ཞེ་ཆེན་རྒྱལ་ཚབ་ཆོས་འབྱུང་

༄༅། །སྔ་འགྱུར་རྡོ་རྗེ་ཐེག་པ་གཙོ་བོར་གྱུར་པའི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བྱུང་བ་བརྗོད་པའི་གཏམ་མདོར་བསྡུས་ལེགས་བཤད་པདྨ་དཀར་པོའི་རྫིང་བུ་ཞེས་བྱ་བ་བཞུགས་སོ། ། ༄༅། །ན་མཿཤྲཱི་མཱཾ་གུ་རུ་མཉྫུ་ཤྲཱི་ནཱ་ཐཱ་ཡ། དགེ་ལེགས་དཔལ་གྱིས་མངོན་མཐོ་ཚངས་དབང་འཇིག་རྟེན་གཙོ་བོས་ཕྱག་བྱས་ཤིང༌། །སྟོབས་མཆོག་སྟོབས་ཀྱིས་བདུད་དང་མུ་སྟེགས་ཕས་ཀྱི་རྒོལ་ཀུན་ཚར་བཅད་ནས། །གང་འདུལ་ཐེག་གསུམ་བདུད་རྩིའི་ཆར་གྱིས་འགྲོ་བློའི་རེ་བ་སྐོང་མཛད་པའི། །མཉམ་མེད་ཤཱཀྱ་སེངྒེ་ཆོས་དང་དགེ་འདུན་བཅས་ཀུན་གཙུག་ན་འབར། ༡ །ལྷར་བཅས་སྐྱེ་དགུའི་ལེགས་བྱས་བསོད་ནམས་དུ་ཀཱུ་ལ་ཡི་གོས་བཟང་རྩེར། །འོད་མཚན་སྟོང་འབར་མགོན་གྱི་ཐུགས་བསྐྱེད་དགོས་འབྱུང་ནོར་བུའི་ཏོག་སྤ་བས། །དྲི་མེད་མདངས་ལྡན་ཀོ་ཤའི་མཚོར་འཁྲུངས་སྲིད་གདུང་བཅིལ་བའི་གདུགས་དཀར་མཆོག །དཔལ་ལྡན་སངས་རྒྱས་པདྨ་སྐྱེས་ཀྱིས་དུས་གསུམ་དགེ་བའི་ཤིས་པ་སྩོལ། ༢ །ཕུལ་བྱུང་གྲགས་པའི་གཏེར་གྱུར་དཔག་མེད་ཡོན་ཏན་བྱེ་བའི་རླབས་ཕྲེང་ཅན། །མི་ཕམ་འཇམ་དབྱངས་སྤྱན་གཟིགས་མཐུ་ཆེན་ཐོབ་སོགས་རྒྱལ་སྲས་འཕགས་པའི་ཚོགས། །གཏད་རབས་རྣམ་བདུན་རྒྱན་མཆོག་རྨད་བྱུང་ཆེན་པོ་བཞི་དང་སྒོ་དྲུག་སོགས། །འཕགས་ཡུལ་པཎ་གྲུབ་བསྟན་འཛིན་སྐྱེས་མཆོག་ཕྱག་འོས་རྣམས་ལ་གུས་པས་འདུད། ༣ །སྔོན་སྨོན་ཐུགས་བསྐྱེད་དུས་སྨིན་རླབས་ཆེན་བརྩོན་པའི་སྐྱ་རེངས་ཁ་ལོ་ཡིས། །དྲི་མེད་ཐུབ་བསྟན་སྣང་བའི་མུ་ཁྱུད་གངས་ལྗོངས་དད་བསོད་མཁར་དྲངས་ནས། །བཤད་སྒྲུབ་ཕྲིན་ལས་འོད་སྟོང་དྲྭ་བས་རྒུད་པའི་མུན་ཚོགས་གཏན་བཅིལ་བའི། །


སྤྲུལ་པའི་ཆོས་རྒྱལ་ལོ་པཎ་བྱང་སེམས་འཕགས་ཚོགས་བཀའ་དྲིན་ཅན་རྣམས་རྒྱལ། ༤ །ཁྱད་པར་འཕགས་ཡུལ་པཎ་གྲུབ་ཀླུ་མཆོག་བྱེ་བའི་གཙུག་ནོར་སྒྲུབ་བརྒྱུད་བརྒྱད། །ཐུགས་བསྐྱེད་བརྩོན་པའི་གྲུ་ཡིས་ལེགས་བླངས་བཤད་སྒྲུབ་རྒྱལ་མཚན་རྩེར་མཆོད་པས། །གྲུབ་གཉིས་འདོད་དགུའི་ཆར་གྱིས་ས་འདི་འོག་མིན་བཞིན་དུ་འབྱོར་མཛད་པའི། །སར་གནས་འཕགས་པའི་དེད་དཔོན་མཆོག་རྣམས་ངོ་མཚར་བཀའ་དྲིན་སུ་ཡིས་དཔོག ༥ །མཁྱེན་རྟོགས་ཡོན་ཏན་དཔག་མེད་ཕྱོགས་རེར་མ་གྱུར་ཡོངས་རྫོགས་བསྟན་པའི་གཉེན། །གཞན་ཕན་ཕྲིན་ལས་རིས་སུ་མ་ཆད་མཐའ་ཀླས་སྐྱེ་དགུའི་མགོན་གཅིག་པུ། །རྣམ་ཐར་བསམ་ཡས་ཆོས་ཀྱི་དབྱིངས་མཉམ་ས་བཅུའི་དབང་ཕྱུག་འཇམ དབྱངས་དངོས། །བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པས་རྗེས་སྐྱོངས་ཤིག ༦ །རྒྱལ་བས་ལུང་བསྟན་རྩོད་བྲལ་སྤྲུལ་སྐུ་འཕགས་ཆེན་འཛམ་གླིང་མཛེས་པའི་རྒྱན། །སྒྲུབ་བརྒྱུད་བརྒྱད་ཀྱི་པད་ཚལ་ལེགས་སྐྱོང་སྔོན་མེད་བསྟན་པའི་ཉི་མ་མཆོག །ངོ་མཚར་མཛོད་ལྔའི་ཤིང་རྟའི་སྲོལ་འབྱེད་གསང་བདག་དཔའ་བོ་རྡོ་རྗེ་ཆོས། །བློ་གྲོས་མཐའ་ཡས་གདོད་མའི་མགོན་ཁྱོད་བྱང་ཆུབ་ཐོབ་ཀྱང་རིགས་བདག་བསྙེན། ༧ །མི་ཕམ་འཇམ་དབྱངས་དགོངས་ཀློང་མངོན་གྱུར་ཕྱོགས་ལས་རྣམ་རྒྱལ་སརྦ་ཛྙཱ། །ངེས་གྲོལ་ཆུ་གཏེར་ཆེས་ཆེར་འཕེལ་བྱེད་བཀྲ་ཤིས་བྱེ་བའི་འོད་ཟེར་ཅན། །འགྱུར་མེད་བདེན་དོན་མངོན་གཟིགས་ཀུན་བཟང་བསྟན་པའི་ཉི་མ་ཟེ་ཆེན་པ། །འདྲེན་མཆོག་བརྒྱུད་པར་བཅས་རྣམས་ཚངས་གནས་དད་པའི་པདྨོར་ལེགས་མཆོད་ནས། ༨ །ཕན་བདེའི་འོད་དཀར་ལུང་རྟོགས་ཆ་རྫོགས་ངེས་གསང་ཐུབ་བསྟན་རི་བོང་འཛིན། །


