མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་
ཁྱིམ་འཛིན་རྒན་མོ་ཨ་མ་གཡུ་སྒྲོན་གྱིས་ཁྱིམ་ཐབ་ཀྱི་བྱ་བ་རྩག་རྩིག་མང་བོ་ཞིག་བྱས་ཟིན་པའི་རྗེས་སུ་ཅུང་ངལ་གསོ་བའི་ཆེད་དུ་གདན་གྱི་ཟུར་དུ་བསྡད་དེ། དྲ་མའི་ནང་ནས་མདུན་གྱི་མེ་ཏོག་ལྡུམ་ར་ཆུང་ཆུང་ཡིད་དུ་འོང་བ་ཞིག་ཡོད་པ་དེའི་ནང་གི་མེ་ཏོག་སྣ་ཚོགས་ལ་ལྟད་མོ་བལྟས་ནས་སྡོད་སྐབས་དྲ་མའི་གཡས་ཟུར་གྱི་ས་ཐོག་ཏུ་གནས་པའི་མེ་ཏོག་ཧ་ལོ་དཀར་པོ་དེས་བྱ་རྨྱང་ཞིག་བྱས་ནས། ཨ་ཙི། དེ་རིང་ཡང་གནམ་གཤིས་ཧ་ཅང་ཡག་པོ་འདུག ། ཉི་མ་ནི་ཤར་རི་ནས་ཐག་རྒྱང་གང་ཙམ་གྱི་སར་སླེབས་ཀྱང་ཨ་མ་གཡུ་སྒྲོན་ད་དུང་ཆུ་སྦྲེང་བར་མི་ཡོང་བ་གང་ཡིན་ནམ་ཞེས་ལབ་པ་ཐོས་ནས་ཨ་མ་གཡུ་སྒྲོན་ནི་ཡ་མཚན་དང་ཧ་ལས་ཀྱིས་ལག་པས་མིག་ཕུར་ཙམ་བྱས་ཏེ་རྣ་བ་ཕྱི་ལ་ཕྱོགས་ནས་ཉན་ནས། ཧ་ལོ་དཀར་པོའི་འགྲམ་དུ་ཤེལ་གྱི་བུམ་པ་ཞིག་ཏུ་བཏབ་པའི་སེ་བའི་མེ་ཏོག་སེར་པོ་དེས་མགོ་བོ་གཡུགས་ཙམ་བྱས་ནས་ཧ་ལོ་གཟུགས་བཟང་ཚུར་ལ་གསོན་དང་། ཁྱེད་ནི་གཉིད་ལ་དགའ་བས་མ་ཚོར་བ་མ་གཏོགས་ཨ་མ་གཡུ་སྒྲོན་ནི་རྣམ་ཀུན་དང་འདྲ་བར་ཉི་མ་མ་ཤར་གོང་ནས་ལྡུམ་རའི་མེ་ཏོག་ཚང་མར་ཆུ་ཐེངས་གཅིག་སྦྲེངས་ཟིན་ཞེས་སྨྲས་པས། བུང་བ་དང་ཕྱེ་མ་ལེབ་ཀྱི་ཚོགས་ཀྱག་རབ་རི་འཁོར་བའིི་དཔལ་ལ་མིག་ཚ་བ་དང་། ཡིད་མ་རངས་ལ། ད་ལན་འདོད་པར་མི་འགྲོ་བའི་གཏམ་དེ་ལྟ་བུ་བརྗོད་པ་ཐོས་མ་ཐག་ཏུ་ཧ་ལོའི་ལོ་མ་རྣམས་ཟིང་ཟིང་དུ་ལངས་ཤིང་། མེ་ཏོག་གི་འདབ་མ་ནི་སྨུག་པོར་གྱུར་ནས་སྐད་གསེང་མཐོན་པོས། སེ་བ་སེར་ཆུང་ལྐོག་མདའ་མ་འཕེན་ཨང་། །རྐྱེན་གཅིག་མེད་པར་ན་ཚ་ག་ནས་ལངས། །མེ་གཅིག་མེད་པར་དུ་བ་ག་ནས་ཐོན། །ཁྱེད་ཀྱིས་ང་ལ་ཟུར་ཟ་བྱེད་པ་ནི། །བློ་ཆུང་ཕྲག་དོག་ལངས་པའི་རྟགས་མཚན་རེད། །ང་རྒྱལ་ཞེ་སྡང་ཅི་ཙམ་བྱས་གྱུར་ཀྱང་། །མཛེས་ལྡན་ཧ་ལོའི་མཛངས་ཡོན་འཕྲོག་མི་ཐུབ། །ཕྲ་ལ་རིང་ཞིང་དཔྱད་པ་བཟང་བ་ཡི། །གཟུགས་པོ་འདི་ནི་ཙ་རིའི་སྨྱུག་མ་འདྲ། །ཡངས་ཤིང་རྒྱས་པའི་ལོ་མ་སྔོ་ལྗང་འདི། །དབང་ཆེན་དཔོན་པའི་གདུགས་ཀྱི་མཚོན་བྱེད་ཡིན། །དཀར་མདངས་འཕྲོ་བའི་ཧ་ལོའོ་མེ་ཏོག་ནི། །ཀུན་གྱི་ཡིད་དབང་འགུགས་པའི་ལྕགས་ཀྱུ་ཡིན། །ལྡུམ་ར་འདི་ན་ཧ་ལོ་མེད་གྱུར་ན། །མེ་ཏོག་ལྡུམ་རའི་མིང་ནི་ག་ལ་ཐོབ། །བུ་ལྟར་གཅེས་པའི་གསོ་སྐྱོང་སུ་ལ་བྱེད། །རྐང་དྲུག་བུང་བའི་ཚོགས་རྣམས་སུ་ལ་འཁོར། །ཁྱེད་དང་འདྲ་བའི་རྩྭ་སྙིགས་མང་སྐྱེས་ཀྱང་། །མཛེས་ལྡན་ཧ་ལོར་འགྲན་ཟླ་ག་ལ་ཐུབ། །སེ་བ་སེར་རིལ་སྡུག་ཚོད་ཟིན་པ་དགའ། །རང་གི་མདོག་ལ་རང་གིས་ལྟད་མོ་ལྟོས། །འདབ་མ་སེར་བོ་སེར་མདངས་མ་ཡིན་གྱི། །ལོ་གསུམ་མཁྲིས་ནད་ན་བའི་གདོང་གཤིས་རེད། །གཟུགས་ཆུང་གཏེ་བོ་ཁྲུ་གང་མ་ལོན་པ། །ཟས་ཀྱི་བཅུད་རྫས་མ་ཞུའི་མཚོན་རྟགས་རེད། །ལུས་པོ་ཡོངས་རྫོགས་ཚེར་མས་ཁེངས་པ་ནི། །སྡུག་སེམས་དུག་ལྟར་གནག་པའི་རང་རྟགས་རེད། །ས་འདིར་དཔྱིད་ཀྱི་རྣམ་པ་མངོན་པ་ནི། །ཧ་ལོའི་དཔལ་ཡོན་རབ་ཏུ་མཚར་བས་ཡིན། །ཅུང་ཟད་གཉིད་ལ་དགའ་བའི་གོམས་གཤིས་ལ། །འོས་མིན་དམའ་འབེབས་བྱེད་པ་ཧམ་པ་ཆེ། ། ཧ་ལོ་དཀར་པོས་སྐད་གསེང་མཐོན་པོས་སྒྲོགས་པའི་མཚམས་འདིར་དྲ་མའི་ནང་དུ་ཁ་ཕྱེད་ཙམ་གདངས་ཤིང་འདྲེན་བྱེད་ཟུང་ཅེ་རེར་ཀླན་ཀའི་ཚིག་ལ་ཡ་མཚན་ཧ་ལས་ཀྱིས་རྣ་བས་བཅུད་དུ་འཛིན་བཞིན་པར་གནས་པའི་ཨ་མ་གཡུ་སྒྲོན་འདི་སྙམ་དུ་བསམས་སོ། ། ངའི་ལྡུམ་ར་འདི་ནི་མེ་ཏོག་རྣམས་གྲངས་མང་ཞིང་ཚོས་མདོག་བཀྲ་བས་མིས་སྨོན་རང་སྐྱིད་ཀྱི་དགའ་ཚལ་ཞིག་ཡིན་ཞིང། དེེ་ལྟ་བུའི་སྤྲོ་སྐྱིད་ཀྱི་སྣང་བ་ཚོར་བ་ནི་ཚོན་མདངས་བཀྲ་ལ་དྲི་ཞིམ་འཐུལ་བའི་མེ་ཏོག་འདྲ་མིན་སྣ་ཚོགས་ཀྱིས་རང་རང་སོ་སོའི་མཛངས་ཡོན་ཀྱི་ཁྱད་ཆོས་མ་ལུས་སྟོན་པས་གཞི་ནས་ཀུན་གྱི་ཡིད་དབང་འཕྲོག་པ་ལས་ད་ལྟ་ཧ་ལོས་བཤད་པ་བཞིན་ཧ་ལོ་ཁོ་ནའི་མཛེས་ཡོན་གྱིས་གཞི་ནས་རྐྱེ་རྒུའི་སེམས་ལ་དགའ་བ་གཏད་པ་ནི་མ་ཡིན་མོད། དུས་དང་རྣམ་པ་ཀུན་ཏུ་ངས་མརེ་ཏོག་ཡོངས་ལ་ཉེ་དགའ་ཕྱོགས་རེ་མེད་པར་གཅིག་མཚུངས་ཀྱི་སྐྱེད་སྲིང་དེ་ལྟ་བུ་དབྱེར་མེད་དུ་བྱས་ཀྱང་ཡིད་དུ་འོང་བའི་མེ་ཏོག་གི་ཁྲོད་དུའང་ལ་ལ་ནི་ཞེ་སྡང་དང་ཆེ་གནོན་དེ་ལྟ་བུ་བྱེད་ཤེས་པའང་དངོས་འབྲེས་ཡ་མཚན་གྱི་རྒྱུ་ཡིན་ཀྱང་། འཇིག་རྟེན་འདི་ན་མི་སྲིད་པ་ནི་མེད། ལྷད་མེད་དུང་ལས་གྲུབ་པའི་དཀར་གསལ་རྒྱ་མཚོའི་མར་གསལ་ལངས་མི་སྡུག་རྣ་བ་རིང་བ་རི་བོང་གི་གྲིབ་མ་འཁོད་པ་ལ་བསམས་ཚེ་མེ་ཏོག་ཧ་ལོ་ཞིག་ལ་ཉེས་སྐྱོན་དེ་ཙམ་ཡོད་པ་ལ་ཡ་མཚན་བྱེད་དགོས་དོན་མི་་འདུག ། འོན་ཀྱང་དེ་རིང་མེ་ཏོག་དབར་ཀྱི་རྩོད་གླེང་འདིས་ང་ཚོ་གང་ཟག་ལའང་གོ་བསྐོན་སློབ་གསོའི་ནུས་པ་ཞིག་འདུག །མེ་ཏོག་གཞན་པ་རྣམས་ཀྱིས་ལྟ་བ་མི་འདྲ་བ་འགའ་ཡང་འཆད་ངེས་པས་མཐའ་མ་བཟང་ངན་གྱི་དབྱེ་མཚམས་ཇི་འདྲ་བ་ཞིག་མ་ཆོད་པར་བློ་མི་བདེ་སྙམ་སྟེ་ཤུགས་རིང་ཞིག་ཕྱུང་ནས་སྔར་བཞིན་གླན་ཀའི་མུ་ལ་ཉན་ནོ། ། དེའི་མཚམས་སུ་སེ་བ་མེ་ཏོག་གི་གཡས་ཕྱོགས་སུ་གནས་པའི་ཧད་ཏྭ་མཚལ་ཀ་དེས་ཡལ་འདབ་རྣམས་སྤྲུག་སྤྲུག་ལན་གསུམ་བྱས་ཏེ་ངག་འཇམ་པོའི་སྒོ་ནས་འདི་སྐས་སྨྲས་སོ། །ཀ་ཡེ་ཧ་ལོ་གཟུགས་བཟང་ཚུར་ལ་གསོན། །ཁ་ཞེ་མེད་པར་སྙིང་གཏམ་ཚིག་གསུམ་ཞུ། །ག་ཞའི་གནས་སུ་མ་འཛིན་དང་ལེན་ཉིད། །ང་ཡི་དྲང་པོའི་གཏམ་ལ་ཆ་འཇོག་མཛོད། །ཅ་ལེ་ཅ་ལེའི་སྐོར་གཏམ་མ་འཆད་པ་ལས། །ཆ་མཁན་རྒད་པོའི་གཏམ་ལྟར་གནད་ཐིག་ལ། །ཇ་ཤིང་འཁྱོག་པོའི་རང་བཞིན་མ་བཟུང་པར། །ཉ་གའི་ཆ་མཚུངས་དྲང་གཏམ་བརྗོད་ན་དགའ། །ཏ་ལེར་གཞན་སེམས་ཕུག་པའི་བརླང་ཚིག་གིས། །ཐ་ཤལ་གཞན་གནོནབྱེད་པའི་ངན་སྤྱོད་དག ། ད་ལམ་ཁྱེད་ལའངས་ཅུང་ཟད་འགོས་འདུག་པས། །ན་ཚའི་འབྱུང་རྐྱེན་བཞིན་དུ་དོར་བར་མཛོད། །པ་ཏྲའི་དབྱིབས་གཟུགས་ཇི་ལྟར་མཛེས་གྱུར་ཀྱང་། །ཕ་ལམ་ལ་སོགས་ཕྲ་ཡིས་མ་བརྒྱན་ན། །བ་མོས་བརྡུངས་པའི་སྟོན་གྱི་མེ་ཏོག་བཞིན། །མ་སྨད་མཛེས་པའི་བཀྲ་མདངས་ག་ལ་མངོན། །ཙ་རིའི་སྨྱུག་མར་ཅ་འདྲི་ཧ་ལོ་ཁྱེད། །ཚ་ཚ་མེ་ལྟར་འབར་བའི་ཕྲག་དོག་གིས། །ཛ་ལང་སྤྱོད་པས་གྲོགས་ལ་བསྟུན་གྱུར་ན། །ཝ་ལེར་འཆར་བའི་ཁྱེད་ཀྱི་མཛེས་སྡུག་ཉསམ། །ཞ་བོའི་གྲོགས་ལ་འཁང་ར་བརྟེན་པ་བཞིན། །ཟ་འོག་གོས་ཀྱི་ཚོན་རིས་ལྟར་མཛེས་པའི། །འ་ཅག་ཡིད་དུ་འོང་བའི་མེ་ཏོག་ལའང། །ཡ་ཡོར་སྐྱེས་པའི་ལོ་མའི་ར་མདའ་དགོས། །ར་ཡིག་གཉིས་པས་ཁེངས་པའི་ལྡུམ་ར་འདིར། །ལ་ལས་གཞན་ལ་ཆེ་གནོན་བྱས་གྱུར་ཏེ། །ཤ་ཚས་བཅིངསས་པའི་མཛའ་གྲོགས་ཡ་གྱལ་ན། །ས་འདིར་ཀུན་གྱིས་སྨོན་པའི་དགའ་ཚལ་ཉམས། །ཧ་ལོ་ཁྱེད་ཀྱིས་དེ་ལྟའི་ལས་བསྒྲུབས་ཚེ། །ཨ་མ་གཡུ་སྒྲོན་ལགས་ཀྱང་སྙིང་རེ་རྗེ། །ཧ་ལོས་བརྩེ་བས་བཅིངས་པའི་བུང་བའི་ཚོགས། །ཨ་ཙི་གདུང་བའི་ཀློང་དུ་མི་ཚོད་དམ། །ཞེས་ཧད་ཏྭ་མཚལ་ཀས་སེམས་ཀྱིས་མ་བཟོད་པར་དེ་ལྟར་བཤད་རྗེས། །ཧ་ལོ་དཀར་པོ་ཁོང་ཁྲོ་སྐྱེས་མེད་དམ་སྙམ་ནས་ཞེད་སྣང་གིས་མགོ་བོ་ཡར་བཏེགས་ཏེ། །ཧ་ལོའི་གདོང་ལ་བལྟས་དུས་ཧ་ལོ་ནི་ང་རྒྱལ་དང་ཁོང་ཁྲོ་ལངས་ཤིང་རང་ཉིད་ལ་ད་བར་ཚོགས་ཡོངས་ཀྱི་མདུན་དུ་སྐད་ཆ་དེ་ལྟ་བུ་བཤད་མཁན་ཡོད་མ་མྱོང་བར་བརྟེན་ཁོང་ཁྲོ་དང་ངོ་ཚ་གཉིས་འཐབ་སྟེ་ཡུད་ཙམ་ཞིག་ཡལ་འདབ་རྣམས་རླུག་གིས་གཡོ་བ་ལྟར་འདར་བ་ལས་ཁ་ནས་སྐད་ཆའང་མ་ཐོན་པར་ལུས། ཧད་ཏྭ་མཙལ་ཀའི་བསམ་པར་མ་གཞི་ཧ་ལོར་སྐྱོན་ཆ་ཆེ་ཙམ་ཞིག་འདུག་པས་ངས་དེ་རྣམས་ཡོ་བསྲང་བྱེད་རེའི་འདུན་པ་བཟང་པོ་བཅངས་ནས། ཤ་ཚའི་སྙིང་གཏམ་བཤད་པ་ཡིན་ཀྱང་ད་ལྟ་ཧ་ལོའི་རྣམ་འགྱུར་ལ་ལྟ་དུས་ཕལ་ཆེར་རང་གི་སྤྱོད་ཚུལ་མི་འགྲིག་པ་རྣམས་མཐོང་ནས་སེམས་པ་སྡུག་པ་དང། ངོ་ཆས་རྐྱེན་པས་སྐད་ཆ་བཤད་མི་ཐུབ་པ་ཡིན་འདུག་ལ། ཧ་ལོའི་གདོང་གཤིས་ནི་ཁྲག་མེད་པ་ལྟར་སྐྱ་ཐེར་ཐེར་བྱེད་པ་དང་། ལུས་པོ་ཡོངས་རྫོགས་འདི་ཙམ་འདར་བའི་ཚུལ་ལ་བལྟས་ན་ཕལ་ཆེར་འགྱོད་སེམས་ཆེན་པོ་བསྐྱེད་དེ་སེམས་སྡུག་དྲག་པོས་མནར་བཞིན་འདུག ། ད་ལྟ་ངའི་གཏམ་དེའང་ཅུང་ཟད་ཚིག་རྣོ་ཐལ་ཆེ་བ་ཡིན་འདུག་པའི་རང་གི་སྤུན་ཟླའི་སེམས་ལ་བསྡུལ་སྔལ་ཆེན་པོ་བཟོས་སོང་བསམ་ཏེ་བློ་ཕམ་བྱུང་ནས་ཧ་ལོའི་སེམས་གསོ་བའིའ་ཆེད་དུ་འདི་སྐད་སྨྲས་སོ། ། གྲོགས་མཆོག་ཧ་ལོ་དཀར་པོ་ལགས། ཁྱེད་ནི་ཤེས་བྱ་ཡངས་པས་མཁྱེན་གསལ་ལྟར་སྔ་རབས་ཀྱི་གཏམ་དུའང། ལེགས་བཤད་བྱིས་པ་དག་ལས་ཀྱང་། །མཁས་པ་རྣམས་ཀྱིས་ཡོངས་སུ་ལེན། །ཞེས་པ་ལྟར་ཤེས་དམན་ངས་ད་ལྟ་ཞུས་པའི་སྙིང་གཏམ་ནང་དུ་གལ་ཏེ་ཕན་ཡོད་ཀྱི་ལེན་ཆ་ཕྲན་བུ་ཡོད་ན་ཁྱེད་ཀྱིས་བླང་དོར་བྱ་བའི་དཔྱད་གཞིར་འཛིན་པ་ལས་འགྱོད་སེམས་ཆེན་པས་སེམས་མི་བདེ་བ་གནང་ན་སྐུ་ཁམས་ལའང་གནོན་སྐྱོན་ཡོང་ངེས་རེད། ང་ནི་ལྷག་བསམ་དཀར་བ་ལས་སྨྲ་བ་མི་མཁས་པ་དང་ཤེས་བྱ་དམན་པས་གལ་ཏེ་གཏམ་གྱི་གླེང་ཕྱོགས་ལ་ཚིག་རྣོ་ཐལ་ཆེ་བ་སོགས་བྱུང་ཡོད་ན་ངའི་ཀུན་ཀློང་བཟང་བོར་དགོངས་ཏེ་དགོངས་པ་མ་འགལ་བ་ཞུ། དེ་ལྟར་བཤད་ནས་ཧ་ལོར་ཟུར་མིག་ཅིག་བལྟས་ཏེ་གཏམ་ལན་ཅུང་སྙན་པ་ཞིག་ཡོང་རེས་བསྒུགས་བསྡད་པར་ཧ་ལོ་ནི་ང་རྒྱལ་གྱིས་ར་བཟི་ལྟར་ལུས་པོ་འཁྱོམས་ཤིང་མིག་རྩ་ཡང་དམར་པོར་གྱུར་ནས་ཡུད་ཙམ་བསྒུགས་ཀྱང་ད་དུང་སྐད་ཆ་མ་ཐོན་པར་བསྡད་འདུག། ། ཧ་ལོར་འཁྲིལ་ཤིང་ལྟར་འཁྱུད་ནས་སྐྱེས་པའི་ཐག་འཁྱུད་མེ་ཏོག་ཅིག་ཡོད་པ་དེའི་བསམ་པར་དེ་རིང་རྩོད་པ་འདིའི་འབྱུང་རྐྱེན་སོགས་ལ་བལྟས་ན་ཧ་ལོ་སྤོབས་པ་ཆེས་དྲགས་པ་དང་རང་གིས་རང་ལ་འུད་བསྟོད་བྱེད་པ་ཚད་ལས་འདས་ཤིང་། གཞན་གྱི་ཡོན་ཏན་ཕྲ་མོ་ཙམ་ཡང་མ་བརྗོད་པར་དམའ་འབེབས་ཁོ་ན་བྱེད་པ་ནི་དངོས་འབྲེལ་མ་རབས་ཀྱི་སྤྱོད་ཚུལ་ཡིན་ན་ཧད་ཧྭ་བདེན་པར་འདུག་ཀྱང། གལ་ཏེ་དྲང་གཏམ་བཤད་ན་ཧ་ལོ་ནི་མི་དགའ་ཐག་ཆོད་རེད། ཧ་ལོས་ང་ཁོ་བའི་གཟུགས་པོར་འཁྱུད་པར་མ་བཅུག་ཚེ་ང་མེ་ཏོག་ནང་གི་རིང་ཤོས་ཀྱི་གྲས་སུ་མི་སླེབས་པ་ནི་གདོན་མི་ཟ། དེ་ལས་དུས་སྐབས་འདི་དང་བསྟུན་ནས་ཧ་ལོར་ཕན་སྐད་ཆ་སྙན་པོ་ཕྲན་ཙམ་བཤད་ན་ང་ནི་ཧ་ལོའི་རྩེ་མོ་བར་འཁྱུད་འཇུག་ངེས་ཡིན་པ་དང་། ཇི་སྲིད་ང་ཧ་ལོ་ལས་ཀྱང་རིང་བ་ཞིག་ཏུ་གྱུར་སྐབས་སུ་ངས་ཧ་ལོའི་ཉེས་སྐྱོན་རྣམས་དམར་རྗེན་དུ་བཏོན་ནས་དགག་པ་བརྒྱབ་ཚེ་ཉེས་སྐྱོན་མེད་པའི་མེ་ཏོག་རིང་ཤོས་དེ་ང་མིན་ན་སུ་ཡིན། ཧ་ཧ། འཐབ་ཇུས་འདི་ནི་ཡང་རྩེ་རེད། བདེན་དོན་སུ་ལ་ཡོད་མེད་འཚོལ་བ་ལས་རང་གི་དོན་དག་འགྲིག་ན་བདེན་དོན་ཆེ་ཤོས་དེ་རེད་བསམས་ནས། ཀྱེ། ཀྱེ། འཇམ་འཇམ་ཧད་ཏྭའི་ངག་ནི་བལ་ལས་འཇམ། །རྩུབ་རྩུབ་གཏིང་གི་ཁོག་པ་རྡོ་ལས་རྩུབ། །སྙན་སྙན་ཚིག་གི་ཡོལ་བས་བསྒྲིབས་བྱས་ནས། །ངན་ངན་སེམས་ཀྱི་དུག་མདའ་འཕེན་པར་བྱེད། །མཛེས་མཛས་ཡིད་དུ་འོང་བའི་སྡུམ་ར་འདིར། །མཐོ་མཐོ་ཚད་དུ་ལོན་པའི་ཧ་ལོ་ཡིས། །ཀྲོང་ཀྲོང་ལུས་པོས་ངལ་བར་མ་འཛེམ་པར། །བྱམས་བྱམས་བརྩེ་བས་བདག་ཅག་གོང་དུ་འདྲེན། །ཚ་ཚ་ཉི་མའི་ངར་གྱིས་མནར་དོགས་ནས། །ཆེས་ཆེར་རྒྱས་པའི་ཧ་ལོའི་ལོ་མ་ཡིས། །བསིལ་བསིལ་གདུགས་ཀྱིས་བུ་ལྟར་འགེབས་པར་བྱེད། །བཟང་བཟང་སྙིང་རྗེས་ཉམ་ཆུང་སྐྱོང་མཛད་པོ། །གང་གང་དྲིན་གྱིས་གསོས་པའི་མེ་ཏོག་གིས། །སྐྱིད་སྐྱིད་ལྡུམ་ར་འདི་ཉིད་ཁེངས་གྱུར་ཏེ། །སྤྲོ་སྤྲོ་དཔྱིད་ཀྱི་དཔལ་ཡོན་རྣམ་པར་བཞད། །ཀྱེ་ཀྱེ་དཔྱོད་ལྡན་ཐམས་ཅད་ཚུལ་འདིར་གཟིགས། །ངལ་ངལ་དུབ་ཀྱིས་ལྡུམ་ར་གཉེར་བ་བོར། །ནག་ནག་ཁོག་བཅངས་ངན་རེངས་དྲེད་པོ་ཡིས། །ཏག་ཏག་ལོག་པར་འཁུ་བར་སྤྲོ་བ་བྱེད། །ལྐུགས་པ་མིན་པ་སྨྱོན་པ་མིན་པ་ལྐུགས། །བཟང་བོར་ངན་བྱེད་གནོད་བྱེད་ངན་པར་བཟང་། །ངན་ཤོར་ལང་ལ་སེམས་ལ་ལང་ཤོར་ངན། །ངན་ཅན་མཁས་ལ་ཁ་མཁས་ཅན་ངན། །ལེགས་པ་སེམས་ལ་འཆར་བ་སེམས་པ་ལེགས། །མཁས་པར་ཁྲམ་མེད་བློ་མེད་ཁྲམ་པར་མཁས། །མཁས་པ་ཀློ་ལས་མི་ལས་ཀློ་བ་མཁས། །ཚུལ་མིན་བྱ་བར་འགོག་འདོམས་མ་བྱས་ན། །ངན་པ་ལང་ཤོར་ཧམ་པ་ཇེ་ཆེར་འགྲོ། །ད་བར་ཞི་འཇགས་སྐྱིད་པའི་ལྡུམ་ར་འདི། །ད་ནི་མི་ངན་འགའ་རེས་དཀྲུག་ཉེན་ཆེ། ། ཞེས་སྨྲས་ནས་ཧ་ལོའི་རྣམ་འགྱུར་ལ་བལྟས་པས་ཧ་ལོ་ནི་རང་ལ་བློ་ཕྱོགས་པའི་སྙན་འཇེབས་གཏམ་གྱི་བདུད་རྩིས་མྱོས་ཏེ་རིམ་བཞིན་རིག་པ་ཇེ་གསལ་དུ་སོང་ཞིང་འདི་ལྟར་བསམས་སོ། །ལ་ཆེན་གཅིག་དང་མ་ཕྲད་ན། །རྟ་ཕོའི་ཤེད་ཤུགས་ག་ནས་ཤེས། །དགྲ་ཆེན་གཅིག་དང་མ་ཕྲད་ན། །རོགས་པ་བློ་རྩ་ག་ནས་མཐོང་། །ད་རེས་ཀླན་ཀའི་མེལོང་ནས། །དགྲ་གྲོགས་སུ་ཡིན་གསལ་པོར་མངོན། །རྣམ་ཀུན་ཐག་འཁྱུད་འདི་ན་སྨྲ་བ་ཉུང་ལ་བཀྲག་མདངས་ཆུང་བས་ངས་སྣང་མེད་དུ་བཏང་བར་མ་ཟད། བདག་གིས་ལུས་པོར་འཁྲིལ་ནས་སྐྱེས་པས་དུས་རྟག་ཏུ་སུན་སྣང་བྱེད་པར་ཐལ། ད་རེས་འཁྲུག་རྩོད་ཀྱི་ཀ་ཤུ་ཁ་ཀ་བརྡར་ཙམ་བྱས་པ་ཙམ་གྱིས་རག་དང་གསེར་གྱི་དབྱེ་བ་གསལ་བོར་ཤེས། ཐག་འཁྱུད་འདི་ནི་བདག་ལ་སྙིང་ཉེ་ཞིང་། ཤ་ཚ་བ། བློ་འགེལ་ཆོག་པའི་གྲོགས་པོ་ཞིག་ཡིན་འདུག་ལ། རྣམ་རིག་བཀྲ་ཞིང་སྨྲ་བ་མཁས་པས་བདེན་པའི་ཚིག་ཉག་ཕྲན་གྱིས་ཕ་རོལ་ཧམ་རྫུན་གྱི་ཕུགས་དེ་ཏ་ལེར་ཕུག་པར་བགྱིས་ཏེ་བདག་གི་སྙིང་ཡང་ཚིམས་པར་གྱུར། ད་ནི་ང་ལ་རམ་ཟླ་ཡང་ཡོད་པས་མེ་ཏོག་ཏེ་པོ་དེ་རྣམས་ཀྱི་སྤོབས་སེམས་བཅག་ནས་གཟུགས་བཟང་ཧ་ལོ་ངས་ཟིལ་གྱིས་མནན་ཏེ་སྐད་ལྡུམ་ར་འདིའི་ནང་དུ་ངས་གང་བྱས་མཛད་པ་དང་། གང་བཤད་ཆོས་ལ་བརྩི་བའི་གོམས་གཤིས་ལེགས་པ་ཞིག་རྒྱུན་འཇགས་པ་མ་བཟོས་ཚེ་གཉོད་ཆུང་ཧད་ཏྭ་ལྟ་བུས་ཀྱང་དེ་འདྲའི་ཧམ་པ་བྱེད་པ་རྒྱ་ཡན་དུ་བཏང་ན་བདག་ཅག་ལྡུམ་ར་འདིའི་གཙུག་རྒྱན་དུ་ག་ལ་འཁོད། གལ་ཏེ་མེ་ཏོག་གཞན་ཀྱི་ཉེས་ཆ་བག་ཙམ་ཡིན་རུང་ཡན་ལག་དང་རྒྱ་སྐྱེད་པར་བྱས་ཏེ་སྐྱོན་མཚང་བྲུས་ནས་ཁོ་བ་ཚོ་ཉེས་སྐྱོན་དང་དྲི་མས་སྦགས་པའི་དུག་རྩྭ་རྟ་བུ་ཞིག་ཏུ་བཅོས་ན་མདོངས་མཐའ་ཅན་ལྟར་མཛེས་པའི་ཧ་ལོ་ནི་ལྡུམ་ར་འདིའི་རྒྱན་གཅིག་ཁོ་ནར་འགྱུར་རྒྱུ་གདོན་མི་ཟ་སྙམ་ནས་ཞེ་སྡང་དྲག་པོས་གདོང་ཤ་འདར་ཞིང་མཆུ་སྒྲོས་ཀྱི་ཡལ་འདབ་གཡོ་བཞིན་ཚིག་ཤུགས་ཆེན་པོའི་ང་རོས་སྨྲས་པ། ། མི་བསྲུང་ངན་རེངས་ཧད་ཏྭ་བསེ་ཅན་གྱིས་གཙོས་པའི་མེ་ཏོག་གི་སྐར་ཚོགས་རྣམས་མཐའ་ཡས་སྔོ་བསངས་མའི་མཛེས་རྒྱན་གཅིག་པུ་ཆུ་ཤེལ་དབང་པོ་ལྟར་མཛངས་པའི་ཧ་ལོ་བདག་ལ་ཐོས་འཛིན་གྱི་དབང་བོ་གཏད་དེ་གཏིང་ཟབ་མནོས་པར་བགྱིས་ཤིག ། དྲང་ལྡན་གཤིས་བཟང་ཐག་འཁྱུད་མེ་ཏོག་གིས། །གཟུ་བོའི་སེམས་ཀྱི་སོར་མོ་རབ་བསྐུལ་ནས། །སྙན་འཇེབས་ངག་གི་རྒྱུད་མངས་དཀྲོལ་མཛད་དེ། །བོང་བུའི་རྣ་བར་བདུད་རྩིས་འཚེངས་པར་སོམས། །གདོད་མའི་དུས་ནས་བདག་གིས་སྙིང་རྗེ་ཡིས། །ནུས་མེང་གཤེད་ལྡན་ཁྱེད་རྣམས་བསྐྱངས་པ་ལ། །བསེ་ཅན་ཧད་ཏྭ་ངོ་ཚའི་གོས་བྲལ་ནས། །དྲིན་ལན་ལོག་འཇལ་ལོག་པར་འཁུ་ལྡོག་བྱེད། །གཅམ་བུའི་ཚིག་གོ་དྲི་མས་མ་གོས་ལ། །སྦ་གསང་མེད་པར་དྲང་གཏམ་བཤད་དགོས་ན། །ལྡུམ་ར་འདི་རུ་མེ་ཏོག་སྣ་མང་ཡང། །ལ་ལ་མི་སྡུག་ལ་ལ་སྐྱོན་གྱིས་ཁེངས། །སྨྱུག་མ་ཁོ་ལག་མཛེས་ཀྱང་སྨད་ཆ་བསྐམས། །ཏིང་ཏིང་དཔྱད་པ་བཟང་ཡང་མགོ་རྟིང་ལོག །པད་མ་དྲི་བསུང་འཐུལ་ཡང་སྡིག་རྭའི་ཚང། །ཧད་ཏྭ་ཚོས་སྣ་འཛོམས་ཀྱང་སྐྱག་དྲི་བྲོ། །གུར་གུར་སེར་ཆེན་མང་ན་མཁྲིས་ནད་སློང་། །བསྐལ་བཟང་བཀྲག་མདངས་ཆུང་ལ་མཐོང་མི་འདོད། །ཡང་ཅུན་མགོ་བོ་ལུས་པོས་ཐེག་པར་དཀའ། །ད་བྱིངས་རྩྭ་སྙིགས་ལྟ་བུའི་མེ་ཏོག་གི། །སྐྱོན་ཆ་བགྲང་བས་མོ་ཚར་དགོས་དོན་ཆུང་། །དེ་ལས་རང་ཚོད་ཟིན་ནས་གླེང་མེད་ཀྱི། །རྨད་བྱུང་གཙུག་རྒྱན་དག་ལ་གུས་པས་བཀུར། །ངང་བ་བྱང་དུ་འཕུར་བར་སྣེ་འཁྲིད་ཡོད། །རི་དྭགས་ལམ་བུར་ཞུགས་ཚེ་ཤོ་འཁྲིད་ཡོད། །འ་ཅག་ཡིད་འོང་སྐྱེད་ཚལ་ལྡུམ་ར་འདིའི། །མེ་ཏོག་རྣམས་ལ་སྤྱིས་བཀུར་གཙུག་རྒྱན་དགོས། །ཞེས་ཞེ་སྡང་དྲག་པོས་སྤྱོས་པའི་ཚིག་གིས་མེ་ཏོག་གི་ཚོགས་འ་དམའ་འབེབས་བྱས་ནས་ཤུགས་སུ་རང་ཉིད་མེ་ཏོག་རྣམས་ཀྱི་གཙུག་རྒྱན་ལ་བཀུར་དགོས་པའི་ཐ་ཚིག་བསྒྲགས་སོ། དེ་ནས་མེ་ཏོག་རྣམས་བསམ་ཚུལ་འདྲ་མིན་སྣ་ཚོགས་ཤར་བས་འགའ་རེ་ནི་ཡིན་མིན་གྱི་དབྱེ་བ་མ་ཆོད་པར་ཅི་བྱ་གཏོལ་བྲལ་དུ་མིག་ཅེ་རེར་སྡོད་པ་དང་། འགའ་རེ་ནི་ཧ་ལོའི་ཧ་ལོ་དངོམ་ཆེ་བ་དང་། རྔམ་སེམས་ཆེན་པོས་བསྐུལ་བའི་དཀྱོར་དབྱིན་གྱི་ངན་ཇུས་ཏེ་རང་ཉིད་ཀྱི་གྲོགས་པོ་དང་ཉེ་དུ་རྣམས་ལ་ཚད་ལས་འདས་པའི་སྐར་བ་བཏབ་སྟེ་ཐམས་ཅད་སོལ་བ་ལྟར་ནག་པོར་བཟོས། རང་ཉིད་སྤྱི་ཡོངས་ལས་ཁྱད་དུ་འཕགས་པའི་བྱེད་རྒྱུའི་ཁྲེལ་མེད་ཀྱི་སྤྱོད་ཚུལ་ལ་ཁོང་ཁྲོའི་མེ་ལྕེ་འབར་ནས་བཤུང་བར་བྱེད། མར་ཏོག་མང་ཆེ་བ་ནི་མ་རུངས་པའི་བརླང་སྤྱོད་འདི་ལ་ཤིན་ཏུ་ནས་མ་འདོད་པར་དེ་དག་གི་རེ་ངན་ཕམ་པར་བྱེད་རྒྱུའི་བཙན་ཐབས་ཤིག་འཚོལ་ཕྱིར་ཤབ་ཤུབ་ཀྱིས་གྲོས་མོས་བར་བྱེད། ། དེའི་ཚེ་ཨ་མ་གཡུ་སྒྲོན་གྱིས་ཤེལ་དྲའི་ནང་ནས་ངང་ཚུལ་འདི་རྣམས་གསལ་པོར་མཐོང་ཞིང་ཐོས་པས་ཨ་མའི་སེམས་ལ་དེ་རིང་གི་འཁྲུག་རྩོད་འདི་ལ་མཇུག་སྡོམ་ལེགས་པོ་ཞིག་བྱུང་ན་ཚང་མར་ཕན་འདོགས་པའི་བླང་དོར་གྱི་བྱ་བ་དཔེ་མཚོན་ཡོང་ངེས་ཀྱང་གལ་ཏེ་རྒྱ་ཡན་དུ་བཏང་ན་བདག་གི་ཡིད་དུ་འོང་བའིབ་ལྡུམ་ར་འདི་ཉམས་པའི་རྒྱུ་རུ་འགྱུར་རྒྱུ་ནི་གདོན་མི་ཟ། ད་ནི་བར་འདུམ་བྱེད་པའི་སྐབས་སུ་བབས་སོ་སྙམ་སྟེ། གདན་ལས་ལངས་ནས་ལྡུམ་རའི་ནང་དུ་སོང་བས་མེ་ཏོག་རྣམས་ཀྱི་གེ་སར་ལས་རོ་བཅུད་ལེན་བཞིན་པའི་བུང་བའི་ཚོགས་དག་འདྲོགས་ནས་བར་སྣང་དུ་འཕུར་ལྡིང་བྱེད་པའི་གཤོག་སྒྲས་ཡུད་ཙམ་ཁེངས་པ་ལ། མེ་ཏོག་རྣམས་དུས་མཚུངས་སུ་མགོ་བོ་ཡར་བཏེགས་ནས་བལྟས་པས་རྐང་དྲུག་བུང་བའི་ཁྱུ་དང་ཨ་མ་གཡུ་སྒྲོན་གློ་བུར་དུ་མིག་ལམ་དུ་མངོན། དེ་ནས་རྣམ་རིག་བཀྲ་བའི་མེ་ཏོག་ཁྲ་ཐིག་ཅིག་གིས་ད་ནི་ཀླན་ཀ་འདི་ལ་གཟུ་བོར་གནས་པའི་དཔང་པོ་ཞིག་དང་བདེན་པའི་གྱོད་སྡོམ་ཞིག་ཡོང་རྒྱུ་ནི་སོམ་ཉིའི་ཕྱོགས་ལས་བྲལ་ལོ་སྙམ་སྟེ་བག་ཚ་མེད་པར་འདི་སྐད་དུ་སྨྲས་སོ། ། ཉམ་ཆུང་ཁྲ་ཐིག་ཧ་ལོའི་སྒེག་ཆོས་ལ། །འགྲན་པའི་རློམ་སེམས་ཡེ་ནས་མ་མཆིས་ཀྱང་། །མཛངས་ཡོན་གྱིས་སྙེབས་ཧ་ལོས་བརླང་ཚིག་གིས། །ཚད་འདས་འཕྱ་སྨོད་བྱས་པས་སེམས་པ་གདུངས། །གདོན་དུ་འདྲ་མཉམ་ཚོགས་ཀྱང་སྡིག་བྱེད་ན། །སླད་མར་ཀུན་གྱི་གཙུག་རྒྱན་ལ་བཀུར་ཚེ། །ཝ་སྐྱེས་རྒྱལ་པོར་བསྐོས་པའི་དཔེ་བཞིན་དུ། །འ་ཅག་ཉམ་ཆུང་ཚོགས་ཡོངས་མནར་བར་བྱེད། །གང་ཞིག་གཙུག་གི་རྒྱན་དུ་འགོད་པ་ལ། །ཀུན་གྱིས་ཁས་འཆེས་སྤྱི་མོས་དགོས་པ་ལས། །རང་ལ་འུད་བསྟོད་དམངས་ལ་སུན་འབྱིན་ཞིང་། །བོང་བུས་སྟག་ལྤགས་གྱོན་པས་ག་ལ་འཐུས། །ལྷག་པར་རང་གནས་ལྡུམ་ར་སྡུ་གུ་འདིར། །འཇམ་གཉེན་འདབ་མས་བརྒྱན་པའི་མེ་ཏོག་རྣམས། །རེ་རེ་བཞིན་དུ་ཨ་མ་གཡུ་སྒྲོན་གྱིས། །ངལ་དུབ་ཁྱད་བསད་རང་གི་བུ་ལྟར་བསྐྱངས། །འོན་ཀྱང་ཁྲེལ་མེད་ཧམ་ཆེན་ཧ་ལི་ཡིས། །ཁོ་བོའི་དྲིན་གྱིས་བསྐྱངས་ཞེས་བརྗོད་པ་ནི། །གཞན་གྱིས་ངལ་བས་བསྒྲུབས་པའི་གཡུར་ཟའི་འབྲས། །གདོང་ལྤགས་མེད་པར་ཧམ་ཟོས་བྱེད་རེ་ཡིན། །ཐ་ན་ཧ་ལོ་རང་ཡང་ཆུང་ངུ་ནས། །ཨ་མས་བྱ་ཕྲུག་བཞིན་དུ་གསོས་པར་སོམས། །ཁྲེད་མེད་དཀྱོར་འབྱིན་དེ་ལྟའི་བྱ་བ་ལ། །འཇུག་པའི་བསམ་མནོ་འཆར་བའང་ང་ཚོའི་རྒྱུ། །ད་དུང་གཙུག་གི་རྒྱན་དུ་འཁོད་པ་ཡི། །རེ་བའི་འབྲས་བུ་སྨིན་པར་དཀར་ན་ཡག །འ་ཅག་གི་སྐྱེད་མ་གཅིག་གིས་གསོས་སྤུན། གཅིག་འདིན་གིས་སྐོང་བ་འོས་པའི་གནས། །བདག་ཀྱང་ཀུན་གྱི་མཛངས་པའི་ཁྱད་ཆོས་ཆོས། །མ་ལུས་ཀུན་རྟོགསརྐང་དྲུག་བུང་བ་ནི། །བློ་དཀའ་སྙིང་ཉེ་སེམས་པ་དྲང་གྱུར་ནས། །སུ་ཞིག་གཙུག་རྒྱན་གི་གཙུག་དུ་འོས་མིན་འདྲི། ། ཞེས་སེམས་ལ་གདུང་བའི་རྦ་རླབས་འཁྲུགས་ཀྱང་ཤ་ཚའི་གཏམ་ནི་དལ་འགྲོའི་རྒྱུན་ལྟར་ངང་གིས་སྨྲས་ནས་དེ་ལྟར་འགན་མིན་འདྲི་བའི་ཚུལ་གྱི་ཨ་མ་གཡུ་སྒྲོན་ལ་བལྟས་པས་ཨ་མས་ཁྲ་ཐིག་ཁྱོད་ནི་སྤུན་ཉེ་ལ་བརྩི་ཞིང་ཁྲེལ་ལྡན་ཞིག་འདུག་ལ། བུང་བའི་ཚོགས་ནི་རང་རེའི་ལྡུམ་རའི་མེ་ཏོག་ཡོངས་ལ་རྒྱུས་མངའ་ཆེ་བ་དང་། ཟོལ་ཟོག་གི་དྲི་དང་བྲལ་ཞིང་གཤིས་རྒྱུད་བཟང་པོ་དང་ལྡན་པས་ཁྲ་ཐིག་ཁྱེད་ཀྱི་འདོད་ཚུལ་ལྟར་གྱིས་ཤིག་ཅེས་སྨྲས་པས་ཁྲ་ཐིག་ནི་ཨ་མ་གཡུ་སྒྲོན་གྱིས་རང་ལ་ངོ་བསྟོད་བྱེད་པའི་གཏམ་དེ་རྣམས་ཐོས་ཏེ་འཛུམ་དམུལ་གྱི་མདངས་འབྱིན་པར་བུང་བའི་ཚོགས་ལ་་འདི་ལྟར་གསོལ་ལོ། །ཀྱེ་ཀྱེ། རྟག་ཏུ་ལས་ལ་འབད་པའི་བརྟུལ་ཞུགས་མཁན། །བྲེལ་ཁོམ་སྤུ་ཙམ་མེད་པའི་བུང་བའི་ཚོགས། །ད་ལན་ཡུན་ཙམ་ངལ་བ་གསོ་དང་སྦྲགས། །ཁྲ་ཐིག་ང་ཡི་སྨྲ་བར་གསན་པར་ཞུ། །འུང་འུང་བུང་བའི་གླུ་ཡི་དབྱར་རྔའི་སྒྲ། །ལྷང་ལྷང་ཐོས་པའི་ཡིད་ཀྱི་རྨ་བྱ་ཡི། །དགའ་མགུའི་སྤྲོ་བ་རབ་འཕེལ་བུང་བའི་ཟས། །རོ་བརྒྱ་གེ་སར་གཏན་དུ་འབུལ་བར་བྱས། །ཡུན་རིང་བཅོས་མིན་བརྩེ་བས་རབ་བཅིངས་པའི། །མེ་ཏོག་བུང་བ་གཉིས་ནི་རྟག་ཏུ་འགྲོགས། །ད་ལན་ལྡུམ་རའི་ཆུ་ནི་ཀླན་ཀས་རྙོགས། །གང་ཐུགས་ཀེ་ཏ་ཀ་ཡིས་བགྲུང་བར་མཛོད། །འ་ཅག་བགྲང་ལས་འདས་པའི་མེ་ཏོག་ལས། །གཙུག་གི་རྒྱན་གཅིག་དགོས་ལུགས་ཧ་ལོས་བརྗོད། །ཤེས་བྱ་བཀྲ་བའི་རྐང་དྲུག་ཁྱེད་རྣམས་ཀྱིས། །སུ་ཞིག་ལྡུམ་རའི་རྒྱན་དུ་འོས་སམ་གསུང་། ། ཞེས་སྨྲས་པས་བུང་བ་རྣམས་ཕན་ཚུན་གཅིག་གིས་གཅིག་ལ་བལྟས་ནས་སུས་ཀྱང་མི་སྨྲ་བར་བསྡད། ཡུད་ཙམ་ཞིག་ན་བུང་བའི་ཚོགས་སུ་ལུས་སྟོབས་ཅུང་ཆེ་ཞིང་ན་ཚོད་དར་ལ་བབ་པའི་བུང་བ་བློ་གསལ་ཞེས་བྱ་བ་དེས་རྒྱབ་ཀྱི་རྐང་བ་གཉིས་ཀྱིས་གཤོག་པ་ཟུང་བྱིལ་ལན་འགའ་བྱས་རྗེས་ལྡུམ་ར་ཡོངས་ཀྱི་མེ་ཏོག་ལ་རེ་རེ་བཞིན་དུ་ལྟ་བཞིན་ལྡིང་སྐོར་ཁ་ཤས་བརྒྱབ་ནས་ཁྲ་ཐིག་གི་འགྲམ་དུ་བབས་ཏེ་འདི་སྐད་དུ། །སྐྱེ་བོ་ཀུན་གྱིས་སྨོན་བྱེད་ལྡུམ་ར་འདི། །བདག་ཅག་གེ་སར་སྤྱོད་རྣམས་རྩེན་པའི་གནས། །ལྡུམ་རའི་དཔལ་ཡོན་འཕེབ་འགྲིབ་གང་བྱུང་རུང་། །བུང་བའིི་ལས་དབང་དང་ནི་གཅིག་ཏུ་འབྲེལ། །ད་ལན་ལྡུམ་རར་ཀླན་ཀ་བྱུང་བ་ལ། །རྐང་དྲུག་ཚོགས་ཀྱང་སེམས་པ་རབ་ཏུ་གདུངས། །སྤྱི་ལ་ཕན་པའི་རེ་སྨོན་བཅངས་བྱས་ཏེ། །བདག་གིས་མགྲིན་ཚབ་བྱས་ནས་འདི་ཙམ་ཞུ། །ངེད་ཅག་ཉིན་ལྟར་ངལ་བས་གེ་སར་གྱི། །བཅུད་ལྡན་ཕྱེ་མ་འཐུ་བའི་བྱེད་པ་ནི། །བཟའ་བཏུང་ཁོ་ནའི་ཆེད་དུ་མ་ཡིན་གྱི། །རོ་བརྒྱའི་བཅུད་ལྡན་སྦྲང་རྩི་བཟོ་བའི་དོན། །འདྲ་མིན་མེ་ཏོག་རྣམས་ཀྱི་གེ་སར་ལ། །མངར་སྐྱུར་ལ་སོགས་རོ་བཅུད་འདྲ་མིན་གནས། །རོ་བཅུད་འདྲ་མིན་སྣེ་མང་མ་འཛོམས་ན། །རོ་བརྒྱའི་བཅུད་ལྡན་སྦྲང་རྩི་བཟོ་ཐབས་བྲལ། །གཙུག་གི་རྒྱན་དུ་འོས་པའི་མེ་ཏོག་ཅིག །མཚར་སྡུག་ལང་ཚོའི་སྒེག་ཆོས་རྨད་བྱུང་ཡང་། །དེ་ཡི་གེ་སར་ཁོ་ན་ལས་བཏུས་པའི། །ཕྱེ་མ་ཇི་ཙམ་མངར་ཡང་རྔོ་མི་ཐོགས། །དེ་ཕྱིར་གཙུག་གི་རྒྱན་དུ་འོས་པ་ཡི། །རློམ་སེམས་ཆེ་བའི་མེ་ཏོག་གཅིིག་རང་ལས། །ཁྲེལ་ཡོད་ཀུན་དང་མཐུན་ཞིང་ཚུལ་ལྡན་གྱི། །རྣམ་པར་བཀྲ་བའི་མེ་ཏོག་ཁྱུ་ཚོགས་དགའ། །དེ་དོན་དགོངས་ནས་རྒྱན་དུ་སུ་འགོད་ཀྱི། །མནོག་ཆུང་བྱ་བས་ཀུན་ཡིད་དཀྲུགས་པ་ལས། །གཅིག་ཕན་གཅིག་རོགས་མཛའ་བའི་དམ་ཚིག་གིས། །ལྡུམ་རའི་དཔལ་ཡོན་འཕེལ་ཕྱིར་འབད་པར་མཛོད། །ཅེས་སྨྲས་ཏེ་མེ་ཏོག་རྣམས་ལ་སླར་ཡང་ལྡིང་སྐོར་གཅིག་བརྒྱབ། བུང་བ་བློ་གསལ་གྱི་ཆིག་ཚོ་ཞིང་གོ་བདེ་བའི་ཤ་ཚ་བའི་གཏམ་གླེང་དེ་དག་ལ་མེ་ཏོག་དམངས་ནི་དགའ་མགུ་ཡི་རང་བྱུང་ནས་མཚར་སྡུག་ཞལ་ཀྱི་དཀྱིལ་འཁོར་རབ་ཏུ་འཛུམ་ཞིང་། ཡལ་འདབ་རྣམས་གསིག་གསིག་ཏུ་གཡོ་བར་བྱེད། ཨ་མ་གཡུ་སྒྲོན་གྱིས་ཚུལ་འདི་མཐོང་བས་སེམས་ཀྱི་པད་འདབ་མ་ལུས་འཁྲོལ་ཏེ་མེ་ཏོག་སྤྱི་ཡོངས་འ་འདི་སྐད་དུ་སྨྲས་སོ། ། བདག་གི་ལྡུམ་ར་འདི་ནི་མཛེས་པས་ན། །སྐྱེ་བོ་ཀུན་གྱིས་བསྔགས་བརྗོད་ཆད་མེད་བཟློས། །འོན་ཀྱང་རྟག་ཏུ་འཁོར་བའི་མགྲོན་པོ་ནི། །རབ་ཆགས་བརྩེ་བས་བཅིངས་པའི་བུང་བའོ། །བརྩེ་བའི་སེམས་ཀྱི་ལྷ་ལམ་ཡངས་པོ་ལ། །སེམས་བསྐྱེད་བཟང་པོའི་རླངས་པ་རབ་འཁོར་ཏེ། །ཤ་ཚའི་ངག་གི་ལང་ལོང་ཆུ་འཛིན་ལས། །བདེན་པའི་ཚིག་གི་སྤྲིན་བཅུད་བདུད་རྩིར་བབས། །མེ་ཏོག་རྣམས་ཀྱིས་རང་ལ་སྙིང་ཉེ་ཞིང་། །ལྷད་མེད་སེམས་ཀྱི་བརྩེ་བ་གཏིང་ཟབ་པའི། །མཛའ་གཅུགས་བུང་བའི་བསླབ་བྱ་དོན་ལྡན་རྣམས། །མ་ལུས་ངེས་པར་དང་དུ་ལེན་པར་རིགས། །ཞེས་བརྗོད་ནས་ད་དུང་མུ་མཐུན་དེ་བཤད་རྩིས་བྱེད་སྐབས་སུ། ཧ་ལོར་འཁྱུད་དེ་སྐྱེས་པའི་ཐག་འཁྱུད་དེ་ནི་བློ་རྩེ་གཅིག་ཏུ་ཀླན་ཀའི་རྒྱལ་ཕམ་གྱི་འགྲོ་ཕྱོགས་ལ་ཡིད་འཇོག་གིས་ཡུད་ཙམ་ཡང་མ་གཡེང་བར་ཉན་ནས་བསྡད་ཡོད་པས་ཨ་མ་གཡུ་སྒྲོན་གྱི་གཏམ་བརྗོད་དེ་རྣམས་ཐོས་རྗེས་སུ་འདི་སྙམ་དུ་བསམས་སོ། ། དེ་ནི་ངས་ཧ་ལོ་ལ་བསྔགས་བརྗོད་དང་ངོ་བསྟོད་དེ་ཙམ་བྱས་པ་ཡིན་ཀྱང་ཧ་ལོའི་སྤྱོད་ཚུལ་ལ་མེ་ཏོག་དམངས་ནི་མི་འདོད་པའི་རྣམ་འགྱུར་བཟུང་ནས་འཛུམ་མདངས་དང་བྲལ་བའི་ཞལ་ལ་ཁོང་ཁྲོའི་སྤྲིན་ནག་ལང་ལོང་དུ་འཁོར་ཏེ་བརླང་ཚིག་གི་དྲག་ཆར་ཞིག་ཧ་ལོའི་ལུས་ཐོག་ཏུ་འབབ་རྒྱུ་ནི་ངེས་པའི་རྒྱུ་ཡིན་ཞིང་། ད་ནི་བུང་བས་ཤུགས་སུ་ཧ་ལོར་ཚིག་མཚོན་བཏབ་པར་མ་ཟད། ཨ་མ་གཡུ་སྒྲོན་ནས་ཀྱང་བུང་བ་དང་མེ་ཏོག་བྱིངས་ལ་བློ་ཕྱོགས་པར་བྱེད་ཀྱི་འདུག །ངང་ཚུལ་འདི་ལ་བལྟས་ན་ཀུན་གྱིས་ཧ་ལོར་ཟུར་ཟ་བྱེད་པར་མ་ཟད། ང་ལའང་མི་འདོད་པ་བྱེད་ངེས་ཡིན་པས་ཧ་ལོར་འཁྱུད་དེ་མེ་ཏོག་རིང་ཤོས་དེ་བྱེད་རྒྱུའི་བསམ་འདུན་འགྲུབ་རྒྱུ་ནི་ལྟ་ཅི་སྨོས། །མཐའ་མ་རང་ཉིད་ཀྱང་ཀུན་དང་འཁོན་འཛིན་གཤེད་བབས་ཀྱི་གནས་སུ་གྱར་རྒྱུའི་མཐའ་འབྲས་འས་མ་མཆིས་པས་དེ་ལས་ཧ་ལོའི་སྤྱོད་ཚུལ་ལ་གཞན་ལས་ལྷག་པའི་ཁྲོ་སེམས་ཀྱིས་ཐེར་འདོན་བྱེད་ཚུལ་བྱས་ན་སྤྱི་ཡོངས་ཀྱི་བློ་དང་ནི་མཐུན། །གལ་ཏེ་ཧ་ལོ་ཉམ་ཉེས་སུ་གྱུར་ཀྱང་རང་ཉིད་མེ་ཏོག་ཡོངས་སས་རིང་བ་ཞིག་ཡོང་རྒྱུའི་རེ་བ་དེ་ནི་ཧ་ལོའི་འགྲམ་དུ་སྐྱེས་པའི་ཉི་མ་མེ་ཏོག་དེ་ཀ་བཅོལ་ན་འགྲུབ་ངེས་རེད་སྙམ་ནས་ཧ་ལོར་དམ་པོར་འཁྱུད་པ་ལས་མར་བབས། ཉི་མ་མེ་ཏོག་གི་ཕྱོགས་སུ་བསྙེས་ཏེ་ཨ་མ་གཡུ་སྒྲོན་གྱི་གཏམ་འཕྲོས་མ་ཚར་གོང་ནས་སྐད་གསེང་མཐོན་པོས་འདི་ལྟར་སྨྲས་སོ། ཀྱེ་ཀྱེ། །ལྡུམ་ར་འདི་ཡི་གཅེན་གཅུང་མེ་ཏོག་ཚོ། །ལན་གཅིག་ཐག་འཁྱུད་ང་ལ་གསན་པར་ཞུ། །ད་ལྟ་ཚང་མའི་དོན་ལྡན་གླེང་མོས་གྱིས། །ཤེས་དམན་ང་ཡི་བློ་སྒོ་རུབ་ཏུ་ཕྱེ། །གཅེན་གཅུང་རྣམས་ལ་དམའ་འབེབས་འཕྱ་སྨོོན་ཀྱིས། །རང་ཉིད་ཀུན་གྱི་རྒྱན་དུ་འཛེགས་བསམ་པའི། །ངོ་ཚའི་གོས་བྲལ་ངན་རེངས་ཧ་ལོ་འདི། །བདག་ཅག་ཀུན་དང་འཁོན་པའི་སྤྱོ་དགྲ་སྟེ། །ཁྲེལ་མེད་གདོལ་རིགས་ཧ་ལོའི་རྒྱུད་པ་ནི། །གང་དུ་སྐྱེས་རུང་རང་གཤིས་ངན་པ་དག །གྲོབ་མ་ཇི་བཞིན་ལྷན་དུ་གནས་གྱུར་པས། །རྩྭ་བ་བཀོག་ནས་ཕྱི་ལ་དབྱུང་ན་དགའ། ། ཞེས་ངར་སྐད་སྒྲོགས་པའི་རྗེས་སུ་ལུས་པོས་སྐྱེན་འགྱུར་ཞིག་བྱས་པ་དང་སྦྲགས་ཉི་མ་མེ་ཏོག་ལ་མིག་གི་ཟུར་མདའ་འཕེན་བཞིན་པར་སྐད་ཀྱི་གདངས་ཀྱང་ཕྲ་བའི་སྒོ་ནས་མུ་མཐུད་དེ་སྨྲས་པ། །ཨེེ་མ་ངོ་མཚར་ཉི་མ་མེ་ཏོག་ནི། །ལུས་སྟོབས་རྒྱས་ལ་གསེར་མདངས་འཕྲོ་བའི་ཞལ། །གཡོ་མེད་རྟག་ཏུ་ཉི་མར་ལྟ་བྱེད་པའི། །བསམ་གཏན་བླ་ན་མེད་པའི་འདུ་ཤེས་ཅན། །མཛངས་པའི་སྒེག་ཆོས་བགྲང་བས་མ་ཚར་ཀྱང་། །ཁྲེལ་མེད་ཧ་ལོ་ལྟ་བུའི་སྤོབས་སེམས་ཀྱི། །དྲི་མ་ཙམ་ཡང་ལུས་ལ་མ་གོས་པའི། །ཡ་རབས་ཉི་མ་མེ་ཏོག་ཕྱོགས་ལ་འདུད། །ཅེས་གཅམ་བུའི་ཚིག་ཟློ་བཞིན་པར་འཁྲིལ་བག་གི་རྣམ་འགྱུར་དང་བཅས་ཏེ་དལ་བུར་མེ་ཏོག་གི་ཞབས་ལ་འཐམས་ཏེ་འཁྱུད་དོ། །སྤྱི་དོན་ལ་སེམས་འཁུར་སྤུ་ཙམ་མི་བྱེད་ཅིང་། རང་ཉིད་ཁོ་ན་བསམ་ནས་ཐ་ན་ཡིན་མིན་གྱི་དབྱེ་འབྱེད་བྱེད་པ་ལའང་རང་ལ་ཁེ་ཕན་ཡོད་མེད་དེ་ཚད་གཞིར་འཛིན་པ་དང་ཁེ་ཕན་དེ་དག་འགྲུབ་ཆེད་དུ་ཐ་ཤལ་འཇུན་མཐུད་མ་ལྟར་གཡོ་འཁྲུལ་གི་བྱ་བར་འཇུག་པ་ལའང་བག་མི་ཚ་བའི་གཡོ་ཅན་ཐག་འཁྱུད་ཀྱི་སྤྱོད་ཚུལ་ལ་བལྟས་ནས་མེ་ཏོག་འགའ་ཞིག་གིས་ནི་མཆིལ་མ་འདེབས་པ་དང་ལ་ལས་ནི་ཤུབ་བུས་སྨོན་ཅིང་ཁྲེལ་དགོད་བྱེད། ། མཚམས་འདིར་ཧ་ལོ་ནི་རང་ཉིད་མེ་ཏོག་ཡོངས་ཀྱི་གཙུག་དུ་འཁོད་རྒྱུའི་རེ་བ་བཅངས་ནས་རྩོད་གླེང་འདི་བསླངས་པ་ཡིན་ནའང་། བསམ་འདུན་དང་ཕྱིན་ཅི་ལོག་སྟེ་ཀུན་གྱིས་ཟུར་ཟ་བྱེད་ཡུལ་དུ་གྱུར་སྟབས་སེམས་སྡུག་དྲག་པོས་འདི་སྙམ་བསམས་སོ། །ཡུད་ཙམ་གྱི་སྔོན་དུ་ཐག་འཁྱུད་རང་གི་ཁ་ནས་ཧ་ལོ་ང་ནི་མེ་ཏོག་ཆུང་གྲས་སྐྱོང་བར་བྱེད་པའི་སྤྱོད་བཟང་དང་ལྡན་པ་ཞིག་ཡིན་ཚུལ་བཤད་ཀྱང་དོན་དངོས་ལ་མེ་ཏོག་བྱིངས་རྣམས་ལ་དྲིན་གྱིས་སྐྱོང་བའི་བྱ་བ་ནི་ངས་ཅང་མ་བསྒྲུབས་མོད། སླེ་ཡོན་ཅན་གྱི་ཐག་འཁྱུད་ཁོ་བ་ནི་ཆུང་ངུ་ནས་ད་ལྟའི་བར་དུ་ངའི་ལུས་པོར་འཐམ་འཁྱུད་ཀྱིས་འཚར་ལོངས་བྱུང་རིང་ངས་སུན་འཛེམས་མེད་པར་ལུས་པོའི་དྲོད་ཀྱིས་གསོ་སྐྱོང་བྱས་ཀྱང་ད་ནི་དེས་ཀྱང་རང་ལ་སྡིགས་མཛུབ་བྱེད་པར་མ་ཟད། ད་དུང་ང་ཡི་རྩ་བ་བཀོག་ནས་ལྡུམ་རའི་ཕྱི་རོལ་དུ་དབྱུང་བར་བྱེད་རྒྱུའི་གྲོས་མགོ་ཡང་བཏོན་པ་དེ་ནི་བསམ་ཡུལ་ལས་འདས། ད་ནི་མེ་ཏོག་གི་གཙུག་རྒྱན་དུ་མ་འཁོད་ཀྱང་མ་འཁོད། དེ་ལས་ལྡུམ་རའི་ཕྱི་རོལ་དུ་དབྱུང་བར་བྱས་ན་དཔྱིད་དཔལ་རབ་ཏུ་བཞད་པའི་ཡིད་འོང་ལྡུམ་ར་འདི་དང་ཁ་འབྲལ་དགོས་ཤིང་། རིང་མིན་ཉི་མའི་ཚ་གདུག་གིས་བསྐམས་ནས་ལྔ་བའི་ལམ་དུ་འགྲོ་ངེས་རེད། ཀྱེ་མ་ཀྱི་ཧུད། ད་ནི་དུཿཁའི་གཅོང་རོང་ཟབ་མོའི་རྩེ་མོར་ལྷགས་པས་ཅི་ཞིག་བྱ་ཞེས་སྨྲེ་སྔགས་ཀྱི་ཚིག་འདོན་བཞིན་པར་ནོངས་འགྱོད་ཆེན་པོས་ཡིད་རབ་ཏུ་གདུངས་ཏེ་འདྲེན་བྱེད་ཟུང་ནས་མཆི་མའི་ཕྲེང་བ་འཛད་མེད་དུ་ཟགས་པར་གྱུར། དེའི་ཚེ་ཚུལ་འདི་རྣམས་ཨ་མ་གཡུ་སྒྲོན་གྱི་མིག་ལམ་དུ་ཤར་ནས་གོང་གི་གཏམ་འཕྲོས་ལ་མཐུད་དེ་འདི་ལྟར་གསོལ་ལོ། །མཚར་བའི་ས་ལེ་སྦྲམ་གྱི་མན་ཌལ་ལ། །རིན་ཆེན་སྣ་ཚོགས་ཕྲ་ཚོམ་བརྒྱན་པ་བཞིན། །གཡུ་མདོག་ནེའུ་གསིབ་རབ་རྒྱས་དབེན་པའི་གནས། །ལྡུམ་ར་འདི་ལ་མེ་ཏོག་ཁྱེད་རྣམས་བརྒྱན། །ལྡུམ་རའི་དཔྱིད་ཀྱི་དཔལ་ཡོན་མཚར་བ་ནི། །འཆི་མེད་ལྷ་ཡི་དགའ་ཚལ་དང་མཚུངས་པ། །མེ་ཏོག་རེ་གཉིས་མཛེས་པའི་དཔལ་གྱིས་མིན། །མཚར་སྡུག་འགྲན་པའི་སྐྱེ་དངོས་ཀུན་གྱི་དཔལ། །དེ་ཕྱིར་སོ་སོའི་མཛངས་ཡོན་ཡོངས་བསྟན་ནས། །ཐུན་མོང་ལྡུམ་ར་འདི་ཉིད་སྤེལ་བ་ལས། །རེ་གཉིས་གཙུག་གི་རྒྱན་དང་དེ་བྱིངས་རྣམས། །དམན་པར་བྱེད་པའི་དགོས་པ་ཡོད་མིན་ཏེ། །ད་རེས་ཧ་ལོའི་ཚུལ་འཆོས་རློམ་སེམས་ཀྱིས། །རང་གི་སྤུན་ཟླར་སྡིགས་བྱེད་ཚུལ་མིན་ཀྱང། །ལན་གཅིག་འཆུགས་པར་ལྡུམ་རའི་ཕྱིར་དབྱུང་བའི། །ཉེས་པ་གཅོད་པ་དེ་བས་འོས་མིན་ཏེ། །ཚོགས་ཡོངས་ཞབས་འོག་མནན་ཏེ་རང་གཅིག་པུ། །གཙུག་རྒྱན་བྱེད་པའི་འདོད་ཚུལ་སྐྱུག་བྲོ་ཡང་། །ད་ཆ་རང་གི་སྤྱོད་ཚུལ་ངན་པ་ལ། །ནོངས་འགྱོད་ཟབ་མོའི་གཅོང་དུ་ལྷུང་བར་གཟིགས། །ཧ་ལོས་གཟུགས་དང་ཡངས་པའི་ལོ་མ་ཡིས། །གཉོད་ཆུང་རྣམས་ལ་རོགས་ཟླ་བྱེད་པ་ནི། །བདེན་པ་ཡིན་གྱི་མྱོང་ཚོར་ཟབ་མོ་ཞིག །ཐག་འཁྱུད་ཁྱེད་ལ་གདའ་བས་གསུང་བར་ཞུ། །ཞེས་ཨ་མ་གཡུ་སྒྲོན་གྱིས་ཁྱད་གསོད་ཀྱི་གདངས་དང་ལྡན་པའི་ངང་ནས་སྨྲས་པས། ཐག་འཁྱུད་ནི་ཉི་མ་མེ་ཏོག་འ་འཁྱིལ་ནས་འཁྲིལ་བ་དག་ལས་ལྷུག་པར་བྱས་ཀྱང་མར་འབབ་པ་ལ་ནི་ངོ་ཡང་ཚ། ཨ་མ་གཡུ་སྒྲོན་གྱིས་སྨྲས་པ་རྣམས་བདེན་ནོ་ཞེས་བརྗོད་པ་ལ་ནི་རང་གི་སྤྱོད་པའི་རྐྱེན་གྱིས་མེ་ཏོག་གཞན་རྣམས་བཞད་གད་བྱེད་པའི་ཡུལ་ལ་སོང་། ། ད་ནི་ཅི་བྱ་གཏོལ་བྲལ་གྱི་གནས་སུ་གྱར་ནས་ཨ་མ་གཡུ་སྒྲོན་ལ་ལྟ་ཙམ་ཡང་བྱེད་མ་ཕོད་པར་འདྲེན་ཟུང་རང་གི་རྐང་བར་ལྟ་བའི་ཚུལ་གྱིས་མགོ་བོ་སྒུར་ནས་ཅང་མི་སྨྲ་བར་ཡུལ་ཡུལ་བོར་གནས་སོ། །ཡང་ཨ་མ་གཡུ་སྒྲོན་གྱིས། བཅུ་དྲུག་ལང་ཚོོའི་ཆ་རྫོགས་ཟླ་བ་ལ། །མི་དགོས་ནད་ཡམས་གཟའ་ཡིས་འཆེ་བྱེད་བཞིན། །དཔྱིད་དཔལ་རིམ་པར་བཞད་པའི་ལྡུམ་ར་འདིར། །ཕན་ཚུན་འཁོད་པའི་ཀླན་ཀ་དགོས་དོན་མེད། །འོན་ཀྱང་ད་ལན་རྩོད་པའི་མེ་ལོང་ལས། །རང་མདོག་རང་གི་མཐོང་བ་བྱས་གྱུར་ནས། །སྐྱོན་དང་ཡོན་ཏན་ཚུལ་དང་ཚུཀ་མིན་གྱི། །བླང་དོར་སྤང་འཇུག་བྱ་བར་ནན་གྱིས་ཞུགས། །ཀ་ཡེ་མཚར་སྡུག་ཡོད་འོང་མེ་ཏོག་ཚོགས། །སྐྱེད་མོས་ཚལ་འདིར་གྱོད་དང་ཀླན་ཀ་སོགས། །ལྡུམ་རའི་མཚར་ཆོས་མོག་པར་བྱེད་པ་ཡི། །མི་འོས་སྒྲིབ་པ་མཐའ་དག་སེལ་བར་མཛོད། །བདག་ཅག་བརྩེ་བས་རིང་ནས་འགྲོགས་གྱུར་པའི། །གཅེན་གཅུང་ལྟ་བུའི་འདུ་ཤེས་ཟབ་མོོ་ཡིས། །ཕན་ཚུན་བསེན་པའི་ལ་རྒྱ་རབ་བཅིངས་ནས། །སྒེག་པའི་ཆོས་ཀུན་ཕྱོགས་བཞིར་ངོམས་པར་འཚལ། །ངེད་ཚོས་དེ་བས་བཀྲ་བའི་གཟབ་མཆོར་དང་། །རིང་ནས་འགུགས་པའི་ཞིམ་པོའི་དྲི་བསུང་གིས། །འཛིན་མའི་ཁྱོན་འདིར་རབ་བཞད་དཔྱིད་དཔལ་ལ། །དབང་གཞུང་ཇི་བཞིན་ལེགས་པར་བརྒྱན་བྱེད་དོ། ། ཞེས་བརྗོད་པས་ཧ་ལོ་དང་ཐག་འཁྱུད་གཉིས་ནི་ཚུལ་མིན་བྱ་བར་ཞུགས་པའི་འགྱོད་སེམས་ཀྱིས་སེམས་གདུངས། ཡང་ཨ་མ་གཡུ་སྒྲོན་གྱིས་དགེ་སྐྱོན་གང་ལའང་ཕྱོགས་རེ་སྤངས་ཏེ་ཚུལ་ཇི་མ་ཇི་བཞིན་དུ་སྨྲས་པ་དང་དཀྱེལ་ཆེ་ཁོང་ཡངས་ཀྱི་བློ་སྒོས་གྱོད་འདུམ་བཏང་བ་ལས་འོས་མིན་གྱི་དམའ་འབེབས་དང་ཉེས་གཅོད་སོགས་གཏན་ནས་མ་བྱས་པར་མ་ཟད། ད་དུང་ཚོགས་ཡོངས་ལ་སླད་མར་ལྷན་ཅིག་ཏུ་འགྲོགས་དགོས་པའི་བསྐུལ་མ་བཏང་བ་སོགས་ལ་བསམ་ནས་དགའ་སྐྱོ་གཉིས་ལྡན་གྱི་ཚོར་བ་བརྗོད་མི་ཤེས་པ་ཞིག་བྱུང་རུང་། རང་ཉིད་ནས་སྨད་པར་བྱས་པའི་མེ་ཏོག་རྣམས་ཀྱིས་དྭངས་པ་ཅིས་ཀྱང་མི་སྟེར་བསམས་ནས་མགོ་བོ་ཡར་བཏེགས་ཏེ་བལྟས་པ་ན་མེ་ཏོག་གི་ཚོགས་ཀྱིས་ཁོ་གཉིས་ལ་ལྟ་བཞིན་པ་ཡོད་པ་དང་། མཚར་སྡུག་ལྡན་པའི་མེ་ཏོག་རེ་རེ་བཞིན་གྱི་གདོང་ལ་བྱམས་བརྩེའི་དམར་མདངས་ཆེས་ཆེར་རྒྱས་ཤིང་གདུང་སེམས་ཀྱི་འཛུབ་བག་འཕྱུར་བཞིན་གནས་ལ། ལ་ལ་གསིག་གསིག་ཏུ་མཆོགས་པ་དང་། ལ་ལས་གཡབ་མོ་བྱེད་པ་སོགས་ཧ་ལོ་དང་ཐག་འཁྱུད་གཉིས་ལ་འཁོན་འཛིན་གྱི་དྲི་དང་བྲལ་ཞིང་། བརྩེ་བའི་མིག་གི་འོད་ཟེར་བཞིན་འཕྲོ་བཞིན་པར་བསུ་བ་བྱེད་པའི་ཚུལ་འདི་དག་མཐོང་ནས་ཁོང་གཉིས་ཀྱང་ཡིད་ཀྱི་དགའ་སྤྲོའི་པད་མཚོ་ཡོངས་སུ་འཕྱུར་ཏེ་ཞལ་གྱི་པད་མའི་འཛུམ་དགོད་ཀྱི་འདབ་མ་རབ་ཏུ་འཁྲོལ་ནར་གྱུར་ཏོ། ། ངང་ཚུལ་འདི་ཡིས་སྦྲང་རྩིའི་ཟས་ཅན་རྣམས་ཀྱི་བློ་སེམས་ལྷག་པར་གཡོས་ནས་དགའ་ཚོར་གྱི་སྣང་བས་མྱོས་ཏེ་དབང་མེད་དུ་བླངས་པའི་སྙན་ཞིང་འཇེབས་པའི་གླུ་དབྱངས་ཀྱིས་ལྡུམ་ར་འགེགས་པར་བྱས་པ་དང་། ཐོས་འཛིན་དབང་པོའི་བདུད་རྩིར་གྱུར་བའི་མགུར་གྱིས་བསྐུལ་ཏེ་ཡིད་འོང་མེ་ཏོག་གི་ཚོགས་རྣམས་ཀྱང་ལང་ཚོའི་མཆོར་སྒེག་གི་འགྱིང་ཉམས་དང་ལྡན་པའི་གར་ལ་རོལ་ནས་དགའ་སྐྱིད་ཕུན་སུམ་ཚོགས་པའི་རྣམ་པས་རབ་ཏུ་ཁེངས། དེའི་ཆེ་ན་ཨ་མ་གཡུ་སྒྲོན་ནི་རང་གིས་ཡུན་རིང་དཀའ་སྤྱད་སྲིང་བྱས་པའི་འབྲས་བུ་ལས་བྱུང་བའི་ལྡུམ་ར་འདི་ལ་སྤྲོ་ཉམས་དང་ལྡན་པའི་རྣམ་པ་གསར་པ་ཞིག་སླར་ཡང་འཕྱུར་བས་བློ་བདེ་བག་ཕེབས་ཀྱིས་འཛུམ་བག་དང་ལྡན་པའི་སྒོ་ནས་གཡོས་ཁང་དུ་ཁྱིམ་འཛིན་མའི་བྱ་བ་ལ་འཇུག་པར་ཆས་སོ།། །། ((ཕྲན་བཤད))སྒྲུང་ཐུང་འདིས་ཨ་མ་གཡུ་སྒྲོན་གྱི་མེ་ཏོག་ལྡུམ་རའི་ནང་གི་དྲང་ལྡོག་ཕྱོགས་ཀྱི་མེ་ཏོག་འགའི་བར་ཀྱི་ཀླན་ཀ་བརྒྱུད་དེ་འགལ་བ་ནི་ཆོས་དང་འཇིག་རྟེན། སྤྱི་སྒེར་གཉིས་ཀའི་བྱ་བ་རྣམས་འགྲུབ་པའི་གེགས་རྐྱེན་ཡིན་ལ། མཐུན་སྒྲིལ་འབའ་ཞིག་ནི་རང་གཞན་ཀུན་གྱི་ཕུན་ཚོགས་ཀྱི་གཞི་མ་ལྟ་བུ་ཡིན་པས། མི་བྱིངས་ཀྱིས་འཛུབ་མོ་ལྔ་བཅངས་ཁུ་ཚུལ་གྱིས་སྤྱིའི་ཁེ་གྱོང་ལ་འབད་ན་རང་དོན་ཞོར་ཡིན་པར་འཚོ་བའི་གཏན་ཚིགས་ཤིག་ཀློག་པ་པོར་བསྟན་ཡོད། རྩོམ་འདི་རྩོམ་པ་པོས་