མར་མེ་འབུལ་བའི་ཁུངས།

རྩོམ་སྒྲིག
མདོ་ལས།  རྒྱལ་བོ་གསལ་རྒྱལ་གྱིས་དེ་བཞིན་གཤེགས་པ་མཆོད་ཕྱིར།  སྟོན་ཟླ་ཐ་ཆུང་ཉ་བའི་ཚེས་བཅོ་ལྔ་ལ།  འབྲུ་མར་ཟངས་པོ་ཆེ་སྟོང་བཀང་སྟེ།  དངར་ནས་མར་མེ་སྦར་བའི་འོད་ཀྱིས་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བཞིར་སྣང་བས་ཁྱབ་པར་བྱས་སོ།།  སོགས་མདོ་དང་བསྟན་བཅོས་ལས་མང་དུ་གསུངས་ཡོད་པ་དེའོ།།

མར་མེ་ལག་ལེན་བྱ་ཚུལ།

རྩོམ་སྒྲིག

མར་མེ་ནི། གཟུགས་ཀྱི་མཆོད་པ་ཡིན་ལ། ཚོགས་བསགས་ཀྱི་དགེ་བ་སྟོབས་ཆེན་ཞིག་ཡིན། ལན་ལེན་ནི། རྐོང་བུ་བྱི་བདར་ལེགས་པར་བྱས་ཏེ། རབ་ཡིན་ན། སྡོང་བུ་གསེར་དངུལ་དང་། མ་འབྱོར་ན། རྩི་ཤིང་དྲི་བཟང་ཅན། རྐོང་བུའི་ཚད་ལ་དཔག་སྟེ། ཕྲ་སྦོམ་རན་པ། དྲང་ཞིང་རྩེ་མོ་རྣོ་བ་ཅན་ལ། མ་མོག་གིས་དཀྲི་ཐེངས་གསུམ་བྱས་ནས། རྐོང་ཕིག་ཏུ་བརྟན་པར་གཟུགས། ཡང་ཤེས་རབ་རྣོན་པོ་ཡོང་བའི་ཆེད་དུ་རྒྱ་ཁབ་ཀྱི་སྟེང་དུ་རས་བལ་གྱིས་དཀྲི་བའང་ཡོད། མར་ཁུ་ལ། མར་གཙང་ནང་དུ་དྲི་བཟང་བཏབ་སྟེ། བཙགས་ཐག་ཆོད་པར་བྱས་ནས། སྙིགས་རོ་བསལ་ཏེ། རྐོང་བུའི་ནང་དུ་ལྡུགས་ལ། དེ་ཡང་། རྒྱུ་མར་རྙིང་རུང་མི་རུང་ལ་གསུངས་ཚུལ་གཉིས་ཡོད་ཀྱང་། རྣམ་གྲོལ་ལག་བཅངས་ལས། མར་མེ་འོད་ཕུལ་བ་ཡིན་གྱི། མར་ཁུ་ཕུལ་བ་མིན་པས། ཅུང་ཟད་ཁ་ཚ་ཙམ་ཡོད་ཀྱང་ཆོག་པར་གསུངས་སོ།།

ལག་ལེན་མ་དག་པའི་ཉེས་དམིགས།

རྩོམ་སྒྲིག

རྐོང་བུ་དག་གཙང་མ་ཕྱིས་པས། གཟུགས་མི་སྡུག་པར་སྐྱེས། སེར་སྣ་ཤོར་བས། ཡི་དྭགས་སུ་སྐྱེས། ཚགས་མ་བྱས་པ་དང་ས་རྡུལ་གྱིས་སྦགས་པས། དུད་འགྲོར་སྐྱེས་སོ།། གཞན་ཡང་། དབྱར་དུས་སུ། མར་མེ་ལ་འོད་ཁང་དང་དྲ་མིག་མེད་པར། ཕྱེ་ལེབ་སོགས་སེམས་ཅན་མང་བོ་འཚེད་པ་ཡིན་ན། དཀོན་མཆོག་མཉེས་པ་ལས་ལྡོག་སྟེ། དེ་ལ་ཐབས་ཤེས་སྣ་ཚོགས་བྱས་ནས། མཆོད་གཏོར་བཤམས། ཆབ་ཀྱིས་བྲན་ལ་སྤོས་ཀྱིས་བདུག གྲིབ་སྲུང་གི་རྫས་ཀུ་ཤ་དང་རྨ་བྱའི་སྒྲོ་སོགས་ཉེ་འཁོར་དུ་བཞག་ལ། བགེགས་མི་འཇུག་པའི་བྱིན་རླབས་བྱ་དགོས་སོ།།

