མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་

མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྐུ་བརྙན།

ངོ་སྤྲོད་མདོར་བསྡུས་

རྩོམ་སྒྲིག

མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༼མཁར་ཆེན་བཟའ་མཚོ་རྒྱལ༽ཡང་ཞུ་བ་དང་བོད་ལུགས་ནང་བསྟན་གསང་སྔགས་གི་སྐྱེས་བུ་དམ་པ་དང་གུ་རུའི་ཇོ་མོ། དེ་བཞིན་གུ་རུའི་དངོས་སློབ་དང་བུད་མེད་གྲུབ་ཐོབ་ཐོག་མ་དེ་ཡང་ཡིན།

ལོ་རྒྱུས་

རྩོམ་སྒྲིག

རྗེ་འབངས་ཉེར་ལྔའི་ཡ་གྱལ་དབྱངས་ཅན་སྤྲུལ་པ་མཁའ་འགྲོ་མ་ཡེ་ཤེས་མཚོ་རྒྱལ་ནི། ཡབ་ནམ་མཁའ་ཡེ་ཤེས་དང་ཡུམ་གནུབས་མོ་དགེ་བ་འབུམ་གྱི་སྲས་སུ་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་སྒྲགས་ཀྱི་གྲོང་མོ་ཆེར་སྐུ་འཁྲུངས། རུས་མཁར་ཆེན་ཡིན་པས་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་ཞེས་ཀྱང་གྲགས། འཁྲུངས་ཡུལ་དེར་སྐུ་གཞོན་ནུའི་དུས་ཀྱི་ཞབས་རྗེས་དང་། བླ་མཚོ་ཆུང་ངུ་ཞིག་ཀྱང་ཡོད། སྔོན་རྒྱལ་པོའི་བཙུན་མོ་ཡིན་ཡང་སློབ་དཔོན་ལ་དབང་ཡོན་དུ་ཕུལ་བས་གུ་རུའི་ཐུགས་ཀྱི་གཟུང་མར་གྱུར། སློབ་དཔོན་གྱི་དབང་སྐུར་སྐབས་མེ་ཏོག་ཕུར་པའི་དཀྱིལ་འཁོར་ལ་ཕོག་པས་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས་ཀྱི་ཞལ་གཟིགས་ཤིང་གྲུབ་པ་བརྙེས་པས་ཕ་མེས་ཀྱི་ཟ་འདྲེ་བཏུལ། བསད་གསོ་གྲུབ་པས་མཚོན་གྱིས་བསད་པའི་མི་རོ་གསོན་པོར་སློང་ནུས། གཞོ་སྟོད་ཏི་སྒྲོ་གཙོས་གྲུབ་པའི་གནས་ཆེན་རྣམས་སུ་གུ་རུའི་དྲུང་ནས་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་སོགས་ཟབ་ཆོས་མཐའ་ཡས་པ་གསན་ཅིང་ཐུགས་ཉམས་སུ་བཞེས་པས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། སྐུ་གཞོན་དུས་ཆོས་ལ་བར་ཆད་བྱེད་པའི་བདུད་བློན་ཤ་ཏ་ཟེར་བ་དམྱལ་བར་སོང་བས། དེ་འདྲེན་ཕྱིར་དམྱལ་བའི་ཡུལ་དུ་བྱོན་ནས་དམྱལ་བའི་ལྕགས་ཁང་གི་རྩར་ཞི་ཁྲོ་ན་རག་དོང་སྤྲུགས་ཀྱི་དཀྱིལ་འཁོར་བཞེངས་པས་ལྕགས་ཁང་སིལ་གྱིས་ཞིག་ནས་ཤ་ཏས་གཙོས་པའི་དམྱལ་བའི་སེམས་ཅན་ཐམས་ཅད་དྲངས་ཏེ་དམྱལ་ཁམས་ལན་གཅིག་སྟོང་པར་མཛད། སློབ་དཔོན་ཆེན་པོའི་གསུང་གསང་བ་བསམ་མི་ཁྱབ་པའི་ཆོས་སོ་ཅོག་གི་བཀའི་བསྡུ་བ་མཛད་ཅིང་བོད་ཡུལ་དུ་ལོ་ཉིས་བརྒྱར་འགྲོ་དོན་བསྐྱངས་ནས་སྐུ་དེ་ཉིད་མ་སྤངས་པར་མཁའ་སྤྱོད་ཟངས་མདོག་དཔལ་རིར་གཤེགས་ཏེ་གུ་རུའི་ཐུགས་ཀྱི་གཟུང་མར་བཞུགས། གཤེགས་ལོ་སོགས་ལའང་སྣ་ཚོགས་མཆིས་ཀྱང་འདིར་ཡོངས་གྲགས་ལྟར་བྱས། གུ་རུའི་བཀའ་ཐམས་ཅད་གཏེར་དུ་སྦེད་པ་སོགས་ཕལ་ཆེར་ཡང་ཡེ་ཤེས་མཁའ་འགྲོ་འདི་ཉིད་ཀྱིས་མཛད་པ་ལ་བརྟེན་ནས་སྤྲུལ་པའི་གཏེར་སྟོན་ཆེན་པོ་རྣམས་རྗེས་སུ་བཟུང་ཞིང་ལུང་བསྟན་དབང་བསྐུར་གྱིས་དབུགས་དབྱུངས། འགའ་ཞིག་གི་གསང་བའི་གྲོགས་སུ་རྣམ་པར་སྤྲུལ་བ་སོགས་མཐའ་ཡས་ཤིང་། དངོས་ཀྱི་སྤྲུལ་པའང་ཇོ་མོ་སྨན་མོ་པདྨ་མཚོ་སྐྱིད་དང་། མཁའ་འགྲོ་མ་ཀུན་དགའ་འབུམ་སོགས་སྤྲུལ་པའི་གཏེར་སྟོན་ཆེན་མོ་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་པས་མཚོན་ངོ་མཚར་བསམ་གྱིས་མི་ཁྱབ་བོ།།