དངོས་ཡོད་འཚོ་བའི་རྟོག་ཞིབ་དང་འབྲི་བཞེངས་ཙམ་གྱིས་ཡིད་མི་ཚིམ་པར།སྤྱི་ཚོགས་སྣང་ཚུལ་དེ་དག་གི་སྔ་རྐྱེན་ཕྱིས་འབྱུང་ལ་དཔྱད་ཞིབ་ཀྱིས་འཚོ་བའི་ཁྲོད་ཀྱི་གཏན་ཚིགས་ཤིག་སྔོག་འདོན་བྱས་ཡོད་པས། གཏན་ཚིགས་རང་བཞིན་གྱི་ཆ་ནས་གཞན་གྱི་བརྩམས་ཆོས་དང་མི་འདྲ་བའི་དགེ་མཚན་ཐུན་མོང་མ་ཡིན་པ་ཞིག་ལྷུག་པོར་ཐོན་ཡོད། དེའི་ཆ་ནས་སྒྲུང་འདི་བྱིས་སྒྲུང་གི་རྣམ་པ་དང་བརྗོད་བྱར་ཅུང་ཉེ་བའི་སྒོ་ནས་འོས་མིན་ལུགས་འགལ་གྱི་སྤྱི་ཚོགས་སྣང་ཚུལ་གྱི་སྨུག་སྤྲིན་དྭངས་བར་བྱས་ཏེ་མི་རྣམས་ལ་མིག་སྔར་གྱི་སྣང་ཚུལ་གསལ་སྟོན་བྱས་ཡོད་ནའང། རྩོམ་འདིའི་མི་སྣ་རྣམས་རང་གཤིས་ཤིན་ཏུ་གསལ་བ་ཤ་སྟག་ཏུ་ཡོད། ། ཧ་ལོ་དཀར་པོ་ནི་གཞན་གྱི་ཕུན་ཚོགས་ལ་ཕྲག་དོག་ཆེ་ཞིང་། ཁ་ཡག་ངོ་དགའ་ཤིན་ཏུ་ར་རོ་བ། ལྷག་པར་ཧམ་སེམས་ཀྱི་ལག་ཟུང་ནམ་ཡང་གཞན་ལ་རྐྱོང་བའི་མི་སྣ་ཞིག་རེད། ཐག་འཁྱུད་མེ་ཏོག་གིས་མི་རྒྱུད་ཀྱི་རྩིས་མཐོང་བོར་བའི་ཧམ་པ་དེ་རང་ཉིད་འཚོ་བཞེས་ཙམ་གྱི་ཆེད་ཡིན་ལ། ཧ་ལོ་དཀར་པོས་མི་རྒྱུད་ཀྱི་རྩིས་མཐོང་བོར་བའི་ཧམ་པ་དེ་མ་སེམས་ཅན་ཐམས་ཅད་གླེན་པར་གྱུར། གླེན་པ་ཐམས་ཅད་རྟོལ་བོར་གྱུར། རྟོལ་བོ་ཏམས་ཅད་ངར་དབང་། ཞེས་པ་ལྟར་རང་ཚོད་ལས་རིང་དུ་བརྒལ་བའི་ཧམ་པ་མཐར་ཐུག་པ་ཞིག་རེད། ཐག་འཁྱུད་མེ་ཏོག་ནི་ཡིན་མིན་ལེགས་ཉེས་ཀྱི་བླང་དོར་ལ་བློ་མིག་མ་བསྡོངས་པ་ཞིག་ཡིན་ནའང་། རང་སྒེར་གྱི་ཁེ་གྱོང་ཕྲན་བུའི་ཆེད་འབྱོར་ཚེ་ཉེ་བའི་ས་ན་ཞུམ་ཞུམ་དུ་འགྲོ་ཞིང་། རྒུད་ཚེ་རིང་བའི་ས་ནས་མཛུབ་ཤེར་གྱིས་འཕྱ་བ། ཞེས་པ་ལྟར། བདེན་ལུགས་སྦས་ཏེ་སྨྲ་མི་འདོད་ཅིང་། ཡུལ་དུས་གནས་བབ་ཀྱི་འགྱུར་ལྡོག་དང་བསྟུན་ཏེ་རང་དོན་སྒྲུབ་རྒྱུར་གོམས་པའི་གྱང་ཁའི་རྩའི་བརྟུལ་ཞུགས་ཅན། མཐོ་བ་ལ་ལེགས་སོ་དང་དམའ་བ་ལ་ཁྱད་གསོད་ཀྱི་རང་གཤིས་མངའ་བ། སྐྱ་སེར་ཕོ་མོ་སུམ་བལྟས་ཀྱང་ཞེ་མེར་བའི་སྒྱུ་རྩལ་སྣང་བརྙན་ཆེས་ཕུལ་དུ་བྱུང་བ་ཞིག་རེད། ཧང་ཏ་མཚལ་ཀ་ནི་སྤྱི་སེམས་ཆེ་ལ་ལྷག་བསམ་དང་ལྡན་པས་བདེན་ལུགས་ཀྱི་རྒྱབ་སྐྱོར་ཆེ་ཕོ་གཏམ་ངོ་དང་དྲི་མག་ཆུ་ཞེས་པ་ལྟར། བདེན་རྫུན་དང་འགྲིག་མིན་གྱི་གནས་ལུགས་གཅིག་གཉིས་ཀྱིས་སྨྲ་སྤོབས་ཀྱང་། ཕ་རོལ་ཉམ་ཐག་ལ་བྱམས་སེམས་ཆེ་ཐལ་བས་བདེན་དོན་བརྩོན་ལེན་བྱེད་པའི་བྱ་གཞག་གི་མཐའ་འཁྱོལ་དཀའ། མེ་ཏོག་ཁྲག་ཐིག་ནི་བདེན་དོན་ལ་ཕྱོགས་པའི་མི་སྣ་ཞིག་ཡིན་མོད། ཁོར་ཨ་མ་གཡུ་སྒྲོན་ལྟ་བུའི་རྒྱབ་རི་བྲག་ལྟ་བུ་ཞིག་མེད་ཚེ། བདེན་ལུགས་ཁོང་དུ་སྦེད་དེ་ཁར་འབྱིན་པའི་སྤོབས་པ་དང་བྲལ་པའི་རང་གཤིས་ཟུང་ཟད་ཡོད། ། ཨ་མ་གཡུ་སྒྲོན་ནི་བརྩམས་སྒྲུང་འདིའི་ཁྲོད་ཀྱི་དྲང་ཕྱོགས་མི་སྣ་ཡིན་ལ། ཡིན་མིན་ལེགས་ཉེས་ཤན་འབྱེད་པའི་གཟུ་བ་ལྟ་བུའང་ཡིན། རྩོམ་པ་པོས་སྨྱུག་ཁ་མང་པོ་བཀོལ་ནས་མི་སྣ་འདིའི་གཤིས་ཀ་འབྲི་བཞེངས་བྱས་མེད་ནའང་། མི་སྣ་འདི་ལ་གཞན་དང་མི་འདྲ་བའི་བྱེད་ནུས་གལ་ཆེན་ཞིག་ཡོད། འདི་ནི་རྩོམ་པ་པོའང་ལྷུག་བརྗོད་བྱེད་མཁན་ཉིད་ཨ་མ་གཡུ་སྒྲོན་གྱི་ལུས་ལ་འཕོས་ཏེ། འདི་སྣང་ལ་རྟོག་ཞིབ་བྱས་ཆོག་པ་མ་ཟད་མི་སྣ་འདིས་རང་ཉིད་ཀྱི་སེམས་ཁམས་དང་དྲན་ཚུལ་ཡང་སྤྲོས་ཆོག །གལ་ཏེ་ཨ་མ་གཡུ་སྒྲོན་གྱི་མིག་དབང་མ་གཡར་ན་མེ་ཏོག་ལྡུམ་རའི་ནང་གི་ཡོད་ཚད་རྩོམ་པ་པོའི་ཆ་ཞིག་དང་བརྩམས་ཆོས་ཁྲོད་ཀྱི་མི་སྣ་དཀྱུས་མ་ཞིག་གི་ཆ་བཅས་ཕྱོགས་གཉིས་ཀྱིས་གྲུབ་ཡོད། ། གཞན་ཡང་། ཧ་ལོས་རང་ཉིད་མེ་ཏོག་ཀུན་གྱི་གཙུག་རྒྱན་དུ་འཁོད་རྒྱུའི་གྲབས་གཤོམ་བྱས་ཚེ། ཨ་མ་གཡུ་སྒྲོན་གཙོས་པའི་མེ་ཏོག་བྱིངས་ཀྱིས་ཁ་རྡུང་ཚ་ནན་བཏང་མཐར། ཧ་ལོ་དང་ཐག་འཁྱུད་གཉིས་ཀྱིས་སྔར་བྱས་ལ་ནོངས་འགྱོད་ཀྱིས་སླར་ཡང་མཐུན་འགྲིག་གིས་མིས་སྨོན་རང་སྐྱིད་ཀྱི་ལྡུམ་ར་ཞིག་ཏུ་གྱུར། ཞེས། མཇུག་བསྡུ་སྐབས་རྩོམ་པ་པོས་རང་ཉིད་ཀྱི་བསམ་དོན་བཞིན་གཏམ་རྒྱུད་རིལ་པོ་སྤྲོ་བའི་ངང་མཇུག་བསྡུས་ཡོད། ཧམ་སེམས་ཀྱི་འདབ་ལོ་རིང་དུ་བརྐྱངས་པའི་ཧ་ལོ་དང་། རང་ཚུགས་མེད་པའི་ལུས་པོ་སུ་ལའང་འཁྲིལ་བའི་ཐག་་འཁྱུད་གཉིས་ཀྱི་གཤིས་ཀར་བརྟན་ཚེ། ལྡུམ་རྭ་འདིར་སྔར་བཞིན་མིས་སྨོན་རང་སྐྱིད་ཅིག་འབྱུང་ཐུབ་བམ། དེ་ལས་མེ་ཏོག་དེ་དག་གི་འགལ་བ་སྔར་ལས་ཇེ་དྲག་དུ་བཏང་སྟེ། ལྡུམ་རྭ་དེའང་ཞིག་རལ་དུ་སོང་ཞིང་ཚེ་སྲོག་གི་རྒྱུ་བ་དབེན་པ་ཞིག་བྱས་ཏེ། སྐྱོགར་གྱི་ཚུལ་དུ་མཇུག་བསྡུས་ན་མི་སྣའི་གཤིས་ཀ་དང་འཚམས་ཤིང་། ཀློག་མཁན་ལའང་ལྡོག་ཕྱོགས་ནས་མཏུན་སྒྲིལ་གྱི་གལ་ཆེན་རང་བཞིན་དེ་ངེས་ཤིས་གཏིང་ཟབ་མོ་འདྲོངས་ཐུབ་པས། རྩོམ་པ་པོས་སུན་འབྱིན་བྱེད་ཡུལ་གྱི་མི་སྣར་བཟོད་སྒོམ་ཏལ་ཆེ་བ་དང། ཉིད་ཀྱིི་བརྩེ་སེམས་ཆེ་ཐལ་བས་འཚོ་བའི་གནས་ལུགས་ལ་འཁྱོག་སྤྲོས་བྱས་པའི་ཆ་ཅུང་མངོན་ཡོད་སྙམ་མོ།། །། གསལ་བཤད། ‘’བོད་རྩོམ་གསར་བའི་བརྩམས་ཆོས་བདམས་ཡོད།’’ ཅེས་པའི་དེབ་ནས་བཤུས། ལྕགས་ཐར་གྱིས་བརྩམས་བསྒྲིག་བྱས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།