ཚ་བ་སྒང་ཡེ་ཆེན་དགོན་པའི་ལོ་རྒྱུས།
༡༽ ཚ་བ་ཡེ་ཆེན་དགོན་པ།
དགོན་འདིའི་མིང་རྒྱས་པར་ཚ་བ་ཡེ་ཆེན་སྨིན་གྲོལ་ཐེག་མཆོག་ཆོས་གླིང་ཞེས་གསོལ་ཞིང་། ཀཾ་ཚང་གི་རིང་ལུགས་འཛིན་པའི་ཆོས་སྡེ་ཞིག་ཡིན། བོད་ཆུ་བཞི་སྒང་དྲུག་གི་ནང་ཚན་ཚ་བ་སྒང་དུ་ཆགས་ཡོད། ཀརྨ་པ་དུས་གསུམ་མཁྱེན་པའི་དངོས་སློབ་འགྲོ་མགོན་རས་ཆེན་གྱིས་ཕྱི་ལོ་ ༡༡༩༦ ཡས་མས་སུ་ཕྱག་བཏབ་ཅིང་མཚན་ལའང་ཡེ་ཆེན་རི་ཁྲོད་ཅེས་གསོལ་བར་གྲགས། ཕྱིས་སུ་གྲུབ་ཐོབ་ཀརྨ་རྣམ་རྒྱལ་སོགས་ཀྱིས་དགོན་འདིའི་སྒྲུབ་བརྒྱུད་བསྟན་པའི་རྒྱུན་ལེགས་པར་བསྐྱངས་ཤིང་། ༡༩༠༡ ཡས་མས་སུ་ཡེ་སྤྲུལ་སྐུ་ཕྲེང་དང་པོ་གྲུབ་དབང་བསོད་ནམས་རང་གྲོལ་དང་ཀརྨ་ཡན་ལག་བཅས་ཀྱིས་གཏེར་ཆེན་མཆོག་གྱུར་གླིང་པའི་ཞལ་བཀོད་ལྟར་གཙུག་ལག་ཁང་དང་སྒྲུབ་ཁང་གསར་བཞེངས་སོགས་མཛད་དེ། དེ་སྔའི་སྦྲ་དགོན་གྱི་རྣམ་པ་ལས་ཇེ་རྒྱས་སུ་བཏང་། ཇོ་བླ་མ། སྟག་གཡག་བླ་མ་སོགས་ཀྱིས་ཀྱང་གནས་དེར་བསྟན་པའི་མཛད་འཕྲིན་བསྐྱངས། སྐབས་དེར་དགེ་འདུན་གྱི་སྡེ་མང་དུ་ཡོད་ལ་རང་དགོན་གྱི་བླ་མས་བཏབ་པའི་ཕྱོགས་བཞི་ལ་རི་ཁྲོད་བཞི་ཡོད། གདན་ས་བར་པ་ཀརྨའི་དགོན་ནས་བླ་བསྐོས་མངགས་ཏེ་ཆོ་ག་ཆོས་སྤྱོད་སོགས་ཀརྨའི་ལུགས་ལྟར་གནང་བ་དང་། དགུ་དུས་མཆོད་དག་རྒྱས་སུ་མཆིས། ཆགས་སྤྲུལ་དྲུག་པ་ཀརྨ་ཚུལ་ཁྲིམས་རྣམ་རྒྱལ་དང་། ཀར་སྲས་ཀོང་སྤྲུལ་དཔལ་ལྡན་མཁྱེན་བརྩེ་འོད་ཟེར། འཛི་སྒར་ཀོང་སྤྲུལ་བློ་གྲོས་རབ་འཕེལ་སོགས་སྐྱེས་ཆེན་དུ་མ་ཞིག་དགོན་འདིར་ཕེབས་ཏེ་ཆོས་ཀྱི་འགྲོ་དོན་མཛད། དཔལ་རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེས་དགོན་འདིར་བཅའ་ཡིག་ཆེན་མོ་བསྩལ་ཅིང་ད་ལྟའང་མ་ཉམས་པར་བཞུགས། དུས་འགྱུར་སྐབས་དགོན་འདི་མིང་ཤུལ་ཙམ་གྱུར་ཀྱང་། ཡེ་སྤྲུལ་སྐུ་ཕྲེང་གཉིས་པའི་ ༡༩༨༤ ལོར་བྱམས་མགོན་ཏཱའི་སི་ཏུ་པདྨ་དོན་ཡོད་རིན་པོ་ཆེ་མཆོག་ལྟོ་ཆེན་མདའ་རུ་གདན་དྲངས་ཏེ། ས་གཞི་བྱིན་རླབས་སོགས་ཞུས་ཤིང་། གཙུག་ལག་ཁང་དང་སྒྲུབ་ཁང་སོགས་བཏབ་ནས་ ༡༩༨༧ ལོར་ཀརྨ་ཆགས་མེད་རིན་པོ་ཆེ་སྐུ་ཕྲེང་བདུན་པ་མཆོག་གཙུག་ལག་ཁང་དབུ་འབྱེད་སོགས་གནང་། ༡༩༩༡ ལོར་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་ལེགས་པར་གྲུབ་ནས། རྗེ་ཁོང་གིས་ཀཾ་ཚང་གི་ཕྱག་བཞེས་ལྟར་ཆོ་ག་ཆོས་སྤྱོད་འདུས་པ་རྣམས་ལ་བསླབས་པ་དང་། ནཱ་རོའི་སྒྲུབ་ཁང་སོགས་གསར་འཛུགས་གནང་། དུལ་མོ་ཆོས་རྗེ་རིན་པོ་ཆེ་དང་སེ་རྒྱལ་དབང་གཙོས་བླ་ཆེན་མང་པོ་གདན་དྲངས་ཏེ་སྔགས་མཛོད་དང་རིན་ཆེན་གཏེར་མཛོད་སོགས་ཀྱི་དབང་ལུང་ཚུགས། ད་དུང་ཐོས་བསམ་མཛད་པའི་བཤད་གྲྭའི་སྲོལ་གསར་དུ་ཕྱེས་ཤིང་། མདོར་ན་རྗེ་ཁོང་གིས་བཤད་སྒྲུབ་ལས་གསུམ་གྱི་ཕྱག་ལས་གནང་སར་དགོན་འདི་དར་རྒྱས་ལེགས་པར་མཛད། ད་སྐབས་དགོན་པར་བླ་སྤྲུལ་མཁན་སློབ་བླ་གྲྭ་བརྒྱ་ཕྲག་ལྷག་བཞུགས་ཤིང་བསྟན་འགྲོའི་དོན་མཛད་བཞིན་པའོ། །
༢༽ ཚ་བ་ཡེ་ཆེན་དགོན་པའི་བཤད་གྲྭ །
སྤྱིར་ཡེ་ཆེན་དགོན་པར་སྔ་མོ་ནས་སྐྱེས་ཆེན་རྣམས་ཀྱིས་འདུས་མང་ལ་བཀའ་ཁྲིད་སྩོལ་སྲོལ་ཡོད་ཀྱང་བཤད་གྲྭ་ཞེས་ལོགས་སུ་བྱུང་མེད། ཕྱི་ལོ་ ༢༠༠༤ ལོར་ཡེ་སྤྲུལ་ཀརྨ་སྒྲུབ་བརྒྱུད་ཀྱི་ཐུགས་བཞེད་ལྟར་གདན་ས་བར་པའི་མཁན་རྣམ་སྲས་བསོད་ནམས་གདན་དྲངས་ཤིང་། ཁོང་གིས་སྡོམ་གསུམ་སོགས་འཆད་ཁྲིད་གནང་སྟེ་བཤད་གྲྭའི་དབུ་ཚུགས། ལོ་དེའི་བོད་ཟླ་ ༡༡ པའི་ནང་མཁན་ཆེན་བསྟན་པ་རབ་རྒྱས་ཕེབས་ཏེ་གྲྭ་མང་དག་ལ་དགེ་ཚུལ་སློང་གི་སྡོམ་པ་བསྩལ། རིགས་ལམ་བསླབས་ཏེ་ཆོས་རར་རྩོད་པའི་སྲོལ་ཡང་ཚུགས། དེ་རྗེས་མཁན་པོ་འགས་རེས་མོས་སུ་ཐུན་མོང་དང་ཐུན་མིན་གྱི་རིག་གཞུང་ཅི་རིགས་ཁྲིད་དེ་བཤད་གྲྭའི་རྒྱུན་བསྐྱངས་ཤིང་། འབྲི་ཀློག་གཙོས་པའི་ཐུན་མོང་རིག་གནས་ཀྱི་གཞི་རིམ་འཛིན་གྲྭ་ཞིག་གསར་དུ་ཚུགས། ཕྱི་ལོ་ ༢༠༠༧ ལོར་སྟག་གཡག་སྤྲུལ་སྐུའི་གདན་ས་དཔལ་སྤུངས་ནས་མཁན་རྒྱ་མཚོ་གདན་དྲངས་ཤིང་། ཁོང་གིས་བཤད་གྲྭ་འདི་ཉིད་ལོ་ངོ་བཅུ་ཕྲག་གི་རིང་དུ་ལེགས་པར་བསྐྱངས་པས། བཤད་གྲྭའི་མཚན་སྙན་རྒྱས་ཏེ་དགོན་ཁག་གཞན་ནས་གྲྭ་རྒྱུན་ཡང་འདུས་པས་བཤད་གྲྭའི་སློབ་གཉེར་པ་མང་དུ་ཕྱིན། ཕྱི་ལོ་ ༢༠༡༡ ལོར་འཛིན་གྲྭ་གོང་རིམ་དག་བཀའ་བརྒྱུད་དགུན་ཆོས་སུ་ཕེབས་ནས་དགོན་སྤྱི་ཡིས་ཨང་དང་པོ་དང་། མི་སྒེར་གྱིས་ཨང་རིམ་ཚད་ལྡན་དུ་མར་བླངས་པས་ཡུན་ཐུང་ལ་ཡར་རྒྱས་ཆེ་བ་ཞེས་ཀུན་གྱིས་བསྔགས་བརྗོད་འཐོར་བའི་བཤད་གྲྭ་ཞིག་ཏུ་གྱུར། མཁན་རྒྱ་མཚོ་གཙོས་པའི་མཁན་པོ་རྣམ་པས་ཕྱི་ལོ་ ༢༠༡༧ ལོར་བཀའ་པོད་མཐར་ཕྱིན་པ་དག་ལ་མཐར་ཕྱིན་ཕྱག་ཁྱེར་དང་། ཕྱི་ལོ་ ༢༠༡༨ ལོར་དམིགས་བསལ་སྦྱངས་འབྲས་འབུར་དུ་ཐོན་ཅིང་ཀུན་སྤྱོད་ལེགས་པའི་གྲྭ་པ་དག་མཁན་ཁྲིར་མངའ་གསོལ་གནང་། སློབ་མ་རྣམས་ཀྱིས་ལོ་ལྟར་འཆད་རྩོད་རྩོམ་གསུམ་སོགས་ཀྱི་རྒྱུགས་ཐེངས་གཉིས་སྤྲད་དེ་ལོ་མཇུག་ཏུ་ཨང་རིམ་ལྟར་གཟེངས་རྟགས་འབུལ་བ་བཅས་ཀྱི་སྲོལ་ཚུགས། ཕྱི་ལོ་ ༢༠༡༩ ལོར་འཛིན་གྲྭ་གོང་རིམ་རྣམས་བཀའ་བརྒྱུད་དགུན་ཆོས་སུ་ཕེབས་ཏེ་དགོན་སྤྱི་ཡིས་ཨང་གཉིས་པ་དང་། མི་སྒེར་དག་གིས་ཨང་རིམ་དང་པོའི་དང་པོ་སོགས་མང་དུ་བླངས་པས་བཤད་གྲྭར་བསྟོད་བསྔགས་ཆེན་པོར་ཐོབ། ད་སྐབས་མཁན་སྤྲུལ་རྣམས་ཀྱིས་བཤད་གྲྭའི་རྒྱུན་སྐྱོང་གནང་བཞིན་ཡོད་ལ། བླ་གྲྭ་བརྒྱ་ཡས་མས་ཀྱིས་བཀའ་བརྒྱུད་པའི་རང་ལུགས་ཡིག་ཆའི་ཐོག་ནས་ཐོག་མར་སུམ་རྟགས་དག་གསུམ་ནས་བཟུང་ཐུན་མོང་རིག་གནས་སྤྱི་དང་། མདོ་སྔགས་གཞུང་ཆེན་བརྒྱད་སོགས་ལོ་ཡི་ཚད་གཞི་ལྟར་རིམ་བཞིན་གསན་སྦྱོང་བྱ་དགོསོ། །
༣༽ ཚ་བ་ཡེ་ཆེན་དགོན་པའི་སྒྲུབ་ཁང་།
སྤྱིར་ཚ་བ་ཡེ་ཆེན་དགོན་ནི་སྔོན་ཆད་བཤད་སྒྲུབ་གཉིས་ལས་སྒྲུབ་པར་རྩལ་འདོན་མཛད་པ་ཞིག་ཡིན་གཤིས། དགོན་འདི་ཆགས་ནས་སྒོམ་སྒྲུབ་ཉམས་ལེན་གནང་མཁན་བགྲང་ལས་འདས་པ་ཞིག་བྱུང་ཡོད་པར་སྨོས་མ་དགོས་ལ། དམིགས་བསལ་དུ་ཕྱི་ལོ་ ༡༩༠༡ ཡས་མས་སུ་གྲུབ་དབང་བླ་མ་བསོད་ནམས་རང་གྲོལ་སོགས་ཀྱིས་སྒྲུབ་ཁང་གསར་བཞེངས་གནང་ཏེ། ནཱ་རོའི་སྒྲུབ་ཁང་གི་ཕྱག་བཞེས་ལྟར་སྒྲོལ་དཀར་ཚེ་སྒྲུབ་དང་། གཏོར་མ། བསང་། གཏོར་བསྔོ། གསུར་བཅས་རྒྱུན་ཁྱེར་གནང་ཐོག ཕུར་པ། སྔོན་འགྲོ། ཐུན་བཞི། མགོན་པོ། པཀྴི་བླ་སྒྲུབ། འོད་དཔག འཕོ་བ། མར་མི་དྭགས་གསུམ་གྱི་བླ་སྒྲུབ། ཕག་མོ། ཆོས་དྲུག བདེ་མཆོག རྒྱལ་བ་རྒྱ་མཚོ། གཅོད་བཅས་ཀྱི་རིམ་བཞིན་བསྙེན་སྒྲུབ་ལས་གསུམ་གྱི་ཕྱག་ལས་གནང་སྲོལ་བཙུགས། དེ་ཡང་དུས་འགྱུར་གོང་དུ་བྱ་རིགས་དགའ་དགའ་འོག་མིན་ཀརྨའི་སྒྲུབ་ཁང་དུ་ལོ་དགུ་ཡས་མས་བཞུགས་ཏེ། ཕྱིས་རང་དགོན་དུ་ཕེབས་ནས་སྒྲུབ་ཐེངས་གཉིས་ཀྱི་སྒྲུབ་དཔོན་མཛད། ཁོང་གིས་མཐོང་བ་བརྒྱུད་པའི་ཕྱག་བཞེས་མ་ནོར་བའི་སྒོས་སྒྲུབ་གྲྭ་མང་དུ་བསྐྱངས་ཤིང་བློ་བཟང་དཔལ་ལྡན་སོགས་གྲུབ་པའི་རྟོགས་པ་བརྙེས་པའི་སྐྱེས་ཆེན་ཡང་བྱོན། དུས་འགྱུར་སྐབས་ཉམས་ཆག་སོང་ཡང་། ཕྱི་ལོ་ ༡༩༨༤ ལོར་ཡེ་སྤྲུལ་རིན་པོ་ཆེས་སྒྲུབ་ཁང་གསར་བཞེངས་མཛད་དེ། ཕྱི་ལོ་ ༡༩༩༢ ཆུ་སྤྲེལ་ལོར་གདན་ས་བར་པའི་བླ་མ་བསོད་བསྟན་སྒྲུབ་དཔོན་དུ་གདན་འདྲེན་ཞུས་ནས། ལོ་དེའི་བོད་ཟླ་ ༤ ཚེས་ ༢༩ ཉིན་སྒྲུབ་སྒོ་བསྡམས། དེ་ནས་བླ་མ་ལྷ་རྡོ་དང་། བཀྲ་ཤིས་རྒྱལ་མཚན། རྒྱ་རི་སྙི་དགའ་རྒྱལ་མཚན། ཤེས་རབ་འོད་གསལ་བཅས་ཀྱིས་ད་བར་སྒྲུབ་ཐེངས་དགུའི་རིང་ལ། མང་སྐབས་སྒྲུབ་གྲྭ་བཅུ་གཉིས་གསུམ་ནས། ཉུང་དུས་བདུན་བརྒྱད་ཡས་མས་ལ་ལོ་གསུམ་ཕྱོགས་གསུམ་དུ་ནཱ་རོའི་སྒྲུབ་ཁང་གི་ཕྱག་བཞེས་མ་ཚང་བ་མེད་པའི་དབང་ལུང་མན་ངག་གནང་ཞིང་། ཆོ་ག་ཕྱག་ལེན་ཡང་ལེགས་པར་བསླབས་ཏེ། ད་བར་སྒྲུབ་བླ་བརྒྱད་ཅུ་ལྷག་བསྐྱེད་བསྲིངས་བྱས་ནས་སྒོམ་སྒྲུབ་ཉམས་ལེན་གྱི་བསྟན་པ་བསྐྱངས་དང་སྐྱོང་བཞིན་པ་ལགས་སོ། །
༤༽ ཚ་བ་ཡེ་ཆེན་འགྲོ་གླིང་རི་ཁྲོད།
ཚ་བ་ཡེ་ཆེན་དགོན་པའི་ཕྱོགས་བཞིར་རི་ཁྲོད་བཞི་ཡོད་པའི་ལྷོ་ཡི་རི་ཁྲོད་ཡིན་ལ། དུས་རབས་བཅུ་དགུ་པའི་སྨད་དུ་གྲུབ་དབང་བསོད་ནམས་རང་གྲོལ་གྱིས་ཚ་བ་སྒང་ཆུ་བྲག་ལུང་པའི་འཕེལ་ཕྱུག་སྐེད། སྔར་བང་ཆེན་ཚང་གི་གཞིས་སྤོས་མལ་ཡོད་པའི་གནས་དེར་ཕྱག་བཏབ། མཚན་ལ་རིན་ཆེན་འགྲོ་འདུལ་བྱང་ཆུབ་ཆོས་གླིང་ཞེས་གསོལ། ཁོང་གིས་པདྨ་བཛྲའི་བསྙེན་པ་དུང་ཕྱུར་དུ་མར་བསགས་པ་སོགས་མཛད་ནས་ཡུན་རིང་དུ་བཞུགས་ཤིང་སྒོམ་སྒྲུབ་ཀྱི་བསྟན་པ་བསྐྱངས། ཡུལ་མི་ཚོས་ཁོང་གྲུབ་པ་ཐོབ་པ་དང་སྐུ་གཤེགས་པའི་གནས་རྩ་ཆེན་ཞིག་ཏུ་བརྩི། དུས་འགྱུར་སྐབས་ཉམས་ཆག་བྱུང་བས། ཕྱི་ལོ་ ༡༩༩༠ ཡས་མས་སུ་ཡེ་སྤྲུལ་རིན་པོ་ཆེའི་ཞལ་བཀོད་ལྟར། པདྨ་རྡོ་རྗེས་གཙོ་འགན་ཁུར་ནས་རུ་ཁག་ལ་དངུལ་སློང་བྱས་ཏེ་འཁོར་ཁང་ཀ་མིག་བཞི་ཙམ་ཞིག་སྐུ་གོང་མའི་གཟིམས་ཤག་མལ་དུ་བཞེངས། དེ་རྗེས་ཡེ་སྤྲུལ་རིན་པོ་ཆེས་བླ་མ་བཤད་སྒྲུབ་དེར་བཞུགས་དགོས་གསུངས་ནས་ཡེ་ཆེན་སྒྲུབ་ཁང་དུའང་དབང་དང་གདམས་ངག་གང་མང་རེ་ཞུ་བཅུག་པ་སོགས་མཛད། ཕྱི་ལོ་ ༡༩༩༤ ལོར་བླ་མ་སྙན་པའི་འབྲུག་གྲགས་ཀྱིས་འདུ་ཁང་བསྐྱར་གསོ་དང་། རྟེན་གསུམ་བཞེངས་པ། དུས་མཆོད་འཛུགས་པ་སོགས་མཛད་དེ་ལོ་བཅུ་ཕྲག་ཙམ་ལ་བསྟན་པའི་བྱ་བ་གནང་། ཕྱིས་ཡེ་སྤྲུལ་རིན་པོ་ཆེས་ད་ཡོད་ཀྱི་འདུ་ཁང་གསར་བཞེངས་དང་། རྒྱ་རི་སྙི་དགའ་རྒྱལ་མཚན་བླ་བསྐོས་གནང་བ་སོགས་མཛད་ཅིང་། ད་སྐབས་བླ་མ་བཤད་སྒྲུབ་ཀྱིས་དབུ་མཛད་དེ་བཙུན་མ་རྣམས་ཀྱིས་བསྐང་གསོལ་དང་དུས་མཆོད་མ་ཆག་པའི་ཐོག་གང་འཚམ་གྱི་བསྙེན་སྒྲུབ་རེའང་གནང་བཞིན་ཡོད།
༥༽ ཚ་བ་ཡེ་ཆེན་ཁྲིབ་ལུང་རི་ཁྲོད།
ཚ་བ་ཡེ་ཆེན་དགོན་པའི་ཕྱོགས་བཞིའི་རི་ཁྲོད་བཞི་ཡི་ནང་ནས་ནུབ་ཀྱི་རི་ཁྲོད་དེ། ཕྱི་ལོ་ ༡༨༩༣ ཡས་མས་སུ་རྒྱ་རི་གྲགས་པ་རྒྱལ་མཚན་གྱིས་ཚ་བ་སྒང་ལྟོ་ཆེན་ལུང་པའི་ཁྲིབ་ལུང་ཕུ་རུ་ཕྱག་བཏབ། མཚན་ལ་ཁྲིབ་ལུང་རི་ཁྲོད་ཅེས་གསོལ། སྐབས་དེར་ཁོང་གིས་ལྷ་ཁང་དང་མཚམས་ཁང་ཆུང་ཆུང་ཞིག་བཞེངས་ཤིང་། བླ་མ་ཐོས་དགའ་དང་གཏེར་སྟོན་ཀརྨ་བསྟན་འཛིན་སོགས་ཀྱིས་ཀྱང་རི་ཁྲོད་འདིར་སྒྲུབ་པའི་རྒྱུན་བསྐྱངས་ནས་ཡུན་དུ་བཞུགས། དུས་འགྱུར་སྐབས་མིང་ཤུལ་ཙམ་དུ་སོང་བས། ཕྱི་ལོ་ ༡༩༨༤ ཤིང་བྱི་ལོར་ཡེ་སྤྲུལ་ཀརྨ་སྒྲུབ་བརྒྱུད་ཀྱིས་གཙུག་ལག་ཁང་དང་། རྟེན་གསུམ་གསར་བཞེངས་མཛད་དེ་མར་མི་དྭགས་གསུམ་གྱི་བླ་སྒྲུབ། ཕག་བདེ་རྒྱལ་གསུམ་དང་། མ་མགོན་མགར་གསུམ་གྱི་དབང་ལུང་སོགས་གནང་། ཁོང་གི་ཐུགས་བཞེད་ལྟར་ལོ་དེ་ནས་ཡེ་དགོན་བླ་མ་ཀརྨ་ཡེ་ཤེས་(ནི་ཚ་བ་སྒང་སྨད་མ་དཔོན་ཚང་བུ་མོ་པདྨ་དབང་མོའི་བུ་ཡིན། མཆན།)གནས་འདིར་དབུ་བླར་བཞུགས་ཏེ། བཙུན་མ་དག་ལ་ཆོ་ག་ཆོས་སྤྱོད་སོགས་བསླབས་པ་དང་། བསྐང་གསོལ་དང་དུས་མཆོད་སྨྱུང་གནས་སོགས་མ་ཆག་པར་གནང་། ཕྱི་ལོ་ ༡༩༩༣ ལོར་བླ་མ་སྙན་པའི་འབྲུག་གྲགས་(ནི་ནང་ཆེན་རི་པ་བག་ཡོད་རིན་པོ་ཆེའི་སློབ་མ་ཕྱིས་ཚ་བ་རོང་པའི་ཡུལ་མིའི་རེ་བ་ལྟར་དུ་བསྟན་འགྲོའི་མཛད་ཕྲིན་བསྐྱངས། མཆན།)གནས་འདིར་ཕེབས་ཏེ་ལོ་ཤས་ལ་ཆོས་དང་ཟང་ཟིང་གི་བཀའ་དྲིན་ཆེ་བར་གནང་། ཕྱི་ལོ་༢༠༡༠ ལོར་ཡེ་སྤྲུལ་ཀརྨ་སྒྲུབ་བརྒྱུད་ཀྱིས་སེ་རྒྱལ་དབང་གདན་དྲངས་ནས། ཁོང་རྣམ་པས་མེ་རྡོ་རི་མགུལ་ལ་ས་འདུལ་ལས་ཆོག་སོགས་མཛད་དེ་རི་ཁྲོད་གསར་སྤོ་བྱས། སེ་རྒྱལ་དབང་མཆོག་གིས་དགོན་པའི་མཚན་ལ་བདེ་ཆེན་ཐར་ལམ་གླིང་ཞེས་གསོལ། ཡེ་སྤྲུལ་རིན་པོ་ཆེས་བླ་མ་བཀྲ་ཤིས་རྒྱལ་མཚན་དགོན་འདིའི་བསྟན་བདག་ཏུ་བསྐོས་བཞག་མཛད་ཅིང་། ད་སྐབས་བཙུན་མ་བཅུ་ཕྲག་གསུམ་ལྷག་བཞུགས་ཤིང་། བླ་མ་བཀྲིས་རྒྱལ་མཚན་གྱིས་དགོན་པའི་ཕྱི་ནང་བར་གསུམ་གྱི་ཐུགས་འགན་བཞེས་ཏེ་ཆོས་དང་ཟང་ཟིང་གི་གནང་སྦྱིན་སྩོལ་བཞིན་པའོ། །
༦༽ ཚ་བ་ཡེ་ཆེན་སྟག་གཡག་རི་ཁྲོད།
ཡེ་ཆེན་དགོན་པའི་ཕྱོགས་བཞིའི་རི་ཁྲོད་བཞི་ལས་ཤར་གྱི་རི་ཁྲོད་ཡིན་ལ། ཕྱི་ལོ་ ༡༩༣༠ གཡས་གཡོན་དུ་སྟག་གཡག་བླ་མ་ཤེས་རབ་དཔལ་བཟང་གིས། ཚ་བ་སྨུག་མོའི་རི་མགུལ་སྟག་གཡག་སྐེ་ཞེས་པ། སྟག་དང་གཡག་གི་ས་དབྱིབས་གསལ་བར་ཡོད་པའི་གཤམ་གྱི་ས་དཔྱད་ཕུན་སུམ་ཚོགས་པའི་གནས་དེར་ཕྱག་བཏབ། ས་མིང་དགོན་ལ་ཐོགས་ཏེ་མཚན་སྟག་གཡག་རི་ཁྲོད་ཅེས་གསོལ། ཕྱིའི་གཙུག་ལག་ཁང་ལ་འདུ་ཁང་དང་། བླ་མའི་བཞུགས་ཤག ཇ་ཁང་། སྒོམ་ཁང་མང་པོ་བཅས་ཡོད་ལ། ནང་རྟེན་དུ་གསེར་ཟངས་ལས་གྲུབ་པའི་སྟོན་པ་གཙོ་འཁོར་གསུམ་དང་། སྒྲོལ་མ་ཉེར་གཅིག་གི་གསེར་སྐུ། མར་མི་དྭགས་གསུམ་དང་། ཀར་རབས་རིམ་བྱོན་གྱི་སྐུ་འདྲ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། མཛོད་ཆེན་རྣམ་ལྔ། རྒྱུད་སྡེའི་སྐོར་སོགས་མང་དུ་བཞུགས། སྒོམ་གྲྭ་རབ་བྱུང་ཕོ་མོའི་སྡེ་གཉིས་ལ་གྲྭ་བཙུན་བཅུ་ཕྲག་གསུམ་བཞི་ཡས་མས་ཀྱིས་ནམ་རྒྱུན་དུས་མཆོད་དང་སྒྲུབ་ཆེན་གྱི་རྒྱུན་སྲོལ་མ་ཆག་པའི་ཁར། ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོས་རྒྱུད་སྦྱངས་ཤིང་། མར་ལུགས་རྒྱུད་སྡེའི་སྐོར་དང་། ཕྱག་ཆེན། ནཱ་རོའི་ཆོས་དྲུག་བཅས་ཉམས་བཞེས་མཛད། ས་དཔྱད་ཀྱི་རྟེན་འབྲེལ་དང་བླ་མའི་ཐུགས་རྗེ་སོགས་གཅིག་ཏུ་འདུས་པའི་མཐུ་ལས། ཟང་ཟིང་གི་འབྱོར་པ་དང་ཆོས་ཀྱི་ཉམས་རྟོགས་གང་ས་ནས་ཕུན་སུམ་ཚོགས་པར་དར་རྒྱས་ཅུང་བྱུང་ཡང་། དུས་འགྱུར་སྐབས་གཏོར་བཤིག་ཐེབས་ཏེ་ད་བར་ཉམས་གསོ་བྱུང་མེད།
༧༽ ཚ་བ་ཡེ་ཆེན་ཟུར་ལུང་རི་ཁྲོད།
ཚ་བ་ཡེ་ཆེན་དགོན་པའི་ཕྱོགས་བཞིར་རི་ཁྲོད་བཞི་ཡོད་པའི་བྱང་གི་རི་ཁྲོད་དེ། དུས་རབས་བཅུ་དགུ་པའི་ནང་དུ་ཇོ་བླ་སྐུ་ཕྲེང་དང་པོས་ཚ་བ་སྒང་ཇོ་ཟུར་ལུང་དུ་ཕྱག་བཏབ་ཅིང་མཚན་ལའང་བཀྲ་ཤིས་ཆོས་གླིང་ཞེས་གསོལ། དེ་ནས་རིག་གསར་ལ་མ་ཐུག་གོང་ལ་ཁོང་དང་སྲས་མཁྱེན་དགའ་རྣམ་གཉིས་གནས་དེར་ཡུན་དུ་བཞུགས་ཤིང་། ཁོང་རྣམ་གཉིས་རིང་ལ་ཡུལ་མི་རྒན་རྒོན་འདུས་ཏེ། སྨྱུང་གནས་འཛུགས་པ་སོགས་ཆོས་ལྡན་གྱི་བྱ་བ་སྣ་ཚོགས་པའི་གནས་གཞིར་བྱས། བར་སྐབས་ཤིག་ཏུ་བླ་མ་བདེ་ཆེན་གྱིས་ལོ་ལྟར་ཡུལ་མི་ཚོར་སྨྱུང་གནས་ཆ་བརྒྱད་རེར་སྲུང་བའི་ཕྱག་སྲོལ་བྱུང་ལ། དེའི་ཚེ་བླ་མ་ཡབ་སྲས་ཀྱིས་འཚོ་བ་སྦྱོར་བ་སོགས་མཛད། རྒྱུན་དུ་ཁོང་ཡབ་སྲས་དང་རྒན་རྒོན་འགའ་ཤས་ཀྱིས་ཆོས་མཐུན་གྱི་བྱ་བར་འབད་པ་ལས། དགེ་འདུན་གྱི་འདུས་པ་ཆེར་མ་བྱུང་། དུས་འགྱུར་སྐབས་ཉམས་ཆག་བྱུང་སྟེ་ད་བར་སླར་གསོ་བྱུང་མེད།
༨༽ཚ་བ་ཡེ་ཆེན་སྲ་རི་ཁྲོད།
བླ་མ་ཡེ་ཤེས་བསྟན་འཛིན་གྱིས་ཚ་བ་སྒང་ལག་སྡེ་པ། སྲ་ཡུལ་ཚོའི་གཅན་ཚལ་ཞེས་པའི་གནས་དེར་ཕྱག་བཏབ། ཕྱི་ལོ་ ༡༩༨༢ ལོ་ནས་བླ་མ་ནམ་མཁའ་ཚེ་དབང་རི་ཁྲོད་དེར་བསྙེན་སྒྲུབ་མཛད་དེ་ལོ་གསུམ་བཞུགས་ཤིང་། ཕྱི་ལོ་ ༡༩༨༧ ལོར་བླ་མ་ཡེ་ཤེས་བསྟན་འཛིན་གྱིས་འདུ་ཁང་ཆུང་ཆུང་གཅིག་དང་། ཁོང་གི་བཞུགས་ཤག ཕྱག་ཁང་། ཇ་ཁང་བཅས་གསར་བཞེངས་མཛད། ནང་རྟེན་དུ་སྨན་འདམ་ལས་གྲུབ་པའི་སྟོན་པ་གཙོ་མཁོར་གསུམ་དང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སོགས་བཞུགས་སུ་གསོལ། ཡུལ་མི་འདུ་འཛོམས་ཀྱིས་སྤྱིར་ཆོས་ཀྱི་མཛད་སྒོ་ཅི་རིགས་དང་། ཁྱད་པར་དུ་སྔོན་འགྲོ་བསགས་སྦྱང་བཅས་བྱེད་སའི་གནས་གཞིར་མཛད། ཡུལ་ལུང་གི་གྲྭ་པ་རྣམས་ལ་ཆོ་ག་ཆོས་སྤྱོད་སོགས་བསླབས་ཏེ་ཚེས་བཅུར་དཀོན་མཆོག་སྤྱི་འདུས་དང་། ཉི་ཤུ་ལྔ་ལ་རྒྱལ་བ་རྒྱ་མཚོ། ཉི་ཤུ་དགུ་ཉིན་བེར་ཅན་སོགས་དུས་མཆོད་དང་། ནམ་རྒྱུན་གསོལ་ཀ་མ་ཆག་པར་འཚོགས། དེ་ནས་བླ་མ་གཤེགས་པ་དང་ཡུལ་སྡེ་གནས་སྤོ་སོགས་ཀྱིས་ད་སྐབས་དགོན་ཤུལ་ཙམ་ལས་མེད།
༩༽ ཚ་བ་ཡེ་ཆེན་རང་གྲོལ་སྐུ་ཕྲེང་དང་པོ།
ཁོང་ནི་ཡེ་སྤྲུལ་སྐུ་ཕྲེང་དང་པོ་ཡིན་ལ། ཕྱི་ལོ་ ༡༨༤༠ གཡས་གཡོན་དུ་ཚ་བ་སྒང་སྟོད་ལམ་ལུང་མདའ་རུ་སྐུ་འཁྲུངས། མཚན་ལ་གྲགས་པ་ཞེས་གསོལ། ཆུང་དུས་བྱིས་པ་ཕལ་པ་ལྟར་འཚོ་བ་རོལ་ཞིང་ནར་སོན་རྗེས་ཁྱིམ་ཐབ་བསུས་ཏེ་སྲས་ཀྱང་བྱུང་། ཚོང་ལ་འགྲོ་སྐབས་སྤུ་ཇག་དང་འཕྲད་དེ་དམར་འཛིང་ཐུག་པས་ཇག་པ་གཅིག་ལག་ཉེས་ཤོར། དེར་འགྱོད་སེམས་དྲག་པོའི་ངང་སྤྱིར་འཁོར་བ་ལ་ཡིད་འབྱུང་དང་། ཁྱད་པར་གསད་བྱའི་ཇག་པར་སྙིང་རྗེ་དྲག་པོས་ཁྱིམ་གཞིས་བུ་སྨད་དང་བཅས་པ་དོར་ཏེ་དགུང་གྲངས་ཉེར་ལྔ་པར་རབ་ཏུ་བྱུང་། སྡེ་དགེར་ཕེབས་ནས། མཁྱེན་ཀོང་མཆོག་གསུམ་གཙོས་པའི་དམ་པ་དུ་མའི་ཞབས་ལ་གཏུགས་ཏེ། བཀའ་རྙིང་གི་ཟབ་ཆོས་མཐའ་ཡས་པ་མནོས། སྒྲུབ་པར་སྙིང་རུས་བསྐྱེད་པས་ཉམས་རྟོགས་མི་དམན་པར་འཁྲུངས། ཚ་བན་སྟོབས་རྒྱལ་ལས་ཀྱང་གདམས་པ་མང་པོར་ཞུས་ཤིང་། ཕྱིར་ཕ་ཡུལ་དུ་ཁོང་དང་ལྷན་དུ་ཕེབས། དེ་སྐབས་མཚན་དུ་བླ་མ་དམར་དམར་ཞེས་འབོད། གྲོང་ནག་སྤངས་པས་ཁྱིམ་ཟུར་དུ་མཚམས་ཁང་ཆུང་ངུར་བཞེངས་ཤིང་། ལམ་མདའ་དང་ལུང་འཁོར་ཕུ་རྣམས་སུ་གང་འཚམ་བཞུགས་ལ་ཆུ་བྲག་ཨོ་རྒྱན་སྒྲུབ་ཕུག་ཏུའང་བཞུགས། ཕྱིས་འགྲོ་གླིང་རི་ཁྲོད་གསར་དུ་བཏབ་ཅིང་པདྨ་བཛྲའི་བསྙེན་པ་དུང་ཕྱུར་དུ་མར་བསགས་པ་སོགས་སྒྲུབ་པ་མཛད་དེ་ཡུན་རིང་བཞུགས་པས་གྲུབ་པའི་གོ་འཕང་བརྙེས། ཡེ་ཆེན་དགོན་རྒྱ་བསྐྱེད་པ་དང་འཚོགས་ཀྱི་གཙོ་བོར་སོགས་མཛད། ཆགས་སྤྲུལ་དྲུག་པ་ཚ་སྒང་དུ་ཕེབས་པར་མཇལ་དུ་བྱོན་པས། མཉེས་པ་ཆེན་པོས་ཆགས་སྤྲུལ་ལྔ་པའི་ཕྲིན་ལས་ཀྱི་སྤྲུལ་པར་མངའ་གསོལ་ཅིང་། མཚན་ལ་གྲུབ་དབང་བསོད་ནམས་རང་གྲོལ་ཞེས་གསོལ་ཏེ་ཁོང་གི་གསོལ་འདེབས་ཤིག་ཀྱང་བརྩམས། གྲུབ་པའི་མཚན་སྙན་ཆེར་རྒྱས་ཏེ་རི་ཆེ་བཙན་པོ་ལྷ་རྒྱས་ཀྱིས་གདན་དྲངས་ཤིང་གསེར་བྲིས་ཀྱི་འདུལ་པོད་བཅུ་བཞི་ཕུལ་བ་དང་། དཔའ་ཤོད་རྟ་ཚག་རིན་པོ་ཆེས་དབང་བསྐུར་གྱི་བླ་མར་གདན་དྲངས་པ། ཕྱག་མཛོད་སྐྱོང་བླས་སྨིན་གྲོལ་གྱི་གདམས་པ་མནོད་སའི་རྩ་བའི་བླ་མར་འཛིན་པ་སོགས། ཡུལ་གྱི་བླ་ཆེན་དང་མི་ཆེན་དག་གིས་ཁོང་གི་ཞབས་ལ་མ་གཏུགས་པ་མེད་པ་ལྟ་བུར་གྱུར། ཇོ་བླ་མ་དང་། དབུས་པ་བརྩོན་འགྲུས། ཀརྨ་བསྟན་འཛིན་སོགས་སློབ་ཚོགས་མི་ཉུང་བར་བསྐྱངས་མཐར་དགུང་གྲངས་གྱ་ལྔར། ༡༩༢༥ ཡས་མས་སུ་འགྲོ་གླིང་རི་ཁྲོད་དུ་ཞག་བདུན་གྱི་བར་མཚམས་ཁང་སྒོ་གཏན་ནས་མ་འབྱེད་གསུངས་ནས་སྐུ་གཤེགས། ཞག་གསུམ་ཐོག་ཡེ་ཆེན་དགོན་པའི་མི་དྲག་ལས་སྣེས་སྐུ་གདུང་དགོན་པར་གདན་འདྲེན་ཞུ་དགོས་ཟེར་ཏེ་སྒོ་ཕྱེས་པས་གདུང་བྱིས་པ་ལོ་བརྒྱད་ཀྱི་ཚད་ཙམ་ལས་མེད་པར་མཇལ་ཞིང་། ཞལ་ཆེམས་བཞིན་བསྒྲུབས་ན་འཇའ་ལུས་སུ་འགྲོ་བར་འདུག་ཅེས་གླེང་བར་བྱུང་།
༡༠༽ཚ་བ་ཡེ་ཆེན་རང་གྲོལ་སྐུ་ཕྲེང་གཉིས་པ།
ཡབ་སྐྱ་ཤུས་ཨ་མཆོད་ཚེ་རིང་བཀྲ་ཤིས་དང་། ཡུམ་སྨད་མ་དཔོན་ཚང་བུ་མོ་ཤེས་དགའ་སྒྲོལ་མ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༣༢ ལོར་ཚ་བ་སྒམ་འཛོང་དུ་སྐུ་འཁྲུངས། དགུང་ལོ་ལྔའི་ཐོག་བྱམས་མགོན་སི་ཏུ་པདྨ་དབང་མཆོག་གིས་བསོད་ནམས་རང་གྲོལ་གྱི་ཡང་སྲིད་དུ་ངོས་འཛིན་གནང་ཏེ་མཚན་ལ་ཀརྨ་སྒྲུབ་བརྒྱུད་ཕྲིན་ལས་བསྟན་འཛིན་ཅེས་གསོལ། དེ་ནས་ཡི་གེ་འབྲི་ཀློག་སོགས་བསླབས། དགུང་ལོ་བཅུ་གསུམ་པར་ཀར་ཁུང་གཞུང་ཏུ་བླ་མ་ཐོས་དགའི་མདུན་ནས་ཐུན་མོང་གི་སྔོན་འགྲོ་དང་རིག་པ་ངོ་སྤྲོད་ཀྱི་གདམས་པ་སོགས་མནོས། རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་ཆེན་པོ་མཆོག་དང་། ཀར་སྲས་ཀོང་སྤྲུལ་དཔལ་ལྡན་མཁྱེན་བརྩེ་འོད་ཟེར་གཙོས་སྐྱེས་ཆེན་མང་པོའི་ཞབས་ལ་གཏུགས་ནས་དབང་ལུང་མན་ངག་མང་དུ་ཞུས། ཁྱད་པར་དྲུང་པས་ཕྱག་ཆེན་གྱི་ངོ་སྤྲོད་གནང་བས་ལྟ་བ་ངོ་འཕྲོད་ཅིང་། དགུང་ལོ་བཅོ་བརྒྱད་པར་ཀརྨའི་གདན་ས་སྒྲུབ་ཁང་དུ་བཞུགས། ཉེར་གཅིག་པར་རང་དགོན་དུ་ཕེབས་ནས་བསྟན་པའི་རྒྱུན་བསྐྱངས། ཉེར་དགུ་པར་དུས་འགྱུར་བྱུང་སྟེ་ཕྱག་ཞབས་ལྕགས་སྒྲོག་གིས་བསྡམས་པ་སོགས་འོ་རྒྱལ་ཚད་མེད་མྱངས་ཀྱང་། སྐྱེན་ངན་རང་ཐོག་ཏུ་བླངས་ཏེ་ལས་ཀྱི་ལྷག་མ་སྦྱངས། བཙོན་ཁང་དུ་བསྙེན་སྒྲུབ་གནད་སྨིན་མཛད་ནས་གུ་རུ་རིན་པོ་ཆེ་དང་མ་མགོན་སོགས་ཞལ་གཟིགས་ཤིང་འབྱུང་འགྱུར་གྱི་ལེགས་ཉེས་སྣ་ཚོགས་ཐུགས་ལ་ཤར། དགུང་ལོ་ལྔ་བཅུའི་སྐབས་ཀློད་གྲོལ་ཐོབ་ནས་འཕགས་ཡུལ་དུ་གནས་སྐོར་ཕེབས། གོང་ས་བཅུ་བཞི་པ་མཆོག་དང་། བཀའ་བརྒྱུད་རྒྱལ་བ་ཡབ་སྲས་རྣམས་ཀྱི་དབུས་རིས་མེད་བསྟན་འཛིན་སྐྱེས་ཆེན་དུ་མར་མདུན་ནས་དབང་ལུང་མན་ངག་མང་དུ་ཞུས། དེ་ནས་དཔལ་ཀརྨའི་གདན་ས་རུམ་བཏེག་ནས་རྒྱལ་བ་ཡབ་སྲས་རྣམ་པའི་བཀའ་ལུང་བཞིན་རྒྱལ་དབང་བཅུ་དྲུག་པ་མཆོག་གི་སྡེ་དགེ་བཀའ་འགྱུར་མ་ཕྱིར་བསྐྱར་པར་གནང་བ་དེ་བསྣམས་ནས་རང་ཡུལ་དུ་ཕེབས། ལྷ་སར་ཀློག་ཤེས་མཁན་དག་བསྡུ་རུབ་གནང་སྟེ་བཀའ་འགྱུར་དག་ཚར་བཀླགས། བསྟན་པ་ཡང་དར་སྐབས་ལྷ་སར་བཀའ་འགྱུར་ཞལ་ཕྱེས་པ་ཐོག་མ་རུ་གྲགས་ཤིང་། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་བཀའ་དགོངས་ལྟར་སྒྲུབ་དཔོན་བདེ་ཆེན་རིན་པོ་ཆེའི་ལྷན་དུ་མཚུར་ཕུར་བྱོན་ནས་སྒར་བསང་དང་དར་ཆེན་ཐོག་མར་སྒྲོན། དགུང་ལོ་ང་གཉིས་སྐབས་ཕ་ཡུལ་དུ་ཕེབས་ཏེ་ཡེ་ཆེན་དགོན་གསར་སྤོ་མཛད་ཅིང་རྟེན་དང་བརྟེན་པ་བཅས་གསར་བཞེངས་གནང་། གདན་ས་བར་ལུགས་ལྟར་འཛིན་སྐྱོང་སྤེལ་གསུམ་མཛད་ནས། བླ་ཆེན་མང་པོ་གདན་དྲངས་ཏེ་དབང་ལུང་མན་ངག་དང་བཤད་གྲྭའི་སྲོལ་གསར་དུ་ཕྱེས་པ་སོགས། མདོར་ན་སྐུ་ཚེ་གང་པོར་བསྟན་འགྲོའི་དོན་འབའ་ཞིག་མཛད་དེ་མཐར་དགུང་གྲངས་གྱ་ལྔ་པ་ ༢༠༡༥ ལོར་སྐུ་གཤེགས་སོ། །
༡༡༽ ཚ་བ་ཡེ་ཆེན་སྟག་གཡག་སྤྲུལ་སྐུ་ན་རིམ།
