བཞང་བཞའ་ཀོ་ཝོའུ་སོ་(ཧྥ་རན་སིའི་སྐད་དུ། Jean-Jacques Rousseau)ལགས་ནི་སྤྱི་ལོ་༡༧༡༢ལོའི་ཟླ་༦ཚེས་༢༨ཉིན་ཇི་ནི་ཝེ་རུ་སྐུ་འཁྲུངས། སྤྱི་ལོ་༡༧༧༨ལོའི་ཟླ་༧ཚེས་༢ཉིན་པེལ་རེས་སི་རུ་གྲོང་པ་རེད། ཁོང་ནི་སུད་སི་ལས་སྐྱེས་པའི་ཧྥ་རན་སིའི་བསམ་བློ་བ་དང་། ཚན་ཉིད་རིག་པ་བ། ཆབ་སྲིད་ཤེར་རྟོགས་རིག་པ་བ། རོལ་མོའི་དབྱངས་རྩོམ་མཁན་བཅས་རེད། ཚན་ཉིད་རིག་པའི་ཐད་དུ། ཁོང་གིས་<<མི་དང་མིའི་དབར་འདྲ་མཉམ་མེད་པའི་འབྱུང་ཁུངས་དང་གཞིའི་རྩའི་རྣམ་བཤད་>>དང་<<ཚན་རིག་དང་སྒྱུ་རྩལ་བསྐྱར་དར་དེས། མིའི་ཀུན་སྤྱོད་གཙང་མར་བཏང་འདུག་གམ། ཡང་ན་རུལ་པར་བསྒྱུར་འདུག>>ཅེས་པའི་གྲགས་རྩོམ་གཉིས་སྤེལ་བ་དང་། རོམ་མོའི་ཐད་དུ་ཁོང་གིས། <<དེང་རབས་རོལ་མོའི་སྐོར་གྱི་དཔྱད་རྩོམ་>>ཞེས་པའི་ལྗགས་རྩོམ་བཀོད་ནས་རོལ་མོ་མཁན་གྱི་རྟགས་མཚན་མངོན་པ་རེད། འཆབ་སྲིད་གཞུང་ལུགས་ཐད་ཀྱི་བརྩམས་ཆོས་<<སྤྱི་ཚོགས་གན་ཆིངས་>>ནང་གི་དཀྱུས་དམངས་ཀྱི་བདག་དབང་དང་དམངས་གཙོའི་ཆབ་སྲིད་ཚན་ཉིད་རིག་པའི་ལྟ་སྒྲུབ་ཀྱིས། ཧྥ་རན་སིའི་བློ་འབྱེད་ལས་འགུལ་དང་། གསར་བརྗེ་ཆེན་མོ། དེ་ནང་བཞིན་དེང་རབས་ཀྱི་ཆབ་སྲིད་དང་། ཚན་ཉིད་རིག་པ། སློབ་གསོའི་བསམ་བློ་བཅས་ལ་སྐུལ་བཅག་མི་དམན་པ་ཐེབས་ཡོད་རེད།