གངས་ལྗོངས་གདུལ་བྱའི་དད་བསོད་ཀུན་གསལ་ངོགས་སུ་ཇི་ལྟར་སྣང་བའི་གཏམ། །ཕྱོགས་ལྷུང་ཆགས་སྡང་ཆོས་སྤངས་སྒྲ་གཅན་གདུག་པའི་ལག་པས་བཀབ་མིན་པར། །དད་གསུམ་ཀུ་མུཏ་བཞད་ལས་དྲང་པཽའི་ངག་གིས་ཅུང་ཟད་གླེང་བར་བྱ། ༩ ། དེ་ཡང་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་འདི་ཉིད་ངེས་པའི་དོན་དུ་ཐོག་མ་མེད་པའི་དུས་ནས་རང་དོན་དུ་སྤངས་རྟོགས་མཐར་ཕྱིན་ཏེ་མངོན་པར་བྱང་ཆུབ་ཟིན་ནའང༌། ཐབས་ལ་མཁས་པའི་དབང་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སོགས་ཀྱིས་རྣམ་པར་འཕྲུལ་བ་ཚད་མེད་པས་མཁའ་ཁྱབ་ཀྱི་འགྲོ་བའི་དོན་དུས་གསུམ་དུ་མཛད་པ་ལས། རེ་ཞིག་མི་མཇེད་ཀྱི་ཞིང་འདིའི་རྩོད་པའི་དུས་ཀྱི་གདུལ་བྱ་རྣམས་ཀྱི་ངོར། ཐོག་མར་ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས། མཐར་མ་ག་དྷ་རྡོ་རྗེའི་གདན་བྱང་ཆུབ་ཤིང་དྲུང་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚུལ་བསྟན་ནས། རིགས་ཅན་གསུམ་གྱི་གདུལ་བྱ་རྣམས་ཀྱི་ཁམས་དང་བསམ་པ་དང༌། དབང་པོ་དང༌། སྐལ་བའི་ཁྱད་པར་དང་རྗེས་སུ་མཐུན་པའི་ཆོས་འཁོར་རིམ་པ་གསུམ་མམ་དེ་ལས་དབྱེ་བ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་གསུངས་པ་རྣམས་བཀའ་བསྡུ་རིམ་པ་གསུམ་སོགས་ཀྱིས་གཏན་ལ་ཕབ་ཅིང་སྟོན་པའི་གཏད་རབས་ཆེན་པོ་བདུན་དང༌། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུགཆེན་པོ་བཞི། རྨད་བྱུང་གཉིས། མཁས་པ་སྒོ་དྲུག གྲུབ་ཆེན་བརྒྱད་ཅུ་སོགས་འཕགས་དང་མཁས་པའི་སྐྱེས་བུ་བགྲང་ལས་འདས་པས་འཇུག་འདོད་ཀྱི་གང་ཟག་རྣམས་འཆད་པས་རྗེས་སུ་བཟུང༌། རྒོལ་འདོད་ཀྱི་སྐྱེ་བོ་ངན་པ་རྣམས་ལུང་དང་རིགས་པས་ཚར་བཅད། བསྟན་པ་ཡུན་དུ་གནས་པའི་ཕྱིར་དགོངས་འགྲེལ་བསྟན་བཅོས་ཀྱི་ཚོགས་མང་དུ་བརྩམས་ནས་རྒྱ་གར་འཕགས་པའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་ཉིན་མོ་བཞིན་དུ་གསལ་བར་མཛད་པའི་ཚུལ་ནི་སྔོན་བྱོན་དམ་པ་རྣམས་ཀྱིས་མཛད་པའི་ཆོས་འབྱུང་ལོ་རྒྱུས་སྤྱི་དང༌། ཁྱད་པར་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་ཆེན་པོ་རྗེ་བཙུན་ཏཱ་ར་ན་ཐས་མཛད་པ་སོགས་ལས་རྟོགས་པར་བྱ་བ་ཡིན་ལ། འདིར་ནི་ཇི་སྐད་དུ། རྣ་བརྒྱུད་ལུང་གི་ཕྲེང་བ་ལས། རྒྱལ་བ་རྣམས་ནི་འཇིག་རྟེན་བྱོན་པའི་ཚེ། ། དེ་ཡིས་གསུངས་པའི་ལུང་ཆེན་རྣམས་ལ་ནི། ། ཕྱི་རོལ་རྒོལ་བ་ངན་པ་འབྱུང་སྲིད་པས། ། དང་པོར་སྲིད་པ་ཆོས་ཀྱི་ལོ་རྒྱུས་སྨྲོས། ། ཞེས་དང༌། གཞན་ཡང༌། ལོ་རྒྱུས་དོན་གྱིས་མ་བཤད་ན། ། གསང་ཆེན་ངེས་པའི་བཀའ་འདི་ལ། ། ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། ། བརྒྱུད་པའི་ལོ་རྒྱུས་བཤད་པར་བྱ། ། ཞེས་གསུངས་པ་ལྟར་སྐལ་ལྡན་ཡིད་ཆེས་སྐྱེད་པའི་སྒོ་ཙམ་དུ་མཁས་གྲུབ་ཆེན་པོ་པྲ་ཛྙཱ་རསྨིས། རྒྱལ་བས་ལུང་བསྟན་གངས་ཅན་འགྲོ་བའི་མགོན། ། གཅིག་ཏུ་བསྟན་པ་འབའ་ཞིག་ཉེར་དགོངས་པའི། ། སྔོན་གྱི་ཆོས་རྒྱལ་ལྷ་གཅིག་བཙན་པོ་དེ། ། གངས་རིའི་ཁྲོད་འདིར་སྟོན་པ་གཉིས་པ་ཡིན། ། ཞུ་ཆེན་ལོ་ཙཱ་པ་གོར་བཻ་རོ་དང༌། ། རྒྱལ་བའི་གདུང་འཚོབ་འབྲོམ་སྟོན་ཨུ་པ་སཱི། ། མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་པ། ། སྐད་གཉིས་སྨྲ་བ་བླ་ཆེན་འབྲོག་མི་དང༌། ། རྣལ་འབྱོར་དབང་ཕྱུག་རྗེ་བཙུན་མར་པའི་ཞབས། ། གྲུབ་པའི་སར་བཞུགས་དམ་པ་རྒྱ་གར་དང༌། ། གྱི་ཇོ་ལོ་ཙཱ་མཁས་གྲུབ་ཨོ་རྒྱན་པ། ། བྱང་ཕྱོགས་སྒྲུབ་བརྒྱུད་འདེགས་པའི་ཀ་ཆེན་བརྒྱད། ། དཔལ་ལྡན་རྡོ་རྗེ་འཆང་ནས་ལེགས་འོངས་པའི། ། གངས་རིའི་ཁྲོད་འདིར་སྒྲུབ་བརྒྱུད་ཀ་ཆེན་བརྒྱད། ། དེ་དག་གྲུབ་ཐོབ་གོང་མའི་གཤེགས་ཤུལ་ཡིན། ། ཐར་འདོད་རྣམས་ཀྱང་ལམ་དེའི་རྗེས་སུ་ཞུགས། ། ཞེས་གསུངས་པ་ལྟར་འཕགས་མཆོག་རིགས་གསུམ་མགོན་པོའི་སྒྱུ་འཕྲུལ་བོད་ཀྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་དུ་གྲགས་པ་རིམ་པར་བྱོན་པའི་ཐུགས་བསྐྱེད་དང་ཕྲིན་ལས་རྨད་དུ་བྱུང་བའི་བཀའ་དྲིན་ལས་གངས་ཅན་མུན་པའི་ལྗོངས་སུ་རྒྱལ་བསྟན་ཉིན་མོའི་སྣང་བས་ཁྱབ་པར་གྱུར་པ་ལས་བསྟན་པའི་སྙིང་པོ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་རྗེས་འབྲང་དང་བཅས་པའི་གཏམ་ཅུང་ཟད་བརྗོད་པར་བྱ་སྟེ། འདི་ལ་དགུ། སྔ་འགྱུར་རྙིང་མ། བཀའ་གདམས་པ། ལམ་འབྲས་པ། མར་པའི་བཀའ་བརྒྱུད། ཤངས་པ་བཀའ་བརྒྱུད། ཞི་བྱེད་ཡན་ལག་དང་བཅས་པ། སྦྱོར་དྲུག རྡཽ་རྗེ་གསུམ་གྱི་བསྙེན་སྒྲུབ། ཞར་བྱུང་ཕྲན་ཚེགས་གཞན་བཤད་པའོ། །



