ཚ་རོང་ཟླ་བཟང་དགྲ་འདུལ་

ཚ་རོང་ཟླ་བཟང་དགྲ་འདུལ

ཚ་རོང་ཟླ་བཟང་དགྲ་འདུལ་ནི་འཕན་པོ་དཔལ་གླིང་ཤང་ཁ་སྐོར་གྲོང་ཚོའི་མདའ་བཟོ་ཚང་ཞེས་སེ་ར་ཕུར་ལྕོག་བླ་བྲང་གི་མི་སེར་ཞིག་གི་ཁྱིམ་ནས་ཡིན་ཞིང་། ཁྱིམ་ཚང་ཁྲལ་བུན་ཆེ་བས་ཁོང་དང་གཅུང་པོ་བསོད་ནམས་དབང་འདུས་གཉིས་ལྷ་སའི་བྱང་ཕྱོགས་དོག་བདེ་ལྷོ་མོས་གཞིས(དེ་སྔ་ཕུར་ལྕོག་བླ་བྲང་གི་གཞིས་ཀ་ཡིན)སུ་ལུག་རྫི་ར་སྡོད་སྐབས་སྤྱང་ཀིས་ར་ལུག་བསད་རྐྱེན་བྲོས་བྱོལ་གྱིས་ལྷ་སའི་ནུབ་ཏུ་ཡོད་པའི་མཁར་ནག་གླིང་ཁར་བོད་ས་གནས་སྲིད་གཞུང་གི་རྔ་མོང་བདག་སྐྱོང་འགོ་པ་ཞིག་གི་སར་བསྡད་པ་བརྒྱུད་དེའི་ངོ་ཤེས་རྩེ་དྲུང་རྩེ་གཉེར་ཚང་བ་ཞིག་གི་གཡོག་པོར་སྡོད་སྐབས་བོད་རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག(༡༩༠༤)ལོར་དབྱིན་ཇིས་བོད་དུ་བཙན་བཛུལ་བྱེད་དུས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་རྒྱ་སོག་ཡུལ་གྲུར་ཕེབས་སྐབས་རྩེ་དྲུང་དེ་ཆིབས་ཞབས་སུ་བསྐྱོད་ནས་ཟླ་བཟང་དགྲ་འདུལ་གཡོག་ཏུ་ཡོད་པ་དེའི་གྲུང་ཤ་དོད་པ་སོགས་ཀྱི་རྣམ་འགྱུར་ལ་ཏཱ་ལའི་བླ་མའི་མཉེས་པོ་བྱུང་ནས་ཆིབས་ཞབས་སུ་ཚུད། ལྕགས་ཁྱི་(༡༩༡༠)ལོར་ཏཱ་ལའི་བླ་མ་རྒྱ་གར་དུ་ཕེབས་པའི་ཆིབས་ཞབས་སུ་བསྐྱོད་དེ་ལྕགས་ཟམ་གྲུ་ཁར་ལུའུ་ཅུན་དམག་གི་རྗེས་འདེད་ལ་འགོག་རྒོལ་བྱས་ནས་རྒྱབ་སྲུང་ཞུས་རྗེས་རྒྱ་གར་དུ་བསྐྱོད། ཏཱ་ལའི་བླ་མས་གཟིགས་སྐྱོང་ཆེན་པོ་གནང་སྟབས་སྤྱན་བསལ་གནམ་གང་ལགས་ཞེས་མིང་གྲགས། ཏཱ་ལའི་བླ་མ་རྒྱ་གར་དུ་ཕེབས་རིང་བོད་ཀྱི་སྲིད་དོན་ལས་འགན་གཙོ་བོ་བཀའ་བློན་ཚ་རོང་དབང་ཕྱུག་རྒྱལ་པོར་བཀའ་མངགས་གནང་བ་བཞིན་བཀའ་བློན་ཚ་རོང་པས་བོད་ས་གནས་སྲིང་གཞུང་དང་ལུའུ་ཅུན་བར་ཞི་མཐུན་ཡོང་ཐབས་གནང་བ་དེ་མི་ཉུང་ཤས་ཀྱི་བློར་མ་བབས་རྐྱེན་གླེང་ཕྱོགས་སྣ་ཚོགས་བཟོས་མཐར་བཀའ་བློན་ཚ་རོང་པ་དང་དེའི་བུ་བཀའ་མགྲོན་གཉིས་དམར་གསོད་གཏང་སྟབས་ཚ་རོང་ཁྱིམ་ཚང་དུ་བུ་མོ་བཞི་དང་མནའ་མ་མ་གཏོགས་མེད་སྟབས་ཆུ་བྱི(༡༩༡༢)ལོར་ཏཱ་ལའི་བླ་མ་ཕྱིར་ཕེབས་རྗེས་གཟིམ་དཔོན་མཁན་པོ་ཚ་སྤྲུལ་རིན་པོ་ཆེའི་ཞུས་ངོ་བཞིན་སྤྱན་བསལ་གནམ་གང་སྒེར་ཚ་རོང་པའི་མག་པར་བཏང་ནས་ཤོད་དྲུང་ཞུས་པ་དང་། དེ་རྗེས་བཀའ་བློན་དང་བོད་དམག་གི་སྤྱི་ཁྱབ་མདའ་དཔོན(དམག་སྤྱི)བྱས་ཏེ་དམག་ཁྲིམས་དམ་འདོམས་ཚ་ནན་ཐལ་དྲགས་པ་དང་། དམག་ཁྲིམས་ཐད་བཀའ་ཤག་གི་བཀའ་སྒུག་མི་དགོས་པའི་སྐོར་སོགས་ལ་དམག་དཔོན་ཁག་ནས་གན་རྒྱ་བཞག་པ་སོགས་ཀྱི་རྐྱེན་པས་དམག་སྤྱི་ཕྱིར་འཐེན་དང་། དེ་རྗེས་བཀའ་བློན་ཡང་གནས་དབྱུང་གིས་ཛ་སག་དུ་བཞག་མཐར་བོད་ཀྱི་གསེར་ཊམ་དང་། བོད་དངུལ་སྣ་ཚོགས། བལ་འཁེལ་འཐག་བཟོ་གྲྭ་སོགས་ཀྱི་འགན་འཁུར་བྱས་ཐོག་ཀརྨ་ཤར་གླིང་ཁ་ནས་ནོར་བུ་གླིང་ཁ་བར་གྱི་ཆུ་ཡུར་དང་། ལྕགས་པོ་རིའི་ལྷོ་ངོས་སུ་སྨོན་ལམ་ཚོགས་ཤིང་གི་དམིགས་སྒོ་ལྕང་ཤིང་གསར་འཛུགས། སྟོད་ལུང་ཁྲི་ཟམ་ལ་ཨར་འདམ་ཟམ་པ་གསར་བཟོ། ཆུ་ཤུལ་རྫོང་ཁོངས་གནམ་གྱི་འཕྲེང་ལམ་གཏོར་ནས་ལམ་ཆེན་བཟོ་བ་སོགས་བྱས་པ་མ་ཟད། ར་མ་སྒང་གི་རི་ཟུར་ནས་ལྷ་སའི་སྐྱིད་ཆུར་ཟམ་པ་འཛུགས་རྩིས་བྱས་ཀྱང་དོན་དེ་མ་འགྲུབ། ཚོང་གཉེར་ཤུགས་ཆེ་བྱས་ནས་རང་ཁྱིམ་འབྱོར་པ་ཆེ་གྲས་སུ་གྱུར་པ་མ་ཟད། ཁོང་ནི་བློ་རིག་གསལ་ལ་བློ་རྒྱ་ཆེ་བ་ཞིག་ཡིན་པས་ཁྱིམ་ཚང་གི་བྱེད་སྒོ་དང། ཁང་པའི་བཟོ་བཀོད་སོགས་ཀྱང་ཞིང་བྲན་བདག་པོ་གཞན་ལས་ཕྱི་ལུགས་སམ་སྔོན་ཐོན་གྱི་རྣམ་པ་ཆེ་ཙམ་ཡོད། རབ་བྱུང་བཅུ་དྲུག་པའི་ས་བྱ(༡༩༦༩)ལོར་འདས།