བེ་རི་དགོན་གྱི་ལོ་རྒྱུས།

བེ་རི་དགོན་པའམ་བེ་རི་དཔལ་ལྡན་འགྲོ་ཕན་གླིང་ནི། དཀར་མཛེས་རྫོང་གི་ནུབ་ཕྱོགས་སུ་སྤྱི་ལེ་བཅུ་གཉིས་ཀྱི་ས་མཚམས་གསེར་མཁར་ཆུས་གསེར་མཁར་ཞང་གི་མངའ་འོག་ཏུ་ཆགས་ཡོད། བོད་ཀྱི་རབ་བྱུང་བཅུ་པའི་ས་བྱི་སྤྱི་ལོ་༡༦༤༨ལོར་སངས་རྒྱས་སྨན་བླའི་རྣམ་འཕྲུལ་ཨེམ་ཆི་ངག་དབང་ཡེ་ཤེས་ཀྱིས་བཏབ་པའི་གྲུབ་མཐའ་དགེ་ལུགས་པ་ཡིན།

དང་པོ། དགེ་རྟག་སྨྱུང་གནས་པས་ལྷ་ཁང་ཐོག་མར་བཏབ་ཚུལ་སྐོར། དེ་ནས་སྔར་གྱི་དུས་ངེས་མེད་ཞིག་ལ་བླ་རྒན་ཞིག་གཙང་ཆུའི་སྲིབ་འགྲམ་ནས་བརྒྱུད་པའི་སྐབས་སུ། ཁོང་གིས་ཉིན་ངོས་ཀྱི་བྲག་རི་མཐོང་ཙ་ན། ཐུགས་སུ་གནས་འདི་ཡ་མཚན་ཆེན་པོ་འདུག རྒྱབ་རི་བྱ་ཁྱུང་ཆེན་གྱི་གཤོག་སྒྲོ་བརྐྱངས་འདྲའི་སྙིང་དབུས་སུ་ནོར་བུའི་ཐིག་ལེ་བཤམས་པ་ལྟ་བུ་ལ་དགོན་པ་ཞིག་བཏབ་ན་ཅི་མ་རུང་སྙམ་སྟེ། རི་བོ་དེའི་གཡོན་གྱི་གོང་རོལ་ན་དགེ་ལེགས་རྟག་བརྟན་ཟེར་བའི་རི་ཁྲོད་ཆུང་ངུ་ཞིག་ཡོད་པ་དེར་མཚམས་ལ་བཞུགས་པར་མ་ཟད། དེར་བཞུགས་སྨྱུང་གནས་པ་དེ་ལ་སྐུལ་སློང་གིས་རི་བོ་ཁྱུང་གི་གཙུག་ཏོར་ལ་ལབ་རྩེ་དང་ནོར་བུའི་ཐིག་ལེ་ལ་དགོན་པ་བཞེངས་སུ་བཅུག དེ་ནས་ད་བར་དུ་དགོན་པ་འདིར་ས་གཡོ་རྒྱུགས་ཐེངས་དུ་མའི་གཏོར་བཤིག་ཐེབས་པས་བཤད་སྲོལ་ལྟར་ན། དེ་ནི་དགེ་རྟག་སྨྱུང་གནས་པས་བླ་རྒན་གྱི་བཀའ་བཞིན་དགོན་པའི་ཆགས་གནས་ནོར་བུ་ཐིག་ལེའི་ཐོག་ཏུ་མ་འཁེལ་བར་ཁྱུང་ཆེན་གཤོག་སྒྲོ་གཡས་འདབ་ལ་བཏབ། གཤོག་སྒྲོ་ནི་རྟག་པར་གཡོ་བཞིན་ཡོད་པས་ས་གཡོ་མང་བ་ནི་དེའི་རྒྱུ་མཚན་ཡིན་པར་སྐད། སྐབས་དེར་ཤིང་ཆ་སོགས་ཀྱི་སྦྱིན་བདག་ལ་ཡུལ་ལུང་ལྷ་རི་བྱ་རྒོད་ཚང་ཕེབས་ནས་ལྷ་ཁང་དཔེ་མི་སྲིད་པ་ཞིག་བཞེངས་ཐུབ་པ་བྱུང་བས་དེ་ནི་ད་ལྟའི་འདུ་ཁང་གི་གཞི་ཡིན།

གཉིས་པ། དེ་ནས་བེ་རི་དགོན་པ་བཏབ་ཚུལ་སྐོར། བེ་རི་ཞེས་པ་ནི་སྔོན་ཆབ་མདོའི་ཕྱོགས་ཀྱི་ཉེ་སྐོར་ཞིག་ན། མཐོ་བེ་རི་ཟེར་བའི་ས་ཆ་ན་བེ་རི་ཟེར་བའི་དཔོན་རྒྱུད་ཅུང་ཟད་ཆེན་པོ་ཞིག་ཡོད། སྐབས་དེའི་དཔོན་པོ་ས་འགོ་དོན་གྲུབ་རྡོ་རྗེ་﹙ལ་ལས་བེ་རི་རྒྱལ་པོ་དོན་ཡོད་ཀྱང་ཟེར﹚ནི་བོན་པོ་ཁོ་ན་ལ་དགའ་ཞིང་སངས་རྒྱས་ཀྱི་བསྟན་པ་ལ་ཤིན་ཏུ་གནག་ཕྱིར། གོ་ཤཱི་བསྟན་འཛིན་ཆོས་རྒྱལ་གྱིས་ས་ཡོས་སྤྱི་ལོ་1639ལོའི་ཧོར་ཟླ་ལྔ་པའི་ནང་དུ། དཔུང་ཚོགས་དང་བཅས་པ་བེ་རིའི་སྟེང་དུ་བྱོན་ནས་མངའ་འབངས་ཕལ་ཆེར་བླངས། བེ་རི་རྒྱལ་པོ་ཕྱོགས་གཞན་དུ་བྲོས། ལྕགས་འབྲུག་སྤྱི་ལོ་1640ལོའི་ཧོར་ཟླ་བཅུ་པའི་ཉེར་ལྔ་ལ་བཟུང་སྟེ་ཁྲི་མོན་དུ་བཅུག དཔོན་རྒྱུད་དེ་རུ་ས་མ་ཚུགས་པས་ཁྱིམ་མི་ཁ་ཤས་དང་གྲྭ་པ་ཁ་ཤས་ཐོར་ནས་འདིའི་ཕྱོགས་སུ་﹙དཀར་མཛེས་ལ་གོ་དགོས﹚དུམ་བུ་གཅིག་བྱུང་ཙ་ན། མཚོ་ཁའི་རྒྱལ་པོ་ལུང་གིས་བེ་རི་སྡེ་བ་ཆགས། དེ་དུས་བེ་རིའི་དཔོན་དོན་འགྲུབ་ནོར་བུ་ཟེར་བ་ཞིག་ཡོད་པས་དེའང་བོན་ཆོས་ལ་སེམས་པ་ཞིག་ཡིན་ཕྱིར། སྔར་དགེ་རྟག་སྨྱུང་གནས་པས་བཏབ་མཛད་པའི་ལྷ་ཁང་དེ་སྦྱིན་བདག་ཆེན་པོས་བདག་པོ་བྱས་ཏེ་བོན་ལུགས་ཀྱི་ཚུལ་དུ་བཅོས། བེ་རི་ཞེས་དགོན་མིང་དེ་དུས་བྱུང་། དེའི་ཉེ་སྐོར་ན་ཀུན་འགྲོ་འཇའ་ཚོན་སྙིང་པོས་གདན་ས་སྤོས་ནས་བཏབ་མ་ཐག་ཡིན་པའི་གཡུང་དྲུང་གླིང་དུ་བོན་གྱི་རིང་ལུགས་ཁོ་ན་མཆོད་པའི་རྒྱུ་མཚན་གསན་ཏེ། འཇའ་ཚོན་སྙིང་པོས་ལྷ་མོའི་ཕུག་ནས་བླངས་པའི་རྩ་གསུམ་གཏེར་ཆོས་རྒྱལ་པོའི་ཆོས་སྐལ་ཡིན་ཟེར་ནས་ཕུལ། དེ་ནས་བཟུང་བེ་རི་ཚང་གིས་གཡུང་དྲུང་དགོན་དུ་ལོ་རེ་བཞིན་རྩ་གསུམ་གྱི་ཆོ་ག་དུས་མཆོད་ལྟར་ཉིན་བདུན་བར་ཚོགས་པ་མ་ཟད། རྒྱུན་དུ་སྒྲུབ་མཆོད་ཀྱང་བོན་ལུགས་ཤ་སྟག་ཡིན། དེའི་སྐབས་སུ་བེ་རི་རང་གི་གདུང་རྒྱུད། སངས་རྒྱས་སྨན་བླའི་རྣམ་སྤྲུལ། ཨེམ་ཆིའམ་ལྷ་རྗེ་ངག་དབང་ཡེ་ཤེས་ཟེར་བ་སངས་རྒྱས་ཆོས་ལ་སྙིང་རུས་ཆེ་བ་ཞིག་ཕེབས་ནས་དཀར་མཛེས་དགོན་གྱི་གྲྭ་སར་ཞུགས། དེ་ནས་ཁོང་རྒྱ་རིགས་ས་ཁུལ་སོགས་སེར་པོའི་ལག་རྩལ་མཛད། གནམ་བསྐོས་གོང་མ་ཆེན་པོའི་གསེར་ཡིག་ཕྱག་ཏུ་ཕུལ་ནས་རྒྱལ་སྲིད་དང་ཆོས་སྲིད་གཉིས་ཀྱི་བདག་པོ་བྱེད་ཆོག་པར་མཛད། སྔར་དགེ་རྟག་སྨྱུང་གནས་པས་བཏབ་པའི་ལྷ་ཁང་དེའི་འགྲམ་ན་གསེར་མཁར་གནམ་ར་ནང་ཟེར་བའི་དུད་ཚང་ཞིག་གི་གྲོ་ཞིང་ཡོད། ཁོང་གིས་དེ་ན་བྱམས་ཁང་ཞིག་བཞེངས་དགོས་དགོངས་ནས་ཞིང་བདག་ཚེ་རིང་མགོན་པོ་ལ་ཁྱོད་ཀྱི་ཞིང་ནང་དུ་ངས་བྱམས་ཁང་ཞིག་བཞེངས་དགོས་ཞེས་གྲོས་བསྡུར་བྱེད་སྐབས། ཁོ་ན་རེ། ཁྱེད་ཀྱིས་གསུངས་པ་དེ་ངའི་བློ་ལ་མི་བབ་པ་གང་ཡང་མེད་ཟེར་ནས་ས་ཞིང་ཁོང་ལ་ཕུལ་བར་མ་ཟད། སྦྱིན་བདག་ཀྱང་བྱེད་ཟེར་ནས་གསེར་གཞོང་པ་གང་ཕུལ། བས་དེ་ནས་ཏུ་བྱམས་ཁང་བཞེངས་པ་ད་ལྟའི་བྱམས་ཁང་འདི་ཡིན་ནོ། ཤིང་ཆ་ཚང་མ་ནི་གཙང་ཆུ་ཕར་རོལ་གྱི་ནགས་བརྒྱ་ཁུག་ནས་འདྲེན་པ་ཡིན་པས་ད་ལྟ་ནགས་མང་པོ་མེད། དེ་ནས་ཁོང་གིས་ཞྭ་སེར་བསྟན་པའི་ཆོས་སྡེ་བཙུགས་ནས་སྐྱོང་བ་ལ། དགོན་མིང་ནི་སྔར་བཞིན་རང་རུས་སྦྱར་ཏེ་འབོད། དེའི་དུས་ཚོད་ནི་ཁོང་གི་མཛད་སྤྱོད་སོགས་ལ་བརྟག་ན། ཕལ་ཆེར་སྤྱི་ལོ་1649ཙམ་ཡིན་པར་སྙམ་ཏེ། དཀར་མཛེས་རྫོང་གི་མངའ་འོག་ཏུ་ཡོད་པའི་ཞྭ་སེར་བསྟན་པའི་ཆོས་སྡེ་དག་ལས་སྟོང་འཁོར་དགོན་པའི་འཕྲོས་ཡིན་པར་འདོད། ཡིན་ནའང་བེ་རི་རྒྱལ་པོ་བཙན་ཤེད་ཆེ་བའི་དབང་གིས་ཁྱིམ་རྒྱུད་ནང་གི་བར་གྲུབ་མཐའ་ཕྱོགས་རིས་ཀྱི་རྩོད་གླེང་བྱུང་སྟབས་ཆོས་སྡེ་འདི་འཕེལ་རྒྱས་ཆེར་འགྲོ་མི་ཐུབ་པའི་སྐབས་དེར། རི་བོ་དགེ་ལུགས་པའི་སྦྱིན་བདག་ཆེན་པོ་གོ་ཤྲཱི་བསྟན་འཛིན་ཆོསར་རྒྱལ་སྐུ་གཤེགས། ཁོང་གི་དགོངས་རྫོགས་སུ་ཀུན་མཁྱེན་ལྔ་པའི་དངོས་སློབ་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་རྒྱལ་དབང་ལྔ་པའི་སྤྱན་སྔར་དམ་བཅའ་ཕུལ་ཏེ། བོད་རབ་བྱུང་བཅུ་གཅིག་པའི་ཆུ་སྟག་སྤྱི་ལོ་1662ལོར་ཧོར་དགོན་སྡེ་བཅུ་གསུམ་བཏབ་པའི་གྲལ་དུ་བེ་རི་དགོན་པ་སླར་ཡང་ཉམས་གསོ་མཛད་དེ་བཅའ་ཁྲིམས་གཏན་ལ་ཕབ་པ་དང་ཁོང་གིས་བདག་པོ་བྱས་ཏེ། མཚན་ལའང་བེ་རི་དཔལ་ལྡན་འགྲོ་ཕན་གླིང་ཞེས་བཏགས་པ་མ་ཟད། དགོན་པ་འདི་དགེ་ལུགས་པའི་དགོན་པའི་སྦྱིན་བདག་ཡིན་ཞེས་གསུངས་བ་ལ། ལ་ལས་སྦྱིན་བདག་དགོན་པ་ཞེས་ཀྱང་འབོད་སྲོལ་མཆིས་ཟེར། ལྷག་པར་དུ་བེ་རི་རྒྱལ་པོ་ནི་ཀུན་མཁྱེན་བླ་མའི་ཐུགས་རྗེ་ལས་ཆོས་ཀྱི་སྙིང་པོ་རྟོགས་པའི་ནང་བསྟན་གྱི་ཆོས་སྒོ་ལ་ཡང་དག་ཞུགས་པར་མ་ཟད། བེ་རི་དགོན་པའི་སྦྱིན་བདག་མཛད་དེ་ཀུན་གྱིས་བསྔགས་འོས་དང་བཀུར་འོས་ཀྱི་གནས་སུ་གྱུར། སྟོབས་འབྱོར་མངའ་ཐང་ཡང་ཤིན་ཏུ་རྒྱས་སྟབས་མཚན་སྙན་རླུང་གིས་གཡོ་བ་ལྟར་ཕྱོགས་ཀུན་ཁྱབ་པར་གྱུར་ཏོ། དེ་ནས་བཟུང་བེ་རི་རྒྱལ་དགོན་པ་འདི་དགེ་རྟག་སྐུ་ཕྲེང་རྣམས་ཀྱིས་སྐྱོང་བ་ཡིན་ནོ།

