མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི(Colho Poirig Ranggyong Kü,威利:mtsho-lho bod-rigs rang-skyong-khul)སྤྱི་ལོ ༡༩༥༣ལོར་བཙུགས་ཤིང་། ཐོག་མའི་ཆར་རང་སྐྱོ་ལྗོངས་འབོད། སྤྱི་ལོ ༡༩༥༥ལོར་རང་སྐྱོང་ཁུལ་དུ་མིང་བསྒྱུར་བྱས། རང་སྐྱོང་ཁུལ་གནས་ཡུལ་ལམ། རྒྱལ་ས་ནི་ཆབ་ཆ་གྲོང་བརྡལ་ཡིན།

ས་ཁྱོན ༤༣,༣༧༧.༡༡ཡོད་ཅིང་། སྤྱི་ལོ ༢༠༡༠ལོར་ཁྱོན་བསྡོམས་མི་འབོར ༤༤༡༧༠༠དང་། རྒྱ་རིགས ༡༠༩༢༦༢ གྲངས་ཉུང་མི་རིགས ༣༣༡༩༩༥དང་། དེའི་ཁྲོད་བོད་རིགས ༢༩༢༨༨༨ ཁ་ཆེ ༣༠༢༠༣ ཧོར་རིགས ༣༩༩༡ ཟ་ལར ༡༠༤༠ སོག་རིགས ༣༠༩༦ གཞན་དག ༧༧༧བཅས་འདུག

ཁུལ་ཁོངས་སུ་རྫོང་ལྔ་ཡོད། རེ་རེ་བཞིན་གཤམ་གསལ།

༡ ཆབ་ཆ་རྫོང་། (རྒྱ་སྐད་དུ་གུང་ཧོ་རྫོང་།) ༢ ཁྲི་ཀ་རྫོང་། (རྒྱ་སྐད་དུ་ཀོས་ཏི་རྫོང་།)༣ མང་ར་རྫོང་། (རྒྱ་སྐད་དུ་ཀོས་ནན་རྫོང་།)༤ གད་པ་སུམ་མདོ་རྫོང་།(རྒྱ་སྐད་དུ་ཐུང་ཏེ་རྫོང་།) ༥ ཧང་ངེ་རྫོང(རྒྱ་སྐད་དུ་ཞིན་ཧེ་རྫོང་།)བཅས་ཡིན།

1.      མཚོ་ལྷོ་ཆབ་ཆ་ནི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་སྟེ་མཚོ་སྔོན་པོའི་ལྷོ་ངོས་སུ་གཞིས་ཆགས་ཤིང་། གནའ་བོའི་དུས་སུ་བོད་ཀྱི་ལྡོང་རིགས་འཚོ་སྡོད་བྱེད་ས་དང་སྤྱི་ལོ་དུས་རབས་གསུམ་པ་ཙམ་ནས་བོད་ཀྱི་རུས་ཆེན་སྒ་འ་ཞ་རྒྱལ་ཕྲན་གྱི་རྟེན་གཞི་གཙོ་བོ་ཡིན། ཤར་ཕྱོགས་མཚོ་ཤར་གྲོང་ཁྱེར་གྱི་ས་ཁོངས་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་འབྲེལ་ཞིང་། ལྷོ་ཕྱོགས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་སྟོད་དང་རྨ་ཆེན་ལ་འབྲེལ་ཡོད། ནུབ་ཕྱོགས་མཚོ་ནུབ་བོད་རིགས་སོག་རིགས་རང་སྐྱོང་ཁུལ་གྱི་དུར་ལམ་རྫོང་དང་ས་འདྲེས་ཡིན་ལ་། བྱང་ཕྱོགས་མཚོ་སྔོན་པོ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་ས་འབྲེལ་ཡིན། རྨ་ཆུའི་བཞུར་རྒྱུན་གྱི་དབང་གིས་མཚོ་ལྷོའི་ས་ཁོངས་ཕྱོགས་གཉིས་སུ་བགོས་ཡོད་དེ། རྨ་ཆུའི་བྱང་རྒྱུད་དུ་གསེར་ཆེན་རྫོང་ངམ་ཆབ་ཆ་རྫོང་དང་བྲག་དཀར་རྫོང་ངམ་ཧང་ངེ་རྫོང་གཉིས་ཡོད་ལ། རྨ་ཆུའི་ནང་ལུང་དུ་ཁྲི་ཀ་རྫོང་དང་མང་ར་རྫོང། འབའ་རྫོང་ངམ་གད་པ་སུམ་མདོ་རྫོང་བཅས་ཡོད།

