བུད་མེད་ཀྱི་སྡོམ་པའི་སྐོར

འདུལ་བའི་འབེལ་གཏམ་གཉིས་པ་ལས་བྱུང་བའི་བུད་མེད་ཀྱི་སྡོམ་པའི་སྐོར

དེ་ཡང་འདུལ་བ་གཞི་དང་མདོ་རྩ་དང་ཀརྨ་ཤ་ཏམ་ལས། བུད་མེད་ལ་ནི་དགེ་སློབ་མ་ཞེས་བྱ་བའི་ཚིག་གཞན་ཡོད་དོ།། དགེ་ཚུལ་མ་ཉིད་དང་དགེ་སློང་མ་ཉིད་ཀྱི་བར་སྐབས་སུ་སྤྱད་པའི་དུས་ནི་ལོ་གཉིས་སོ།། ཞེས་སོགས་གསུངས་པས་དེ་དག་གི་ཕྱག་ལེན་དགེ་སློབ་མའི་ཚུལ་སོགས་བོད་ལ་དར་མེད་མོད། འོན་ཀྱང་རྒྱ་གར་འཕགས་པའི་ཡུལ་བུད་མེད་ལ་སྡོམ་པ་ལེན་བྱེད་ཀྱི་ཆོ་ག་དྲུག་གི་རིམ་པ་བཤད་པ་ལྟར། ཐོག་མར་དགེ་སློབ་མ་སྦྱིན་ཚུལ་བྱ་སྟེ། རྒྱ་གར་ན་བུ་མོ་ཁྱིམ་སོ་བཟུང་བ་དེ་ལོ་བཅུ་ལོན་པ་ཡིན་ན། དགེ་སློབ་མའི་སྡོམ་པ་སྦྱིན་ཞིང་། ལོ་གཉིས་སྤྱད་ནས་དེ་རྗེས་བསྙེན་པར་རྫོགས་པར་བྱ་ཆོག་པ་དང་། བུད་མེད་ཁྱིམ་སོ་མ་བཟུང་བ་ཡིན་ན་ལོ་བཅོ་བརྒྱད་ལོན་པ་ན་དགེ་སློབ་མའི་སྡོམ་པ་སྦྱིན་ཞིང་བསྙེན་པར་རྫོགས་པ་བྱ་ཆོག་གོ།


ད་ཆོག་གི་དབང་དུ་བྱས་ན་ཡུལ་དབུས་སུ་བཅུ་གཉིས། མཐའ་འཁོབ་དག་ཏུ་དགེ་སློང་མ་དྲུག། དགེ་སློང་མ་མེད་ན་དགེ་སློང་ཕ་དྲུག་ཚོགས་པ་རུང་སྟེ། བསྒྲུབ་བྱ་བུད་མེད་ཚོ་ཡིདང་པོར་སྟོན་པ། དེ་རྗེས་ལས་གྲལ་ནང་དུ་ཡོད་པའི་དགེ་སློང་ཕ་མ་རེ་རེ་ལ་ཕྱག་འཚལ་བ་དང་། གསོལ་བ་བྱ་བ་དང་། ལས་ཆོག་ལན་གཉིས་སམ་གསུམ་དུ་བཟླས་པའི་སློབ་ཚུལ་དགེ་ཚུལ་མ་དང་འདྲ། མི་འདྲ་བ་ནི་དགེ་སློང་ཕ་མའི་དགེ་འདུན་ལས་ལོ་གཉིས་སུ་རྩ་བའི་ཆོས་དྲུག་དང་། རྗེས་མཐུན་གྱི་ཆོས་དྲུག་ལ་བསླབ་པའི་སྡོམ་པ་གསོལ་བའི་ལས་ལན་གཉིས་གསུམ་དུ་བཟླས། ལས་ཀྱི་སློབ་དཔོན་མ་ཡིན་པ་གཞན་གང་ཡང་རུང་བ་གཅིག་གིས། དགེ་སློབ་མའི་སྡོམ་པ་ཐོབ་པའི་དུས་ནི་འདི་དང་འདི་ཞེས་གྲིབ་ཚོད་གཞལ་བར་བྱ། དེའི་འོག་ལས་ཀྱི་སློབ་དཔོན་ནམ་ལས་བྱེད་པས་རྩ་བའི་ཆོས་དྲུག་བརྗོད་པར་བྱ་སྟེ། གཅིག་པུ་ལམ་དུ་འགྲོ་བར་མི་བྱ་བ་དང་། ཆུ་བོའི་ཕ་རོལ་དུ་རྐྱལ་བར་མི་བྱ་བ་དང་། སྐྱེས་པ་ལ་རེག་པར་མི་བྱ་བ་དང་། སྐྱེས་པ་དང་འདུག་པར་མི་བྱ་དང་། གཉེན་སྒྲིག་གི་མཚམས་སྦྱོར་བར་མི་བྱ་བ་དང་། ཁ་ན་མ་ཐོ་བ་གསང་བར་མི་བྱའོ།། རྗེས་མཐུན་གྱི་ཆོས་དྲུག་ནི། གསེར་ལ་གཟུང་བར་མི་བྱ་བ་དང་། མདོམས་ཀྱི་སྤུ་བྲེག་པར་མི་བྱ་བ་དང་། ས་རྐོ་བར་མི་བྱ་བ་དང་། རྩྭ་སྔོན་གཅོད་པར་མི་བྱ་བ་དང་། བྱིན་ལེན་མ་བྱས་པར་བཟའ་བར་མི་བྱ་བ་དང་། གསོག་འཇོག་བྱས་པ་བཟའ་བར་མི་བྱ་བ་སྟེ། བསླབ་བྱའི་ཆོས་བཅུ་གཉིས་ཡང་དག་པར་བརྗོད་ནས་བསྲུང་པའི་ཕན་ཡོན་དང་ཉམས་པའི་ཉེས་དམིགས་ར་སྤྲོད་ཀྱང་བྱེད་པར་གདམས་སོ།།


གང་ལྟར་དེང་སང་བོད་ལ་གཞི་ཐམས་ཅད་ཡོད་སྨྲའི་ཁ་ཆེ་བྱེ་སྨྲའི་དགེ་སློབ་མའི་སྡོམ་པ་དགེ་ཚུལ་མས་བླང་ན་འཐོབ་པས་ཕྱག་ལེན་ཡོང་ན་རྗེས་སུ་ཡི་རང་ངོ་།། ལེན་བྱེད་ཀྱི་ཆོ་ག་རྒྱས་པ་ནི་ཀརྨ་ཤ་ཏམ་ལས་ཡོད་དོ།། དེ་ལྟར་དགེ་སློབ་མ་བསྒྲུབས་ཟིན་ཚེ་བསྒྲུབ་བྱ་གང་གིས་ལོ་གཉིས་སུ་བསླབས་པ་གྱུར་ན། དེའི་འོག་ཚངས་སྤྱོད་ཉེར་གནས་མའི་སྡོམ་པ་སྦྱིན་དགོས་ཏེ། མཁན་མོས་བསྒྲུབ་བྱ་རང་ལ་མེད་པའི་ཡོ་བྱད་རྣམས་བཙལ་ཏེ། བསྒྲུབ་བྱས་སྣམ་སྦྱར་དང་། བླ་གོས་དང་། མཐང་གོས་དང་། ཤིང་ང་དཔུང་བཅད་དང་། རྔུལ་གཟན་རྣམས་རིམ་བཞིན་ཕྲག་པ་གཡོན་པར་བཀལ། ལག་པས་བཟུང་ནས་བྱིན་བརླབ་ཀྱི་ཚིག་ལན་གཉིས་ལན་གསུམ་བཟླས་ནས་མཁན་མོས་ཐབས་ཡིན་ནོ་ཞེས་བརྗོད། སློབ་མས་ལེགས་སོ་ཞེས་བརྗོད་པའི་འོག་ཏུ་མཁན་མོས་ཆོས་གོས་བསྐོན། བསྒྲུབ་བྱས་དགེ་སློང་མའི་དགེ་འདུན་ལ་ཕྱག་བྱའོ།། གལ་ཏེ་ཆོས་གོས་སོགས་མེད