མི་ཚེའི་ལོ་རྒྱུས། རྩོམ་སྒྲིག

པེལ་རེས་སི་རུ་རིག་གནས་ཀུན་འདུས་ཆེན་མོའི་མི་དང་འབྲེལ་བ་བྱུང་བ། རྩོམ་སྒྲིག

ཝོའུ་སོ་ལགས་ནི་ཨ་ཕ་ཨ་ཟེ་ཀ་ཝོའུ་སོ་ཡི་བུ་གཉིས་པ་དེ་ཡིན་པ་དང་། ཁོང་འཁྲུངས་ནས་ཞག་བཅུའི་རྗེས་སུ་ཨ་མ་ཡང་ཚེ་ལས་འདས། ཡང་། རང་ལོ་བཅུའི་སྐབས་སུ་ཨ་ཕ་ཡང་ཡུལ་གྱི་མི་གཞན་དང་འཁྲུག་རྩོད་ཤོར་ཏེ་ཕ་ཡུལ་ནས་མི་བྲལ་ཀ་མེད་བྱུང་པ་རེད། དེར་བརྟེན། ཝོའུ་སོ་ལགས་ནི། གཅེན་པོ་དང་། ཨ་ནེ། དེ་མིན་སྨན་ཞབས་པ་མོ་ཧྲང་ཞིག་དང་མཉམ་དུ་འཚར་ལོངས་བྱུང་བ་རེད། ཁོ་རང་བྱིས་དུས་ཨ་ཕའི་སྐུལ་བཅག་གི་འོག་ཏུ། བརྩམས་སྒྲུང་དང་། ལོ་རྒྱུས། དཔའ་བོ་ཕུ་ཐྲེར་ཆིའི་མཛད་རྗེས་སྙན་ངག་ཏུ་བྲིས་པའི་རྣམ་ཐར་ལ་སོགས་དཔེ་ཀློག་བྱེད་རྒྱུ་ཤིན་ཏུ་དགའ་ཞིང་། རྗེས་སུ་ཝོའུ་སོ་ལགས་ཀྱིས་ལོ་ན་བཅུ་གཉིས་མ་སོན་གོང་ཁོ་བོ་རོམ་གྱི་མི་ཞིག་ཡིན་ཞེས་བརྗོད་པར་རེད། ཨ་ཕ་ཡུལ་ལས་བྲོས་རྗེས། ཆོས་པ་ཞིག་གིས་ཁོང་གཅེན་གཅུང་གཉིས་པ་ཉིན་རེའི་ལྟོ་ཆས་སྤྲད་ཅིང་། རང་ལོ་བཅུ་གསུམ་སྐབས། ཝོའུ་སོ་ལགས་ནི་རྐོས་རྒྱག་མཁན་ཞིག་ཏུ་གྱུར་ནས། ལས་ཀ་དེར་སྦྱོང་བརྡར་གནང་གིན་དུ་ཁྱིམ་ལ་བསྡད་པ་རེད།

སྤྱི་ལོ་༡༧༤༢ལོར། ཝོའུ་སོ་པེལ་རེས་སི་རུ་གནས་སྤོས་བྱས་པ་དང་། རང་དབང་གང་ཤར་དང་རང་སྣང་ཅི་འདོད་ཀྱི་རྫོགས་པའི་གྲོང་ཁྱེར་དེ་རུ། ཝོའུ་སོས་རྡེས་ཏི་ཝོ་དང་འདྲ་བའི་མཁས་པ་མང་པོ་ངོ་ཤེས་པ་དང་། ཝོའུ་སོ་ལགས་ཀྱི་བསམ་བློ་ལ་གང་ཅིའི་ཐད་ནས་མཁས་པ་དེ་ཚོས་ཤུགས་རྐྱེན་ཐེབས་ཡོད་རེད། རྡོ་ནེ་རྡེས་ཏི་ཝོའི་རེ་ཞུ་ལྟར། ཝོའུ་སོས་རིག་གནས་ཀུན་འདུས་ཆེན་མོའི་རོལ་དབྱངས་ཐད་ཀྱི་ནང་དོན་ལ་རྩོམ་སྒྲིག་ཞུས་པ་རེད། དེ་བཞིན། རྡེས་ཏི་ཝོའི་སྐུལ་བཅག་འོག་ཏུ། ཝོའུ་སོ་ལགས་ནས་སྤྱི་ལོ་༡༧༤༩ལོའི་ཟླ་༡༠པར། བརྗོད་གཞི་<<ཚན་རིག་དང་སྒྱུ་རྩལ་བསྐྱར་དར་དེས། མིའི་ཀུན་སྤྱོད་གཙང་མར་བཏང་འདུག་གམ། ཡང་ན་རུལ་པར་བསྒྱུར་འདུག>>ཅེས་པའི་རྩོམ་ཡིག་འགྲན་བསྡུར་ནང་བཞུགས་ནས། ཚན་རིག་དང་སྒྱུ་རྩལ་བསྐྱར་དར་དེས། མིའི་ཀུན་སྤྱོད་རུལ་པ་ཁོ་ནར་བསྒྱུར་འདུག་ཅེས་པའི་ལྟ་ཚུལ་དྲང་སྟེ། ཨང་རིམ་ཡང་ཐོབ་པ་རེད། གང་དེ་ཉིད་ཀྱིས་ཝོའུ་སོའི་སྙན་གྲགས་གང་སར་ཁྱབ། རྗེས་སོར། སྤྱི་ལོ་༡༧༥༤ལོར། ཝོའུ་སོ་ནས་ཡང་བསྐྱར་རྡེས་ཞུང་སློབ་གླིང་གི་རྩོམ་ཡིག་འགྲན་བསྡུར་ཞིག་ཏུ་<<མི་དང་མིའི་དབར་འདྲ་མཉམ་མེད་པའི་འབྱུང་ཁུངས་དང་གཞིའི་རྩའི་རྣམ་བཤད་>>ཅེས་པའི་ལྗགས་རྩོམ་སྤེལ་ནས། གང་དེ་ཨང་རིམ་མ་ཐོབ་ཀྱང་། ཁོ་བོའི་མིང་གྲགས་ནི་སྔར་བས་གང་སར་རྒྱས་པར་རེད།

སྤྱི་ལོ་༡༨༥༦ལོ་ནས་སྤྱི་ལོ་༡༧༦༢ལོའི་བར་དུ། ཝོའུ་སོ་ལགས་ཁེར་རྐྱང་པེལ་རེས་སིའི་གྲོང་མཐའ་རུ་བཞུགས་ནས། ཆབ་སྲིད་གཞུང་ལུགས་ཐད་ཀྱི་གྲགས་རྩོམ་<<སྤྱི་ཚོགས་གན་ཆིངས་>>དང་སློབ་གསོའི་སྐོར་གྱི་གྲགས་དེབ་<<ཨེ་མེལ་>>གཉིས་སྤེལ།

རིག་གནས་ཀུན་འདུས་ཆེན་མོའི་མི་དང་འགྲོ་ཐག་ཆད་པ། རྩོམ་སྒྲིག

དང་ཐོག ཧྥ་རན་སིའི་བློ་འབྱེད་ལས་འགུལ་ནང་གི་རང་དབང་རིང་ལུགས་ཀྱི་རྩོམ་པ་པོའི་ནང་དུ་ཝོའུ་སོ་ལགས་ལ་གྲོགས་པོ་མང་དག་ཅིག་ཡོད་རེད། དེའི་ནང་དུ། རྡོ་ནེ་རྡེས་ཏི་ཝོ་དང་། རྡེ་ལུང་བྷེ་ཝུ་ལ་སོགས་ཚུད་ཡོད། རྗེས་སོར། ཁོ་ཚོ་དང་ཝོའུ་སོའི་བར་ལ་བསམ་བློ་མ་མཐུན་པ་བྱུང་ནས། Voltaireཡིས་ཇི་ནེས་ཝེ་རུ་ཟློས་གར་ཁང་ཞིག་བཙུགས་པ་ལ་ཝོའུ་སོས་དགག་བཞག་མཛད་ནས་ཟློས་གར་ཁང་ནི། མཛངས་སྤྱོད་ཀྱི་གཤེད་མ་རེད་ཅེས་གྲག་པས། གནས་ཚུལ་དེས་ཝོའུ་སོ་ལགས་Voltaireདང་དགྲ་རུ་གྱུར་པ་རེད། དེ་ནས། ཝོའུ་སོ་ལགས་རིག་གནས་ཀུན་འདུས་ཀྱི་མི་དང་བསམ་འཆར་གཅིག་འཐད་མ་བྱུང་ནས། ཁོང་གིས་<<ཨེ་མེལ་>>ཞེས་པའི་དཔེ་དེབ་དཔར་བསྐྲུན་བྱས་འཕྲལ་དུ། ཧྥ་རན་སི་དང་། ཡང་སྒོས་ཡོ་རོབ་ཡོངས་ནས་ཝོའུ་སོའི་བསམ་བློ་ལ་དགག་པའི་ཚ་རླབས་ཤིག་རྒྱས་པ་རེད། དེ་ནས་བཟུང་། ཁོ་བོའི་ཡུལ་གྱར་གྱི་འཚོ་བ་ཞིག་ཀྱང་འགོ་ཚུགས་པ་རེད།

