ཚེ་སྨོན་གླིང་
དགོན་པ་འདི་ནི་ར་མོ་ཆེ་གཙུག་ལག་ཁང་གི་ནུབ་ངོས་སུ་ཆགས་ཡོད་པ་དང་། བཞི་སྡེ་གྲྭ་ཚང་གི་འདབས་འབྲེལ་ཡིན། ཚེ་སྨོན་གླིང་ཟེར་བའི་མིང་དེ་ནི་དགོན་པ་འདི་བཏབ་རྗེས་མན་ཆིང་གོང་མ་ཏཱ་ཀོང་གིས་བཏགས་པ་ཞིག་ཡིན། དགོན་པ་འདི་ཚེ་སྨོན་གླིང་སྐུ་ཕྲེང་གཉིས་པ་འཇམ་དཔལ་ཚུལ་ཁྲིམས་ཀྱིས་བོད་ས་གནས་ཀྱི་སྲིད་སྐྱོང་གནང་ནས་ལོ་ངོ་དྲུག་སོང་བའི་རབ་བྱུང་བཅུ་གསུམ་པའི་ཤིང་བྱ(༡༨༢༥)ལོར་ཐོག་མར་བཏབ་ཅིང། སེ་ར་སྨད་གྲྭ་ཚང་གི་ཁོངས་གཏོགས་ཡིན། དགོན་པ་འདིའི་ཆགས་དབྱིབས་ནི་བྱང་ནས་ལྷོར་གཏད་ཡོད་ཅིང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ནི་སྤྱི་ཁྲེ་གྲུ་བཞི་མ(༦༢༤༠)ཙམ་ཡོད་ལ་ཤར་ནུབ་ལྷོ་གསུམ་གྱི་ཕྱོགས་རྣམས་ཤག་སྐོར་དང་། བྱང་ངོས་ཐོག་བརྩེགས་བཞི་ཡོད་པའི་གཙུག་ལག་ཁང་ཤར་ནུབ་གཉིས་ཡོད། ཤག་སྐོར་གྱི་ཕྱོགས་གསུམ་ནི་ཐོག་སོ་གཉིས་ལྡན་ཡིན། གྲྭ་ཤག་དང། དེའི་ཕྱིར་བར་ཁྱམས་སྟེང་ཤོད་གཉིས་ཡོད།གཙུག་ལག་ཁང་ལྟེ་བའི་འཛུགས་སྐྲུན་ཐདཤར་ནུབ་གཉིས་སུ་བཅད་ནས་ཡོད་པ་དེ་ལ་བལྟས་ན་དུས་སྐབས་སྔ་རྗེས་གཉིས་སུ་འཛུགས་སྐྲུན་བྱས་པ་ཞིག་ཡིན་པ་གསལ་པོ་མཐོང་ཐུབ། ཤར་ངོས་ཀྱི་གཙུག་ལག་ཁང་དེའི་འཛུགས་སྐྲུན་དང་། བཟོ་བཀོད་ལ་བལྟས་ན་དགོན་པ་དེ་ཐོག་མ་བཏབ་པའི་སྐབས་ཀྱི་བཟོ་དབྱིབས་ཡིན་པ་དང་། ནུབ་ངོས་ཀྱི་གཙུག་ལག་ཁང་སྟེང་ཤོད་བཟོ་བཀོད་ཤར་ངོས་ལས་ལེགས་པ་ཡོད་པས་རྗེས་སུ་རྒྱ་བསྐྱེད་བྱས་པ་ཞིག་ཡིན་པ་མཐོང་ཐུབ། ཤར་ངོས་ཀྱི་གཙུག་ལག་ཁང་ལ་ཕོ་བྲང་དཀར་པོ་དང་། ནུབ་ངོས་ཀྱི་གཙུག་ལག་ཁང་ལ་ཕོ་བྲང་དམར་པོ་ཟེར། ཤར་ངོས་ཀྱི་ཕོ་བྲང་དང་གཙུག་ལག་ཁང་གི་རྒྱ་ཁྱོན་ལ་སྤྱི་ཁྲེ་གྲུ་བཞི་མ༨༠༠༠ཡོད་པ་དེའི་ནང་སྦུག་ཐག་རིང་ཚད་སྤྱི་ཁྲེ༡༣.