དེའང་ལ་ལས་བེ་རི་དགོན་པ་ནི་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་བཏབ་པ་ཡིན་ཟེར་བ་དེ་ཅུང་མི་འགྲིག་པར་སྙམ། ལམ་བྲག་སྐལ་བཟང་རྣམ་རྒྱལ་གྱིས་བེ་རུ་ལྷ་རྗེ་ཟེར་བ་དེ་ནི་དགོན་གནས་འདི་གའི་﹙དཀར་མཛེས་ལ་ཟེར།﹚ གྲྭ་རྒྱུན་ཡིན་འདུག བེ་རུ་དགོན་པ་དགེ་ལུགས་པའི་སྦྱིན་བདག་ཡིན་ཞིང་། ཧོར་ཆོས་རྗེ་ཉིད་ཀྱིས་ཞལ་གསོ་མཛད་པ་ཡིན་འདུག ཅེས་གསུངས་པ་འདི་ལས་གསལ་བས་ཧོར་དགོན་སྡེ་བཅུ་གསུམ་གྱི་ནང་ཚན་བཅུ་གཅིག་པ་བོན་རི་འགྲོ་ཕན་གླིང་ཟེར་བ་ནི་སྐབས་དེར་ཞལ་གསོའི་སླད་དུ་གྲངས་ཀ་ཙམ་བགྲང་བ་ཡིན་ཏེ། བཏབ་མཁན་དངོས་ནི་ཁོ་བོས་གོང་དུ་བཤད་པ་ལྟར་ལྷ་རྗེ་ངག་དབང་ཡེ་ཤེས་འདི་པ་ཡིན། ཁང་དམར་གྱིས་བེ་རི་ལྷ་རྗེ་བྱ་བ་བྱུང་། དེ་ཡང་དཀར་མཛེས་དགོན་གྱི་གྲྭ་རྒྱུན་ཡིན་པར་འདུག དེའི་བེ་རི་དགོན་པ་འགྲོ་ཕན་གླིང་འདི་བཏབ་སྟེ་དགེ་ལྡན་བསྟན་པའི་སྦྱིན་བདག་ཏུ་གྱུར་པ་ཡིན་ཞེས་བཤད་འདུག དེ་ལྟར་ན་བེ་རི་དགོན་པ་འདི་དགོན་སྡེ་བཅུ་གསུམ་གྱི་གྲལ་དུ་མ་བརྩིས་པ་འདྲ་ཞེས་གསུངས་པ་འདི་ལ་བདེན་ཚིག་ཅུང་འདུག་སྙམ། ལྷག་ཏུ་དེང་དགོན་པ་འདིས་ཉར་ཚགས་བྱས་ཡོད་པའི་གོས་ཆེན་དམར་ནོ་མཐའ་རྒྱན་གྱི་དར་གོས་ཆེན་སེར་པོ་གྲུ་བཞི་ཞིག་ལ་འདི་ལྟར་བཀོད་ཡོད་དེ། གནམ་བསྐོས་འཇམ་པའི་དབྱངས་གོང་མ་བདག་པོ་ཆེན་པོའི་ལུང་གི་མཁན་པོ་པཎྚི་ཏར་འབོད་པའི་ཡི་གེ་སྐྱེ་དགུ་སྤྱི་དང་། མདོ་ཁམས་སྨད་གི་﹙ཀྱི་﹚མཆོག་དམན་མཐའ་དག་གི་﹙གིས་﹚ངེས་དགོས། བེ་རི་དགོན་འདི་ཐོག་མར་བེ་རི་ཨེམ་ཆིའི་﹙ཆིས་﹚བཏབ་པ་ནས་བཟུང་། ད་ལྟ་མཁན་པོ་བླ་མ་དགེ་ཤེས་བཤེས་ཚོགས་སྤུན་འབྲེལ་གྱི་བར། ཐོག་མར་ནས་གོང་མ་ཆེན་པོའི་བཀའ་བསྩལ་དང་མཐུན་པའི་ཞྭ་སེར་གྱི་སྟོན་﹙བསྟན﹚པ་དྲི་མ་མེད་པའི་སྲོལ་བཟུང་ནས་གོང་མ་ཆེན་པོའི་ཞབས་བརྟན་﹙རྟེན་﹚སྒྲུབ་མཁན་ཡིན་པར་བརྟེན། ཁོ་པ་སྤུན་ཚ་བོ་﹙བུ་﹚རྒྱུད་བཅས་ཀྱི་﹙ཀྱིས﹚འཛིན་ཅིང་བདག་པས་གཞི། ས་ཆ། མི་སེར། གྲྭ་རྒྱུན་ཡོང་འབབ་སོགས་ལ་སུའི་ཐད་ནས་གནོད་འཚེ་བྱེད་མི་ཆོག པའི་ཏ་﹙ཏཱ﹚ལའི་བླ་མ་གོང་མ་ཇི་མ་བཞིན་གྱི་བཀའ་གདམས་རིམ་པ་འདུག་པས་དེ་དོན་བཞིན། བེ་རི་དགོན་འདི་རང་གི་མངའ་འོག་གི་དཀོར་ས་གྲྭ་རྒྱུན་ཡོད་རིག་﹙རིགས﹚སོགས་སྔ་སོར་གྱི་སྲོལ་གང་ཡོད་ལ། སུས་ཀྱང་གནོད་འགལ་བྱེད་མི་ཉན་པས། དེ་དོན་ལ་འདི་ག་ནས་བཀའ་ཤོག་རྒྱབ་གནོན་སྟེར་བ་ཡིན། ཁྱེན་﹙ཆན﹚ལུང་ཁྲིར་བཞུགས་དགོངས་ལོ་ཞེ་གསུམ་པ་ས་ཁྱི་ཟླ་བ་བཞི་པའི་ཚེས་བཅུ་ལ་ཀྭང་ཧྭ་ནས་བྲིས། ཅེས་ཐམ་ཀ་ཆེན་པོ་དང་བཅས་པ་བཞུགས་ཡོད་པ་འདི་ལས་ལོ་རྒྱུས་ཀྱི་ཁུངས་མཚོན་ཐུབ་པར་གྱུར།

གསུམ་པ། དགོན་པའི་མཚན་གྱི་སྐོར། དགོན་པ་འདི་ཉིད་དགོན་ཁག་གཞན་དང་མི་འདྲ་བ་མཚན་གྱི་ཐོག་ནས་འབོད་ཚུལ་དུ་མ་ལྡན་ཏེ། ལ་ལས་དགོན་པ་འདི་པད་མའི་འདམ་མ་རྒྱས་པ་ལྟ་བུའི་རི་བོའི་ཕང་པར་ཆགས་ཡོད་པས་པད་རི་དགོན་ཞེས་བརྗོད་པ་དང་། ལ་ལས་དགོན་པ་འདི་ཐོག་མར་གཡུང་དྲུང་བོན་གྱི་རུ་ཞིག་ཡིན་ཕྱིར། བོན་རུ་ཞེས་བརྗོད་པ་ཡིན་ཟེར་སྐད། འབོད་ཚུལ་འདི་གཉིས་བརྗོད་བྱ་དོན་གྱི་སྒོ་ནས་བརྡ་དཀྲོལ་ཏེ་བརྗོད་པས། ལྷག་ཏུ་བོན་རུ་ཞེས་སྔར་དགོན་པ་འདིར་དངོས་བྱུང་ཚུལ་དུ་ཚུལ་དུ་ཧ་ཅང་འདྲ་ཆགས་པོའི་སྒོ་ནས་བཏགས་པ་འདི་ནི་འདྲ་བཟོས་ཙམ་ལས། མཚན་དངོས་ནི་ཐུན་མོང་དུ་འདོད་པའི་བེ་རི་ཞེས་པ་འདི་ཡིན། དེ་ནི་གོང་དུ་བཤད་པ་བཞིན་བར་ཁམས་སུ་ཡོད་པའི་དཔོན་རྒྱུད་ཅུང་ཆེ་བ་ཞིག་གི་རུས་མིང་ཡིན་ཏེ། ཕྱིས་སུ་ཕྱོགས་འདིར་འཁྱར་ནས་དཔོན་ཚང་དེ་དང་དེའི་གདུང་རྒྱུད་ཀྱིས་དགོན་པ་སྔ་ཕྱིར་བདག་ཅིང་བཏབ་པ་ཚང་མར་རང་རུས་སྦྱར་བས་དེ་སྐད་བྱུང་བ་ནི་མ་ནོར་ཚིག་གི་བདེན་དཔང་ཐུབ་བོ། གཞན་ཡང་པད་རུ་དང་བོན་རི། བེ་རུ་ཞེས་འབྲི་སྲོལ་མང་པོ་དེ་དག་ཀྱང་ནོར་བ་ཡིན། རྒྱ་ཡིག་ལ་སྒྲ་སྒྱུར་གྱིས་白利ཞེས་པ་དང་白日ཞེས་འབྲི་སྲོལ་གཉིས་ཡོད་ཀྱང་། མང་བས་白利ཞེས་འབྲི་བཞིན་ཡོད་པས་དེ་བཞིན་དུ་ཕྱིས་སུ་ཀུན་གྱིས་བོད་རྒྱ་ཡི་གེ་གཉིས་ཀར་འབྲི་སྲོལ་འདི་ལྟར་བྱ་དགོས་སོ།