ཚན་ཉིད་རིག་པ། རྩོམ་སྒྲིག

ཆབ་སྲིད་ཚན་ཉིད་རིག་པ། རྩོམ་སྒྲིག

ཝོའུ་སོ་ལགས་ནི། ཆེས་ཕུལ་དུ་བྱུང་བའི་བློ་འབྱེད་མཁན་དང་། བསམ་བློ་བ། ཚན་ཉིད་རིག་པ་བ། སློབ་གསོ་བ་བཅས་རེད། དེ་བས་ཁོང་གི་ལྟ་སྒྲུབ་ནི་ཧྥ་རན་སིའི་གསར་བརྗེའི་དུས་སྐབས་སུ། མ་རྩ་རིང་ལུགས་ཀྱི་གྲལ་རིམ་ཁག་གི་རེ་སྒུག་གི་དུང་དབྱངས་ལྟ་བུ་ཞིག་རེད། དཀྱུས་དམངས་ཀྱི་བདག་དབང་ཞེས་པའི་ལྟ་བ་ནི་ཁོ་བོའི་ལྟ་གྲུབ་ཡོངས་ཀྱི་སྲོག་ཤིང་དང་། ཆེས་དམའ་མཐའི་རྩ་དོན་ཞིག་ཏུ་གྱུར་ཡོད་རེད། <<སྤྱི་ཚོགས་གན་ཆིངས་>>ནི་ཝོའུ་སོའི་དམངས་གཙོའི་ལྟ་སྒྲུབ་ཀྱི་གཅིག་བསྡུས་མཚོན་མ་ལྟ་བུ་ཞིག་རེད། ཝོའུ་སོས་སྨྲ་དོན། ང་ཚོ་མིའི་རིགས་དང་ཐོག་མ་ནི་ཆེས་གདོན་མའི་རང་བྱུང་གི་རྣམ་པ་རུ་གནས་ཡོད་པ་ལ། རྣམ་པ་དེའི་འོག་ཏུ། སྒེར་བདག་ལམ་ལུགས་དང་། འདྲ་མཉམ་མིན་པའི་གནས་ཚུལ་ཡེ་ནས་ཡོད་མ་རེད་ཟེར། སྒེར་བདག་ལམ་ལུགས་ཀྱིས་མིའི་དབར་ལ་འདྲ་མཉམ་མིན་པའི་གནས་ཚུལ་དོན་པ་དང་། རྒྱལ་ཁབ་ཅེས་པ་ནི་གན་ཆིངས་བཞག་ནས་འོངས་པ་ལ། མི་ནི་གན་ཆིངས་བཞོག་མཁན་གྱི་བདག་པོ་དེ་རེད། དེ་ནས་ཁོང་གིས་དཀྱུས་དམངས་ཀྱི་བདག་དབང་ཞེས་པའི་ལྟ་སྒྲུབ་སྟོན་ནས་རྒྱལ་ཁབ་ཀྱི་བདག་དབང་ལ་དབྱེ་སེལ་དང་། བརྗེ་སྤོ་ཞེས་པ་མེད། ཡང་། འགྲོ་བ་མིའི་ཐོབ་ཐང་གི་མཚོན་བྱེད་དང་ལག་ལེན་གང་ལའང་མི་དམངས་ཀྱི་བསམ་བློ་མཚོན་པར་བྱ་དགོས། ཁྲིམས་ཞེས་པ་མང་མོས་ཡིན་དགོས་ལ། ཁྲིམས་ལུགས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་རེད། རྗེ་བོའི་དབང་ཆ་ཁྲིམས་ལས་མཐོ་བར་བྱ་མི་ཉན་ཞེས་ཟེར། ཚན་ཉིད་རིག་པའི་ཁྱབ་ཁོངས་སུ་ཝོའུ་སོས་དུས་རབས་༡༨པའི་ལོ་རབས་༥༠ནང་། ཚབ་མཚོན་རང་བཞིན་གྱི་དཔྱོད་རྩོམ་གཉིས་སྤེལ་ནས་ཚན་ཉིད་རིག་པའི་སྡེ་རུ་གོ་ས་ངེས་ཅན་ཞིག་ཟིན་པ་རེད། ཁོ་བོའི་<<མི་དང་མིའི་དབར་འདྲ་མཉམ་མེད་པའི་འབྱུང་ཁུངས་དང་གཞིའི་རྩའི་རྣམ་བཤད་>>ཅེས་པའི་ནང ། རང་བྱུང་ཁམས་སུ་འདྲ་མཉམ་མིན་པའི་སྣང་ཚུལ་མེད། ད་ལྟའི་གཙོ་རྒྱུགས་ཀྱི་འདྲ་མཉམ་མིན་པའི་སྣང་ཚུལ་དག་ནི། མི་ཉིད་འཚོ་གནས་དང་འཕེལ་རྒྱས་ཀྱི་སྐབས་སུ་བཅོས་མས་དོན་པ་ཞིག་རེད།

ཁོང་གི་ཆབ་སྲིད་ཚན་ཉིད་རིག་པའི་ལྟ་སྒྲུབ་ཀྱིས་རྗེས་སོར་གྱི་མ་ཁེ་སིའི་རིང་ཤུགས་ལའང་ཤུགས་རྐྱེན་ཐེབས་ཡོད་རེད།