༤ལོན་པའི་འདུ་ཁང་ཡིན་ཅིང་། དེའི་ཞེང་ཚད་ལ་སྤྱི་ཁྲེ༡༠༠དང་ཀ་བ་ཉི་ཤུ། གསེང་གཡབ་མཐོངས་སྐོར་ལ་རིང་ཚད་སྤྱི་ཁྲེ༦.༦དང་ཞེང་ཚད་ལ་སྤྱི་ཁྲེ༤ལོན་པའི་རབ་གསལ་མཐོ་པོ་ཡོད། འདུ་ཁང་གི་མདུན་དུ་སྦུག་ཐག་སྤྱི་ཁྲེ༣.༤ལོན་པའི་སྒོ་འཕྱོར་ཡོད་པ་དང་། དེའི་གཡས་གཡོན་གཉིས་སུ་རུང་ཁང་དང་། མཛོད་ཁང་ཡོད་ཅིང་། དེ་ཚོའི་བཟོ་སྐྲུན་གྱི་སྤུས་ཚད་ཞན་ཙམ་ཡོད། འདུ་ཁང་གི་སྦུག་ངོས་ནི་མཆོད་ཁང་ཡིན་ཅིང་། དེའི་ནང་འཇིམ་བཟོའི་ཡི་དམ་ཆོས་སྲུང་གི་སྐུ་འདྲ་ཁ་ཤས་དང་། ཚེ་སྨོན་གླིང་སྐུ་ཕྲེང་གཉིས་པ་འཇམ་དཔལ་ཚུལ་ཁྲིམས་ཀྱི་དངུལ་གདུང་དང་སྐུ་ཕྲེང་གསུམ་པ་བསྟན་པའི་རྒྱལ་མཚན་གྱི་དངུལ་གདུང་གཉིས་ཀྱི་མཐོ་ཚད་ལ་ཐོག་སི་གཅིག་ལོངས་པ་ཡོད། བར་ཐོག་གི་བྱང་ངོས་མགོན་ཁང་ནང་འཇིམ་བཟོས་རྟ་མགྲིན་དང་། གཞན་ཡང་དགེ་ལུགས་ཆོས་སྐྱོང་སྲུང་མ་ཁག་དྲུག་གི་སྐུ་བརྙན། བརྩིགས་ལྡེབས་སུ་རས་བྲིས་དང་ཚེམ་གྲུབ་མའི་ཐང་ཀ་སྣ་ཚོགས་སུམ་ཅུ་ལྷག་ཙམ་ཡོད། སྟེང་ཐོག་ཐོག་སོ་གཉིས་པ་དཔེ་མཛོད་ཁང་ནང་བཀའ་འགྱུར་དང་། བསྟན་འགྱུར། གསུང་འབུམ། ལོ་རྒྱུས། རིག་གནས་ལ་སོགས་པིའི་དཔེ་ཆ་བྲིས་མ་དང་། དཔར་མ་ཁྱོན་བསྡོམས་པོད་ཁྲི་གཉིས་ལྷག་ཙམ་ཡོད། (དཔེ་མཛོད་ཁང་འདིའི་ནང་གི་དཔེ་ཆ་གལ་ཆེ་བ་ཁག་གཅིག་པོ་ཏ་ལ་དང་ཞོལ་དཔེ་མཛོད་ཁང་དུ་དབོར་ཟིན)རྩེ་ཐོག་ཐོག་སོ་བཞི་པའི་དཀྱིལ་ནི་ཚོམས་ཆེན་དང་། དེའི་གཡས་གཡོན་གཉིས་སུ་གཟིམ་ཆུང་ཤར་ནུབ་གཉིས། དཔེ་གཟིགས་ཁང་། ཉི་འོད། བར་ཁྱམས་བཅས་ཡིན། ནུབ་ངོས་ཀྱི་གཙུག་ལག་ཁང་དང་། ཕོ་བྲང་དམར་པོ་ནི་ཤར་ངོས་ཀྱི་ཕོ་བྲང་ལས་སྤུས་ཚད་ལེགས་ཤིང་། བཀོད་པ་ཐོན་པོ་ཡོད་པ་དེར་བལྟས་ན་ཤར་ངོས་གཙུག་ལག་ཁང་རྙིང་པ་ལས་ལོ་བཅུ་ཕྲག་ཁ་ཤས་ཀྱི་ཕྱི་བ་ཡོད། དེའི་ཁྱད་ཆོས་ནི་ཀ་གདུང་སོགས་ལ་བརྐོས་དཀྲོལ་གྱི་རྒྱན་རིས་མང་ལ་ཞིབ་ཚགས་ཆེ་བ། བརྩིག་ལྡེབས་ཚང་མ་ལྡེབས་བྲིས་ཡོད་པ། ཚོས་མདོག་རྣམས་ལ་རི་མོ་ཧ་ཅང་ཕྲ་ཞིབ་ཡིན་པ་བཅས་རེད། གཙུག་ལག་ཁང་དེའི་མདུན་ངོས་ནི་སྒོ་འཕྱོར་དང་། དེའི་སྦུག་ཏུ་འདུ་ཁང་། འདུ་ཁང་གི་སྦུག་ཏུ་མཆོད་ཁང་། མཆོད་ཁང་གི་ཟུར་གཡས་གཡོན་གཉིས་སུ་ལྷ་ཁང་རེ་རེ་བཅས་ཡོད། འདུ་ཁང་སྦུག་གི་མཆོད་ཁང་དེར་ཞེང་ཚད་སྤྱི་ཁྲེ༡༥དང་སྦུག་ཐག་སྤྱི་ཁྲེ༡༣.༨ གོ་བསྒྲིགས་ལྔ་ལྔ་ཡོད་པ་བཅས་ཡིན། (མཆོད་ཁང་ནང་དངུལ་ལས་བཞེངས་པའི་སྒྲོལ་མ་དང་། གསེར་ཟངས་ལས་གྲུབ་པའི་རྒྱལ་བ་བྱམས་པ། རྗེ་ཙོང་ཁ་པ་སོགས་ཀྱི་སྐུ་བརྙན་མང་པོ་དང་། ཚེ་སྨོན་གླིང་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་ཁྲི། སྐུ་ཕྲེང་གསུམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་དང་། སྐུ་ཕྲེང་བཞི་པ་ཐུབ་བསྟན་མཁས་གྲུབ་གཉིས་ཀྱི་གསེར་གདུང་བཅས་ཡོད། བརྩིགས་ལྡེབས་སུ་ལྡེབས་བྲིས་ཀྱིས་ཁེངས་ཡོད) འདུ་ཁང་གི་གསེང་གཡབ་མཐོངས་སྐོར་ལ་སྤྱི་ཁྲེ༨.༣རིང་ཚད་སྤྱི་ཁྲེ༧.༥ལོན་པའི་རབ་གསལ་བསྒྲིགས་ཡོད་པའི་འདུ་ཁང་ནང་དུ་ཉི་འིད་ཕོག་ཚད་ལེགས་ཤིང་། འཀར་གསལ་དོད་པོ་ཡོད། འདུ་ཁང་གི་མདུན་ངོས་ཟུར་གཉིས་སུ་གསང་སྒོ་བཏོན་ཡོད་པ་དེ་ནས་མཛོད་ཁང་གཡས་གཡོན་གཉིས་ནང་འགྲོ་ས་ཡོད་པ་དང་། གཡོན་ངོས་ཀྱི་མཛོད་ཁང་དེར་རིང་ཚད་སྤྱི་ཁྲེ༡༨དང་ཞེབ་ཚད་སྤྱི་ཁྲེ༡༤.༡དང་ཞེང་ཚད་སྤྱི་ཁྲེ༢.༦ཡོད། འདུ་ཁང་རྒྱབ་ཀྱི་མགོ་ཁང་མདོ་སྦུག་གཉིས་ཡོད་པའི་སྦུག་གི་ལྷ་ཁང་དང་། ཡི་དམ་ཆོས་སྲུང་ཡོངས་གྲགས་ཀྱི་སྐུ་བརྙན་སྣ་ཚོགས་དང་། ཤར་ངོས་ཀྱི་མགོན་ཁང་ནང་སྲུང་མ་ཁག་བདུན། གཞན་ཡང་ཚེ་སྨོན་གླིང་སྐུ་ཕྲེང་གཉིས་པའི་འདྲ་སྐུ་དང་། སྨན་བླ་བདེ་གཤེགས་བརྒྱད་ཀྱི་སྐུ་བརྙན་སོགས་ཡོད། འདུ་ཁང་ཐོག་ཁའི་བར་ཐོག་དུ་དགོན་པའི་ཚོགས་འདུ་ཁང་དང་། མཛོད་ཁང་ཆེ་ཆུང་སྣ་ཚོགས་ཡོད་ཅིང་། སྟེང་ཐོག་ནི་གཞི་རྒྱ་ཆེ་བའི་ཚོམས་ཆེན་ཡིན། ཚེ་སྨོན་གླིང་ཧོ་ཐོག་ཐུ་ནི་ཕྱིས་སུ་བྱུང་བའི་སྲིད་སྐྱོང་རིམ་བྱུང་གི་ནང་ནས་ཆབ་སྲིད་ཐོག་ཤུགས་རྐྱེན་ཆེ་ཞིང་། མན་ཆིང་སྲིད་གཞུང་གི་བསྟོད་བསྔགས་དང་བརྩི་བཀུར་ཆེན་པོ་ཐོབ་པའི་འོག་ཚེ་སྨོན་གླིང་དགོན་པ་ཡང་གླིང་ཆེན་བཞིའི་གྲས་སུ་ཚུད་པ་རེད། ཚེ་སྨོན་གླིང་སྐུ་ཕྲེང་དང་པོ་ངག་དབང་ཚུལ་ཁྲིམས་ནི་ཏཱ་ལའི་་བླ་མ་སྐུ་ཕྲེང་བདུན་པ་སྐུ་གཤེགས་ནས་བོད་ས་གནས་སུ་སྲིད་སྐྱོང་རྒྱལ་ཚབ་ཀྱི་ལམ་ལུགས་བཙུགས་པའི་རྗེས་སུ་བྱུང་བའི་སྲིད་སྐྱོང་གཉིས་པ་ཡིན་པ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པར་སྔ་རྗེས་སུ་ལོ་ཉི་ཤུ་ཙམ་གྱི་རིང་སྲིད། དོན་ཕྱག་རོགས་ཞུ་གནང་མཛད་པ་མ་ཟད། མན་ཆིང་གོང་མ་ཆན་ལུང་གིས་བཀའ་ཕཕབ་པ་ལྟར་པེ་ཅིང་དུ་ཕེབས་ཏེ་ལོ་མང་རིང་མེས་རྒྱལ་གོང་བུ་གཅིག་གྱུར་སྲ་བརྟན་དུ་བཏང་བ་དང་། རྒྱ་བོད་མི་རིགས་གཉིས་ཀྱི་མཉུན་སྒྲིལ་ལ་ཕན་པ་ཡོད་པའི་མཛད་རྗེས་ཆེན་པོ་འཇོག་གནང་མཛད་ཡོད། ཚེ་སྨོན་གླིང་དགོན་པ་འདིར་ཉམས་ཆག་བྱུང་ཚུལ་སྐོར་ནི། ཚེ་སྨོན་གླིང་སྐུ་ཐོག་གཉིས་པ་འཇམ་དཔལ་ཚུལ་ཁྲིམས་ཀྱིས་རབ་བྱུང་བཅུ་བཞི་པའི་ས་ཡོས(༡༨༡༩)ལོ་ནས་རབ་བྱུང་གོང་གསལ་གྱི་ཤིང་འབྲུག(༡༨༤༤)བར་ལོ་ཉི་ཤུ་རྩ་ལྔའི་རིང་སྲིད་སྐྱོང་གི་འགན་ཁུར་གནང་ཞིང་། དེའི་རིང་དགས་ལྡན་ཁྲི་པ་ཀྱང་གནང་ཐུབ་པ་བྱུང་ཡོད་ཀྱང་། མན་ཆིང་སྲིད་གཞུང་གི་ཨམ་བན་སྔ་རྗེས་དང་བཀྲ་ཤིས་ལྷུན་པོའི་ཞབས་འབྲིང་བཅས་དང་སྲིད་དོན་སྐོར་མ་མཐུན་པའི་རྐྱེན་གྱིས