ཁོང་ནི་ཡབ་རྒྱ་རི་ཚེ་ལྷུན་དང་། ཡུམ་ཚུལ་ཁྲིམས་དཔལ་མོ་གཉིས་ཀྱི་སྲས་སུ། ཕྱི་ལོ་ ༡༩༠༢ ཆུ་སྟག་ལོར་གྱང་དམར་ལྐོག་བར་ལྷས་ཁ་རུ་ངོ་མཚར་བའི་ལྟས་དང་བཅས་སྐུ་བལྟམས་ཤིང་མཚན་ཀརྨ་དབང་ལྡན་ཞེས་གསོལ། ཆུང་དུས་ནས་ཡབ་ཚེ་ལས་འདས་པས་དྭ་ཕྲུག་གི་འཚོ་བ་སྐྱོ་མོ་མི་འདོད་བཞིན་དང་དུ་བླངས་ཏེ། ནར་ཅུང་སོན་རྗེས་ཚ་བ་ཡེ་ཆེན་དགོན་དུ་འཚོགས་ཞུགས་མཛད། དེར་ལོ་ཤས་བཞུགས་ནས་དིལ་ཡག་དགོན་དུ་ཕེབས་ཏེ། ཟླ་སྤྲུལ་རིན་པོ་ཆེ་དང་། ས་བཅུ་རིན་པོ་ཆེ་སོགས་བླ་མར་བསྟེན་ནས། སྔོན་འགྲོ་འབུམ་བཞིའི་བསགས་སྦྱང་ལེགས་པར་གནང་ཐོག རྒྱུད་སྡེ་སྐོར་གྱི་བསྙེན་སྒྲུབ་དང་། ནཱ་རོའི་ཆོས་དྲུག །ཕྱག་རྒྱ་ཆེན་པོ་སོགས་སྒྲུབ་པ་ཉམས་ལེན་གྱི་སྒོ་ནས་ལོ་དགུར་མཚམས་འདག་སྦྱར་དུ་བཞུགས་པས་གྲུབ་པའི་རྟོགས་པ་མཐོན་པོར་གཤེགས་ཤིང་། ཚ་བ་རྟོགས་ལྡན་ཞེས་བླ་མ་བཟང་བའི་ཚད་དུ་བྱེད་པར་བྱུང་། དེ་ནས་ཟླ་སྤྲུལ་རིན་པོ་ཆེས། ཕ་ཡུལ་དུ་སོང་ན་བསྟན་འགྲོའི་དོན་ཆེན་འགྲུབ་པའི་བཀའ་ལུང་བཞིན་ཕ་ཡུལ་དུ་བྱོན། སྟག་གཡག་རི་ཁྲོད་ཕྱག་བཏབ་སྟེ་སྒོམ་སྒྲུབ་ཉམས་ལེན་དང་། སློབ་མར་བཀའ་ཆོས་གསུང་བ། ཡུལ་སྡེར་གཤིན་གསོན་གྱི་འགྲོ་དོན་སོགས་མཛད་ནས་ཡུན་རིང་བཞུགས། གནས་དེ་ནས་སྟག་གཡག་བླ་མ་ཞེས་པའི་མཚན་སྙན་ཆེར་རྒྱས་ཏེ་བཀུར་སྟི་དང་འབུལ་བ་བླ་ན་མེད་པར་བྱུང་ཞིང་། ནོར་མ་ལ་དབྱར་རེར་བཞོན་མ་སུམ་ཅུར་བརྒལ་བ་སོགས་འབྱོར་པ་ཤིན་ཏུ་ཆེ་ཡང་། དཀོར་རྫས་རྣམས་ཁྱིམ་མི་ཉེ་འབྲེལ་གྱི་ཁར་གཏན་ནས་མི་གཏོང་བར་བདག་གིར་དམ་པོར་མཛད། ཕྱོགས་གང་ས་ནས་སློབ་འབངས་ཀྱང་མང་པོར་འདུས་པས། ཚངས་སྤྱོད་ཕོ་མོ་རྣམས་སྒོམ་གྲྭ་ཁག་གཉིས་སུ་ཕྱེས་ཤིང་། སྨིན་གྲོལ་ཟབ་ཆོས་ཀྱི་བགོ་སྐལ་བསྩལ་བས། བློ་བཟང་དཔལ་ལྡན་སོགས་སེམས་རྒྱུད་ཆོས་དང་འདྲེས་པའི་སློབ་མ་ཡང་མི་ཉུང་བ་བྱུང་། དུས་འགྱུར་སྐབས་ལྟོ་ཆེན་ཕུ་དང་ཆུ་བྲག་ཕུ་རྣམས་སུ་གང་འཚམས་བཞུགས་མཐར་བཟུང་ནས། བཙོན་ཁང་ནང་དུ་ཀ་བར་བསྡམས་ནས་བཞག་ཀྱང་མཚན་མོར་ཐག་པ་རང་གྲོལ་དུ་གྱུར་ཏེ་བྲོས་ཤིང་སྟག་གཡག་སྐེར་ཕེབས། དེར་སྐུ་འདའ་གྲབས་མཛད་པས་ཝ་ཞིག་གིས་གཟན་སྣེ་ལྡག་པ་སོགས་བྱས་ཏེ་འདའ་མ་བཅུག་གསུངས། དེ་ནས་ཐལ་ཁ་དང་། བྱ་གྲགས་མ་དཀྱིལ་ཁ་སོགས་བརྒྱུད་ནས་སྲའི་གྲུ་ཁར་ཕེབས། གྲུ་པ་ཞིག་ལ་རྒྱལ་མོ་རྔུལ་ཆུ་ལས་བསྒྲལ་བའི་རེ་ཞུ་བྱས་ཀྱང་དེས་དང་ལེན་མ་ཕོད། ཕྱིས་བླ་མ་དེ་འདྲ་བ་ཞིག་ཆུ་ཕར་ཁ་ནས་བྱོན་འགྲོ་བར་མཐོང་བས་ཡ་མཚན་སྐྱེས། དེ་ནས་རིམ་གྱིས་ཁ་སེའུ་རུ་ཕེབས་ཏེ་མཐར་བྲག་ལ་སྐྱ་བོའི་རི་མགོར་སྐུ་གཤེགས་པར་གྲགས་ཤིང་། ཡང་སྤྲུལ་རིན་པོ་ཆེས་ད་སྐབས་ཡེ་ཆེན་དགོན་གྱི་བསྟན་པའི་དོན་ཆེན་མཛད་བཞིན་པ་ལགས་སོ།།
༡༢༽ ཚ་བ་ཡེ་ཆེན་གྲུབ་དབང་ཚ་བན་སྟོབས་རྒྱལ།
ཡེ་སྤྲུལ་སྐུ་ཕྲེང་དང་པོའི་བླ་མ་དང་མཆེད་པོ་གཉིས་ཆར་གྱུར་པ། སྒྱུ་ལུས་ཀྱི་གྲུབ་པའི་རྣལ་འབྱོར་པ་ཆེན་པོ་ཞིག་སྟེ། ཡབ་དམར་ཡོན་བཀྲ་ཏེ་དང་། ཡུམ་ཀླུ་དཀར་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༨༤༠ ཡས་མས་སུ་ཚ་བ་སྒང་སྟོད་ཇོ་ལུག་རྫི་སྒལ་དུ་སྐུ་འཁྲུངས། ཆུང་དུས་སུ་འབྲོག་ཕྲུག་དཀྱུས་མའི་འཚོ་བ་རོལ་ཞིང་ཕྱུགས་རྫི་སོགས་མཛད། ནར་སོན་རྗེས་ཚོང་ལ་འགྲོ་སྐབས་ཁལ་མ་ཐམས་ཅད་ཆུ་དུག་གིས་ཤི་ཤོར་བས། གདང་སྟོང་རོགས་པར་ཁྱིམ་དུ་བསྐུར་ནས་སྡེ་དགེར་ཕེབས་ཏེ་རབ་ཏུ་བྱུང་། སྐུ་མཆེད་བླ་མ་ཆོས་འཛིན་དང་ལྷན་དུ་ཙྭ་འདྲར་བཞུགས་ནས། འཇམ་མགོན་ཀོང་སྤྲུལ་ལས་གཞུང་ལུགས་ཆེ་ཕྲ་དུ་མ་དང་། ཁྱད་པར་རྒྱུད་སྡེའི་སྐོར་གྱི་དབང་ལུང་མན་ངག ཆོས་དྲུག་དང་ཕྱག་རྒྱ་ཆེན་པོའི་ཟབ་ཁྲིད་བཅས་བུམ་པ་གང་བྱོའི་ཚུལ་དུ་ཞུས་ཤིང་། ཉམས་ལེན་གྱི་རྡོ་རུས་གཏུགས་པས་གྲུབ་པའི་རྟོགས་པ་མངོན་དུ་གྱུར། མཁན་རཏྣཱ་དང་ཁྲི་གཅིག་གི་ཐོག་ཏུ་བཞུགས་ཏེ་ཆོས་ཀྱི་གསུང་གླེང་མཛད། སྐུ་ཟང་ཐལ་དུ་གཤེགས་པ་དང་། གྲུབ་ཐོབ་ཀྱི་སྤྱོད་པས་སྡེའི་ཁྱིམ་ཆས་བཅག་གཏོར་བྱས་པ་ཀུན། བླ་མ་བྱོན་རྗེས་གནོད་སྐྱོན་མེད་པར་སྔར་བཞིན་རང་སོར་ཆུད་པ་སོགས་རྫུ་འཕྲུལ་ལ་མངའ་བརྙེས་ཤིང་། ནོར་ལ་སྲེད་ཞེན་བྲལ་བའི་ངེས་དོན་གྱི་བྱ་བཏང་པར་གྱུར་ནས་ཅ་དངོས་ཁབ་སྐུད་ཙམ་ཡང་བདག་གིར་མི་མཛད། མཚོ་གར་ཕུག་ཏུ་སྒྲུབ་པ་མཛད་དེ་ཡུན་རིང་བཞུགས་ཤིང་། རྩྭ་ཐོ་སྡོང་ལ་ཞབས་རྗེས་ཤིག་ཀྱང་བཞག