སློབ་གསོའི་ཚན་ཉིད་རིག་པ། རྩོམ་སྒྲིག

<<ཨེ་མེལ་>>ནི་སློབ་གསོའི་ཚན་ཉིད་རིག་པའི་ཁོངས་སུ་ཆེས་རླབས་སུ་གྲགས་པའི་བརྩམས་དེབ་ཞིག་རེད། ཨ་རིའི་རིག་བྱེད་མཁས་པ་ཨེ་ལོན་པུ་ལུ་མུ་ལགས་ཀྱིས་གང་དེ་ཉིད་ནི་ཕི་ལཱ་ཐྲོའི་<<ཕུགས་བསམ་གྱི་རྒྱལ་ཁམས་>>དང་བསྡུར་དུ་འོས་པའི་འདེངས་བཅོག་གནང་གིན་ཡོད་རེད། མ་ཟད་ཁོང་གིས་སློབ་གསོའི་བརྩམས་སྒྲུང་གིས་སློབ་གསོའི་ལྟ་བ་སྟོན་པའི་རྩོམ་འབྲིའི་རྣམ་པ་གསར་པ་ཞིག་ཀྱང་གཏོད་པ་རེད།

ཝོའུ་སོ་ལགས་ཀྱི་སློབ་གསོའི་ཚན་ཉིད་རིག་པ་དང་། ཆབ་སྲིད་ཚན་ཉིད་རིག་པའི་ལྟ་སྒྲུབ་གཉིས་ཟུང་དུ་འབྲེལ་ནས། བརྩམས་དེབ་<<ཨེ་མེལ་>>དུ། སློབ་གསོ་རིགས་གསུམ་སྟོན་པ་ནི། རང་བྱུང་གི་སློབ་གསོ་དང་། བྱ་དངོས་ཀྱི་སློབ་གསོ། མིའི་སློབ་གསོ་བཅས་གསུམ་རེད། ཝོའུ་སོས། ངེས་པར་དུ། མི་བུ་ཉིད་ཀྱི་རང་གཤིས་ལ་ཞིག་ནས། སློབ་གསོ་གཏོང་དགོས་པ་དང་། དེ་ལྟར། སློབ་གསོ་རིགས་གསུམ་པོ་དེ་ཟུང་འབྲེལ་གྱིས་ལྟོས་བཅས་སུ་འགལ་ཟླ་མ་ཆགས་པར་བྱ་དགོས་ཟེར།

ཝོའུ་སོའི་སློབ་གསོའི་ལྟ་སྒྲུབ་ལ། ཕི་ལཱ་ཐྲོ་ལ་སོགས་པས་ཤུགས་རྐྱེན་ཐེབས་ཡོད་པ་དང་། དེ་བས་ཁོང་གིས། རང་བྱུང་རིང་ལུགས་ཀྱི་སློབ་གསོའི་མ་ལག་ཅིག་གསར་དུ་གཏོད་ནས། ཕྱི་རབས་ཀྱི་བསམ་བློ་བའི་སྡེ་ཚོགས་ལའང་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་རེད།