༡༽ སྔ་འགྱུར་རྙིང་མ་པའི་ལོ་རྒྱུས་བཤད་པ། དང་པོ་གསང་སྔགས་རྙིང་མའི་ལོ་རྒྱུས་བཤད་པ་ལ་གཉིས། སྤྱིར་བཤད་པ་དང༌། བྱེ་བྲག་བོད་ཀྱི་ཡུལ་དུ་ཇི་ལྟར་བྱུང་ཞིང་བསྐྱངས་པའི་ཚུལ་རྒྱས་པར་བཤད་པའོ། ། ༡ སྤྱིར་བཤད་པ། དེ་ལ་དང་པོ་ནི། དཔལ་ཀུན་ཏུ་བཟང་པོ་ཉིད་ཡེ་ཐོག་དང་པོའི་གཞི་ལ་རིག་པའི་ཡེ་ཤེས་གཟུང་འཛིན་གྱི་སྦུབས་རྒྱ་ལས་གྲོལ་ཏེ་ཁྱད་ཆོས་དྲུག་གི་ཚུལ་གྱིས་མངོན་པར་བྱང་ཆུབ་ནས། ནང་དབྱིངས་གཞོན་ནུ་བུམ་པ་སྐུའི་ཞིང་ཁམས་ཆེན་པོར་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་འོད་གསལ་བའི་ངང་ལ་དུས་གསུམ་འཕོ་འགྱུར་མེད་པར་བཞུགས་པ་ལས། གཞི་སྣང་ཡེ་ཤེས་ཆེན་པོའི་སྣང་ཆར་རང་བྱུང་བའི་གནས་ལྷུན་གྲུབ་སྟུག་པོ་བཀོད་པར། སྟོན་པ་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་འཆང་མཚན་དཔེ་གསལ་རྫོགས་ཀྱི་སྐུར་ཤར་བས། རིགས་ལྔའི་ཚོམ་བུ་ཡེ་ཤེས་ཀྱི་རང་མདངས་སུ་སྣང་བ་གཅིག་དང་ཐ་དད་ཀྱི་སྤྲོས་པ་དང་བྲལ་བའི་འཁོར་ལ། དུས་བཞི་མཉམ་པ་ཉིད་འཕོ་འགྱུར་དང་བྲལ་བའི་ངང་དུ། ཆོས་ཟབ་གསང་རྡོ་རྗེའི་ཐེག་པ་ནང་པ་བསྐྱེད་རྫོགས་གསུམ་གྱི་འཁོར་ལོ་སྒྲ་ཚིག་རང་མཚན་ལས་འདས་པའི་གསུང་གིས་དུས་གསུམ་རྒྱུན་མི་འཆད་པར་བགྲོ་བ་མཛད་དེ། ཉིད་ལས་མི་གཞན་པའི་རྒྱལ་སྲས་རིགས་གསུམ་སེམས་དཔའ་དང༌། རིགས་ལྔ་འཁོར་གྱི་མཁའ་འགྲོ། ཕྱི་རབས་ཀྱི་གང་ཟག་ཆོས་ཀྱི་སྤྱན་ལྡན་རྣམས་ལ་བསྟན་པ་མི་ནུབ་པའི་བཙས་སུ་གཏད་པར་མཛད་པ་ལས། མཁྱེན་རབ་ཀྱི་མངའ་བདག་འཇམ་དཔལ་དབྱངས་ཀྱིས་ལྷ་གྲགས་ལྡན་མཆོག་སྐྱོང་ལ་བཤད། དེ་ནས་རིམ་པར། ཚངས་པ་རིན་ཆེན་འོད་འབར། ཚངས་པ་སྐྱེ་དགུའི་བདག་པོ། ཚངས་པ་ཀུན་སྒྲོལ། ཚངས་པ་གཙུག་ཕུད་འཛིན། ལྷ་དབང་བརྒྱ་བྱིན་རྣམས་ལ་བརྒྱུད་ནས་ཚོམ་བུ་འབུམ་དང་བཅས་པ་མཆོག་གི་དངོས་གྲུབ་བརྙེས་ཏེ་ལྷ་ཡུལ་དུ་བསྟན་པ་དར་བར་མཛད། ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས་ཀྱིས་ཀླུ་རྒྱལ་མགྲིན་པ་ནག་པོ་ལ་བཤད། དེ་ནས་རིམ་པར།ཀླུ་མོ་ཁ་འདུལ་མ། འདུལ་ཚང་མ། ཀླུ་ཡིད་འོང་དགའ་བ། ཀླུ་འཇོག་པོ་རྣམས་ལ་བཤད་དེ་ཚོམ་བུ་འབུམ་དང་བཅས་པ་རིག་འཛིན་གྱི་སར་བཀོད་དེ་ཀླུའི་ཡུལ་དུ་དར་བར་མཛད། མཐུ་སྟོབས་ནུས་པའི་མངའ་བདག་ཕྱག་ན་རྡོ་རྗེས་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བཤད། དེ་ནས་རིམ་པར། གནོད་སྦྱིན་ལག་ན་རྡོ་རྗེ་དང༌། སྐར་མདའ་གདོང་སོགས་ལ་བརྒྱུད་ནས་ཚོམ་བུ་འབུམ་དང་བཅས་པ་རྡོ་རྗེ་འཆང་གི་སར་གཤེགས་ཏེ་གནོད་སྦྱིན་གྱི་ཡུལ་དུ་དར་བར་མཛད་དོ། །


དེ་ནས་མི་ཡུལ་དུ་ཇི་ལྟར་བྱུང་ཚུལ་ནི། དགོངས་པ་ལུང་སྟོན་པའི་མདོ་ལས།


རྒྱུ་ལ་མོས་པར་རྒྱུའི་ཆོས་ཀྱི། །


འཁོར་ལོ་རབ་ཏུ་བསྐོར་བྱས་ན། །


རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །


མ་འོངས་དུས་ན་འབྱུང་བ་འགྱུར། །


ཞེས་དང༌། བདེ་མཆོག་སྡོམ་འབྱུང་གི་རྒྱུད་ཕྱི་མ་ལས།


ང་ནི་འདི་ནས་མི་སྣང་ནས། །


ལོ་གྲངས་བརྒྱད་དང་བཅུ་གཉིས་ན། །


ལྷ་གནས་གསུམ་དུ་གྲགས་པ་ཡི། །


བསྟན་པའི་སྙིང་པོ་དམ་པ་ཞིག །


འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །


མི་ལས་སྐལ་ལྡན་རིགས་ཅན་ནི། །


རྒྱལ་པོ་ཛཿཞེས་བྱ་བ་ལ། །


བསོད་ནམས་ཆེན་པོའི་མཐུས་སྣང་བའི། །


གསང་བའི་བདག་པོས་གནང་བར་འགྱུར། །


ཞེས་ལུང་བསྟན་པ་བཞིན། སྟོན་པ་མཆོག་གི་སྤྲུལ་སྐུ་འཇིག་རྟེན་ན་མི་སྣང་ནས་ལོ་ཉེར་བརྒྱད་ན། ལྷ་གྲགས་ལྡན་མཆོག་སྐྱོང༌། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང༌། སྲིན་པོ་བློ་གྲོས་ཐབས་ལྡན། མི་ལི་ཙྪ་བཱི་དྲི་མེད་གྲགས་པ་སྟེ་དམ་པའི་རིགས་ཅན་དྲྭ་མ་ལྔ་ནང་དུ་ཡང་དག་འཇོག་པ་ལས་ལངས་པ་ན། རང་རང་གི་མངོན་པར་ཤེས་པས་སྟོན་པ་མྱ་ངན་ལས་འདས་པར་ཤེས་ནས་རྫུ་འཕྲུལ་གྱི་བྱ་བས་ལངྐའི་ཡུལ་གྱི་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེར་འདུས་ཤིང་ཕྱོགས་བཅུའི་སངས་རྒྱས་ཡིད་ལ་བྱས་ནས།


ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང༌། །


སྟོན་པ་སྒྲོན་མེའི་འོད་ནུབ་ན། །


འཇིག་རྟེན་མུན་པ་གང་གིས་སེལ། །


ཞེས་སོགས་སྤྱི་མདོ་དགོངས་འདུས་ཀྱི་ལེའུ་གསུམ་པ་ལས་འབྱུང་བ་ལྟར་གྱི་གདུང་ཚིག་ཉེར་གསུམ་པོ་བཏོན་པས། སྟོན་པ་རིགས་དྲུག་པ་ཀུན་ཏུ་བཟང་པོ་ཉིད་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་རྣམ་པར་བསྟན་ཏེ། སྔར་འོག་མིན་དང༌། དགའ་ལྡན་དང༌། སུམ་ཅུ་རྩ་གསུམ་སྟེ་ལྷ་གནས་གསུམ་དུ་བསྟན་ཅིང་གྲགས་པའི་གསང་བའི་རྒྱུད་ཐམས་ཅད་སླར་ཡང་ཟློས་ཏེ་གསུང་བར་དགོངས་ནས། ཇི་སྐད་དུ།


