བོང་བ་རི་དེ་ལྕགས་པོ་རིའི་ནུབ་ངོས་སུ་ཡོད་ཅིང་ཁ་སྐད་དུ་བ་མ་རི་ཟེར། རི་དེའི་དབྱིབས་ནི་སྟག་མོ་ཚང་ལ་འཛུལ་བ་ལྟ་བུ་དང་རིགས་གསུམ་མགོན་པོའི་བླ་རིའི་ཡ་གྱལ་ཡིན་པར་གྲགས། རི་དེའི་སྟེང་རྒྱ་ལུགས་ཀྱི་ལྷ་ཁང་ཞིག་ཡོད་པས་མི་རྣམས་ཀྱིས་གེ་སར་ལྷ་ཁང་ཟེར་ཡང་དོན་དུ་གེ་སར་ལྷ་ཁང་མ་ཡིན་པར་རྒྱའི་ལོ་རྒྱུས་ཐོག་གི་དྲག་དཔོན་ཀོན་ཡུན་ཆང་ལ་གསོལ་མཆོད་བྱེད་ས་ཡིན། སྤྱི་ལོ་༡༧༩༢ལོར་རྒྱའི་གོང་མ་ཆན་ལུང་ཁྲི་ལོ་བདུན་པའི་ནང་གོར་ཥས་བོད་ལ་བཙན་འཛུལ་བྱས་སྟབས་གོང་མས་དམག་དཔོན་ཀྲུང་ཐང་ཕུའུ་ཨན་གྱིས་གཙོ་བྱས་པའི་དམག་རོགས་བཏང་ནས་གོར་ཥ་མཐར་སྐྲོད་བྱས། ཀྲུང་ཐང་ཕུའུ་ཨན་གྱིས་འདོད་པ་ལྟར་བོང་བ་རིའི་སྟེང་དུ་རྒྱ་ལུགས་ཀོན་ཏིས་ལྷ་ཁང་བཞེངས། ལྷ་ཁང་དབུས་སུ་ཀོན་ཡུན་ཆང་གཙོ་འཁོར་དང་འཇམ་དབྱངས་སོགས་ཀྱི་སྐུ་བཞུགས་ཡོད། བོང་བ་རིའི་སྟེང་གི་འོད་འཕྲོ་ལྷ་ཁང་དང་། རི་སྐེད་ཀྱི་ཀོན་ཏིས་ལྷ་ཁང་། རི་གཤམ་དུ་ཀུན་བདེ་གླིང་བཅས་ཡོད། །