<<སྤྱི་ཚོགས་གན་ཆིངས་>>དང་ཧྥ་རན་སིའི་གསར་བརྗེ་ཆེན་མོ། རྩོམ་སྒྲིག

མི་དང་སྤྱི་ཚོགས་དབར་ཀྱི་འབྲེལ་བ་བརྗོད་པའི་<<སྤྱི་ཚོགས་གན་ཆིངས་>>ནི་མི་རྣམ་གྱི་ཆེས་རྒྱུས་མངའ་གཟབ་པའི་ཝོའུ་སོ་ལགས་ཀྱི་གྲགས་ཅན་བརྩམས་དེབ་ཅིག་རེད་(ཝོའུ་སོ་རང་ངོས་ཀྱིས་ཆེས་དགའ་སའི་བརྩམས་དེབ་ནི་<<ཨེ་མེལ་>>རེད་) དེབ་དེའི་འགོ་རུ་ཡང་། མི་ནི་སྐྱེས་ཙམ་ནས་རང་དབང་རེད་ལ། ཡང་རྟག་ཏུ་ནག་སྒྲོག་གི་ནང་དུ་མི་འགྲོ་བ་མེད་ཅེས་འཁོད། དེབ་དེ་སྤྱི་ལོ་༡༧༦༢ལོར། དཔར་དུ་བསྐྲུན་པ་ལ། དེ་ག་ཉིད་ལ་གྲག་འགུལ་ཆེར་མེད། ཡིན་ནའང་། རྗེས་སོར། དེབ་འདི་ནི་ནུབ་ཀྱི་སྲོལ་རྒྱུན་ཆབ་སྲིད་ལྟ་སྒྲུབ་ལ་ཤུགས་རྐྱེན་ཐེབས་ཆེ་ཤོས་ཀྱི་གྲགས་དེབ་ཅིག་ཏུ་གྱུར་པ་རེད། དེ་ཡང་། ཁོང་གི་བརྩམས་ཆོས་སྔོན་མ་དང་མ་འདྲ་བའི་ཆ་ནི། <<སྤྱི་ཚོགས་གན་ཆིངས་>>སུ། རང་བྱུང་གི་རྣམ་པ་ཞེས་པ་ནི། ཁྲིམས་དང་། སྤྱོད་པ་མེད་པའི་ཟོག་གཤིས་ཀྱི་རྣམ་པ་ཞིག་རེད། མིའི་བཟང་ངན་ནི་སྤྱི་ཚོགས་བྱུང་བ་ནས་སླེབས་ཞེས་འཁོད། ཡང་། རང་བྱུང་གི་རྣམ་པའི་འོག་ཏུ། མི་བུའི་འཇོན་ནུས་ལས་བརྒལ་བའི་གནས་ཚུལ་ལྷག་དུས། ངེས་པར་དུ། མི་གཞན་པ་དང་མཉམ་སྦྲེལ་གྱི་ཐོག་ནས་ད་ཚོད་འཚོ་ཐུབ་པ་དང་གནས་ཐུབ་པ་རེད། དེར་རྟེན། ཚང་མར་མཉམ་སྦྲེལ་བྱ་དགོས་པའི་འདུ་ཤེས་སླེབས་པ་རེད། མི་རྣམ་ཕན་ཚུན་མཉམ་སྦྲེལ་གྱི་ཐོག་ནས་ཚོགས་པ་ལྟ་བུ་ཞིག་གྲུབ་ནས་སྤྱི་ཚོགས་ཞེས་པ་བྱུང་། སྤྱི་ཚོགས་གན་ཆིངས་ནི་ཚོགས་མི་ག་གེ་མོ་ཞིག་སྤྱི་ཚོགས་དེ་རུ་ཡོད་པའི་གོ་གནས་ཤིག་སྟོན་པའི་ཆིངས་ཡིག་ལྟ་བུ་ཞིག་རེད།

བརྩམས་ཆོས། རྩོམ་སྒྲིག

<<ཚན་རིག་དང་སྒྱུ་རྩལ་གྱི་རྣམ་བཤད་>>(1749) <<མི་དང་མིའི་དབར་འདྲ་མཉམ་མེད་པའི་འབྱུང་ཁུངས་དང་གཞིའི་རྩའི་རྣམ་བཤད་>>(1755) <<ཚན་རིག་དང་སྒྱུ་རྩལ་བསྐྱར་དར་དེས། མིའི་ཀུན་སྤྱོད་གཙང་མར་བཏང་འདུག་གམ། ཡང་ན་རུལ་པར་བསྒྱུར་འདུག>> <<ཨེ་མེལ་>>(1762) <<སྤྱི་ཚོགས་གན་ཆིངས་>>(1762) <<འགྱོད་བཤགས་རེག་ཟིག>>》(1788) <<ཕོ་ལན་ཏྲིའི་སྲིད་གཞུང་རྣམ་བཤད་>> <<རི་སྒང་ནས་བསྐུར་བའི་འཕྲིན་ཡིག་ཁག>> (1763) <<དེང་རབས་རོལ་མོའི་སྐོར་གྱི་དཔྱད་རྩོམ་>> <<གཏམ་རྒྱུད་ཟློས་གར་གྱི་རོལ་མོའི་མཛེས་ཉམས་>>༡༧༤༥(རོལ་གར་) <<གྲོང་གསེབ་ཀྱི་ཕྱྭ་པ་>>༡༧༥༢(རོལ་གར་) <<ལཱ་ནོ་ཝེལ་ཨེས་ལེ་ཡེས་ཟི་>>(1761)