སེམས་ཀྱི་དཀྱིལ་འཁོར་མེ་ལོང་བཞིན། །


བསྟན་པ་དེ་ལྟར་བདག་གིས་ཀྱང༌། །


བསྐུལ་བའི་དུས་ནི་གང་བྱུང་བར། །


བདག་ཀྱང་དེ་བཞིན་ཆོ་འཕྲུལ་སྣང༌། །


ཞེས་རྨད་དུ་བྱུང་བའི་ཆོ་འཕྲུལ་གྱིས་རི་མཱ་ལ་ཡའི་རྩེར་གཤེགས་ནས། རིགས་ཅན་དྲྭ་མ་ལྔ་དང༌། གཞན་ཡང་རིག་འཛིན་ཕལ་མོ་ཆེ་ལ་སྔོན་འོག་མིན་ལ་སོགས་པར་བསྟན་པའི་གསང་སྔགས་ཀྱི་ཐེག་པ་རྣམས་སྟོན་པར་མཛད་ཅིང་དེ་རྣམས་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་གླེགས་བམ་ལ་བཻཌཱུརྱ་ཞུན་མས་བྲིས་ཏེ། ཇི་སྐད་དུ། གཞི་རྒྱུ་དགོངས་སྣོད་གནས་སྲུང་བདག་བརྒྱུད་འཛིན། །


ཞེས་པས། གསེར་གྱི་བྱང་བུ་ལ་བྲི་གཞི་ཕུན་སུམ་ཚོགས་པར་དགོངས་པ། བཻཌཱུརྱའི་ཞུན་མས་བྲིས་པ་རྒྱུ་ཕུན་སུམ་ཚོགས་པར་དགོངས་པ། རིན་པོ་ཆེ་སྣ་ཚོགས་པའི་སྒྲོམ་བུ་སྣོད་ངོ་མཚར་བར་དགོངས་པ། ནམ་མཁའ་འབྱུང་བཞིས་མི་འཇིགས་པས་གཏེར་གནས་དམ་པར་དགོངས་པ། མ་དང་མཁའ་འགྲོ་རྣམས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པས་གཏེར་སྲུང་ཁྱད་པར་ཅན་དུ་དགོངས་པ། ཆོས་བདག་རྒྱལ་པོ་ཛཿལས་ཅན་དབང་པོ་ཡང་རབ་རྟོགས་གྲོལ་དུས་མཉམ་དུ་དགོངས་པ། སྐྱེ་འཕགས་བྱང་སེམས་ས་ལ་གནས་པ་སོགས་གྲུབ་བརྙེས་བརྒྱུད་འཛིན་དར་རྒྱས་སུ་འབྱུང་བ་ལ་དགོངས་པ་སྟེ། དགོངས་པའི་རྩལ་བདུན་གྱིས་ནམ་མཁའ་ལ་སྦས་སོ། །


དེའི་ཚེ་ཟ་ཧོ་རའི་རྒྱལ་པོ་ཛཿགསང་སྔགས་ཕྱི་རྒྱུད་ཀྱི་སྒྲུབ་པ་ལ་བཞུགས་པའི་སྐབས་རྨི་ལྟས་ངོ་མཚར་བ་བདུན་བྱུང་སྟེ། ཇི་སྐད་དུ། སྐུ་གསུང་ཐུགས་རྟགས་ཐིམ་པ་དང༌། །


རིན་ཆེན་གླེགས་བམ་བབས་པ་དང༌། །


ཆོས་ཀྱི་བགྲོ་བ་བྱས་པ་དང༌། །


ཀུན་གྱིས་དམ་པར་བསྒྲགས་པ་དང༌། །


མཆོད་པ་ཆེན་པོ་བྱས་པ་དང༌། །


རིན་ཆེན་ཆར་དུ་འབབ་པ་དང༌། །


སངས་རྒྱས་ས་ལ་ལུང་བསྟན་པའོ། །


ཞེས་པའི་རྨི་ལྟས་དང་མཐུན་པར་རྒྱུད་སྡེའི་གླེགས་བམ་རྣམས་མི་ཡུལ་དུ་དངོས་སུ་བབས་ཏེ། ཀྲི་ཡའི་རྒྱུད་རྣམས་ཝཱ་རཱ་ཎ་སཱིར་བབས།ཨུ་པ་ཡའི་རྒྱུད་རྣམས་རི་བོ་བྱ་རྐང་ཅན་དང་བསིལ་བའི་ཚལ་དུ་བབས། ཡོ་གའི་རྒྱུད་རྣམས་དུར་ཁྲོད་མེ་རི་འབར་བའི་རྩེར་བབས། མ་ཧཱ་ཡོ་གའི་རྒྱུད་རྣམས་རྒྱལ་པོ་ཛཿཉིད་ཀྱི་ཁང་སྟེངས་སུ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་གླེགས་བམ་དང་གསང་བའི་བདག་པོའི་སྐུ་ཁྲུ་གང་བ་གཅིག་བཅས་བབས། ཨ་ནུ་ཡོ་གའི་རྒྱུད་རྣམས་ལང་ཀའི་ཡུལ་དུ་གྲགས་པ་སིངྒ་ལའི་གླིང་གི་ནགས་ཚལ་དུ་གླེགས་བམ་དང་བཅས་ཏེ་ཆར་དུ་བབས་སོ། །


དེའི་ཚེ་རྒྱལ་པོས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་རྟོགས་ནས་དེ་དང་ཕྱག་རྡོར་གྱི་སྐུ་ལ་བརྟེན་ནས་ཟླ་བ་བདུན་བསྒྲུབས་པས་རྡོ་རྗེ་སེམས་དཔའི་ཞལ་མཐོང་ཞིང་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པས་གླེགས་བམ་གྱི་བརྡ་དོན་མ་ལུས་པ་མཁྱེན་པར་གྱུར་ཏེ། ཉིད་ཀྱིས་མཛད་པའི་ལམ་རྣམ་བཀོད་དུ། ཤར་ཕྱོགས་ཨིནྡྲའི་ལུང་པ་ནས། །


