བསམ་པ་ལྷུན་འགྲུབ་མ་བཞུགས་སོ།
བསམ་པ་ལྷུན་འགྲུབ་མ་བཞུགས་སོ།།
རྩོམ་སྒྲིགཨེ་མ་ཧོ།། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ།།
སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་བརླབས་ཏེ།།
སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་བརླབས་ཏེ།།
འཛམ་བུ་གླིང་དུ་འགྲོ་བའི་དོན་ལ་བྱོན།།
འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན།།
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས།།
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།
རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས།།
ཆོས་རྒྱལ་གདུང་བརྒྱུད་མཐའ་ནས་མ་སྟོངས་པར།།
དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས།།
བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གཉེན་གཅིག་པུ།།
རྒྱལ་པོ་ཆོས་སྤྱོོད་སྐྱོང་བའི་ཐུགས་རྗེ་ཅན།།
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས།།
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།
སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད།།
ཐུགས་རྗེས་བོད་ཀྱི་སེམས་ཅན་དོན་ལ་དགོངས།།
མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ།།
ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ།།
བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན།།
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས།།
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།
དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ།།
ནངས་རེ་དགོང་རེ་བོད་ཀྱི་དོན་ལ་འབྱོན།།
ཉེ་ཟེར་འཆར་སྡུད་མདངས་ལ་བཅིབས་ཏེ་འབྱོན།།
ཡང་ངོ་ཚེས་བཅུའི་དུས་སུ་དངོས་སུ་འབྱོན།།
འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན།།
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས།།
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།
ལྔ་བརྒྱ་ཐ་མ་རྩོད་དུས་སྙིགས་མ་ལ།།
སེམས་ཅན་ཐམས་ཅད་ཉོན་མོངས་དུག་ལྔ་རགས།།
ཉོན་མོངས་འཇོལ་ཉོག་དུག་ལྔ་རང་རྒྱུད་སྤྱོད།།
དེ་འདྲའི་དུས་ན་ཨོ་རྒྱན་ཐུགས་རྗེ་བསྐྱེད།།
དད་ལྡན་མཐོ་རིས་འདྲེན་པའི་ཐུགས་རྗེ་ཅན།།
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས།།
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།
ཧོར་སོགས་འཇིགས་པའི་དམག་གིས་མཐའ་བསྐོར་ནས།།
ཆོས་འཁོར་གཉན་པོ་འཇིག་ལ་ཐུག་པའི་ཚེ།།
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས།།
ཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས།།
དམག་དཔུང་ཧུར་ཐུམ་བཟློག་པར་ཐེ་ཚོམ་མེད།།
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས།།
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།
སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ནས།།
མི་བཟོད་སྡུག་བསྔལ་ཆེན་པོས་ནོན་པའི་ཚེ།།
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས།།
ཨོ་རྒྱན་སྨན་གྱི་བླ་དང་དབྱེར་མེད་པས།།
ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ།།
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས།།
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།
འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ།།
སེམས་ཅན་མུ་གེའི་ནད་ཀྱིས་ཉེན་པ་ན།།
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་ཐོབས།།
ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས།།
དབུལ་ཕོངས་བཀྲེས་སྐོམ་སེལ་བར་ཐེ་ཚོམ་མེད།།
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས།།
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།
ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ན།།
དམ་ཚིིག་ཟོལ་ཟོག་མེད་པའི་དཔའ་གདེང་གིས།།
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས།།
ཨོ་རྒྱན་ཡི་དམ་ལྷ་དང་དབྱེར་མེད་པས།།
ཕ་ནོར་བུ་ཡིས་ལོངས་པར་ཐེ་ཚོམ་མེད།།
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས།།
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།
སྦས་ཡུལ་ནགས་རོང་དབེན་ས་སྙོག་པའི་ཚེ།།
ཁ་ཆར་བུ་ཡུག་འཚུབས་ཤིང་ལམ་འགགས་ན།།
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས།།
ཨོ་རྒྱན་གཞི་བདག་གཉན་པོའི་འཁོར་དང་བཅས།།
ཆོས་མཛད་ལམ་སྣ་འདྲེན་པར་ཐེ་ཚོམ་མེད།།
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས།།
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།
སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན།།
འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ།།
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་ཐོབས།།
ཨོ་རྒྱན་དཔའ་བོ་གིང་དང་སྲུང་མར་བཅས།།
གདུག་པའི་སེམས་ཅན་སྐྲོད་པར་ཐེ་ཚོམ་མེད།།
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས།།
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།
ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས།།
སྒྱུ་ལུས་གཡར་པོ་འཇིག་ལ་ཐུག་པའི་ཚེ།།
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་ཐོབས།།
ཨོ་རྒྱན་དཔའ་བོ་གྱད་དང་ལྡན་པ་ཡིས།།
འབྱུང་བ་རང་སར་ཞི་བ་ཐེ་ཚོམ་མེད།།
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས།།
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།
ལམ་སྲང་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ།།
བསད་ཁྱེར་ཇག་པ་ཆོམ་པོས་ཉེན་པ་ན།།
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་ཐོབས།།
ཨོ་རྒྱན་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན།།
ཙོ་ར་མི་རྒོད་རྔམས་སེམས་བརླག་པར་བྱེད།།
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས།།
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།
གང་ཞིག་གཤེད་མའི་དམག་གིས་མཐའ་བསྐོར་ནས།།
མཚོན་ཆ་རྣོན་པོ་འདེབས་ཤིང་ཉེན་པ་ན།།
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་ཐོབས།།
ཨོ་རྒྱན་རྡོ་རྗེའི་གུར་དང་ལྡན་པ་ཡིས།།
གཤེད་མ་བྲེད་ཅིང་མཚོན་ཆ་འཐོར་བར་འགྱུར།།
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས།།
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།
ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ།།
གནད་གཅོད་སྡུག་བསྔལ་འདུ་འཕྲོད་ཉེན་པ་ན།།
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས།།
ཨོ་རྒྱན་སྣང་བ་མཐའ་ཡས་སྤྲུལ་པ་སྟེ།།
བདེ་བ་ཅན་གྱི་ཞིང་དུ་ངེས་པར་སྐྱེ།།
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས།།
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།
སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུ།།
འཁྲུལ་སྣང་ཉིང་འཁྲུལ་ཆེན་པོས་ཉེན་པ་ན།།
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་འདེབས།།
ཨོ་རྒྱན་དུས་གསུམ་འཁྱེན་པའི་ཐུགས་རྗེ་ཡིས།།
འཁྲུལ་སྣང་རང་སར་གྲོལ་བ་ཐེ་ཚོམ་མེད།།
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས།།
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།
གཞན་ཡང་ལས་དང་རྐྱེན་གྱི་དབང་གྱུར་ཏེ།།
འཁྲུལ་སྣང་དངོས་པོར་ཞེན་ཅིང་སྡུག་བསྔལ་ན།།
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་ཐོབས།།
ཨོ་རྒྱན་བདེ་ཆེན་རྒྱལ་པོའ་ངོ་བོ་སྟེ།།
འཁྲུལ་སྣང་སྡུལ་བསྔལ་རྩད་ནས་བཤིག་པར་བྱེད།།
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས།།
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།
འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང་།།
ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་ན།།
དད་གུས་མོས་པའི་གདུང་ཤུགས་དྲག་པོ་ཡིས།།
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས།།
ཨོ་རྒྱན་ཐུགས་རྗེ་འཕོ་འགྱུར་མེད་པར་གཟིགས།།
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས།།
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།