ཡིག་བསྒྱུར། རྩོམ་སྒྲིག

ཝོའུ་སོ་ལགས་ཀྱི་བརྩམས་ཆོས་རྣམ། ད་ལམ་དུ། དགུ་རོང་སྤུན་གྲོལ་ལགས་གྱིས་བོད་བསྒྱུར་གནང་གིན་ཡོད་རེད། དེའི་ནང་། <<སྤྱི་ཚོགས་གན་ཆིངས་>>ནི་བོད་བསྒྱུར་གནང་མཛད་ནས་ཕྱི་ཕྱོགས་སུ་དཔར་བསྐྲུན་བྱས་ཚར་རེད། ད་དུང་བསྒྱུར་མཁན་གང་ཉིད་ཀྱི་འབད་བརྩོན་ལ་བརྩེ་བསྐུར་བྱས་ནས། དེབ་རྫུན་ལ་འགོག་ཅི་ཐུབ་བྱ་དགོས། གང་དེའི་ཉོ་གནས་ནི། ཟི་ལིང་དུ་1+1དཔེ་ཁང་དང་། འབྲེལ་གཏུགས་ཁ་པར་ཨང་གྲངས་ནི། 13709785883 གསེར་རྟ་རུ། དགེ་ཆོས་བོད་ཡིག་དཔེ་ཁང་དང་། འབྲེལ་གཏུགས་ཁ་པར་ཨང་གྲངས་ནི། 18383610281 རྔ་པ་རྫོང་དུ་ནི། ཆུ་མིག་དགུ་ཁྲ་རིག་གནས་ཁྱབ་སྤེལ་ཁང་དང་། འབྲེལ་གཏུགས་ཁ་པར་ཨང་གྲངས་ནི། 13684393379 བཅས་སོ། གནས་ཚུལ་དེ་དག་དགུ་རོང་སྤུན་གྲོལ་གྱི་དྲ་རྩོམ་<<ཝོའུ་སོ་བོད་ཡུལ་དུ་འབྱོར་བའི་གཏམ་དང་གཞན་དག>>ཅེས་པའི་ནང་བཀོད་འདུག

ཁོ་རང་གི་<<གནངས་ཉིན་ཁོ་བོའི་འཆད་ཁྲིད་ཀྱི་འགོ་གཟུག་རྒྱུ་ཡིན་>>ཞེས་པའི་དྲ་རྩོམ་དུ། ཁ་སང་དེ་རིང་ཝོའུ་སོ་ལགས་ཀྱི་ཐོག་མའི་བརྩམས་ཆོས་གྲགས་ཅན་<<ཚན་རིག་དང་སྒྱུ་རྩལ་གྱི་རྣམ་བཤད་>>ཅེས་པ་བོད་ཡིག་ཏུ་བསྒྱུར་གྲུབ་ནས་དེའི་གཞུག་གི་བརྩམས་ཆོས་གྲགས་ཅན་ཏེ་<<མི་དང་མིའི་དབར་འདྲ་མཉམ་མེད་པའི་འབྱུང་ཁུངས་དང་གཞི་རྩའི་རྣམ་བཤད་>>ཅེས་པ་སྒྱུར་བཞིན་འདུག་ཡོད་ཅེས་པ་འཁོད་འདུག ཡང་། སྤུན་གྲོལ་ལགས་ཀྱི་དྲ་རྩོམ་<<ངེད་ཀྱི་བསྒྲགས་གཏམ་གསར་མ་ཞིག་>>ཅེས་པའི་ནང་ད་ནི་ཝོའུ་སོ་ལགས་ཀྱི་མི་ལོ་བཅུ་དྲུག་རིང་བྲིས་པའི་ཁོ་རང་གི་རང་རྣམ་<<འགྱོད་བཤགས་རེག་ཟིག་>>བོད་ཡིག་ཏུ་བསྒྱུར་རྒྱུའི་ཐག་བཅད་པ་ཡིན་ཞེས་པའང་འཁོད་འདུག

དཔྱད་གཞིའི་ཡིག་ཆ། རྩོམ་སྒྲིག

<<ཝོའུ་སོ་སུ་རེད་>>དབྱིན་ཇི་བ་ཁིར་སི་ཐྲོན་གྱིས་བྲིས་ཤིང་། དགུ་རོང་སྤུན་གྲོལ་གྱིས་དབྱིན་ཡིག་ལས་བསྒྱུར།