རྒྱ་ལུང་རྡོ་རྗེ་བརྩེགས་པ་རུ། །


རིགས་ཅན་ཨིནྡྲ་བྷཱུ་ཏི་ངས། །


གསང་བའི་བདག་པོས་མངོན་བསྟན་པས། །


སྒྱུ་འཕྲུལ་དྲྭ་བའི་སྒྲུབ་པ་ཡང༌། །


ཚོམ་བུ་ལྔ་བཅུ་སྟོང་དང་བཅས། །


ཕྱག་ན་རྡོ་རྗེ་མངོན་གྲུབ་སྟེ། །


སྤང་ལེན་བརྟུལ་ཞུགས་སྤྱོད་པོའི་དབང༌། །


དགེ་བར་བསྐུར་ནས་སྡིག་པ་མེད། །


དེ་ནས་ས་ལ་རེག་པར་བྱས། །


ཞེས་གསུང༌།


༈ དེ་ཡང་དང་པོ་བསྐྱེད་པ་མ་ཧཱ་ཡོ་ག་ལ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ཀྱི་སྔ་མ་ཏནྟྲ་སྡེ་བཅོ་བརྒྱད་ལ་བཞེད་པ་མི་མཐུན་པ་མང་ཡང༌། གཏེར་ཆེན་བླ་མའི་དགོངས་པ་ལྟར་ན། སྐུ་ཡི་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་གི་རྒྱུད་ཟླ་གསང་ཐིག་ལེ། ཐུགས་ཀྱི་རྒྱུད་གསང་བ་འདུས་པ། ཡོན་ཏན་གྱི་རྒྱུད་དཔལ་མཆོག་དང་པོ། ཕྲིན་ལས་ཀྱི་རྒྱུད་ཀརྨ་མ་ལེ་སྟེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཞི་དང་རྩ་བར་གྱུར་པའི་རྒྱུད་སྡེ་ལྔ། ཧེ་རུ་ཀ་རོལ་པའི་རྒྱུད། རྟ་མཆོག་རོལ་པའི་རྒྱུད། སྙིང་རྗེ་རོལ་པའི་རྒྱུད། བདུད་རྩི་རོལ་པའི་རྒྱུད། ཕུར་པ་བཅུ་གཉིས་པ་འབྱུང་བའི་རྒྱུད་དེ། སྒྲུབ་པ་ལག་ལེན་དུ་བསྟན་པ་རོལ་པའི་རྒྱུད་སྡེ་ལྔ། རི་བོ་བརྩེགས་པ། ཡེ་ཤེས་རྔམས་གློག དམ་ཚིག་བཀོད་པ། ཏིང་འཛིན་རྩེ་གཅིགགླང་ཆེན་རབ་འབོག་གི་རྒྱུད་དེ་སྤྱོད་པ་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ། དཀྱིལ་འཁོར་གྱི་ལས་ལ་འཇུག་པའི་ཡན་ལག་ཏུ་གྱུར་པ་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་དང༌། དངོས་གྲུབ་སྒྲུབ་པའི་ཆ་རྐྱེན་ཆོ་གའི་ཡན་ལག་ཏུ་གྱུར་པ་འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་བའི་དོན་བསྡུས་པ་སྟེ། མ་ཚང་བ་ཁ་སྐོང་བར་བྱེད་པའི་རྒྱུད་ཕྱི་མ་ལྟ་བུ་གཉིས། དེ་ཐམས་ཅད་ཀྱི་བསྡུས་དོན་ལྟ་བུའི་རྒྱུད་སྡེ་ཆེན་པོ་གཅིག་ནི་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་དཔལ་གསང་བ་སྙིང་པོ་སྟེ། དེ་ལྟར་བཅོ་བརྒྱད་པོ་རྒྱལ་པོ་ཀུ་ཀུ་རཱ་ཛ་ལ་བཤད་དེ། འདི་ནི་ལོ་རྒྱུས་ལ་ལར་ཀུ་ཏ་རཱ་ཛ་ཞེས་ཀྱང་འབྱུང་སྟེ་ཉིན་མོ་ཁྱིའི་རྣམ་པ་ཅན་གྱི་དཔའ་བོ་དང་རྣལ་འབྱོར་མ་སྟོང་ཕྲག་རེ་ལ་ཆོས་སྟོན་ཅིང་མཚན་མོ་དེ་དག་དང་ལྷན་ཅིག་ཏུ་དུར་ཁྲོད་ཀྱི་གནས་སུ་གཤེགས་ནས་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་དམ་ཚིག་གི་ཀུན་ཏུ་སྤྱོད་པ་ལ་གནས་ཤིང༌། དེ་ལྟར་ལོ་བཅུ་གཉིས་སྤྱད་ནས་མཐར་ཚོམ་བུ་འབུམ་དང་བཅས་ཏེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་ཡིན། འདིས་མཉམ་སྦྱོར་རྩལ་དུ་བཏོན་ནས་བསྟན་བཅོས་ཀྱང་མང་དུ་མཛད། ལོ་རྒྱུས་ལ་ལར་རྒྱལ་པོ་ཛཿས་གླེགས་བམ་གྱི་བརྡ་མ་ཁྲོལ་བར་སློབ་དཔོན་འདི་ཉིད་ཀྱིས་རྟོགས་ནས་རྒྱུད་སྡེ་བཅོ་བརྒྱད་དུ་ཕྱེས་ཏེ་སླར་རྒྱལ་པོ་ལ་བཤད་པར་གསུང་བ་ཡོད་པ་གང་ལྟར་མི་འགལ་ཡང༌། གཙོ་བོར་ལམ་རྣམ་བཀོད་དང་ལམ་རིམ་ཆེན་མོ་རྣམས་ནས་སྔ་མ་ལྟར་བཤད་དོ། །


དེས་ཨིནྡྲ་བྷཱུ་ཏི་བར་པ་ལ་བཤད་དེ་འཁོར་ཚོམ་བུ་ཁྲི་དང་བཅས། དེས་སེདྷ་རཱ་ཛ་ལ་བཤད་དེ་འཁོར་ཚོམ་བུ་སྟོང་དང་བཅས། དེས་ཨུ་པ་རཱ་ཛ་ལ་བཤད་དེ་ཚོམ་བུ་བརྒྱ་དང་བཅས། དེས་སྲས་མོ་གོ་མ་དེ་བཱི་ལ་བཤད་དེ་འཁོར་ཚོམ་བུ་ལྔ་བཅུ་དང་བཅས་ཏེ་ཀུན་ཀྱང་ཚོགས་སྒྲུབ་ཀྱི་ལམ་གྱིས་རྡོ་རྗེ་འཆང་གི་སར་གཤེགས་ཏེ། ལམ་རིམ་ལས། གསང་བའི་བདག་པོ་མངོན་གཤེགས་ནས། །


ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང༌། །


མི་ལས་སྐལ་ལྡན་འདུས་པ་ལ། །


དབང་པོས་ཇི་ལྟར་ལུང་བསྟན་དུས། །


རྒྱལ་བུ་རིགས་ཅན་ལྟས་ཤར་བ། །


འབྲེལ་བས་སྣང་བ་མངོན་བརྟགས་པས། །


ཐུགས་ཀྱི་སྒྲུབ་པ་མངོན་རྟོགས་ཏེ། །


དེ་ཉིད་སྒོ་ནས་དེ་ཉིད་བསྒྲུབས། །


བསྟན་པའི་དངོས་གྲུབ་དེ་ནས་ཐོབ། །


དོན་དམ་བཅུད་ཀྱིས་དེ་ནས་རྒྱས། །


འདོད་པའི་བསམ་པ་དེ་ནས་འགྲུབ། །


སྨོན་པའི་ལྷ་དང་དེ་རུ་མཇལ། །


དེ་ནས་རྡོ་རྗེ་གདན་སྟེང་གི། །


འཛམ་གླིང་ཤར་གྱི་ཕྱོགས་མཚམས་སུ། །


ཕོ་བྲང་རིན་ཆེན་དམ་པ་དེར། །


བཀྲ་ཤིས་པ་ཡི་ཁང་པ་རུ། །


ཀུ་ཀུ་རཱ་ཛ་ཨིནྡྲ་བོ་དྷི། །


སིདྷ་ཨུ་པ་རཱ་ཛ་དང༌། །


སྲས་མོ་གོ་མ་དེ་བཱི་སོགས། །


སྒྱུ་འཕྲུལ་དྲྭ་བའི་དབང་ཐོབ་ནས། །


ཚོགས་ཀྱི་དཀྱིལ་འཁོར་མངོན་བསྒྲུབས་ཏེ། །


རྡོ་རྗེ་འཆང་སར་མངོན་དུ་གཤེགས། །


ཞེས་གསུངས། སྲས་མོས་རྒྱལ་པོ་ཀུ་ཀུ་རཱ་ཛ། དེས་སློབ་དཔོན་སྒེག་པའི་རྡོ་རྗེ་ལ་བཤད་དེ། འདི་ནི་ཥམ་ཥ་རར་འཁྲུངས། ཨོ་རྒྱན་དུ་རབ་ཏུ་བྱུང་ཞིང་སྡེ་སྣོད་སྤྱི་དང་ཁྱད་པར་ཐོགས་མེད་ཀྱི་ལུགས་ལ་མཁས། ཨོ་རྒྱན་གྱི་གླིང་ཕྲན་མ་དྷི་མ་ཞེས་བྱ་བར་འཕགས་པ་འཇམ་དཔལ་གྱི་བསྒྲུབས་པ་མཛད་པས་བྲིས་སྐུའི་ཞལ་ལས་འོད་འཕྲོས་གླིང་དེ་ཡུན་རིང་གསལ་བར་མཛད་པས་ཉི་མ་དང་འདྲ་བར་མཚན་གསོལ།ལྟ་བ་ལོག་པར་འཛིན་པ་ཞིག་བཀྲོང་དུ་བྱུང་བར། གླང་པོ་ཆེ། རྟ་དང༌། ཁྱེའུ། བུ་མོ། མ་ཧེ། རྨ་བྱ་སོགས་སྣ་ཚོགས་པའི་གཟུགས་སྣང་བར་མཛད་པས་སློབ་དཔོན་གང་ཡིན་མ་ཤེས་པར་ཕྱིར་ལོག་པས་སྣ་ཚོགས་གཟུགས་ཅན་དུ་གྲགས། རྒྱུད་སྡེ་སྤྱི་དང་བྱེ་བྲག་སྒྱུ་འཕྲུལ་དྲྭ་བ་ལ་མཁས་ཤིང་གྲུབ་པ་བརྙེས་སྐུ་ཚེའི་སྨད་ལ་ཨོ་རྒྱན་དུ་འགྲོ་དོན་ཆེར་མཛད། ནཱ་ལེནྡྲར་ཡང་ལོ་བཅུ་བཞུགས་ཤིང་སྔགས་ཀྱི་བསྟན་པ་སྤེལ། སྙིང་འགྲེལ་རིན་ཆེན་སྤར་ཁབ་དང༌། དམ་ཚིག་གསལ་བཀྲ་སོགས་སྒྱུ་འཕྲུལ་སྐོར་གྱི་བསྟན་བཅོས་ཀྱང་མང་དུ་མཛད་ནས་མཐར་རྡོ་རྗེའི་སྐུ་བརྙེས་སོ། །