་ན་རྒྱུ་ལ་བྱིན་བརླབ་བྱེད་ཆོག་པ་གསུངས་པས་སོ་སོའི་རྒྱུ་ལ་ཚད་ཚང་བའི་སྟེང་བྱིན་བརླབ་བྱ། དེའི་འོག་ལྷུང་བཟེད་བསྟན་ནས་ཆེ་ཆུང་སོགས་ཀྱི་སྐྱོན་མེད་ན་མཁན་མོས་བྱིན་བརླབ་བྱ། ལན་གཉིས་སམ་གསུམ་དུ་བཟླས་སོ།། དེའི་འོག་བསྒྲུབ་བྱ་དེ། དགེ་སློང་མའི་ལས་ཐོས་པའི་ཉེན་ཀོར་ནས་ཕྱེ་སྟེ། མཐོང་བའི་ཉེན་ཀོར་དུ་ཐལ་མོ་སྦྱོར་དུ་བཅུག་ནས་ཚོགས་ལ་མངོན་དུ་ཕྱོགས་པར་གཞག་པར་བྱ་དགོས་སོ།། འདི་ལ་བསླབ་ཚིག་ནི་མེད་མོད། འོན་ཀྱང་ཚངས་སྤྱོད་ཟེར་བ་ནི། མྱ་ངན་ལས་འདས་པའི་ཆེད་དུ་བརྩོན་པའམ་སྤྱོད་པར་བྱེད་པ་སྟེ། བསྙེན་པར་རྫོགས་པ་ཡིན་ལ། དེ་ལ་ཉེ་བར་གནས་པ་ནི། དེ་ཉེ་བར་སྐྱེད་པར་བྱེད་པ་ཡིན། མ་ཞེས་པ་ནི་བདག་སྒྲ་སྟེ། རྟེན་ཅན་བསྟན་པའོ།། སྡོམ་པ་ནི་དགེ་སློང་མའི་སྡོམ་པ་སྐྱེ་བའི་སྐལ་བ་ཅན་དུ་འགྱུར་བར་ངེས་པས་སྡོམ་པའི་མིང་བཏགས་ནས་དོན་ལ་དགེ་སློབ་མའི་སྡོམ་པ་དང་རྫས་རིགས་གཅིག་གོ། དེའི་འོག་གསང་སྟེ་སྟོན་པ་དང་ལས་བྱེད་པས་བར་ཆད་དྲི། བསྒྲུབ་བྱ་ཡོངས་སུ་དག་ན། ཚངས་སྤྱོད་ཉེར་གནས་མའི་སྡོམ་པ་སྦྱིན་པའི་ཆོ་ག་ཞུ། སྡོམ་པའི་གསོལ་བའི་ཆོ་ག་དང་ལས་ལན་གཉིས་སམ་གསུམ་དུ་བཟླས་པའི་ཚུལ། ཀརྨ་ཤ་ཏམ་ལས་རྒྱས་པར་བྱུང་བས་བལྟ་བར་བྱའོ།།


ཡང་མདོ་རྩ་འགྲེལ་ལས། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་ཐོབ་པར་བསྙེན་པར་རྫོགས་པར་མི་འགྱུར་རོ།། གསང་སྟེ་སྟོན་པའི་འོག་ཏུ་དགེ་འདུན་གྱི་དེ་སྦྱིན་པར་བྱའོ།། ཞེས་གསུངས་པས་ཀུན་མཁྱེན་བླ་མ་དང་། པཎ་ཆེན་ངག་ཆོས། མང་ཐོས་ཀླུ་སྒྲུབ་རྗེ། རྒྱལ་དབང་བློ་བཟང་རྒྱ་མཚོ་སོགས་ཀྱིས་སྒྲ་ཇི་བཞིན་དུ་འགྲེལ་ཏེ། ད་ཆོག་གི་སྒོ་ནས་བུད་མེད་བསྙེན་པར་རྫོགས་པ་ལ་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྔོན་དུ་འགྲོ་དགོས་ཤིང་། ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་ངེས་པར་དུ་དགེ་སློང་མའི་དགེ་འདུན་གྱི་སྟེར་བ་ཡིན་གྱི། དམིགས་བསལ་མེད་པ་དང་། སྔོན་གྱི་འདུལ་འཛིན་མཁན་ཆེན་ཞི་བ་མཚོ། དེ་རྗེས་བླ་ཆེན་དགོངས་གསལ་དང་དྷརྨ་པཱ་ལའི་མཁན་བརྒྱུད་དང་། ཐ་མར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་མཁན་བརྒྱུད་སོགས་ཀྱིས་གཅིག་ཀྱང་མ་མཛད། ད་ལྟའི་བར་དུ་དགེ་སློང་མའི་དགེ་འདུན་དུ་ལོངས་པ་མ་བྱུང་བས། དགེ་སློང་ཕའི་དགེ་འདུན་ཁོ་ནས་བུད་མེད་ལ་བསྙེན་རྫོགས་ཕོག་པ་འདོད་པའི་ཕྱོགས་སུ་རིག་པའི་འུར་རྡོ་དུ་མ་འཕངས་པས་གངས་རིས་ལྗོངས་འདིར་བུད་མེད་བསྙེན་རྫོགས་མི་རུང་བ་བཞེད་དོ།།


མཁས་པ་གཞན་གྱི་ལུགས། ཀུན་མཁྱེན་མཚོ་སྣ་བའི་འདུལ་འགྲེལ་ཉི་མའི་འོད་ཟེར་ལས། ཡུལ་དབུས་སུ་དགེ་སློང་མ་བཅུ་གཉིས་དང་། མཐའ་འཁོབ་ཏུ་བཅུ་གཉིས་མེད་ན་དགེ་སློང་མ་དྲུག་གིས་གྲངས་ཚང་བའོ།། གྲངས་དེ་དག་མ་ཚང་ཡང་དགེ་སློང་མ་བཞིའི་ཚོགས་ཀྱིས་བྱིན་ན་ཚངས་སྤྱོད་ཉེར་གནས་ཆགས་ལ་ཉེས་བྱས་ཏེ་བཞིའི་ཚོགས་ཀྱིས་བསྙེན་རྫོགས་ཆགས་ལ་ཉེས་བྱས་སུ་གསུངས་པའི་གནད་ཀྱི་ཤེས་སོ།། དགེ་སློང་མ་དེ་དག་མ་རྙེད་ན་དགེ་སློང་ཕའི་དགེ་འདུན་གྱིས་ཀྱང་ཚངས་སྤྱོད་ཉེར་གནས་སྦྱིན་དུ་རུང་བར་བཤད་པ་དང་། པཎ་ཆེན་ཤཱཀ་མཆོག་གི་ལས་ཆོག་ཟླ་བའི་ཤིང་རྟ་ལས། དགེ་སློང་ཕའི་དགེ་འདུན་ལྔ་ཚོགས་རྐྱང་པས་བུད་མེད་བསྙེན་པར་རྫོགས་སུ་རུང་བའི་ཕྱིར། དགེ་སློང་དང་དགེ་སློང་མ་ཉིད་དག་གིས་ལས་གཞན་བྱེད་པས་ནི་མི་འཆགས་པ་མ་ཡིན་ནོ།། ཞེས་གསུངས་པ་རྣམས་ལ་ལུང་གི་སྒྲུབ་བྱེད་མེད་པ་ཡང་མ་ཡིན་ཏེ། ལས་གཞིའི་རྒྱ་ཆེར་འགྲེལ་བ་ལས། དགེ་སློང་མ་བསྙེན་པར་རྫོགས་པར་བྱ་བ་ལ་ནི་དགེ་སློང་གི་དགེ་འདུན་གཙོ་བོ་ཡིན་པས་དགེ་སློང་མའི་དགེ་འདུན་ལ་སོགས་པ་ནི་ཚུལ་དང་མཐུན་པ་ཙམ་དུ་བྱ་བར་ཟད་ཅེས་གསུངས་པ་དང་། འདུལ་བ་ལུང་དབྱར་གྱི་གཞི་དང་རྒྱ་ཆེར་འགྲེལ་བ་ལས། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་ནོན་པ་དེ་སྒྲུབ་པའི་དོན་དུ་ཡང་དགེ་སློང་དབྱར་གནས་པར་ཁས་བླངས་པ་མཚམས་ཀྱི་ནང་དུ་འདུག་པས་ཞག་བདུན་མན་ཆད་བྱིན་གྱིས་བརླབ་བོ།། ཞེས་པས་གྲུབ་བོ་གསུངས་སོ།།


དེ་ལྟ་བུ་འདོད་ཚུལ་མི་འདྲ་བ་གཉིས་ཚད་ལྡན་མཁས་པ་དག་གིས་གཞུང་ལས་བྱུང་བས་བློ་ཆུང་ཁོ་བོས་འཐད་མི་འཐད་པའི་ཆ་ཕྱེ་བ་ག་ལ་འོས། གནད་དོན་འདི་དང་འདི་ཞེས་དཔྱད་པ་ག་ལ་རུང་། འོན་ཀྱང་མེ་ཏོག་གང་ལ་ཕོག་པའི་ལྷ་སྐར་ཀུན་མཁྱེན་བླ་མའི་གསུངས་ཚིག་གིས། བོད་ཡུལ་ལ་གཞི་ཐམས་ཅད་ཡོད་སྨྲའི་ཁ་ཆེ་བྱེ་བྲག་སྨྲ་བའི་ལུགས་ཀྱི་དགེ་སློང་མ་སྒྲུབ་བྱེད་ཀྱི་ཆོ་ག་དང་། དགེ་སློང་མའི་དགེ་འདུན་མེད་པས་དགེ་ཚུལ་མ་དགེ་སློང་དུ་བསྒྲུབ་མི་རུང་སྟེ། ཚངས་སྤྱོད་ཉེར་གནས་མའི་སྡོམ་པ་དགེ་སློང་མའི་དགེ་འདུན་མ་གཏོགས་གཞན་ལས་མི་ཐོབ་པར་ལུང་ལ་ལྟོས་ནས་སྨྲས་པ་ནི་འདུལ་བའི་ལག་ལེན་དོག་མཐའི་དབང་དུ་བྱས་པ་ཡིན་ཏེ། སྟོན་པས་སྐྱེ་དགུའི་བདག་མོ་སོགས་བསྙེན་པར་རྫོགས་པའི་རྐྱེན་བྱས་ནས། སྟོན་པའི་བསྟན་པ་ལོ་ངོ་གཉིས་སྟོང་འགྲིབ་སོང་བས། བོད་ཡུལ་དུ་དགེ་སློང་མའི་སྡོམ་པ་གསར་འཛུགས་བྱེད་ན་སླར་ཡང་བསྟན་པ་རྣམ་དག་ཉུང་ངུ་ཕྱིན་པའི་སྐྱོན་ཡོང་བ་ལ་དགོངས་ནས་བཀག་པ་ཡིན་ནོ།། དོན་ལ་ཀུན་མཁྱེན་རྗེས་འབྲང་དང་བཅས་པར་བུད་མེད་ལ་བསྙེན་རྫོགས་རུང་བ་འཐད་དེ། དགེ་སློང་མ་མེད་པའི་སྔོན་སངས་རྒྱས་ཀྱིས་དགེ་སློང་ཕ་གཅིག་པུས་དགེ་སློང་མའི་སྡོམ་པ་ནོད་ཆོག་ཅེས་བཀའ་བསྩལ་པ་ཡོད་པའི་ཕྱིར་རོ།། གཞན་དུ་ན་སྐྱེ་དགུའི་བདག་མོ་སོགས་ལ་དགེ་སློང་མའི་སྡོམ་པ་འབོགས་མི་རིག་པར་ཐལ་ཏེ། དེའི་ཚེ་དགེ་སློང་མའི་དགེ་འདུན་གྱི་སྡེ་མེད་པའི་ཕྱིར།གལ་ཏེ་དམིགས་བསལ་ཡིན་བསམ་ན་ཀུན་མཁྱེན་བླ་མས་མེད་པར་གསུངས་ཉིད་ཨེ་དྲན་ནམ།


དེ་ཡང་ཡར་སྔོན་རྒྱ་གར་འཕགས་ཡུལ་ན་ཕྱི་ལོ་༢༠༠༧ཟླ་༧ཚེས་༡༨ནས་༢༠བར་སྐབས་དེར་གྲྭ་བཙུན་དང་གྲྭ་བཙུན་མ་ཡིན་པའི་མཁས་དབང་གྲངས་༦༥ཙམ་གྱིས་རྒྱལ་ཁབ་༡༩ནས་ཕེབས་པའི་ཚོགས་བཅར་བ་མི་གྲངས་༤༠༠མ་ཟིན་ཙམ་གྱིས་བོད་རིགས་བཙུན་མ་རྣམས་ལ། གཞི་ཐམས་ཅད་ཡོད་སྨྲའི་ཁ་ཆེ་བྱེ་སྨྲའི་དགེ་སློང་མའི་སྡོམ་རྒྱུན་འབོག་འཇོག་སོགས་ལ་བགྲོ་གླེང་ཆེན་པོ་བཟོས་ཏེ། གནད་དོན་དེའི་ནང་ཀོའོ་རི་ཡའི་ཆོས་སྲུང་སྡེ་པའི་དགེ་སློང་ཕ་གཅིག་པུས་ཆོས་སྲུང་སྡེ་པའི་དགེ་སློང་མའི་སྡོམ་པ་མནོས་ཡོད། དགེ་སློང་མ་ལས་དང་པོ་རྣམས་བསླབ་པ་རྒན་པར་སོན་སྐབས། ཕྱི་ལོ་༡༩༨༢ནས་འགོ་བཙུགས་ཏེ་ཁོང་ཚོས་གཉིས་ཚོགས་ཀྱི་སྡོམ་པ་འབོག་ཆེད་ཆོས་སྲུང་སྡེ་པའི་དགེ་སློང་མའི་སྡེ་བཙུགས་ཡོད་པ་དང་། གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱ་རྒྱུ་ནི་བོད་ཕྱི་ནང་གཉིས་ཀྱི་བོད་རིགས་ཚོར་ཧ་ཅང་གལ་ཆེན་པོ་ཡིན་པས། ང་ཚོ་ཆོས་སྲུང་སྡེ་པའི་དགེ་སློང་མའི་སྡོམ་པ་བླངས་ཟིན་པ་རྣམས་ལ། གལ་ཏེ་ང་ཚོ་གཞི་སྨྲའི་ལུགས་ཀྱི་དགེ་སློང་མར་ཁས་ལེན་རུང་ན་ཁས་ལེན་གནང་བའི་གཏམ་གླེང་སོགས་མང་དུ་མཆིས་པས་བོད་རིགས་བཙུན་མ་རྣམས་ལ་དགེ་སློང་མ་འབོག་ཆོག་པའི་བྱ་ལས་ཤིག་མཆིས་ཡོང་ན་བསྟན་པའི་རྒྱན་ཞིག་ཡིན་ནོ།། ཞེས་པ་འདི་ནི་འཛིང་པ་འོད་གསལ་རྡོ་རྗེས་བགྱིས་པའོ།།