་ས་གནས་སྲིད་གཞུང་གི་དཔོན་རིགས་ཁག་གཅིག་དང་། མན་ཆིང་སྲིད་གཞུང་གིས་མངགས་པའི་བོད་སྡོད་ཨམ་བན་བཅས་ནས་གོང་མ་ཏཱའོ་ཀོང་ལ་སྙན་ཞུ་ཕུལ་བ་ལྟར་སྲིད་སྐྱོང་ཚེ་སྨོན་གླིང་དང་ཕྱག་མཛོད་ཛ་སག་གཉིས་འཛིན་བཟུང་དོ་དམ་ཐོག སྲིད་སྐྱོང་གི་མཚན་གནས་མེད་པར་བཟོས་པ་བཅས་བྱས་རྐྱེན། སེ་ར་སྨད་གྲྭ་ཚང་གི་གྲྭ་པ་ཚོས་ཚེ་སྨོན་གླིང་སྲིད་སྐྱོང་སྲུང་སྐྱོབ་བྱས་ཏེ་སེ་ར་དགོན་པར་གདན་ཞུ་དང་། ས་གནས་སྲིད་གཞུང་ལ་ངོ་རྒོལ་ཟིང་འཁྲུག་བསླངས་པར་བརྟེན་དགོན་པ་འདིར་གཏོར་སྐྱོན་ཚབས་ཆེན་ཕོག་པ་མ་ཟད། སྲིད་སྐྱོང་རང་ཉིད་ཀྱང་བཙོན་པའི་ཆས་གཡོགས་ཏེ་ཟི་ལིང་དུ་རྒྱང་ཕུད་བཏང་ཞིང་། ཡང་སྲིད་རྩད་གཅོད་མི་ཆོག་པའི་རྡོ་རིང་ཞིག་ཀྱང་བསླངས་ནས་བླ་བྲང་གི་འཛིན་ཁོངས་མཆོད་གཞིས་ཁག་གཞུང་བཞེས་བྱས་ཏེ་ཚེ་སྨོན་གླིང་དོ་དམ་པ་ཟེར་བའི་སྲིད་འཛིན་ལས་ཁུངས་གསར་འཛུགས་སང་། དགོན་པ་འདིའི་རྒྱུ་དངོས་རྟེན་གསུམ་འགངས་ཅན་མང་པོ་རྩེ་རྣམ་རྒྱལ་གྲྭ་ཚང་དང་དགོན་པ་གཞན་དག་ལ་ཁག་བགོས་ཀྱིས་སྤྲད་ཡོད། རྗེས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དང་། སེར་སྨད་གྲྭ་ཚང་། རྒྱུ་སྟོད་གྲྭ་ཚང་བཅས་ནས་ཚེ་སྨོན་གླིང་སྤྲུལ་སྐུའི་ཡང་སྲིད་ལོས་འཛིན་ཞུས་ཆོག་པ་དང་། བླ་བྲང་དང་དགོན་པ་ཉམས་ཆག་སོང་བར་སླར་གསོའི་འཚོ་བརྟེན་ཕྲན་བུ་ལསོལ་རས་ཡོང་བ་ཞེས་སྙན་ཞུ་ཕུལ་བར་བརྟེན་ཚེ་སྨོན་གླིང་སྐུ་ཕྲེང་དང་པོ་ངག་དབང་ཚུལ་ཁྲིམས་སྐབས་ཆོས་སྲིད་གཉིས་ཀྱི་ཐོག་ནས་མཛད་རྗེས་ཆེ་བར་དགོངས་ཏེ་ཡང་སྲིད་ངོས་འཛིན་ཞུས་ཆོག་པའི་ཐོག་ཧོ་ཐོག་ཐུའི་མཚན་གནས་རང་འཇགས་དང་། དེ་སྔོན་གཞུང་བཞེས་བྱས་པའི་ཁོངས་ཀྱི་མཆོད་གཞིས་ཁག་གཅིག་ཕྱིར་སློག་བསྩལ། རབ་བྱུང་བཅོ་ལྔ་པའི་ལྕགས་ཁྱི(༡