དེས་སངས་རྒྱས་གསང་བ་ལ་བཤད་དེ། འདི་ནི་ཡུལ་དབུས་སུ་འཁྲུངས། ནཱ་ལེནྡྲར་རབ་ཏུ་བྱུང༌། སངས་རྒྱས་ཡེ་ཤེས་བླ་མར་བསྟེན། ཝཱ་རཱ་ཎ་སཱིར་འཇམ་དཔལ་བསྒྲུབས་པས་གྲུབ་པའི་མཚན་མ་མངོན་དུ་མཐོང་ཡང་ཐེ་ཚོམ་གྱི་རྐྱེན་ལས་གནོད་སྦྱིན་མོས་བར་ཆད་བརྩམས་པས་ལྟས་རྣམས་ཡལ། འོན་ཀྱང་ལུས་ནད་དང་བྲལ་ཞིང་སྟོབས་དང་ལྡན་པ་བློ་རྣོ་ཞིང་མངོན་ཤེས་ལ་དབང་བསྒྱུར་བར་བྱུང༌། ཨོ་རྒྱན་དུ་བྱོན་ནས་སྒེག་པའི་རྡོ་རྗེ་དང་མཇལ།རྣལ་འབྱོར་རྒྱུད་དང་བླ་མེད་རྒྱུད་སྡེ་ལྔ་གསན་ཅིང་ལྷག་པར་སྒྱུ་འཕྲུལ་ལ་མཁས། སངས་རྒྱས་ཞི་བ་དང་ལྷན་དུ་རི་བོ་ཏ་ལར་འཕགས་པ་སྤྱན་རས་གཟིགས་མཇལ་བར་བྱོན་པས་ཞབས་ས་ལ་མི་རེག་པའི་དངོས་གྲུབ་བརྙེས། རྗེ་བཙུན་སྒྲོལ་མ་དང་འཇམ་དཔལ་གྱིས་བསྐུལ་ནས་གངས་ཏི་སེར་ཕེབས་ཏེ་སྒྲུབ་པ་མཛད་པས་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ཞལ་གཟིགས་ཤིང་འཇམ་དཔལ་དབྱངས་དང་མི་དང་མི་ལབ་པ་བཞིན་དུ་གྱུར། མི་མ་ཡིན་པ་རྣམས་བྲན་དུ་ཁོལ། སྙིང་འགྲེལ་རྣམ་དབྱེ་འགྲེལ་དང་ལམ་རིམ་ཆེ་ཆུང་སོགས་བསྟན་བཅོས་ཀྱང་མང་དུ་མཛད་ནས་མཐར་སྐུ་ལུས་མི་སྣང་བར་གྱུར་ཏོ། །


དེ་གཉིས་ཀ་ལས་སློབ་དཔོན་བི་མ་ལས་གསན་ནས་སྙིང་འགྲེལ་ཁོག་གཞུང་གསལ་སྒྲོན་ཡང་མཛད། ཡང་རྒྱལ་པོ་ཀུ་ཀུ་རཱ་ཛས། རོ་ལངས་བདེ་བའི་དངོས་གྲུབ་དང༌། དྲང་སྲོང་བྷཱ་ཥི་ཏ། ནཱ་ག་རྫུ་ན་གསུམ་ལ་བཤད། སྔ་མས་རྡོ་རྗེ་བཞད་པ་སྟེ་དགའ་རབ་རྡོ་རྗེ་ལ་བཤད། དེ་དང་དྲང་སྲོང་བྷཱ་ཥི་ཏ་གཉིས་ཀས་ཟ་ཧོར་གྱི་རྒྱལ་པོ་པྲ་ཧསྟི་ལ་བཤད། དེས་སློབ་དཔོན་སངས་རྒྱས་གསང་བ་དང༌། སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝ་ལ་བཤད་ཅིང༌། སློབ་དཔོན་ཆེན་པོས་ནི། རྒྱལ་པོ་ཛཿཉིད་ལའང་གསན་ཏེ། འདི་ནི་བླ་མེད་དོན་རྫོགས་འདུས་པའི་རྒྱུད་ལས།


ང་ནི་མྱ་ངན་འདས་འོག་ཏུ། །


ལོ་ནི་བཅུ་རུ་གཉིས་ཆད་ན། །


ཨོ་རྒྱན་ཡུལ་དུ་ང་ཉིད་འབྱུང༌། །


པདྨ་འབྱུང་གནས་ཞེས་བྱ་བ། །


གསང་སྔགས་བསྟན་པའི་བདག་པོར་འགྱུར། །


ཞེས་ལུང་བསྟན་པ་ལྟར། དག་པའི་ཞིང་ཁམས་བདེ་བ་ཅན་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་ཆེན་པོར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་མངོན་རྫོགས་སྟོན་པ་འོད་དཔག་ཏུ་མེད་པ་ཉིད་ཐུགས་འོད་གསལ་ཆོས་སྐུའི་ངོ་བོ་ལས་མ་གཡོས་བཞིན་དུ། ཐུགས་རྗེའི་རང་རྩལ་འགགས་པ་མེད་པའི་ཆོ་འཕྲུལ་ཕྱི་ནང་གསང་གསུམ་གྱི་སྤྲུལ་པའི་རོལ་གར་གང་ལ་གང་འདུལ་གྱི་རྣམ་པར་བསྟན་ནས་མཐའ་ཡས་པའི་འགྲོ་བའི་དོན་མཛད་པ་ལས། བྱེ་བྲག་འཛམ་བུའི་གླིང་འདིར་ཐུབ་པའི་དབང་པོའི་རྒྱལ་ཚབ་ཏུ་དྷ་ན་ཀོ་ཤའི་རྒྱ་མཚོར་པདྨའི་སྡོང་པོར་སྐུ་འཁྲུངས་པའི་ཚུལ་བསྟན་ཏེ། ངོ་མཚར་བའི་མཛད་པ་མཐའ་ཡས་པར་སྟོན་པའི་ཆོ་འཕྲུལ་ཆེན་པོས་རྒྱ་བོད་ཀུན་ཏུ་སངས་རྒྱས་ཀྱི་བསྟན་པ་ལ་སྟོན་པ་གཉིས་པ་ལྟ་བུར་གྱུར། ཁྱད་པར་མ་ར་ཏི་ཀར་ཚོགས་ཀྱི་སྤྱོད་པའི་ཉེ་རྒྱུ་ལ་བརྟེན་ནས་སློབ་པའི་ཟུང་འཇུག་ཚེ་དབང་རིག་འཛིན་མངོན་དུ་མཛད་དེ། རྒྱུའི་ཐེག་པའི་ས་བརྒྱད་པ་ལ་གནས་པའི་བྱང་སེམས་དང་དགོངས་པ་མཉམ། ཡང་ལེ་ཤོད་དུ་ཡང་དག་ལྷ་དགུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྣང་འབྱེད་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་སྒོམ་ལམ་ཕྱག་རྒྱ་ཆེན་པོ་མངོན་དུ་མཛད་དེ་རྒྱུའི་ས་བཅུ་པ་ལ་གནས་པའི་བྱང་སེམས་དང་དགོངས་པ་མཉམ་པའི་ཚུལ་བསྟན་མོད། དོན་ལ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པ་དང་རོ་གཅིག་ཏུ་བཞུགས་པ་སྟེ་ངོ་མཚར་བའི་མཚན་དང་སྐུ་ཡི་བཀོད་པ་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་ཏེ། རྣམ་ཐར་རྒྱས་པ་ནི་འཛམ་གླིང་ན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་སྟེ་འདིར་སྨོས་མ་དགོས་སོ། །


