ་ཁང་ཡིན། དེའི་རྒྱབ་ཕྱོགས་བྱང་ངོས་སུ་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་བྱམས་པ་དང་། རྗེ་ཙོང་ཁ་པ། སློབ་དཔོན་པད་འབྱུང་། འཇམ་དཔལ་དབྱངས་སོགས་ཀྱི་སྐུ་རྟེན་ཆེ་ཆུང་སྣ་ཚོགས་ཡོད་ལ། དེ་མིན་རྒྱལ་ཆེན་རིགས་བཞི་བཅས་བཞུགས། ཐོག་བརྩེགས་གསུམ་པའི་མདུན་ཕྱོགས་ནི་གཡབ་སྟེང་དང་། རྒྱབ་ངོས་ནི་ཁྱམས་ཡིན། མདུན་ཁང་དང་འབྲེལ་བའི་རྒྱབ་ཕྱོགས་དཀྱིལ་དབུས་མཐོ་ཞིང་གཟར་བའི་ཁང་པ་ཐོག་བརྩེགས་གསུམ་ཅན་ཞིག་ཡོད་པ་དེས་ཡུམ་བུ་བླ་སྒང་ཐོག་མར་སྐྲུན་སྐབས་ཀྱི་འཛུགས་སྐྲུན་དང་ལོ་རྒྱུས་ཀྱི་དཔང་རྟགས་མཚོན་པར་བྱས་ཡོད།
ཕོ་བྲང་ཡུམ་བུ་བླ་སྒང་།