རང་གྲོལ་གྱིས་བླ་མ་དཀྱིལ་ནང་དུ་བྱོན་པར་ཐོས་ནས་མཇལ་དུ་ཕེབས་པར། ཐང་ཟུར་ལྷས་ཐོག་ཏུ་མཇལ་ནས་གདམས་ངག་ཅིག་གནང་བར་ཞུས་པས། ཁྱོད་རང་ཕ་བོང་འདིར་ནམ་མ་ལངས་བར་དུ་ལྟོས། དེ་ལས་གདམས་ངག་གཞན་གང་ཡང་མེད་ཅེས་གསུངས་ནས་བྱོན། རྡོ་དེར་ཨ་རང་བྱོན་ད་ལྟའང་མཇལ་རྒྱུ་ཡོད་ལ། རང་གྲོལ་ཁོང་གདམས་ངག་གཞན་ལས་ཀྱང་དེ་བོགས་ཆེ་བར་བྱུང་གསུངས། དཀྱིལ་ནང་དུ་འཚོ་བ་ཤུག་ཐོག་ཁོ་ནར་བརྟེན་ནས་གང་འཚམས་བཞུགས། དགུང་གྲངས་སུམ་ཅུ་པ་ཕྱི་ལོ་ ༡༨༦༩ ཡས་མས་སུ་དཀྱིལ་འབོ་ཧོ་བྲག་ཏུ་སྐུ་གཤེགས་ཤིང་། སྐུ་གདུང་ཕྱི་ནང་སྒྲིབ་མེད་ཤེལ་གོང་ལྟར་གྱུར། གྲུབ་པའི་གྲགས་པ་ཆེ་བས་དཔའ་ཤོད་ཚང་གིས་སྐུ་གདུང་གདན་འདྲེན་ཞུས་ཏེ་གསེར་གདུང་བཞེངས་རྒྱུར་བྱས་ཀྱང་། ཇོ་སྒང་རུ་ཚང་སྦྱིན་པས་སྐུ་གདུང་ངས་གདན་འདྲེན་ཞུ་དགོས་ཟེར་ཏེ་ཁྱེར་ནས། ཇོ་བླས་ཇོ་མཁར་རྫོང་དུ་སྤུར་སྦྱངས་གནང་ཞིང་། གནས་དེར་ད་ལྟའང་རིང་བསྲེལ་རྙེད་རྒྱུ་ཡོད་འདུག སློབ་མ་གྲུབ་དབང་བསོད་ནམས་རང་གྲོལ་སོགས་འགའ་ཤས་ཡོད་པ་ལས། སློབ་ཚོགས་བསྡུ་བའི་མཛད་པ་ཆེར་མ་བསྐྱངས། གསུང་རྩོམ་ལ་མཁན་ཆེན་བཀྲ་ཤིས་འོད་ཟེར་དང་གསུང་གླེང་གནང་བའི་མགུར་སོགས་མགུར་འགའ་ཤས་བཞུགས།
༡༣༽ ཚ་བ་ཡེ་ཆེན་ཇོ་བླ་སྤྲུལ་སྐུ་ན་རིམ།
ཇོ་བླ་སྐུ་ཕྲེང་དང་པོ་ནི་དུས་རབས་བཅུ་དགུ་པར་ཚ་བ་སྒང་སྟོད་ཇོ་ནང་དུ་འཁྲུངས་ཤིང་། ཡེ་ཆེན་དགོན་དུ་ཚོགས་ཞུགས་དང་ཟུར་ལུང་རི་ཁྲོད་ཕྱག་བཏབ་པ་སོགས་མཛད། མཐར་དུས་རབས་ཉི་ཤུ་པར་ཇོ་ཟུར་ལུང་དུ་སྐུ་གཤེགས། ཇོ་བླ་སྐུ་ཕྲེང་གཉིས་པ་ནི། ཡབ་ཉག་རོང་སྤྲུལ་སྐུ་ཀུན་དགའ་དང་ཡུམ་ནོར་ཡག་གཉིས་ཀྱི་སྲས་སུ་ཚ་བ་སྒང་དུ་སྐུ་འཁྲུངས། མཚན་ལ་ཆོས་རྒྱལ་རྡོ་རྗེ་ཞེས་གསོལ། ཆུང་དུས་ནས་སྔོན་གནས་རྗེས་དྲན་གྱིས་ཁོང་ཇོ་བླ་སྤྲུལ་སྐུ་ཡིན་ཚུལ་གསུངས་ཤིང་། ཕྱིས་ཇོ་བླ་སྤྲུལ་སྐུ་ཡང་སྲིད་དུ་ཁྲི་འདོན་མཛད་དེ་འབྲི་ཀློག་སོགས་ལེགས་པར་བསླབས་རྗེས་ཡེ་ཆེན་དགོན་པར་གདན་དྲངས། སྐུ་གོང་མའི་ཤར་རྩེ་གཟིམ་ཤག་བསྐྱར་གསོ་བྱས་ཏེ་དེར་བཞུགས། སྐབས་ཤིག་ནས་སྐུ་གོང་འོག་གི་ཡུལ་སྡེ་དང་ཉེ་འབྲེལ་སོགས་ཀྱི་བར་འཐེན་འཁྱེར་ཅུང་བྱུང་ཡང་རྒྱལ་དབང་ཀརྨ་པའི་ཇོ་སྤྲུལ་ཡང་སྲིད་འཁྲུལ་མེད་དུ་ཐུགས་ཐག་བཅད། ཡབ་དང་། དྲུང་པ་རིན་པོ་ཆེ་སོགས་ཀྱི་མདུན་ནས་སྨིན་གྲོལ་གྱི་ཟབ་ཆོས་མི་ཉུང་བར་མནོས་ཏེ་སྒོམ་སྒྲུབ་ཉམས་ལེན་དང་བསྟན་འགྲོ་དོན་མཛད། མཐར་ཕྱི་ལོ་ ༡༩༨༠ ལོར་སྤུག་ཆུང་དུ་གདན་ཕྱིང་དཀར་གྱི་སྟེང་དཀྱིལ་ཀྲུང་གཡོ་མེད་དུ་བཞུགས་ཤིང་ངོ་མཚར་བའི་ལྟས་དང་བཅས་སྐུ་གཤེགས། སྐུ་འཚོ་བཞུགས་སྐབས་སྤྱིར་བཏང་གི་བྱ་སྤྱོད་ཙམ་ལས་ཆོས་པའི་མཛད་སྤྱོད་ཆེར་མི་མངོན་པའི་སྦས་པའི་རྣལ་འབྱོར་པ་ཞིག་ཡིན་གཤིས། དད་ལྡན་འགའ་ཞིག་ལས་ཕལ་མོ་ཆེས་དེ་ཙམ་དད་འདུན་གྱི་ཡུལ་དུ་མ་བཞག་མོད། འདས་རྟགས་ཡ་མཚན་ཆེ་བ་དག་མཐོང་བས་ཀུན་གྱིས་ཐལ་མོ་སྦྱོར་བའི་ཡུལ་དུ་གྱུར་ཅིང་། ཆེས་མི་མཐུན་པའི་ཡུལ་མི་དག་གིས་ཀྱང་འགྱོད་བཤགས་སྒོས་སྐུ་གདུང་ལ་ཕྱག་སྐོར་དབང་མེད་དུ་ཤོར་བར་བྱུང་ལ། ཡང་སྲིད་རིན་པོ་ཆེས་ད་སྐབས་ཡེ་ཆེན་དགོན་གྱི་བསྟན་པའི་དོན་ཆེན་མཛད་བཞིན་པ་ལགས་སོ། །