བཞི་པ། དགོན་པ་ལས་སྣེ་བཞུགས་ཚུལ་སྐོར། སྤྱིར་དགོན་པ་འདི་ལ་སྤྲུལ་སྐུ་གཅིག ཁྲི་པ། དགེ་བསྐོས། དབུ་མཛད། སྤྱི་པ། སྤྱི་སོ་སོགས་ཀྱི་ལས་སྣེ་ཡོད་དེ། སྤྲུལ་སྐུ་ནི་དགོན་པའི་བསྟན་པའི་བདག་པོ་ཡིན། སྤྲུལ་མིང་ནི་རི་ཁྲོད་ཀྱི་མིང་ལས་བྱུང་སྟེ་ད་བར་དུ་སྐུ་ཕྲེང་དྲུག་ཙམ་བྱོན། སྐུ་ཕྲེང་དང་པོ་བློ་བཟང་ཚུལ་ཁྲིམས་དང་། གཉིས་པ་ཀུན་དགའ་ཡེ་ཤེས། གསུམ་པ་རྗེ་བཙུན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན། བཞི་པ་བློ་བཟང་དྲི་མེད་བསྟན་འཛིན། ལྔ་པ་བློ་བཟང་བསྟན་འཛིན་གྲགས་པ་མཐའ་ཡས། དྲུག་པ་བློ་བཟང་རྣམ་རྒྱལ་ཆོས་ཀྱི་ཉི་མ་﹙ད་ལྟ་བཞུགས་ཡོད﹚སོགས་སྐུ་ཕྲེང་རིམ་བྱོན་གྱིས་གཙུག་ལག་ཁང་ཞིག་གསོ་དང་ནང་གི་སྐུ་གསུང་ཐུགས་རྟེན་གསར་བཞེངས་རྒྱ་ཆེར་མཛད་ཅིང་། འདུལ་ཁྲིམས་དག་གཙང་བྱས་ཏེ་དགོན་པའི་བཅའ་ཡིག་དང་སྒྲིག་སྲོལ་ལམ་ལུགས་ཆ་ཚང་མཛད་ནས་མདོ་སྔགས་ཟུང་འབྲེལ་གྱི་དགོན་པ་ཇེ་རྒྱས་སུ་བཏང་། དེ་ལས་ལྷག་ཏུ་ཐུན་མོང་མ་ཡིན་པ་ནི་དགེ་རྟག་སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་འཛིན་གྲགས་པ་མཐའ་ཡས་ཀྱིས་ཐུགས་སྐྱོང་མཛད་འོག དགོན་པ་འདིས་དམར་དམག་རྒྱང་སྐྱོད་སྐབས་སུ་དམར་དམག་གི་དམག་ཕྱོགས་ཨང་གཉིས་པ་དང་ཨང་བཞི་པ་སྔོན་རྗེས་དཀར་མཛེས་ས་ཁུལ་ནས་བརྒྱུད་སྐབས་རྒྱབ་སྐྱོར་ཆེན་པོ་མཛད། ལྷག་པར་དུ་དགེ་རྟག་སྤྲུལ་སྐུ་ཁོང་ཀྲུའུ་ཏེ་ཙུང་སི་ལིང་དང་མཇལ་འཕྲད་གནང་ནས་གླེང་མོལ་རྒྱ་ཆེར་མཛད། བེ་རི་དགོན་དང་བླ་གྲྭ་སྦྱིན་བདག་ཕྱོགས་གསུམ་ཁོ་ནས་ཁྱོན་བསྡོམས་རྟ་དྲེལ་སུམ་ཅུ་ལྷག གཡག་ཉིས་བརྒྱ་ལྷག བོང་བུ་སུམ་ཅུ་ལྷག སྦྲ་གུར་སུམ་ཅུ་ལྷག མེ་ཆ་ལྔ་བཅུ་ལྷག སྒྲོ་བ་བཞི་བརྒྱ་ལྷག ཁོལ་མོ་ཆིག་བརྒྱ་ལྷག འབྲུ་རིགས་རྒྱ་མ་ཆིག་ཁྲི་ལྷག མར་རྒྱ་མ་ཆིག་སྟོང་ལྷག་བཅས་དངོས་ཐོ་བཀོད་དེ་དམར་དམག་གི་སི་ལིང་པུའུ་ལ་ཕུལ་བ་མ་ཟད། སྐབས་དེའི་རྨས་མ་ཚབས་ཆེན་རྣམས་དགོན་པ་ལ་ཉར་ནས་སྨན་བཅོས་མཛད་པ་དང་། ལ་ལ་དུད་ཚང་ཁག་ཏུ་སྦས་སྐུང་བྱས། མིང་ཡང་བོད་མིང་དུ་བསྒྱུར་ཏེ་གསོས་པས། དམར་དམག་རྒྱང་སྐྱོད་རི་འགོག་ཆེད་དུ་རྒྱལ་ཁའི་ངང་ལམ་དུ་ཆས་པར་རོགས་སྐྱོར་བསམ་གྱིས་མི་ཁྱབ་པ་དང་དུས་དང་རྣམ་པ་ཀུན་ལ་ཕན་པའི་མཛད་པ་རླབས་ཆེན་བསྐྱངས་སོ། །

2 དེ་ནས་ཁྲི་པ་ཕེབས་ཚུལ་ལ་ཐོག་མར་ཕར་ཀ་དགེ་བཤེས། དངོས་གྲུབ། དགེ་བཤེས་ཆོས་དབང་། དགེ་བཤེས་རྣམ་རྒྱལ། དགེ་བཤེས་གཉེར་གཙང་། དགེ་བཤེས་རིན་ཆེན་ལྷུན་གྲུབ། དགེ་བཤེས་སྐལ་བཟང་དར་རྒྱས། དགེ་བཤེས་བློ་བཟང་ཡེ་ཤེས། ཁྲི་ཟུར་ཚེ་རིང་། ཁྲི་ཟུར་བློ་བཟང་རིན་ཆེན། སངས་རྒྱས་དོན་གྲུབ། ཕུན་ཚོགས་འཆི་མེད། དབང་ཕྱུག་ཕུན་ཚོགས། བློ་བཟང་ཐབས་མཁས་﹙ད་ལྟ་འདི་པ་ཡིན﹚སོགས་ཡིན།

3 དེ་ནས་བྱང་འདྲེན་ཕེབས་ཚུལ་ལ་ཐོག་མར་པད་མ་དོན་གྲུབ་དང་། དེ་ནས་ཚེ་རིང་། པད་མ་སངས་རྒྱས། བློ་བཟང་ཆོས་འཕེལ། ཡེ་ཤེས་ཚེ་རིང་། བློ་བཟང་རིན་ཆེན། ཚངས་དབྱངས་དོན་གྲུབ། སངས་རྒྱས་དོན་གྲུབ། འགྱུར་མེད། ཚུལ་ལི། བློ་བཟང་ཆོས་དར། ཚེ་རིང་ཆོས་འཕེལ། ཐབས་མཁས། འཆི་མེད་རྡོ་རྗེ། བྱམས་པ་མཁས་གྲུབ། བློ་བཟང་ཚུལ་ཁྲིམས་སོགས་ལོ་རྒྱུས་བཤད་པ་པོ་རྣམས་ཀྱི་དྲན་ཚད་ཙམ་བཀོད་པ་ཡིན་ཏེ། ད་དུང་འབྲི་མ་ཐུབ་པ་མང་པོ་ལྷག་ཡོད། དེ་དག་ལས་བཀའ་དྲིན་ཡངས་ཤིང་མཚན་སྙན་གྱི་བ་དན་གཡོ་བ་ནི་ལྷ་རམས་པའི་དགེ་བཤེས་ཨང་དང་པོ་དངོས་གྲུབ་ཟེར་བ་དེ་ཉིད་ཡིན་ནོ། དེ་ཡང་གསལ་དགོས་པ་ནི་འདིའི་ཁྲི་པ་དང་མཁན་པོ་དོན་གཅིག་ཡིན། བྱིངས་འདྲེན་ནི་ང་ཚོས་རྟག་པར་ཟེར་བའི་དབུ་མཛད་ཡིན། གཞན་ཡང་དགེ་བསྐོས་དང་སྤྱི་པ། སྤྱི་སོ་སོགས་ཡོད་པ་དེ་དག་ནི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལྡན་ཞིང་དགོན་པ་ལ་ཞབས་ཕྱི་སྒྲུབ་མཁན་ཤ་སྟག་ཡིན།