༩༡༠)ལོར་ཟི་ཁྲོན་སྤྱི་ཁྱབ་ཀྲའོ་ཨམ་བན་དང་ལིའུ་འུན་ཧོད་ཀྱིས་མངགས་པའི་ཁྲོན་དམག་བོད་དུ་འབྱོར་སྐབས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་རང་ཉིད་ཀྱི་སྐུ་སྲོག་ཉེན་ཚབ་ཧ་ཅང་ཆེ་རྐྱེན་སྲིད་བློན་རྣམ་པ་བཅས་སྐུ་འཁོར་ཉུང་བསྡུས་རྒྱ་གར་ཁུལ་དུ་ཉེན་ཡོལ་དུ་ཕེབས་ཤིང་། དེའི་ཤུལ་དུ་ཚེ་སྨོན་གླིང་སྐུ་ཕྲེང་བཞི་པ་ལག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དགེ་ལྡན་ཁྲི་པ་ཡིན་མུས་ཐོག་སྲིད་ཚབ་ཏུ་བསྐོ་གཞག་གནང་སྟེ་རྒྱ་གར་དུ་ཕེབས་ནས་དབྱིན་ཇི་སྲིད་གཞུང་བརྒྱུད་མན་ཆིང་སྲིད་གཞུང་ལ་བཀའ་མོལ་གནང་རིང་། གཙུག་ལག་ཁང་དང་པོ་ཏ་ལ་ཡས་མས་སྲུང་སྐྱོབ་དང་། ལུའུ་ཅུན་དཔོན་དམག་ལྷ་ས་ནས་མཐར་སྐྲོད་གཏོང་ཐུབ་པ་ཀྱི་མཛད་རྗེས་སུ་ཀུན་བདེ་གླིང་ཧོ་ཐོག་ཐུ་དང་འདྲ་བའི་གདན་ཐོབ་དང་། ཤ་ཅིན་ཏིལ་གེག་ཆེ་ཞེས་པའི་ཆོ་ལོ་གོ་གནས་བཅས་བསྩལ། དེ་ནས་བཟུང་བླ་བྲང་དང་དགོན་པ་གཉིས་ཀ་ཕྲན་བུ་སྟོབས་འབྱོར་རྒྱས་སུ་སོང་། དེ་རྗེས་སྟག་བྲག་གིས་སྲིད་སྐྱོང་གནང་སྐབས་ཕྱོགས་གཅིག་སྲིད་ཟུར་རྭ་སྒྲེང་དང་འགལ་ཟླ་ཆེན་པོ་ཆགས་པ་དང་དུས་མཚུངས་རབ་བྱུང་བཅུ་དྲུག་པའི་མེ་གླང(༡༩༣༧)ལོར་ཚེ་སྨོན་གླིང་སྐུ་ཕྲེང་ལྔ་པས་སྟག་བྲག་སྲིད་སྐྱོང་ལ་བརྩི་བཀུར་མ་ཞུས་པའི་ཐོག་ཚེ་སྨོན་གླིང་རང་ཉིད་ཆོས་ཁྲིམས་དང་འགལ་བའི་གནས་ཚུལ་བྱུང་སྐོར་སྙན་ཞུ་ཕུལ་བའི་ནང་དུའང་ཞེ་ས་དང་གུས་བཀུར་སོགས་གཏན་ནས་མེད་པར་རང་མཉམ་བླ་སྤྲུལ་ཞིག་དང་འདྲ་བའི་སྐྱོན་བརྗོད་ནན་པོ་གནང་བར་བརྟེན། དོ་དམ་བཙོན་འཇུག་བྱ་ཉེའི་མཚམས་སླར་ཡང་འབྲས་སྤུངས་བློ་གསལ་གླིང་དང་རྒྱུད་སྟོད་གྲྭ་ཚང་གཉིས་ནས་སྲིད་སྐྱོང་སྟག་བྲག་རིན་པོ་ཆེར་རྒྱུ་དངོས་ཕངས་མེད་ཕུལ་ཏེ་