       ཆབ་ཆ་ཞེས་པ་ཆུ་དཀར་དང་ཆུ་ནག་ཅེས་པའི་ཆུ་བོ་ཆ་གཅིག་གནས་བདག་ཨ་མ་ཀླུ་མོའི་མདུན་དུ་འདྲེས་ནས་འབབ་པའི་རྒྱུད་དེ་ལ་ཆབ་ཆ་ཞེས་འབོད། ཡུལ་འདིར་བོད་བཙན་པོ་སྲོང་བཙན་གྱི་བློན་མཁར་སྟོང་བཙན་གྱི་གནས་རི་བློན་པོ་གསེར་ཆེན་ཞེས་པའི་རི་རྒྱུད་ཡོད་ལ། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་བློན་ཆེན་ཁྲི་འབྲིང་གིས་སྟག་ལ་རྒྱ་དུར་དུ་རྒྱ་ནག་དམག་དཔོན་ཝང་ཞོ་ཅེ་ཧྲང་ཧྲུའུ་ཞེས་པར་དམག་རྒྱག་སའང་ཆབ་ཆའི་ས་ཁོངས་འདི་ཡིན་སྐད། འ་ཞ་རྒྱལ་ཕྲན་ཕམ་ཉེས་སོང་རྗེས་ཐང་བོད་གཉིས་ཀྱིས་འ་ཞའི་ས་ཁོངས་བརྩད་དེ་སྤྱི་ལོ་ 670 ལོར་མཚོ་ལྷོ་ཆབ་ཆའི་ཆོས་རྗེ་འགག་གི་རྒྱ་སྐོར་དུ་ཐང་བོད་དམག་འཁྲུག་ལངས་ཏེ་ཐང་གི་དམག་སྤྱི་ཆེན་མོ་ཞོ་རིན་ཀོས་ཕབ་པར་བྱས་པའི་སྐོར་རྒྱའི་ཡིག་ཆ་ཁག་ཏུ་གསལ། སྤྱི་ལོ་709 ལོར་གྱིམ་ཤིང་ཀོང་ཇོ་བོད་དུ་མནའ་མར་འགྲོ་དུས་ཆབ་ཆའི་རི་བོ་ཉི་ཟླ་བརྒྱུད་པའི་ལོ་རྒྱུས་ཀྱང་ཐང་ཡིག་རྙིང་བར་གསལ་བ་བཅས་མཚོ་ལྷོ་ས་ཁུལ་འདི་ཐང་བོད་ལོ་རྒྱུས་ཀྱི་གནད་ཆེ་ས་ཞིག་ཡིན་འདུག དུས་རབས་བཅུ་དགུའི་དུས་སྟོད་དུ་མན་ཇུ་གཞུང་གིས་བོད་ཁུལ་དུ་དུད་གྲངས་རྩིས་ཏེ་སྟོང་དཔོན་དང་བརྒྱ་དཔོན་གྱི་ལམ་ལུགས་བཙུགས་ཤིང། སྟོང་ཁྱིམ་འོག་ཏུ་བརྒྱ་ཁྱིམ། དེའི་འོག་ཏུ་སྡེ་བ་དང་ཚོ་བ་བགོས། སྤྱི་ལོར་ 1958 ལོར་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ཏེ་དམངས་གཙོ་བཅོས་སྒྱུར་བྱེད་དུས། མཚོ་ལྷོ་ས་ཁུལ་དུ་བོད་རིགས་སྟོང་དཔོན་བཅུ་བཞི་དང་བརྒྱ་དཔོན་བརྒྱ་དང་དྲུག དེ་མིན་གྱི་ཚོ་ཁག་བཞི་བརྒྱ་བཅུ་བཞི་ལྷག་ཡོད་འདུག

མང་ར་རྫོང་མགོ་མང་གྲོང་རྡལ་འབྲོག་རུ་སྡེ་བ་ནི། ཁྲི་ཀ་སྟོང་ཆེ་དཔོན་པོའི་ཁྱབ་ཁོངས་ནས་འབྲོག་ཕྱོགས་སུ་མཆེད་ཡོང་བའི་འབྲོག་རུ་གོང་ཞོལ་གཉིས་ལ་འབྲོག་རུ་དཔོན་པོས་མགོ་འཛིན་བྱེད་ལ་བན་མཚེར་ཚོ་བ་འབྲོག་རུ་དང་སྐྱིད་སྡུག་གཅིག་ཡིན།  འབྲོག་རུ་གོང་མར་འབྲོག་རུ་ཤ་རྒྱ་ཚོ་བ་གཙོ་བྱས་པའི་ནོག་གེ་དང་འཇའ་མོ་ཚང་། བེ་ཁུ་ཚོ་བ་དང་ཐར་ཤུལ། ཁྱུང་ཚང་བཅས་ལ་དེང་སང་ཧྲེ་བཞི་རུ་བགོས་ཡོད། འབྲོག་རུ་ཞོལ་མ་ན་འབྲོག་རུ་དཔོན་ཚང་དང་སྟོང་སྐོར། མར་ནང་ཚང་། འུ་སུན་ཚོ་བ་སོགས་ཡོད་པའི་འབྲོག་རུ་སྡེ་བ་ཁྲི་ཀ་མེར་གན་དགོན་པ་དང་ཁྱུང་མོ་དགོན་པའི་ལྷ་སྡེ་ཡིན་སྟབས། ཚོ་བ་ཁ་ཤས་བོན་ལུགས་ཡིན་ལ་ཁ་ཤས་བན་ལུགས་ཡིན། ལོ་རེའི་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔ་ནི་འབྲོག་རུ་བན་བོན་གཉིས་ཀྱིས་དུས་གཅིག་ལ་རི་གཅིག་གི་སྟེང་དུ་ལབ་ཙེ་གཅིག་བསྟོད། དེ་ལ་སྟག་གདོང་ལབ་ཙེ་ཟེར། དེ་ཡང་བོད་ཁམས་སུ་བན་བོན་རིས་མེད་ཀྱི་བསྟན་པར་བརྩི་བསྲུང་བྱེད་པའི་ཐུན་མིན་ཁྱད་ཆོས་ལྡན།

ཞེས་འབྲོག་རུ་བློ་བཟང་ཆོས་དར་གྱིས་མདོར་བསྡུས་ཀྱི་ཚུལ་དུ།