དེ་དག་གི་ཐོབ་ཐང་དང་འགན་བཞེས་ཚུལ་ནི། སྤྲུལ་སྐུ་ནི་དགོན་པའི་བསྟན་པའི་བདག་པོ་ཡིན་ཏེ་འདུ་ཁང་ནང་གི་བཞུགས་ཁྲི་མཐོ་ཤོས་ནི་ཁོང་གི་ཡིན། དེ་འོག་ཁྲི་པའི་བཞུགས་ཁྲི། དེ་ནས་བྱང་འདྲེན་གྱི་བཞུགས་ཁྲི། དེ་ནས་ཁྲི་ཟུར་གྱི་བཞུགས་ཁྲི། དེ་ནས་ཁྲི་པ་དགེ་བསྐོས་དབུ་མཛད་རྒན་པ་རྣམས་ཀྱི་བཞུགས་ཁྲི་སོགས་ཡོད། དེའང་ཁྲི་པ་ནི་ཅིས་ཀྱང་གྲྭ་ས་ནས་དགེ་བཤེས་ཀྱི་ཐོབ་ཐང་བླངས་པ་ཞིག་ཡིན་དགོས་པར་མ་ཟད། དགོན་པ་འདི་ལས་མཁས་པའི་རྩེ་མོར་སོན་ཞིང་འདུལ་ཁྲིམས་ཀྱི་ལུགས་ལ་ཧ་ཅང་མཁས་པའི་ཚུལ་ལྡན་གྱི་གྲྭ་བཙུན་ཞིག་ཡིན་དགོས། ཁྲིར་འཁོད་རྗེས་དགོན་པའི་བྱ་བ་ཐམས་ཅད་ཀྱི་གཙོ་འགན་བཞེས་ནས་ཁྲི་ཐོག་ལོ་གསུམ་རེ་བཞུགས་དགོས། བྱང་འདྲེན་ནི་དེ་བཞིན་ཚུལ་དང་ལྡན་པའི་གྲྭ་བཙུན་ཞིག་ཡིན་དགོས་པ་མ་ཟད། གྲྭ་ས་ནས་ཚུར་ཕེབས་སྐབས། དགོས་པའི་ཆོས་ཐོག་ནས་རྒྱུགས་སྤྲོད་དགོས་ལ། ཕེབས་པའི་དུས་ཚོད་སྔ་གཞུག་ལྟར་འདེམས་བསྐོ་བྱ་དགོས། འདི་པའི་གཙོ་བོ་འདོན་ཆོག་བྱང་ཞིང་དབྱངས་རྟ་མཛེས་དགོས་པར་མ་ཟད། རྒྱུན་ཚོགས་དང་ལྷག་པར་དུ་དུས་མཆོད་ཀྱི་འདོན་ཆོག་སྐུལ་མཁན་ཡིན། མདོར་ན་ཆོས་ཚོགས་ཀྱི་དཔོན་པོ་ཡིན། དགེ་བསྐོས་ནི་དགུང་ལོ་སོན་ཞིང་འདུལ་ཁྲིམས་ལ་མཁས་པའི་གྲྭ་བཙུན་དྲུག་ཙམ་གྱི་མིང་ཐོ་བཀོད་རྗེས། བེ་རི་ཚང་གིས་ཐག་གཅོད་དགོས། འདི་བ་ལས་འགན་ལྗིད་པས་དགོན་པའི་བཅའ་ཁྲིམས་མཐིལ་ཕྱིན་སྒོས་ཕྱག་ལེན་ལྷོད་མེད་མཛད་དེ་ལོ་གཅིག་ཙམ་བཞུགས་དགོས། ལོ་རེའི་དགའ་ལྡན་ལྔ་མཆོད་ཚེས་ཉི་ཤུ་ལྔ་ཉིན་དགེ་བསྐོས་གསར་པ་ལ་ལས་འགན་སྤྲད་ནས་དགོངས་ཞུ་ཐོབ། དེ་ནས་སྤྱི་པ་ཟེར་བ་ནི་དགོན་པ་ལ་སྤྱི་སེམས་ཆེ་བའི་གྲྭ་བཙུན་ཞིག་ཡིན་དགོས་པས་བདག་གཉེར་མཁན་ཡིན། ལོ་རེའི་དགའ་ལྡན་ལྔ་མཆོད་དང་དགུ་གཏོར། ལྕགས་མཁར། སྒོ་གཡེང་སོགས་ཀྱི་འགྲོ་སོང་གཏོང་དགོས། གྲྭ་པ་གཉིས་ཙམ་ཡོད་པས་ལོ་གཉིས་ལ་འགན་བཞེས་དགོས། དེ་ནས་སྤྱི་སོ་ནི་ཚན་ཁག་གཅིག་ཡིན་ཏེ། དགོན་པའི་དོན་ལ་རྒྱུད་དྲང་བ་དང་སྤྱི་ཚོགས་འགྲོ་ལུགས། ཚོང་གཉེར་གྱི་སྐབས་བབ་སོགས་ལ་མཁས་པའི་གྲྭ་པ་དྲུག་གམ་བདུན་ཙམ་ཡོད་དགོས། གོང་གསལ་གྱི་དུས་ཆེན་བཞི་ཕར་ཕུད། གཞན་དུས་ཆེན་དང་དགོངས་རྫོགས་སོགས་དུས་མཆོད་ཀྱི་འགྲོ་སོང་ཚང་མ་གཏོང་དགོས། མི་རེ་ཕལ་ཆེར་ལོ་གསུམ་ཙམ་བཞུགས་དགོས། ཡང་ན་ལ་ལ་དགོན་པའི་དམིགས་བསལ་ཆེད་དུ་དེ་ལས་ལོ་མང་ཙམ་བཞུགས་མཁན་མང་པོ་ཡོད།

ལྔ་པ། སེར་མོ་བ་བཞུགས་ཚུལ་སྐོར། དགོན་པ་འདི་སྤྱིར་བཏང་གྲྭ་པ་སུམ་བརྒྱ་ལྷག་བཞུགས། གྲྭ་ཚོགས་རྒྱས་པའི་སྐབས་ལྔ་བརྒྱ་ཙམ་བཞུགས་ཤིང་། ཡང་ན་འཐབ་འཁྲུག་དང་རང་བྱུང་གནོད་འཚེ་བྱུང་རྐྱེན་ཉིས་བརྒྱ་ཙམ་བཞུགས་པའང་ཡོད་སྲིད། གྲྭ་པ་དེ་དག་ཡོང་ཁུངས་ནི་དེང་གོང་ལུང་ཞང་གི་མང་བཟང་དང་སྨད་རི་མདའ། གསེར་མཁར་ཞང་གི་གསེར་མཁར་གྲོང་། གཙང་འགྲམ། བེ་རརི་སོགས་དང་། ཞི་སེར་ཞང་གི་ཞི་སེར་དང་། ཡབ་ར་ལུང་། དཀར་མདའ་སོགས་ཡོད་པ་མ་ཟད། ས་གནས་གཞན་གྱི་གྲྭ་རྒྱུན་ཡང་མང་ཙམ་བཞུགས།

དྲུག་པ། དགོན་པའི་སྒྲུབ་མཆོད་སྐོར། དགོན་པ་འདིའི་འདོན་ཆ་འགྲོ་ལུགས་གཙོ་བོ་དགའ་ལྡན་བྱང་རྩེ་གྲྭ་ཚང་དང་རྒྱུད་སྨད་གྲྭ་ཚང་སོགས་ལ་ཁུངས་གཏུགས་པ་སྟེ། མདོར་ན་སྒྲུབ་པ་ཉམས་ལེན་ཚང་མ་དགའ་ལྡན་དགོན་པའི་ལུགས་ལྟར་ཡིན་ནོ། བོད་ཟླ་དང་པོའི་ཚེས་གསུམ་ནས་བཅུ་བདུན་བར་སྨོན་ལམ་ཆོ་འཕྲུལ་ཆེན་མོ་དང་། བོད་ཟླ་གསུམ་པའི་ཚེས་དགུ་ནས་བཅོ་ལྔའི་བར་གནས་བཅུ་དང་། བོད་ཟླ་བཞི་པའི་ཚེས་བརྒྱད་ནས་བཅོ་ལྔའི་བར་འཇིགས་བྱེད་ཀྱི་བདག་འཇུག་དང་། བོད་ཟླ་ལྔ་པའི་ཚེས་བརྒྱད་ནས་བཅོ་ལྔའི་བར་གསང་འདུས་བདག་འཇུག་དང་། བོད་ཟླ་དྲུག་པའི་ཚེས་བརྒྱད་ནས་བཅོ་ལྔའི་བར་བདེ་མཆོག་གི་བདག་འཇུག་དང་། བོད་ཟླ་བདུན་པའི་ཚེས་བརྒྱད་ནས་བཅོ་ལྔའི་བར་ཀུན་རིག་བདག་འཇུག བརྒྱད་པའི་ཚེས་བརྒྱད་ནས་བཅོ་ལྔའི་བར་རབ་གནས། དགུ་པའི་ཚེས་ཉེར་གཅིག་ནས་ཉེར་དགུའི་བར་ལྕགས་མཁར། བཅུ་པའི་ཚེས་ཉེར་བཞི་དང་ཉེར་ལྔ་གཉིས་ནི་དགའ་ལྡན་ལྔ་མཆོད། བཅུ་གཅིག་པའི་ཚེས་བཅུ་བདུན་ནས་བཅུ་དགུའི་བར་དུས་གཏོར། བཅུ་གཉིས་པའི་ཚེས་ཉེར་བདུན་ནས་ཉེར་དགུའི་བར་དགུ་གཏོར། གཞན་ཡང་དབྱར་ཟླ་བརྒྱད་པའི་ཚེས་གཅིག་ནས་བཞིའི་བར་སྒོ་གཡེང་། ད་དུང་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་བརྒྱད་པའི་སུམ་ཅུའི་བར་དབྱར་གནས་དང་། དགོངས་རྫོགས་ཀྱི་སྐོར་ལ་ཟླ་བ་བཞི་པའི་ཚེས་བཅོ་བརྒྱད་ལ་དགེ་རྟག་སྐུ་ཕྲེང་གསུམ་པ་རྗེ་བཙུན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་དགོངས་རྫོགས་དང་། ཟླ་བ་དགུ་པའི་ཚེས་ཉེར་གཉིས་ཉིན་དགེ་རྟག་མཆོག་སྤྲུལ་བཞི་བ་བློ་བཟང་དྲི་མེད་བསྟན་འཛིན་གྱི་དགོངས་རྫོགས་དང་གཞན་རྒྱལ་པཎ་ཁག་གི་དགོངས་རྫོགས་ཁ་ཤས་ཡོད།

ཀེང་རུས་ཏེ་དུད་བདག་གཉིས་དང་། ལྷ་མོ་གཙོ་འཁོར་གསུམ། ཨ་ཙ་ར། མགོན་པོ་བྲམ་གཟིགས། མགོན་པོའི་འཁོར་ལ་ཞྭ་སེར་གཉིས། ཞྭ་ནག་གཉིས། སྒོ་མ་བཞི། བཙུན་མོ་གཉིས། ཤྭ་བ་གཅིག བྱ་གཅིག ཆོས་རྒྱལ་དཀར་དམར་སེར་ལྗང་ཐིང་ནག་སོགས་དང་འཇིགས་བྱེད། མགོན་པོ་ཕྱག་དྲུག མགོན་པོ་གུར། ལྷ་མོ། ཆུ་སྲིན། སེང་གེ ལྕམ་སྲིང་སོགས་ཡིན་ནོ། གཞན་ཡང་དགོན་པ་འདིར་ཐུན་མོང་མ་ཡིན་པའི་འབའ་ར་ཟེར་བ་ཞིག་ཐོག་མར་འཁྲབ་སྲོལ་ཡོད། དེ་ལ་དཔོན་གཡོག་ཁྱོན་བཞི་ཡོད་དེ་ཆེ་བ་གཉིས་དང་ཆུང་བ་གཉིས་ཟེར། ནང་དོན་ནི་གཙོ་བོ་སྲིད་པ་ཆགས་ཚུལ་དང་བོད་གངས་ཅན་ལྗོངས་དང་རང་དགོན་གྱི་གནས་བཤད་ཡིན་པས་ཀུན་གྱིས་ཉན་སྤྲོ་བ་ཞིག་ཡིན་ནོ།

བཅའ་ཡིག་གི་སྐོར་ལ། དགོན་པ་འདིར་སྟག་ཕུ་པདྨ་བ་ཛྲ་དང་། དགེ་རྟག་ལྔ་བ་བློ་བཟང་བསྟན་འཛིན་གྲགས་པ་མཐའ་ཡས། ལམ་བྲག་སྐལ་བཟང་རྣམ་རྒྱལ། ཁང་དམར་བློ་བཟང་ཐུབ་བསྟན་དཔལ་ལྡན་རྒྱ་མཚོ་སོགས་སྐྱེས་བུ་དམ་པ་རྣམས་ཀྱིས་གཏན་ལ་ཕབ་པའི་བཅའ་ཁྲིམས་ད་བར་དུ་བཞུགས་ཡོད། དགོན་པས་དངོས་སུ་ཕྱག་ཏུ་བསྟར་བའི་བཅའ་ཡིག་ནི་གཙོ་བོ་གོང་གསལ་བཅའ་ཡིག་དེ་དག་ལ་བརྟེན་ནས་རང་དགོན་གྱི་སྤྲུལ་སྐུའམ་མཁན་པོ་དགེ་བསྐོས་གང་རུང་ཞིག་གིས་གཏན་ལ་ཕབ་པ་དེ་ཡིན། ལྷག་ཏུ་བེ་རི་ཆོས་མཛད་ཟེར་བ་པཎ་ཆེན་དྲུག་པའི་དུས་ཡིནདེས་གཏན་ལ་ཕབ་པའི་བཅའ་ཡིག་དེ་དུས་ཡུན་རིང་ཙམ་ལ་ལག་ལེན་མཛད་པའི་ལོ་རྒྱུས་ཡོད། བཅའ་ཡིག་ནི་ལོ་རེའི་དགའ་ལྡན་ལྔ་མཆོད་དུས་དགེ་བསྐོས་གསར་རྙིང་བརྗེ་སྐབས་སུ་ཐེངས་རེ་ཀློག་དགོས་ཤིང་། དེ་དང་འགལ་མཁན་ཡོད་ན་ཁྲིམས་ཐག་ནན་གྱིས་བཅད་ཕྱིར། དགོན་པ་འདིའི་འདུལ་ཁྲིམས་གཙང་བ་པད་མའི་ཟླ་རུ་གྱུར་ཏོ།