ཡང་ནཱ་ག་རྫུ་ནས་སློབ་དཔོན་ཧཱུཾ་ཀ་ར་དང༌། རྡོ་རྗེ་བཞད་པས་ཤྲཱི་སེདྷ་ལའང་བཤད་དོ། །


ཕྱི་མ་སྒྲུབ་སྡེའི་ཕྱོགས་སུའང་བཀའ་གཏེར་གྱི་བབས་ཚུལ་གཉིས་ལས། དང་པོ་ནི། སློབ་དཔོན་ཧཱུྃ་ཀ་ར་ལ་ཐུགས་མི་བསྐྱོད་པའི་རིགས་ཧེ་རུ་ཀ་གལ་པོ་སོགས་ཡང་དག་ཐུགས་ཀྱི་བཀའ་བབས་ཏེ། འདི་ནི་བལ་ཡུལ་དུ་བྲམ་ཟེའི་རིགས་སུ་འཁྲུངས། ནཱ་ལེནྡྲར་སངས་རྒྱས་ཡེ་ཤེས་ལས་རབ་ཏུ་བྱུང༌། ཤྲཱི་ཧེ་རུ་ཀའི་དབང་གི་ཚེ་མེ་ཏོག་ཧཱུྃ་མཛད་ལ་ཕོག་བསྒོམས་པས་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས། གདོལ་པའི་བུ་མོ་ཨུཏྤལ་སྔོན་པོའི་མདོག་ལྟ་བུ་རྡོ་རྗེ་རིགས་ཀྱི་མཚན་རྟགས་ཚང་བའི་ལས་རྒྱ་དང་ལྷན་ཅིག་ཟླ་བ་དྲུག་ཏུ་བསྙེན་སྒྲུབ་ཡན་ལག་བཞི་མཛད་པས། བཛྲ་ཧེ་རུ་ཀའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་དུ་མཐོང༌། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། རུ་ལུ་གསེར་ཕྲེང་དང་ཡང་དག་གྲུབ་པ་སོགས་བསྟན་བཅོས་མང་དུ་མཛད་ནས་མཐར་སྐུ་ལུས་དེ་ཉིད་ཀྱིས་སངས་རྒྱས་མི་འཁྲུགས་པའི་ཞིང་ཁམས་སུ་བཞུད་དོ། །


སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་སྐུ་རྣམ་སྣང་གི་རིགས་འཇམ་དཔལ་ཁྲོས་པ་གསང་རྒྱུད་སོགས་གཤིན་རྗེ་གཤེད་ཀྱི་བཀའ་བབས་ཏེ། འདི་ནི་རྒྱ་གར་ནུབ་ཕྱོགས་སུ་ཡབ་སཱདྷུ་སཱའ་སྐྲྀ་དང་ཡུམ་སྣང་བ་སྒྲོན་མའི་སྲས་སུ་འཁྲུངས། རིག་བྱེད་ཡན་ལག་དང་བཅས་པར་མཁས་པ་གཅིག སློབ་དཔོན་དགའ་རབ་རྡོ་རྗེ་སོགས་ལས་གསང་སྔགས་ཕྱི་ནང་གི་དབང་དང་གདམས་ངག་ཐུན་མོང་ཐུན་མིན་ཐམས་ཅད་ཐོབ། སྤྱོད་པ་ལ་གཤེགས་པས་མུ་སྟེགས་ཀྱི་རྒྱལ་པོ་ཆེན་པོ་ཞིག་གླང་པོར་ཞོན་ནས་འོང་བ་ལ་སྡིགས་མཛུབ་གཏད་པས་རྒྱལ་པོ་དང་གླང་པོ་ལུས་ཕྱེད་ཚལ་དུ་གས། སླར་བཟོད་པར་གསོལ་བས་གསོས་ནས་ནང་པའི་བསྟན་པ་ལ་བཀོད། འཕགས་པ་འཇམ་དཔལ་དང་མི་གཉིས་པའི་ཟུང་འཇུག་གི་གོ་འཕང་མཐོན་པཽར་གཤེགས། འཇམ་དཔལ་ཡ་མཱནྟ་ཀས་དབང་བསྐུར་ཅིང་རྒྱུད་དང་མན་ངག་བསྟན། ལས་ཀྱི་གཤིན་རྗེས་སྲོག་སྙིང་ཕུལ། རི་མཱ་ལ་ཡ་ནས་ལས་བཞི་ཚང་བའི་གསེར་གྱི་གླེགས་བམ་ལ་བཻཌཱུརྱས་བྲིས་པ་བཏོན། གཟིགས་པའི་མོད་ལ་ཐུགས་སུ་ཆུད་དེ་ལས་ལ་སྦྱར་བས་མུ་སྟེགས་ཀྱི་རྒྱལ་ཁམས་བརླགས། གླེགས་བམ་དངོས་རྡོ་རྗེ་གདན་གྱི་བྱང་དུ་མི་སྣང་བར་རྒྱས་བཏབ་བོ། །


སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ལ་གསུང་སྣང་མཐའི་རིགས་རྟ་མཆོག་རོལ་པ་སོགས་པདྨ་གསུང་གི་ཏནྟྲ་རྣམས་ཀྱི་བཀའ་བབས་ཤིང༌། དེ་ཉིད་ཀྱི་རྣམ་ཐར་ནི་གྲགས་ཆེ་བ་ལྟར་ཡིན་ལ། ཁྱད་པར་ཤྲཱི་པར་པ་ཏར་ལོ་ཉིས་བརྒྱར་གནོད་སྦྱིན་མོ་རྣམས་ཀྱི་འཁོར་དང་བཅས་སྔགས་ཀྱི་སྤྱོད་པ་ལ་ཞུགས་ནས་མཐར་གྱིས་རྡོ་རྗེའི་སྐུ་གྲུབ་བོ། །


སློབ་དཔོན་བི་མ་མི་ཏྲ་ལ་ཡོན་ཏན་རིན་ཆེན་འབྱུང་ལྡན་གྱི་རིགས་བདུད་རྩི་བམ་བརྒྱད་སོགས་བདུད་རྩི་ཡོན་ཏན་གྱི་བཀའ་བབས་ཏེ། འདི་ནི་ནུབ་ཕྱོགས་གླང་པོའི་ཚལ་དུ་འཁྲུངས།ཐུན་མོང་ཐུན་མིན་གྱི་ཤེས་བྱའི་གཞུང་ཀུན་ལ་མཁས། སློབ་དཔོན་སངས་རྒྱས་གསང་བ་སོགས་རྡོ་རྗེ་འཛིན་པ་ཆེན་པོ་དུ་མ་ལས་རྒྱུད་སྡེ་མཐའ་དག་གསན། བསྒོམས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཉམས་འོག་ཏུ་ཆུད་སྒྱུ་འཕྲུལ་གཙོ་བོར་གྱུར་པའི་བསྟན་བཅོས་ཀྱང་མང་དུ་མཛད་དོ། །


སློབ་དཔོན་པྲ་བྷ་ཧསྟི་ལ་དོན་གྲུབ་རིགས་ཕྲིན་ལས་ཕུར་པའི་བཀའ་བབས་ཏེ། འདི་ནི་ནུབ་ཕྱོགས་སུ་རྒྱལ་རིགས་སུ་འཁྲུངས། ཙི་ཏ་བ་རིའི་ཡུལ་དུ་རབ་ཏུ་བྱུང༌། སློབ་དཔོན་ཆེན་པོ་བཛྲ་ཧསྱ་སོགས་སྔགས་ཀྱི་རྡོ་རྗེ་འཛིན་པ་ཆེས་མང་བ་བསྟེན་ནས་རྒྱུད་དང་མན་ངག་ཐམས་ཅད་ཐུགས་སུ་ཆུད་ཅིང་མཆོག་གི་དངོས་གྲུབ་བརྙེས། སློབ་དཔོན་སངས་རྒྱས་གཉིས་པས་ཀྱང་བལ་ཡུལ་དུ་ཕྱག་རྒྱའི་རིག་འཛིན་སྒྲུབ་པའི་ཚེ་མི་མིན་གདུག་པའི་ཚོགས་ཀྱིས་ཐོ་བཙམས་པའི་གཉེན་པོར་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་པས་ཤྲཱི་བཛྲ་ཀུ་མཱ་རས་ཞལ་བསྟན། བར་ཆད་ཀྱི་གཡུལ་ལས་རྒྱལ། མ་མོ་བཅུ་གཉིས་སོགས་དམ་འོག་ཏུ་ཆུད། སླར་སློབ་དཔོན་འདི་ཉིད་ལས་ཀཱི་ལ་ཡའི་རྒྱུད་ཚར་བཅོ་བརྒྱད་གསན་ནས་ཕྲིན་ལས་ཕུར་པའི་བདག་པོར་གྱུར་ཏོ། །


དེ་ལྟར་གྲུབ་པའི་སློབ་དཔོན་ཆེན་པོ་དེ་དག་གིས་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལ་རྒྱ་ཆེར་བཤད་དོ། །


