User:ངག་དབང་བསོད་ནམས།/བརྩེ་བའི་གླུ་འདི་སྲིད་པའི་སྙན་ལ་སྒྲོན།

རྩོམ་ཡིག་གི་ཁུལ།

བརྩེ་བའི་གླུ་འདི་སྲིད་པའི་སྙན་ལ་སྒྲོན།
འབྲོག་བུ་དཀོམ་བཀྲ།

★ཕ་ཡུལ་གྱི་འབྲོག་མོ་ཞིག་ལ་ཆེད་དུ་བྲིས་པ།

སྲོད་ཁའི་ཉི་འོད་རྒ་མ་རྒས་རེད།།
ལ་ཁའི་སྤྲིན་པ་ངུ་མ་དགོད་རེད།།
ཞེ་མཐུན་རོགས་ལོ་ཉེ་མ་རིང་རེད།།
དྲན་པའི་གདུང་བ་གངས་མ་ཆར་རེད།།
རྟ་ཕོའི་གོམ་འགྲོས་རྒྱུག་མ་འདུར་རེད།།
མདུན་གྱི་སྐྱ་ལམ་གུག་མ་འཁྱོག་རེད།།
རུ་སྡེ་ཁྲ་མོ་ལྷིང་མ་འཇགས་རེད།།
སྒོ་ཁྱིའི་ཟུག་སྐད་འུར་མ་ཟིང་རེད།།
ཚེས་རིས་མོག་པོ་ཕྱེད་མ་དབྱིབས་རེད།།
ཐོར་རླུང་བསིལ་མོ་འཚུབ་མ་ལྡང་རེད།།
མུན་པའི་རྒྱལ་མོ་ཁྲོ་མ་ཞི་རེད།།
ལྷས་ཀྱི་ནོར་ལུག་ལངས་མ་ཉལ་རེད།།
སྦྲ་ཡི་ཁ་ཚབ་ཕྱེ་མ་གཟིམ་རེད།།
ཐབ་ཀའི་མེ་ལྕེ་ཤི་མ་གསོན་རེད།།
ནང་མི་ཕོ་མོ་གཉིད་མ་སད་རེད།།
སྙིང་ཁའི་བུ་མོ་སྐྱོ་མ་སྡུག་རེད།།
མལ་གདན་བསོར་མོ་མཐུག་མ་སྲབ་རེད།།
ཉལ་ཐུལ་ལེབ་མོ་དྲོད་མ་འཇམ་རེད།།
བསྔས་འབོལ་གྲུ་བཞི་སྐམ་མ་རློན་རེད།།
ཡིད་ཀྱི་བྱེའུ་ཆུང་འཕུར་མ་ལྡིང་རེད།།
ལུས་དང་ཡན་ལག་ཕར་འཁྱུད་ཚུར་འཁྱུད།།
མཆུ་དང་ལྕེ་རྩེ་འཇིབ་རེས་ནུ་རེས།།
བྲང་དང་བརླ་ཤ་ཕུར་རེས་རེག་རེས།།
ཆགས་བའི་འཁུན་སྒྲ་འཐེན་རེས་ལྷོད་རེས།།
དུང་བའི་སྙིང་གཏམ་བཤད་རེས་ཉན་རེས།།
བརྩེ་བའི་འཛུམ་ཆུང་སྟོན་རེས་ཡིབ་རེས།།
དགའ་སྐྱོའི་མིག་ཆུ་འབྱིན་རེས་ཕྱི་རེས།།

ཞེ་སྡང་ཐག་པ་གཅོད་རེས་གཏུབ་རེས།།