བདུན་པ། སྐུ་གསུང་ཐུགས་རྟེན་གྱི་སྐོར། དགོན་པ་འདིའི་སྐུ་ཡི་གཙོ་རྟེན་ལ་ལྷ་རྗེ་ངག་དབང་ཡེ་ཤེས་ཀྱིས་བཞེངས་པའི་རྗེ་བཙུན་བྱམས་པའི་སྐུ། གཞན་ཡང་བེ་རིའི་ས་འདི་སངས་རྒྱས་སྨན་བླའི་དཀྱིལ་འཁོར་སྟེང་དུ་ཆགས་ཡོད་སྐད། དམ་རྫས་དང་བྱིན་རྟེན་ནི་སྨན་བླའི་རྫས་མཆོག་ཡིན་ཟེར་ནས་སངས་རྒྱས་སྨན་བླའི་སྐུའང་རྟེན་གཙོའི་ནང་གི་གཙོ་བོ་ལ་བརྩི་བཞིན་ཡོད། གཞན་འོད་དཔག་མེད་དང་ཐུབ་པའི་སྐུ་མ་གཏོགས་ཚང་མ་བརླགས་ཟིན་ཀྱང་དེང་ཕལ་ཆེར་སྔར་ལྟར་གསར་དུ་བཞེངས་ཡོད། ལྷག་པར་དུ་དགོན་པ་འདིར་བསམ་འཕེལ་མཐོང་བ་དོན་ལྡན་ཟེར་བའི་གོས་སྐུ་ཆེན་པོ་ཞིག་ཡོད་པ་ངོ་མཚར་ཤིན་ཏུ་ཆེའོ། གོས་སྐུ་འདི་ལ་ནང་བཞུགས་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་འཁྲུལ་མེད་རྡོག་གཅིག བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་ཚེམས། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་ཐུགས། ཉན་ཐོས་ཆེན་པོ་ཤ་རིལ་བུའི་མཁར་བསིལ་གྱི་བར་ཤིང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྤྲུལ་པའི་སྟག་པགས། བྱང་ཆུབ་སེམས་དཔའ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་ཤ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡར་ལུང་ཐང་པོ་ཆེ་ནས་འབྲོམ་དང་ལྷན་དུ་གསང་སྟབས་སུ་བྱོན་སྐབས་དགེ་བཤེས་ཁུ་སྟོན་ནས་གདན་ཞུས་སྙེགས་པར་འོན་གྱི་གྲུབ་ཁ་ནས་ཁུ་སྟོན་ལ་རྟེན་སྐལ་དུ་གནང་བའི་དབུ་ཞྭ། བསྟན་པ་ཕྱི་དར་གྱི་དུས་སུ་རྒྱ་གར་ནས་བོད་དུ་བསྙེན་རྫོགས་ཀྱི་སྡོམ་རྒྱུན་གསར་དུ་སྤེལ་བའི་མེས་པོ་ཁ་ཆེན་པཎ་ཆེན་ཤཱཀྱ་ཤྲཱིའི་རིའི་སྣམ་སྦྱར། རྗེ་བཙུན་ས་སྐྱ་བ་ཆེན་པོ་གྲགས་པ་རྒྱལ་མཚན་གྱི་སྐུ་བེར། ས་སྐྱ་པཎྚིཏ་ཀུན་དགའ་རྒྱལ་མཚན་གྱི་སྒོམ་ཐག ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་དབུ་ཞྭ། རྒྱ་གར་གྲུབ་ཆེན་ཕ་དམ་པ་སངས་རྒྱས་ཀྱི་སྒོམ་ཐག ལྷོ་བྲག་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་དབུ་ཀླད། མར་པའི་སྲས་དར་མ་མདོ་སྡེ་རྟས་བརྟབས་ནས་འདས་སྐབས་ཀྱི་སྐུ་བེར་དབུ་ཀླད་འབྱར་བ། མཉམ་མེད་དྭགས་པོ་ལྷ་རྗེའམ་སྒམ་པོའམ་སྒམ་པོ་ཟླ་འོད་གཞོན་ནུའི་ཞབས་ཆགས། བླ་མ་ཞང་འགྲོ་མགོན་གཡུ་བྲག་པའི་ན་བཟའ། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཌ་མ་རའི་འཛར། ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གྱི་རྔ་ལྤགས། རྗེ་བཙུན་ཙོང་ཁ་པ་ཆེན་པོའི་སྐུ་ལ་ཡུན་རིང་མནབས་པའི་སྣམ་སྦྱར། རྗེ་བླ་མའི་དབུ་ཞྭ་རྗེ་ཉིད་ཀྱིས་རྒྱལ་ཚབ་ཆོས་རྗེར་གནང་། དེས་མཁས་གྲུབ་རྗེ་ལ་སྩལ་ཏེ་ཡབ་སྲས་གསུམ་ནས་རིམ་གྱིས་བཞེས་པའི་དབུ་ཞྭ། གྲུབ་ཐོབ་ཐང་སྟོང་རྒྱལ་པོ་སྐུ་དངོས་ཀྱིས་པད་མ་འོད་དུ་སློབ་དཔོན་ཆེན་པོའི་སྤྱན་སྔར་ལན་གསུམ་བྱོན་སྟབས་སྐུ་ལ་མནབས་ཤིང་། རྗེ་གྲུབ་ཐོབ་ཉིད་ཀྱིས་སླེ་བེར་འདི་དང་མ་བྲལ་ན་རྣམ་འབྱོར་གྱི་བསམ་པ་འགྲུབ་པ་ཡིན་ཞེས་གསུངས་པའི་ན་བཟའ་སླེ་བེར། ཡང་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་ཞབས་ཆགས། རྒྱལ་དབང་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་ཀྱི་སྐུ་ཆོས། གཉིས་པ་དགེ་འདུན་རྒྱ་མཚོའི་དབུ་ཞྭ། གསུམ་པ་བསོད་ནམས་རྒྱ་མཚོའི་ན་བཟའ། བཞི་པ་ཡོན་ཏན་རྒྱ་མཚོའི་དབུ་སྐྲ། ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་སྣམ་སྦྱར། དྲུག་པ་ཚངས་དབྱངས་རྒྱ་མཚོའི་དབུ་ལོ། བདུན་པ་སྐལ་བཟང་རྒྱ་མཚོའི་སྐུ་བེར། བརྒྱད་པ་འཇམ་དཔལ་རྒྱ་མཚོའི་དབུ་ལོ། བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོའི་དབུ་ལོ། བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོའི་དབུ་ལོ། བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་དབུ་ལོ། ན་བཟའ། གསུང་ཚྭ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་སྣམ་སྦྱར། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དབུ་ཞྭ། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་སྐུ་ཆོས། པཎ་ཆེན་བསྟན་པའི་ཉི་མའི་གདུང་ཚྭ། པཎ་ཆེན་བསྟན་པའི་དབང་ཕྱུག་གི་ན་བཟའ། པཎ་ཆེན་ཆོས་ཀྱི་ཉི་མའི་ན་བཟའ་བཅས་གཞུང་དགའ་ལྡན་ཕོ་བྲང་པའི་རྟེན་སྒམ་ཆེན་མོ་ནས་བྱུང་བ་སྲིད་ཞིའི་གསུང་བ་སེལ་བ་ས་གསུམ་སྙེད་དཀའ་བ་ཤ་སྟག་གི་ཆ་ཤས་རེ་དགའ་ལྡན་ཁྲི་ཆེན་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོས་ཕུལ་བ་དང་། དགའ་ལྡན་ཁྲི་ཟུར་ཆེན་པོ་བྱམས་པ་ཆོས་གྲགས་དང་། ཕུར་ལྕོགས་བྱམས་མགོན་རིན་པོ་ཆེ་རྣམ་གཉིས་ནས་སྩལ་བའི་བྱིན་རྟེན་སྣེ་འཛོམས་རིལ་བུ་ཕྱག་པ་རེ་བཅས་རྫས་སྣ་བྱིན་རླབས་ཅན་དེ་དག་འཛོམས་པའི་གིས་སྐུ་ཆེན་མོ་འདི་གནམ་འོག་ལས་མཐོང་དཀའ་བ་དང་། གཞན་གོས་ཆེན་གྱི་རིགས་ནི་བཤད་མ་དགོས་པ་ཞིག་རེད། གོས་སྐུ་བཞེངས་སྐབས་ཐོག་མཐའ་བར་གསུམ་གྱི་ལས་ཀའི་ཁུར་འཛིན་བྱེད་པོ་སྐུ་འབུམ་གླིང་ཆོས་མཛད་སྒྲོལ་མ་ཚེ་བརྟན་ཡིན་པས་བོད་ཀྱི་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་སྤྱི་ལོ་1935ལོའི་ཧོར་ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན་ཡོངས་སུ་གྲུབ་ནས་སྟོན་མོ་རྒྱ་ཆེར་བཤམས། དེའང་ཁོང་གིས་གོས་སྐུ་ཆེན་པོ་བསམ་འཕེལ་མཐོང་བ་དོན་ལྡན་གསར་དུ་བཞེངས་པའི་དཀར་ཆག་འདི་འདྲ་ཞིག་བསྐུལ་བའི་ངོར། དགའ་ལྡན་ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་གྱི་སྐྱེ་བར་སྒྲོ་བཏགས་པའི་འདུ་ཤེས་གསུམ་པ་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོས་མཛད་པའི་དཀར་ཆག་དེ་ད་བར་དུ་བཞུགས་ཡོད། འདིའི་སྐོར་ཞིབ་པར་འདོད་ན་དེ་རུ་གཟིགས་ཆོག་གོས་སྐུ་ཆེན་མོ་འདི་ད་ལྟ་འཇིག་ཟིན་པས་ཤིན་ཏུ་ཕངས་ཆེའོ།

བརྒྱད་པ། དགོན་པའི་མངའ་ཁོངས་དང་དེའི་འབྱོར་པ། སྔར་དགོན་པ་འདིར་སྤྲུལ་མིང་འཛིན་པ་གཅིག་ཏེ་དགེ་རྟག་སྤྲུལ་སྐུ་རིམ་བྱོན་དང་། མཁན་པོ་བླ་གྲྭ་ཕལ་ཆེར་སུམ་བརྒྱ་ལྷག་བཞུགས། དེའང་དགོན་པ་ཆགས་ཚུལ་ཐོག་ནས་བཤད་ན། ཕྱི་ལ་ཡོད་པའི་གནས་རི་སྟེ། དགེ་རྟག་གླིང་སྲས་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་བསྟན་འཛིན་གྲགས་པ་མཐའ་ཡས་དཔལ་བཟང་པོ་མཆོག་ནས་བཏབ་པའི་གནས་རི་ཀུན་འདུས་པད་མ་ལྷ་རྩེ་ལ་ལས་ཟངས་མདོག་དཔལ་རི་ཕོ་བྲང་ཡང་ཟེར་བས་ཁོང་གིས་དེ་དང་ཁྱད་པར་མེད་ཅེས་གསུངས་པའི་ཕྱིར་དུའོ། རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་སྤྲེལ་སྤྱི་ལོ་1944ལོའི་རྒྱལ་གྱི་ཟླ་བའི་ཚེས་བཅུ་གཉིས་ཉིན་ལ་བཏབ་པའི་རི་ཕུག་བྲག་རི་གཡུ་མཁར་དང་དེའི་ཕྱི་ལོ་ཤིང་བྱ་ཟླ་བཞི་ཚེས་བཅུའི་ཉིན་སྐུ་འབུམ་མཆོད་རྟེན་མཐོང་གྲོལ་ཆེན་མོ་སོགས་བཏབ་ནས་གནས་སྒོ་ཕྱེ་བ་མ་ཟད། གནས་ཡིག་སོགས་ད་ལྟ་བཞུགས་ཡོད། གཞན་ཡང་དགེ་རྟག་བསྙུང་གནས་བས་བཏབ་པའི་དགེ་ལེགས་རྟག་བརྟན་རི་ཁྲོད་སོགས་ཡོད། དེའང་བྱམས་ཁང་གཙོས་པའི་ལྷ་ཁང་བརྩེགས་བཞི་ཅན་ཡིན་ཏེ། འོག་བརྩེགས་ལ་བྱམས་ཁང་དང་འདུ་ཁང་། དམ་ཅན་ཁང་སོགས་དང་། གཉིས་བརྩེགས་ལ་བཀའ་འགྱུར་ཁང་དང་མགོན་ཁང་། སྲུང་མ་ཁང་། དེའི་ལོགས་སུ་དགེ་རྟག་གཟིམ་ཆུང་། དེ་ནས་ལྕམ་སྲིང་ཁང་སོགས་ཡོད་པ་དང་། སུམ་བརྩེགས་ལ་རྒྱལ་བའི་གཟིམ་ཆུང་དང་པཎ་ཆེན་གཟིམ་ཆུང་། བཞི་བརྩེགས་ལ་ལྷ་ཁང་ཆུང་ཆུང་ཞིག་ཡོད་པས་ཁྱོན་ལྷ་ཁང་བཅུ་གཉིས་ཙམ་ཡོད།