དོ་དམ་རྒྱང་ཕུད་མི་དགོས་པར་རྒྱུད་སྟོད་གྲྭ་ཚང་ལ་གསོལ་རས་ཡོད་པ་ཞེས་ཞུ་བསྐུལ་ཐེངས་མང་བྱས་ཀྱང་མ་ཕན་པར་མེ་ཕག(༡༩༤༧)ལོའི་སྨོན་ལམ་ཆེན་པོའི་སྐབས་ལྷོ་ཁ་རྣམ་རྒྱལ་གསེར་ཁང་དུ་རྒྱང་ཕུད་བཏང་སྟེ་བཟང་བཙོན་བཅུག་ནས་ཟླ་བ་ཁ་ཤས་སོང་མཚམས་རྭ་སྒྲེང་སྲིད་ཟུར་བཀྲོངས་ཤིང་། དེ་ནས་ཚེ་སྨོན་གླིང་ཡང་སྐུ་གཤེགས་། སྐབས་དེར་ཚེ་སྨོན་གླིང་དགོན་པ་དང་བླ་བྲང་གཉིས་ལ་ཉམས་ཆག་དོ་ཕོག་མ་བྱུང་བ་ནི་བླ་བྲང་གི་ཕྱག་མཛོད་དྲུང་ཡིག་ཆེན་མོ་དང་མཐོ་རིམ་ལས་བྱེད་ཁག་རྣམས་ཚེ་སྨོན་གླིང་རིན་པོ་ཆེར་མ་དགའ་བའི་འཁོན་འཛིན་ཡོད་པའི་རྐྱེན་གྱིས་ཡིན་སྐད། གནས་ཚུལ་དེའི་ཐོག་ནས་བླ་མའི་ཡང་སྲིད་དང་བླ་བྲང་བར་གྱི་འབྲེལ་བ་དེ་ཆས་སྲིད་གཉིས་ཀའི་ཐོགནས་དགོས་མཁོ་ངེས་ཅན་ཞིག་ལ་བརྟེན་ནས་བྱུང་བ་ཡིན་པར་གསལ་པོར་མཚོན་ཐུབ་པ་ཡིན།
གཞན་ཡང་་་་་་་ མཚན་རྒྱས་པར་བྱང་ཆུབ་གླིང་གི་གསང་སྔགས་ཚེ་སྨོན་གླིང་ཞེས་ཞུ། བཞི་སྡེ་དགོན་གྱི་ཤར་ངོས་སུ་དགོན་དེ་མཇལ་རྒྱུ་ཡོད། ལྷ་སའི་གླིང་ཁག་བཞིའི་ཡ་རྒྱལ་ཡིན། ཚེ་སྨོན་གླིང་ཞེས་པ་ནི། སྔོན་གོང་མ་ཆན་ལུང་གི་སྐུ་ཚེ་ཚེ་སྒྲུབ་གནང་ས་ཡིན་སྟབས་མཚན་དེ་ལྟར་ཐོགས། ཚེ་སྨོན་གླིང་སྐུ་ཕྲེང་དང་པོས་རྒྱུད་སྟོད་ཀྱི་བླ་མ་དབུ་མཛད་གནང་བ་དང་། ལྕང་སྐྱ་རོལ་པའི་རྡོ་རྗེ་དགོངས་པ་གཞན་དོན་དུ་ཕེབས་རྗེས་གང་ཉིད་གོང་མའི་དབུ་བླར་ཕེབས། དེ་ནས་ཡར་ཕེབས་རྗེས་གོང་མའི་ཡུམ་གྱི་དགོངས་རྫོགས་སུ་སེ་ར་གྲྭ་ཚང་སྨད་ཀྱི་ཇོ་བོ་བྱང་ཆུབ་ཆེན་མོ་བཞེངས། ཐོག་མར་འདུ་ཁང་ཤར་རམ་ཕོ་བྲང་དཀར་པོ་ཞེས་པར་གོང་མའི་སྐུ་ཚེ་ཚེ་སྒྲུབ་གནང་ས་ཡིན་ཞེས་ཚེ་དཔག་མེད་ཀྱི་སྐུ་བརྙན་དང་ཚེ་སྨོན་གླིང་སྐུ་ཕྲེང་གཉིས་པ་དང་གསུམ་པའི་གདུང་རྟེན། སྐུ་ཕྲེང་དང་པོའི་གདུང་རྟེན་སེ་ར་ཚེ་སྨོན་གླིང་དུ་བཞུགས། མགོན་ཁང་ནང་སྐུ་རྒྱུ་ལི་མའི་དམག་ཟོར་མ་དང་། ཙིའུ་དམར་པོའི་སྐུ་སོབ། འཇིམ་གྱི་ཐབ་འོག་བཅས་དང་། འདུ་ཁང་ཆེན་མོ་ཀ་རིང་བཞིའི་ནང་དབུས་སུ་ཚེ་སྨོན་གླིང་གི་བཞུགས་ཁྲི་དང་། གདོང་གྲམ་ཤར་གྱི་འགོར་ར་ས་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེར་དཔེ་བཞེས་ནས་བཞེངས་པའི་གསེར་ཟངས་ཀྱི་ཇོ་བོ་ཤཱཀྱ་མུ་ནེ། དེའི་གཡོན་དུ་དངུལ་གྱི་སྐུ་ཕྲེང་གསུམ་པའི་འདྲ་སྐུ། དེའི་ཞོགས་སུ་གསེར་ཟངས་ཀྱི་སྨན་བླའི་བློས་བླངས་དཀྱིལ་འཁོར། ནུབ་ཀྱི་གདོང་བྲལ་གྱི་དབུར་གསེར་ཟངས་ཀྱི་རྗེ་ཙོང་ཁ་པ་ཁྲི་དྲུག་མགྱོགས་དང་བཅས་པ། དེའི་སྐུ་རྒྱབ་ཏུ་གསེར་ཟངས་ཀྱི་རྒྱལ་བ་བྱམས་པ་ཆོས་འཁོར་མ། དེའི་ཞོགས་སུ་གསེར་ཟངས་ཀྱི་སྐུ་ཕྲེང་གཉིས་པའི་སྐུ་བརྙན། ནུབ་ཀྱི་མཐའ་གྲལ་ནས་ཞལ་ཤར་དུ་གཟིགས་པ་དངུལ་གྱི་སྒྲོལ་ལྗང་མི་ཚད་མ། དེའི་གཡས་སུ་སྐུ་ཕྲེང་བཞི་པའི་གདུང་རྟེན། བཀའ་འགྱུར་ནུབ་ལྷ་ཁང་དུ་གསེར་བྲིས་ཀྱི་བཀའ་འགྱུར་དང་། གསེར་དངུལ་འདྲེས་མའི་ཡུམ་རྒྱས་འབྲིང་བསྡུས་གསུམ། འདུ་ཁང་ནང་བདེ་གསང་འཇིགས་གསུམ་གྱི་ལྡེབས་རིས། ཡང་ཐོག་བཞི་ཐོག་དང་བཅས་པ་ཡོད་ཅིང་དེ་དག་ལ་གཟིམས་ཆུང་ཁག་དང་། རྟ་མགྲིན་བསམ་འགྲུབ་ལྷ་ཁང་། ལྕོག་[page 36] བཅས་ལ་རྟེན་དང་བརྟེན་པར་བཅས་བཞུགས་སུ་གསོལ་ཡོད། སྔོན་དགེ་འདུན་བདུན་བཅུ་དོན་ལྔས་རི་བོ་དགེ་ལྡན་གྱི་གསང་བདེ་འཇིགས་གསུམ་གྱིས་གཙོས་སྔགས་ཆོག་ཁག་ཕྱག་བཞེད་མཛད་པ་ཡིན། སེར་སྨད་གྲྭ་ཚང་གི་ཁོངས་ཡིན། ད་ལྟ་ཐོག་སོ་ཉིས་ཐོག་ཉམས་གསོ་ཞུས་པའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། ལྡེབས་རིས་རྙིང་མ་མང་པོ་བཞུགས་པ་ད་ལྟའང་མཇལ་རྒྱུ་ཡོད།