མར་མེ་སྦར་ཚུལ།

རྩོམ་སྒྲིག

མེ་མ་ཤི་ཙམ་པའི་འོད་ཀྱིས་རྒྱུན་རིང་བོར་བྱེད་པས། ཚེ་རིང་བའི་རྟེན་འབྲེལ་ཡོད་པ་དང་། སྡོང་བུ་ཧ་ཅང་མི་སྦོམ་པར། འོད་གསལ་བའི་སྟེང་ནས། དལ་འབར་བྱས་ན་ལེགས་པར་བསྟན་རིམ་ལས་གསུངས་སོ།།

མར་མེ་སྒྲོན་དུས་ཀྱི་འདོན་ཆོག

རྩོམ་སྒྲིག

སྤྱིར་ན། མར་མེའི་འདོན་ཆོག་རྒྱས་བསྡུས་མང་དུ་ཡོད་ཀྱང་། ཧ་ཅང་སྟབས་བདེ་འདོན་ན་འདི་ལྟར།

ཨོཾ་ཨཱཿ་ཧཱུཾ།

མར་ཁུ་རྒྱ་མཚོ་ཡོངས་སུ་འཁྱིལ་བའི་རྐོང་།།

ཕུན་ཚོགས་འོད་སྟོང་འབར་བའི་སྒྲོན་མེ་འདིས།།

མུན་པའི་བསྐལ་བ་ཡོངས་སུ་སངས་བྱས་ནས།།

འགྲོ་རྣམས་སངས་རྒྱས་མངོན་སུམ་མཐོང་བར་ཤོག།

མར་མེ་འདི་ཡིས་བསོད་ནམས་ཀྱིས།།

མ་རིག་མུན་པ་སེལ་བར་ཤོག།

ཡེ་ཤེས་སྤྱན་དང་ལྡན་པར་ཤོག།

ཤེས་རབ་རྩ་ཁ་དབྱེ་བར་ཤོག།

ཅེས་བཏོན་ན་ཕན་ཡོན་ཆེའོ།།

མར་མེའི་མཚོན་དོན།

རྩོམ་སྒྲིག

སྡོང་ཤིང་རྣོ་བས། རིག་པ་རྣོ་བ། སྡོང་བུའི་རྩ་བ་བརྟན་པས། བསམ་གཏན་དང་། སྡོང་བལ་རིམ་པ་གསུམ་དུ་དཀྲིས་པས། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས་གསུམ་དང་། མར་ཁུ་མེར་གྱིས་གང་བས། སྦྱིན་པ་སྟེ་ཕར་ཕྱིན་དྲུག་མཚོན་ནོ།།

མར་མེ་ཕུལ་བའི་ཕན་ཡོན།

རྩོམ་སྒྲིག

མར་མེ་ཕུལ་བས། འཆི་བའི་དུས་ཀྱི་སྣང་བ་གསུམ། ཟང་ཟིང་མེད་པའི་དགའ་བ་བཞི། འདུན་པ་བཞི། ཡོངས་སུ་དག་པ་བཞི། ཆོས་ཀྱི་མཆོག་བརྒྱད། སོ་སོ་ཡང་དག་བཞི་སོགས་འཐོབ་ལ། དཔེར་ན། དབུལ་མོ་བསྙེན་དགའ་མོས། རྒྱལ་བློན་སོགས་ཀྱིས་སངས་རྒྱས་ལ་མར་མེ་འབུལ་བ་མཐོང་ནས། ཉིན་གཅིག་རིང་སློང་མོ་བྱས་པའི་དོང་ཙེ་གཅིག་པུས་མར་ཉོས་ནས། བསམ་པ་རྣམ་དག་གིས། མཆོད་པ་ཕུལ་བས། བཅོམ་ལྡན་འདས་ཀྱིས། མ་འོངས་པ་ན། མཚན་ཡང་། མར་མེ་འོད་ཅེས་བྱ་བའི་ངོ་བོར་འཚང་རྒྱ་བར་ལུང་དུ་བསྟན་ཏོ།།