དགུ་པ། དུས་རབས་གསར་བའི་བེ་རི་དགོན་པ། དམངས་གཙོའི་བཅོས་བསྒྱུར་སྐབས་ཀྱི་བཞི་རྒོལ་ལས་འགུལ་ཁྲོད་དུ་བེ་རི་དགོན་པ་འདི་དགེ་རྟག་ལྔ་པའི་མཛད་འཕྲིན་ཐུགས་རྗེ་ལས་དཀར་མཛེས་རྫོང་གི་སྲུང་སྐྱོབ་དགོན་པ་ཁག་གསུམ་ལས་གཅིག་ཡིན་པར་མ་ཟད། ཞིང་ཆེན་གྱི་ཁོངས་གཏོགས་གནའ་རྫས་རིག་གནས་རྒྱུད་འཛིན་སྲུང་སྐྱོབ་སྡེ་ཚན་ཁག་ཀྱང་ཡིན། དེ་དུས་གྲྭ་པ་བཅུ་གཉིས་ཙམ་ལ་དགོན་པ་བདག་གཉེར་བྱེད་དུ་བཅུག་པས་དགོན་པར་གཏོར་བཤིག་གི་གནོད་འཚེ་ཆེར་མ་ཐེབས། གཞན་གྲྭ་པ་སུམ་བརྒྱ་ལྷག་ཙམ་ཡོད་པ་དེ་ཐོན་སྐྱེད་ངལ་རྩོལ་དུ་ཞུགས། རིག་གནས་གསར་བརྗེའི་སྐབས་སུ་གྲྭ་པ་ཁ་ཤས་དེའང་ཐོན་སྐྱེད་རུ་ཁག་ཏུ་བཏང་། བྱམས་ཁང་ནང་གི་བྱམས་སྐུ་དང་འོད་དཔག་མེད་ཀྱི་སྐུ། ཐུབ་སྐུ་གསུམ་དང་གྱང་རིས་གནས་བརྟན་བཅུ་དྲུག་མ་གཏོགས་གཞན་པའི་ལྷ་ཁང་གི་རྟེན་ཅིག་ཅར་བརླགས། གཙུག་ལག་ཁང་ནི་ཐུན་མོང་གི་བདག་གཉེར་ཁང་དུ་གྱུར། གྲྭ་ཤག་དང་ཆོས་ར། ཇ་ཁང་སོགས་རིམ་གྱིས་ཤུལ་མེད་དུ་འཇིག དེའང་ལྷ་ཁང་ཕལ་མོ་ཆེ་ད་བར་ལྷག་ཡོད་པ་འདི་བསོད་ནམས་ཀྱི་དབང་ཐང་ཆེ་བ་སྨོས་ཅི།

བོད་རབ་བྱུང་བཅུ་དྲུག་པའི་ས་ཁྱི་སྤྱི་ལོ་༡༩༨༢ལོའི་ཟླ་༡༡པའི་ཚེས་༢༧ཉིན་ཁུལ་ཨུ་ནས་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་གནང་བར་བརྟེན་དགོན་པའི་འགོ་ཁྲིད་ཚན་ཆུང་མི་བདུན་བསྐོས་ཏེ་རྒན་བློ་བཟང་ཐབས་མཁས་ནས་གཙོ་འགན་བཞེས། དགོན་པ་འདི་ཉམས་གསོ་﹙གཙོ་བོ་ནང་རྟེན་ཡིན་﹚བྱེད་ཆེད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྒོར་ཁྲི་བཅོ་ལྔ་དང་། ཞིང་ཆེན་རིག་གནས་གནའ་རྫས་སྲུང་སྐྱོབ་ཁང་གིས་སྒོར་ཁྲི་བཅུ། ཞིང་ཆེན་ཆོས་ལུགས་ཅུད་ཡིནས་སྒོར་ཁྲི་གཉིས་ཏེ་སྔོན་རྗེས་ཁྱོན་སྒོར་ཁྲི་ཉེར་བདུན་ཙམ་གནངས། དེ་ནས་དགེ་རྟག་མཆོག་སྤྲུལ་དྲུག་པ་བློ་བཟང་རྣམ་རྒྱལ་ཆོས་ཀྱི་ཉི་མའམ་བཀྲ་ཤིས་བཟང་པོ་མཆོག་ནས་དབུ་ཁྲིད་དང་འབད་འབུངས་ཆེར་བསྐྱེད་མཛད་མཐར་རིམ་གྱིས་དགོན་པའི་ཞིག་རལ་དང་ནང་རྟེན་རྣམས་ཕལ་ཆེར་སྔར་ལྟར་བཞེངས་ཐུབ་པ་བྱུང་།

བཅུ་པ། ད་བཞུགས་སྐུ་གསུང་ཐུགས་རྟེན་གྱི་སྐོར། ཐོག་མར་བྱམས་ཁང་དུ་སྔར་ལྷག་ཡོད་པའི་བྱམས་སྐུ་དང་འོད་དཔག་མེད། ཐུབ་སྐུ་བཅས་ལ་ཞལ་གསེར་དང་ཚོན་རྩི། དབང་པོ་ཡན་ལག་བཅས་གསར་གསོ་མཛད། གཙོ་སྐུའི་མཐོ་ཚད་ཁང་བརྩེགས་གཉིས་ཙམ་དང་། གཞན་ཡང་གསང་བདེ་འཇིགས་གསུམ་གྱི་སྐུ། དཔལ་ལྡན་ལྷ་མོ། མགོན་པོ་ཕྱག་དྲུག དམ་ཅན་ཆོས་རྒྱལ། རྣམ་ཐོས་སྲས། མགོན་པོ་གུར། མགོན་པོ་ཞལ་བཞི། ལྕམ་སྲིང་དང་བཅས་ཚང་མ་ཁང་བརྩེགས་རེ་དང་སྨན་འདམ་ལས་གྲུབ་པ་ཤ་སྟག་ཡིན། དེའང་གེ་སར་གྱི་སྐུ་གཅིག་མ་གཏོགས་ཚང་མ་སྔར་གྱི་ལུགས་བཞིན་ཡིན་ནོ། དེ་ནས་གཙུག་ལག་ཁང་དུ། གཙོ་བོའི་རྟེན་ལ་སྟོན་པའི་སྐུ། རྗེ་རིན་པོ་ཆེའི་སྐུ། རྡོ་རྗེ་སེམས་དཔའི་སྐུ། ཇོ་བོ་དཔལ་ལྡན་ཨ་ཏི་ཤའི་སྐུ། རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བཅས་མཐོ་ཚད་ཁང་བརྩེགས་རེ་དང་འཇིམ་སྐུ་ཤ་སྟག་ཡིན། དཔལ་ལྡན་ལྷ་མོའི་སྐུ་གྲུ་གང་ཙམ་དང་། གནས་བརྟན་བཅུ་དྲུག་གི་སྐུ་ཚད་མི་ལུས་ཚད་ལྡན་ཙམ་བཅས་ཚང་མའམ་འཇིམ་སྐུ་ཡིན། འདི་གཞན་དང་མི་འདྲ་བ་ནི་དབུ་ཚང་མ་གཟན་གྱིས་གཏུམ་ཞིང་ཕྱག་མཉམ་བཞག་ལ་ནེ་ལེ་འཛིན་པ་བཅས་དགེ་རྟག་ལྔ་པས་བཞེངས། བླ་གྲྭ་རྣམས་ཀྱིས་དགོད་བྲོ་བའི་ཚུལ་དུ་ངེད་ཀྱི་གནས་བརྟན་རྣམས་ནས་བླ་གྲང་ནས་དབུ་གཏུམ་པར་མཛད་འདུག་ཅེས་གསུངས་པའི་ལན་དུ་སྤྲུལ་སྐུས་དེ་འདྲ་གཏན་ནས་མིན། དབུ་གཏུམ་པ་ནི་ཏིང་ངེ་འཛིན་མཉམ་པར་བཞུགས་པའི་ཚུལ་དང་། ཕྱག་ན་ནེ་ལེ་བཞུགས་པ་འདི་ནད་དང་མུག་གེ་སྐྱོབ་པའི་ཆེད་དུ་ཡིན། མདོར་ན་ཆོས་ཀྱི་ལོངས་སྤྱོད་དང་རྒྱུའི་ལོངས་སྤྱོད་གཉིས་འཛོམས་ཀྱི་རྟེན་འབྲེལ་ཡིན་ཞེས་གསུངས། དེང་སང་དེ་ལུགས་བསྐྱར་བཞེངས་མཛད་ཡོད། དེ་ནས་དམ་ཅན་ཁང་ལ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་སྐུ་ཚད་ཁང་བརྩེགས་གཅིག་ཙམ་བཞུགས་པ་འདམ་སྐུ་ཡིན། གཞན་སྐུ་རྟེན་ཁ་ཤས། དེ་ནས་བཀའ་འགྱུར་ཁང་ལ་བཀའ་འགྱུར་ཚར་བཞི། བསྟན་འགྱུར་ཚར་གཅིག རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ། ཕ་བོང་ཁའི་གསུང་འབུམ། གཞན་གསུང་འབུམ་མ་ཚང་བ་མང་པོ་བཞུགས། དེ་དག་ལ་བཞུགས་ཁྲི་དང་བཅས་པ་ཡོད་པས་མཐོ་ཚད་ཁང་བརྩེགས་གཉིས་ཙམ་ཡོད། གཞན་ཡང་རྗེ་སྐུ་སྟོང་གཅིག་བཞུགས་ཁྲི་དང་བཅས་པ་འཇིམ་སྐུ་ཡིན། མཐོ་ཚད་ལ་གྲུ་ཕྱེད་དོ། ད་དུང་འདམ་སྐུ་འདྲ་མིན་བརྒྱ་ལྷག་བཞུགས་ཡོད་པས་དེ་དག་མང་ཤོས་རྙིང་པ་ཡིན། ལ་ལ་ནི་གི་གུ་ཤ་ལས་གྲུབ་པ་ཡིན་ནོ། དེ་ནས་མགོན་པོ་ཁང་དུ་མགོན་པོ་བྲམ་གཟིགས་གཙོས་པའི་འདམ་སྐུ་འགའ། དེའི་མཐོ་ཚད་གྲུ་གང་ཙམ། དེ་ནས་ཤར་ངོས་གཟིམ་ཆུང་ཁང་དུ་མཆོད་ཁྲི་དང་བཅས་པ་འདམ་སྐུ་ཆུང་ཆུང་འགའ། དེ་ནས་སྲུང་མ་ཁང་དུ་འཇིགས་བྱེད་དཔལ་གཅིག མགོན་པོ་ཕྱག་དྲུག དམ་ཅན་ཆོས་རྒྱལ། དཔལ་ལྡན་ལྷ་མོ། རྣམ་སྲས་བཅས་ཚང་མའི་མཐོ་ཚད་ལ་མི་ལུས་ཚད་ལྡན་ཙམ་དང་འདམ་སྐུ་ཡིན། དེ་ནས་ལྕམ་སྲིང་ཁང་དུ་གཙོ་སྐུ་འདམ་ལས་གྲུབ་པའི་ལྕམ་སྲིང་གི་སྐུ་མི་ལུས་ཙམ། འདི་ནི་མགོན་པའི་གཙོ་རྟེན་གྱི་ལྷ་སྟེ་ཆོས་སྐྱོང་ཡིན། པཎ་ཆེན་སྐུ་ཕྲེང་བདུན་པ་བློ་བཟང་བསྟན་པའི་ཉི་མས་སེ་ར་ཏྲེ་བོ་ཁམས་ཚན་ནས་དགེ་བཤེས་སྐལ་བཟང་ཆོས་འཕེལ་གྱིས་མདོ་སྨད་བེ་རི་འགྲོ་ཕན་གླིང་སྨོན་པའི་ཚོགས་མངོན་དུ་བཙུགས་ཆོག་པའི་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བའི་ངོར། པཎ་ཆེན་སྐུ་ཕྲེང་བདུན་པ་བློ་བཟང་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་གྱིས་སྐུ་དངོས་སུ་མདུན་གྱི་མཁའ་འགྲོ་མ་ཞེས་ཕྱག་བྲིས་མཛད་ནས་ཕུལ། དེ་ནས་བཟུང་གསོལ་ཁ་འདི་ཆད་མེད་ཆུ་རྒྱུན་ལྟ་བུར་མཛད་དོ། གཞན་ཡང་ལྷ་ཁང་འདེའི་ནང་དུ་ཐུབ་པའི་སྐུ་མཐོ་ཚད་ཁང་བརྩེགས་ཕྱེད་གཉིས་ཙམ་དང་། རྗེ་རིན་པོ་ཆེ་དང་ཀུན་རིག་གི་སྐུ་ཁང་བརྩེགས་རེ་དང་། ཉེ་བའི་སྲས་ཆེན་བརྒྱད་ཀྱི་སྐུ་དེ་ཙམ་དང་བཅས་པ་ཚང་མ་འདམ་སྐུ་ཡིན། གཞན་ཡང་ཇ་ཁང་དང་ཆོས་ར། གྲྭ་ཤག་བརྒྱ་ཡན་མན་བཅས་སྔར་ལས་མཛེས་པར་བཞེངས་ཡོད།

ད་ལྟ་སྤྲུལ་སྐུ་ཁོང་བཞུགས་པ་མ་ཟད། མཁན་པོ་དང་དགེ་འདུན་པ་དགུང་ལོ་བཅོ་བརྒྱད་ཡན་ཆད་བརྒྱ་དང་ཉེར་བཞི་ཙམ་ཡོད་བས་དགོན་ནང་རྒྱུན་དུ་བཞུགས་མཁན་བླ་གྲྭ་བཞི་བཅུ་ཞེ་དྲུག་ཡོད། དེ་ལས་དཔེ་ཆ་བ་ཉེར་དྲུག་ཙམ་ཡོད་པས་དེ་དག་འཛིན་གྲྭ་རིམ་པ་བཞིན་ཀ་འབྲུ་སུམ་ཅུ། ཞལ་འདོན་ཕྱོགས་བསྒྲིགས། སུམ་རྟགས་དག་གསུམ། སྙན་ངག་སོགས་ཆེད་གཉེར་ལས། གཞུང་བཀའ་པོད་སོགསལ་སྦྱང་བསམ་ཀྱང་། དགེ་རྒན་དང་ཡང་ན་གྲ་ས་མེད་པའི་རྐྱེན་གྱིས་སྤྱིར་བཏང་དགེ་འདུན་པ་རྣམས་ཀྱི་རིག་གནས་ཀྱི་ཆུ་ཚད་ཧ་ཅང་དམའ། འཚོ་བའི་ཆ་རྐྱེན་ཡང་དེ་ལྟ་བུ་ཡིན་ཏེ། གཙོ་བོ་དགོན་པ་ཐུན་མོང་ལ་ཡོང་སྒོ་ཆེན་པོ་མེད་པས་དགེ་འདུན་པ་སོ་སོས་རང་ཉིད་ཀྱི་ཞིང་མུ་ཁ་ཤས་དེ་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། ལ་ལ་ལྷ་བཟོ་དང་ཚོན་བཟོ། ཤིང་བཟོ་སོགས་ཀྱི་ལག་རྩལ་སྦྱངས་ནས་ཞོར་ལས་སྒྲུབ་བཞིན་ཡོད་པ་དང་། ལ་ལ་འདོན་ཆོས་ལ་ཕེབས་ནས་འཚོ་བ་ཁ་གསབ་ཐུབ་པ་དང་། གཞན་ཡང་དགོན་པའི་དུས་ཆེན་སྐབས་སུ་དབང་ལུང་ཞུ་བ་དང་ཡང་ན་འཆམ་འཇལ་སོགས་ཀྱི་སྐབས་སུ། དད་ལྡན་ཕོ་མོ་རྣམས་ཀྱི་འབུལ་ཡོན་ཇ་དང་ནས། གཞན་རྒྱུ་རྫས་སོགས་སྒོར་མོ་ལ་ལོ་རེར་སྟོང་ཙམ་དང་སྐབས་འགར་ཤི་ཆོས་ལའང་ཡོང་སྒོ་ཅུང་ཙམ་ཡོད་པས། དགོན་པའི་སྒྲུབ་མཆོད་མི་ཉམས་པ་དང་སེར་མོ་བའི་འཚོ་བའང་སྤྱི་སྒེར་གཉིས་ཀྱིས་ཁག་ཐེག་ཐུབ་པར་བྱུང་། དེའང་དགོན་པའི་སྒྲུབ་མཆོད་ཀྱི་ལུགས་དང་འཆམ་སོགས་སྔར་ལྟར་ཉམས་གསོ་བྱས་ནས་ལག་ལེན་བསྟར་བཞིན་ཡོད་པ་མ་ཟད། དགོན་པའི་སྒྲིག་ཁྲིམས་ནི་འདུལ་བའི་ལུགས་དང་རྒྱལ་ཁབ་ཀྱི་ཆོས་སྲིད་ཇུས་ཟུང་དུ་སྤྲེལ་ནས་འགོ་ཁྲིད་ཚན་ཆུང་གིས་དངོས་སུ་གཏན་ལ་ཕབ་པ་ནང་བཞིན་ལག་ལེན་གནང་བཞིན་མཆིས། འགོ་ཁྲིད་ཚན་ཆུང་ནི་སྤྱི་ལོ་1982ལོར་ཆོས་སྒོ་ཕྱེ་པའི་སྐབས་སུ་འདེམས་བསྐོ་བྱས་པས་གོང་དུ་གསལ། དེ་ནས་གསེར་གདུང་ཕུན་ཚོགས་རབ་བརྟན་ཁང་ལ་དགེ་བསྙེན་འཇིམ་སྐུ་ཁྲི་ཕྱེད་ཙམ་བདེ་མཆོག་ལི་སྐུ་ཁྲི་གང་། གུ་རུའི་ལི་སྐུ། ཐུབ་པའི་གསེར་སྐུ་བསམ་འཕེལ་ནོར་རྗ་ཟེར་བ་རྟེན་འགངས་ཆེན་ཞིག་བཞུགས་ཡོད་དེ་ནི་སྔར་རྒྱལ་བ་ལུང་རྟོགས་རྒྱ་མཚོའི་གཟིམས་ཆུང་ནང་དུ་བཞུགས། སྐབས་དེར་དགེ་རྟག་སྐུ་ཕྲེང་དང་པོ་བློ་བཟང་ཚུལ་ཁྲིམས་ལ་གནང་ནས་དགོན་པར་གདན་དྲངས། ཕྱིས་སུ་དགེ་རྟག་ལྔ་པས་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ལ་ཕུལ་བས་ཁོང་གིས་སྐུ་འདི་བླ་བྲང་ལ་བཞུགས་དགོས་པའི་ལས་སྐལ་ཡོད་གསུངས་ནས་སླར་ཡང་བླ་བྲང་དུ་བཞུགས་དགོས་པ་བྱུང་། ད་དུང་སྒྲོལ་མའི་གསེར་སྐུ་ཆེ་ཆུང་བཞི་བཅུ་ལྷག་དང་། ལྷག་པར་དུ་གཟི་དང་། བྱུ་རུ། སྤོས་ཤེལ། པད་མ་ར་ག མཆོང་། མ་ཧོ་སོགས་རིན་ཐང་སྒོར་མོ་ཁྲི་རྒྱ་ཙམ་གནས་པའི་དགེ་རྟག་སྐུ་ཕྲེང་ལྔ་བློ་བཟང་བསྟན་འཛིན་གྲགས་པ་མཐའ་ཡས་ཀྱི་སྐུ་གདུང་ཚད་དང་ལྡན་པ་བཞུགས། དེར་སྦྱིན་བདག་རྒྱལ་དཔོན་ཚང་དང་ཨ་རི་ཡར་ཁོ་ཚང་གཉིས་ནས་ཕུལ་བའི་སྤོས་ཤེལ་རྒྱ་མ་གང་རེ་ཙམ་ཡོད་པ་ཕྲ་ཚོམ་བཀོད་པས་ལྷག་ཏུ་ངོ་མཚར་ཆེ། གཞན་གསེར་སྐུ་མང་ཙམ་བཞུགས། ཞལ་ཐང་གི་སྐོར་ལ། སྐྱེས་རབ་སོ་བཞི་དང་སྟག་ཕུ་འཁྲུངས་རབས་གཙོས་པའི་ཐང་ག་ཆེ་ཆུང་བརྒྱ་ཕྲག་ཁྲག་ཤས་བཞུགས། གསུང་གི་རྟེན་ལ་བཀའ་འགྱུར་ཚར་གཅིག རྗེ་ཡབ་སྲས་གསུམ་གྱི་གསང་འབུམ་སོགས་པོ་ཏི་དུ་མ་བཞུགས། ཁང་བརྩེགས་ལྔ་བ་ལ། ཨོ་རྒྱན་གསང་མཛད་ལྷ་ཁང་དུ་ཐུབ་སྐུ་དང་རྗེ་སྐུ་གཙོས་པའི་གསེར་སྐུ་མང་ཙམ་བཞུགས་པ་མ་ཟད། ལྷ་ཁང་གི་ཕྱོགས་བཞིར་ཐང་གས་བསྐོར་ནས་ཡོད། དེ་ནས་པར་ཁང་དུ་ཐལ་ཆེར་བོད་ཀྱི་བསྟན་བཅོས་ཀྱི་པར་ཤིང་མི་འཛོམས་པ་མེད་ཟེར་སྐད། དཔེ་ཆ་གསར་པ་ཐོན་ཚེ་དེ་འཕྲལ་པར་དུ་བརྐོ་བ་ཡིན། གཞན་ལྷ་རིས་འདྲ་མིན་དང་དར་ཅོག་གི་སྐོར། རླུང་རྟ་འཁོར་ལོ་དང་གཟུངས་གཞུག ཚ་ཚ། མ་དང་སྒྲོལ་མ་གཙོས་པའི་འདོན་ཆོས་ཀྱི་སྐོར་སོགས་ཀྱི་པར་ཤིང་དང་། ཁང་ཐོག་ལ་རྒྱ་ཕིབས་དང་། རི་དྭགསས་ཆོས་འཁོར་བཅས་ཡོད། ལོགས་སུ་ལྷ་ཁང་གཅིག་ཡོད་པ་མཐོ་ལ་ཁང་བརྩེགས་གཉིས་ཀྱི་ཚད་ཡོད། ལྷ་ཁང་གི་མིང་ལ་དགའ་ལྡན་གནས་མཆོག་ཞིང་བཀོད་ཟེར་ཏེ་ཐུན་མོང་གི་ལྷ་ཁང་སེར་པོ་ཟེར། ནང་གི་སྐུ་རྟེན་ལ། ཕྱག་ན་རྗེ། འཇམ་དབྱངས་ན་གཱ་རཱ་ཛ། དཀྱིལ་དུ་གཙོ་སྐུ་རྗེ་ཙོང་ཁ་བ། དེའི་གཡས་གཡོན་གཉིས་སུ་ཉེ་སྲས་ཞི་རེ། མདུན་གྱི་གཡས་གཡོན་ན་རྗེ་སེམས་དཔའ་དང་ཚེ་དཔག་མེད་བཅས་བཞུགས། དེ་དག་གི་གཙོ་སྐུ་ལ་སྐུ་ཚད་ཁང་བརྩེགས་ཕྱེད་གཉིས་ཙམ་དང་གཞན་ཚང་མ་ལ་ཁང་བརྩེགས་རེ་ཡོད་པས་འཇིམ་སྐུ་ཤ་སྟག་ཡིན། དེའང་བལ་བྲང་རྒྱུ་རྫས་ཀྱི་སྐོར་ལ། འབྲི་ཟོག་སུམ་བརྒྱ་དྲུག་བཅུ་རེ་དྲུག་དང་། རྟ་དྲེལ་སུམ་ཅུ། བོང་བུ་བཅུ། ཞིང་མུ་གཅིག་བརྒྱ་ལྷག མ་དངུལ་ཆིག་ཁྲི་ཙམ་ཡོད། དེ་ནས་བཞི་རྒོལ་དང་རིག་གསར་ལས་འགུལ་གཉིས་ཀྱིས་བླ་བྲང་ཁང་སྟོང་དུ་བཟོས་ནས་ཐུན་མོང་གི་ཚོགས་འདུ་ཁང་དུ་གྱུར། རིག་གནས་གསར་བརྗེའི་ལས་འགུལ་ཁྲོད་དུ་ཏང་གི་དོན་ཚན་ཉེར་གསུམ་སློབ་བཞིན་པའི་སྐབས་དེར། ཉིན་ཞིག་མི་རྣམས་ཚོགས་འདུར་མི་འཛོམས་པའི་གོང་དུ་བྱིས་པ་གཉིས་ཀྱིས་ལྷ་ཁང་ཞིག་གི་ནང་དུ་སྤོས་ཆག་མེ་ལ་བསྒྲོན་ནས་རྩེད་མོར་རོལ་བཞིན་པའི་སྐབས་དེར། ཚོགས་འདུ་ལ་ཡོང་བའི་མི་རྣམས་ཀྱི་ག་སྒྲ་ཐོས་ཙ་ན། དངངས་སྐྲག་སྐྱེས་ཏེ་སྤོས་མེ་དང་བཅས་པ་གཟུངས་གཞུག་ལས་བཏོན་པའི་ཤོག་ཉག་གི་གསེབ་ཏུ་སྦས་པས་མེ་བསྐྱེད་ནས་བླ་བྲང་མེ་ལ་ཤོར།

དེང་སང་དགེ་རྟག་དྲུག་པ་བློ་བཟང་རྣམ་རྒྱལ་ཆོས་ཀྱི་ཉི་མས་སྔར་བླ་བྲང་གི་ཤུལ་དུ་དགེ་རྟག་བཤམ་སྟོན་ཁང་ཞེས་སྤུས་ཀ་དང་མཛེས་བཀོད་སྔར་ལས་སྡུག་པའི་ཁང་བརྩེགས་གཉིས་ཅན་བཞེངས་དང་། བརྩེགས་དང་པོ་ལ་གཟིམ་ཆུང་། སྣེ་ལེན་ཁང་། མཛོད་སོགས་ཡོད། བརྩེཊ་གཉིས་པ་ལ།

༡·གསེར་སྐུ་ཁང་དུ་ཕྱག་སྟོང་སྤྱན་སྟོང་གི་སྐུ་ལི་མ་གྲུ་ཕྱེད་ཀ་ཙམ། རྗེ་སྐུ་ལི་མ་དང་། ཐུབ་པའི་གསེར་སྐུ་བཅས་ཁྱོན་གསེར་སྐུ་ཉི་ཤུ་ལྷག་བཞིགས། དེ་དག་ཚང་མ་སྔར་བླ་བྲང་གི་ཡིན་པས་མང་ཚོགས་ཀྱི་ལག་ནས་བླུས། ༢·སྲུང་མའི་ཁང་དུ་སྲུང་མ་དགེ་བསྙེན་གྱི་འདམ་སྐུ་མཐོ་གང་ཙམ། གཞན་ཡང་གསང་བདེ་འཇིགས་གསུམ། མཁར་སྤྱོད་མ། དཔལ་ལྡན་ལྷ་མོ། དགའ་ལྡན་ལྷ་བརྒྱ་མ། བླ་མཆོད་ཚོགས་ཞིང་བཅས་ཀྱི་ཞལ་ཐང་བཞུགས་པ་ཪྙིང་བ་ཤ་སྟག་ཡིན། ད་དུང་ལམ་རིམ་ཚོགས་ཞིང་རྒྱན་དྲུག་མཆོག་གཉིས་གཙོས་པའི་ཞལ་ཐང་འགའ་ཡོད་པ་གསར་བཞེངས་ཡིན། ༣·གསེར་གདུང་ཁང་དུ་དགེ་རྟག་སྐུ་ཕྲེང་ལྔ་པའི་སྐུ་གདུང་། ༤·བཤམས་སྟོན་ཁང་དུ་གཙོ་བོ་ཏེ་ཙུང་སི་ལིང་དང་དགེ་རྟག་ལྔ་བ་རྣམ་གཉིས་གླེང་མོལ་མཛད་བཞིན་པའི་འདམ་སྐུ་མི་ལུས་ཚད་ལྡན་དང་། དམར་དམག་དཀར་མཛེས་ནས་བརྒྱུད་པའི་ལོ་རྒྱུས་ཀྱི་ལྡེབས་རིས་སོགས་ཡོད་པས་མདོན་ན་དམར་དམག་དྲན་རྟེན་ཁང་ཡིན།

གཞན་ཡང་རྫོང་སྲིད་གཞུང་གིས་དཀར་མཛེས་མཐིལ་ཤུག་རིང་གླིང་ལ་དགེ་རྟག་བཤམས་སྟོན་ཁང་ཆེན་པོ་སྤུས་དང་ལྡན་པ་ཞིག་བཞེངས་ཡོད། དེའི་རྒྱ་ཕིབས་ལ་གྱོ་མོ་སེར་པོ་བཀོད་ཡོད་པས་རྒྱང་ནས་བལྟས་ན་ལྷག་ཏུ་མཛེས་ཤིང་། ནང་དུ་གཙོ་བོ་ཏེ་ཙུང་སི་ལིང་དང་དགེ་རྟག་ལྔ་བ་རྣམ་གཉིས་གླེང་མོལ་མཛད་བཞིན་པའི་རག་སྐུ་བཞུགས་ཁྲི་དང་བཅས་པ་ཁང་བརྩེགས་ཕྱེད་གཉིས་ཙམ་དང་གྱང་ངོར་ཕྱོགས་བཞི་ལ་དམར་དམག་དཀར་མཛེས་བརྒྱུད་པའི་ལོ་རྒྱུས་ལྡེབས་རིས་ཡོད་པས་མཛེས་རྩལ་རབ་ཏུ་ལྡན།

མདོར་ན་བེ་རི་དགོན་པ་འདིས་རང་གི་ལོ་རྒྱུས་ཐོག་ཆོས་སྲིད་གཉིས་ཀྱི་ཐད་ལ་བསུབ་མེད་ཀྱི་ཞབས་རྗེས་ཆེན་པོ་བཞག་ཡོད་པས་ཀློག་པ་པོ་རྣམས་ཀྱིས་ཞིབ་མོར་འདོད་ན། དཀར་མཛེས་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་འདེམས་སྒྲིག་ཅེས་པའི་དེབ་གཉིས་པ་ལས་དགེ་རྟག་སྤྲུལ་སྐུ་ཕྲེང་ལྔ་བ་གྲགས་པ་མཐའ་ཡས་ཞེས་པར་གསལ་བས་དེར་གཟིགས་པར་འཚལ་ཞེས་ཡུས་ཧྲུ་སྒ་ཁོག་པ་ལབ་འཕན་འདུམ་བློ་བཟང་བློ་གྲོས་ནས་རབ་བྱུང་བཅུ་བདུན་པའི་ཤིང་ཕག་སྤྱི་ལོ་1995ལོའི་ཟླ་4བར་པེ་ཅིང་ནས་བྲིས་ས་དགེ་ལེགས་འཕེལ།།

མཆན་འགྲེལ། (1)ཕུན་ཚོགས་ཚེ་རིང་ནས་གཙོ་སྒྲིག་རྗས་པའི་《བོད་ཀྱི་ལོ་རྒྱུས་དོན་ཆེན་རི་མིག》ཞེས་པའི་ཤོག་ལྷེ44ཐོག་ལ་གསལ། མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན།

(2)འཇིགས་མེད་རིག་པའི་རྗེས་མཛད་པའི་《ཧོར་ཆོས་འབྱུང་》ཞེས་པའི་ཤོག་ལྷེ197ཐོག་ལ་གསལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྐྲུན།

(3)(4)ལམ་བྲག་སྐལ་བཟང་རྣམ་རྒྱལ་གྱིས་མཛད་པའི་《ཧོར་གྱི་དཔོན་པོའི་གདུང་རྒྱུད་དང་དགོན་སྡེ་བཅུ་གསུམ་ཆགས་ཚུལ་ཀུན་གསལ་མེ་ལོང》ཞེས་པར་གསལ། ཤིང་པར་ཡིན།

(5)ཁང་དམར་བློ་བཟང་ཐུབ་བསྟན་དཔལ་ལྡན་རྒྱ་མཚོས་མཛད་པའི་《ཧོར་དགོན་སྡེ་བཅུ་གསུམ་གྱི་ལོ་རྒྱུས་ཀུན་གསལ་མེ་ལོང》ཞེས་པར་གསལ། ཤིང་དཔར་ཡིན།

(6)གུག་རྟགས་ནང་གི་ཡི་གེ་ནི་ཁོ་བོས་མ་བཅོས་གོང་གི་ཡི་གེ་ཡིན།

དཔྱད་གཞིའི་ཡིག་ཆ། 1. 《དཀར་མཛེས་རྫོང་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་འདེམས་སྒྲིག》དེབ་དང་པོ་དང་གཉིས་པ།

2. 《དཀར་མཛེས་རྫོང་གི་ས་ཆའི་མིང་བཏུས》

3. 《བེ་རི་དགོན་པའི་ཆེད་བསྒྲིགས》 བྲིས་མ་ཡིན།

4. གོང་གི་མཆན་འགྲེལ་དུ་གསལ་བའི་དཔེ་ཆ་དག་དང་ལོ་རྒྱུས་དྲི་བ་བྱེད་ས་སྔར་བེ་རི་དགོན་གྱི་གྲྭ་བ་ཀརྨ་རང་གྲུ་ཚུགས་ས་དང་ད་ལྟའི་མཁན་པོ་བློ་བཟང་ཐབས་མཁས། དགེ་རྟག་དྲུག་པ་གཙོས་པའི་འགོ་ཁྲིད་ཚན་ཆུང་སོགས་ཡིན།