གཉིས་པ་གཏེར་མའི་ཕྱོགས་ནི། གནས་འོག་མིན་གསང་བ་མཆོག་གི་དཀྱིལ་འཁོར་ཆོས་འབྱུང་དབྱིངས་ཀྱི་ཞིང་མེ་རི་འབར་བར། སྟོན་པ་དཔལ་ཆེན་ཀུན་བཟང་རྡོ་རྗེ་སེམས་དཔའ་ཞི་བ་དང༌། རང་བྱུང་ཆེ་མཆོག་ཧེ་རུ་ཀ་ཁྲོ་བོའི་དཀྱིལ་འཁོར་དུ་བཞེངས་ནས། འཁོར་རང་རིག་གི་ཚོམ་བུར་སྣང་བ་རྣམས་ལ། དུས་ཐོག་མཐའ་མེད་པ་མཉམ་པ་ཉིད་ཀྱི་ངང་དུ་ཆོས་ཉིད་རྡོ་རྗེའི་རང་སྒྲས་རྡོ་རྗེ་ཐེག་པ་སྤྱི་དང༌། བྱེ་བྲག་བདེ་གཤེགས་འདུས་པའི་སྤྱི་རྒྱུད་ལྔ། སྒོས་རྒྱུད་བཅུ། ཡན་ལག་སོ་སོའི་སྒྲུབ་ལུགས་དཔག་ཏུ་མེད་པ་སོགས་གསུངས་པའི་རྒྱུད་རྣམས། གསང་བདག་རྡོ་རྗེ་ཆོས་ཀྱིས་རང་ཉིད་ཚོམ་བུ་དགུའི་དཀྱིལ་འཁོར་གྱི་འཁོར་ལོར་སྣང་བར་མཛད་ནས་ཐོག་མར་ངག་ཏུ་བསྡུས། དེ་ནས་གླེགས་བམ་ལ་བཀོད་དེ་དགོངས་འགྲེལ་ལུང་ལྔ་ཡང་མཛད་ནས་མཁའ་འགྲོ་ལས་ཀྱི་དབང་མོ་ཆེ་ལ་གཏད། དེས་སྤྱི་དང་བྱེ་བྲག་གི་རྒྱུད་རྣམས་ཕྱེས་ཏེ། བདེ་གཤེགས་འདུས་པ་རྩ་བའི་རྒྱུད། ཕྱི་མ་ངེས་པར་འབྱུང་བའི་རྒྱུད། ཕྱི་མའི་ཕྱི་མ་སྔགས་ཀྱི་རྒྱུད། མ་ཚང་བ་ཁ་སྐོང་བའི་རྒྱུད། འབྱེད་པར་བྱེད་པ་ལྡེའུ་མིག་གི་རྒྱུད་དེ་སྤྱི་རྒྱུད་ལྔ། ཞི་བ་འདུས་པ་རྩ་བའི་རྒྱུད། ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ལ་སོགས་པ་བརྒྱད་དང༌། རིག་འཛིན་འདུས་པ་རྩ་བའི་རྒྱུད་དེ་སྒོས་རྒྱུད་བཅུ་སྟེ་རྒྱུད་ཆེན་པོ་བཅོ་ལྔ་གཙོ་བོར་གྱུར་པའི་བདེ་གཤེགས་འདུས་པ་རྩ་བའི་སྐོར་རྣམས་རིན་པོ་ཆེ་སྣ་བརྒྱད་ཀྱི་སྒྲོམ་བུར་བཅུག འཇམ་དཔལ་གསང་རྒྱུད་སོགས་འཇམ་དཔལ་སྐུ་ཡི་སྐོར། རྟ་མཆོག་རོལ་པའི་རྒྱུད་སོགས་པདྨ་གསུང་གི་སྐོར། འཇིག་རྟེན་འདས་མདོ་སོགས་ཡང་དག་ཐུགས་ཀྱི་སྐོར། ཀཱི་ལ་ཡི་རྒྱུད་སོགས་ཕུར་པ་ཕྲིན་ལས་ཀྱི་སྐོར། ལུང་བམ་བརྒྱད་སོགས་ཆེ་མཆོག་ཡོན་ཏན་གྱི་སྐོར། གསང་བ་གཏན་ཚིགས་ཀྱི་རྒྱུད་སོགས་མ་མོའི་སྐོར། དྲེགས་པའི་སྲོག་ཏིག་སོགས་མཆོད་བསྟོད་སྐོར། དྲག་སྔགས་ཙིཏྟ་དམར་འབྱིན་སོགས་དྲག་སྔགས་ཀྱི་སྐོར་ཏེ། བྱེ་བྲག་གི་སྒོས་རྒྱུད་རྣམས་སྒྲོམ་བུ་ཐ་དད་པར་བཅུག་ནས་དུར་ཁྲོད་བསིལ་བའི་ཚལ་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་སོ། །


ཕྱིས་རིག་འཛིན་གྱི་རྒྱལ་པོ་ཀུཉྫ་རའི་ཐུགས་ཡེ་ཤེས་ཀློང་དགུའི་རང་རྩལ་རང་བྱུང་གྲུབ་པ་བརྙེས་པའི་སློབ་དཔོན་བརྒྱད། ཀུན་འདུས་རིག་འཛིན་ཡོངས་ཀྱི་འཁོར་ལོས་སྒྱུར་བ་རྒྱལ་དབང་པདྨ་ཐོད་ཕྲེང་རྩལ་དང་དགུར་སྣང་སྟེ། སློབ་དཔོན་ཆེན་པོ་བརྒྱད་དུར་ཁྲོད་བསིལ་ཚལ་དུ་དགུང་བདུན་དགོངས་པ་ལ་བཞུགས་པའི་ཚེ་སྨུག་ནག་དབང་གི་མཁའ་འགྲོ་མས་སྒྲུབ་སྡེ་བརྒྱད་ཀྱི་སྒྲོམ་བུ་རྣམས་ཕྱུང་ནས། ཆེ་མཆོག་གི་གསེར་སྒྲོམ་བི་མ་ལ། ཡང་དག་གི་དངུལ་སྒྲོམ་ཧཱུྃ་ཀཱ་ར། གཤིན་རྗེའི་ལྕགས་སྒྲོམ་འཇམ་དཔལ་གཤིན་རྗེ། རྟ་མགྲིན་གྱི་ཟངས་སྒྲོམ་ནཱ་ག་རྫུུ་ན། ཕུར་པའི་གཡུ་སྒྲོམ་པྲ་བྷ་ཧ་སྟི། མ་མོའི་བསེ་སྒྲོམ་དྷ་ན་སཾ་སྐྲྀ་ཏ། མཆོད་བསྟོད་ཀྱི་མཆོང་སྒྲོམ་རམ་བུ་གུ་ཧྱ། དྲག་སྔགས་ཀྱི་གཟི་སྒྲོམ་ཤནྟི་གརྦྷ་རྣམས་ལ་སོ་སོར་གཏད་ནས་བཀའ་བབས་ཤིང༌། གནས་སོ་སོར་སྒྲུབ་པའི་ཚུལ་མཛད་པས་དཔལ་ཆེན་གཙོ་བོ་བརྒྱད་དང་མི་གཉིས་པའི་གོ་འཕང་བརྙེས། རྒྱལ་དབང་པདྨཱ་ཀ་རས་སློབ་དཔོན་དེ་དག་ལས་སྒྲུབ་ཐབས་བྱེ་བྲག་པའི་རྒྱུད་ལུང་མན་ངག་གསན་ནས་དེ་རྣམས་ལས་ཀྱང་གོ་འཕང་མཐོན་པོར་གཤེགས་པའི་ཚུལ་བསྟན་ཅིང༌། མཆོད་རྟེན་བདེ་བྱེད་བརྩེགས་པ་ནས་སྔར་རྒྱ་མ་ཁྲོལ་བའི་རིན་པོ་ཆེ་སྣ་བརྒྱད་ཀྱི་སྒྲོམ་བུ་བདེ་གཤེགས་འདུས་པ་ཚོམ་བུ་གཅིག་ཏུ་སྒྲུབ་པའི་རྒྱུད་ལུང་མན་ངག་རྣམས་སྤྱན་དྲངས། ཧེ་རུ་ཀ་དང་གསང་བའི་བདག་པོ་ལ་སོགས་པས་གསང་སྔགས་ཀྱི་རྒྱུད་སྡེ་མ་ལུས་པའི་བཀའ་དབང་བསྒྱུར་བར་མངའ་གསོལ་ཞིང་ལྷུན་གྱིས་གྲུབ་པའི་རིག་འཛིན་དུ་གྱུར་ནས་སྔོན་གྱི་སློབ་དཔོན་ཆེན་པོ་བརྒྱད་ལའང་ཆོས་ཀྱི་སྐྱེས་འབུལ་བར་མཛད་དོ།། །།


༈ གཉིས་པ་རྫོགས་པ་ཨ་ནུ་ཡོ་གའི་སྐོར་རྣམས། ཆོས་རྒྱལ་ལུང་བསྟན་རྡོ་རྗེ་ལ་གསང་བའི་བདག་པོས་དབང་བསྐུར་ཅིང་བསྟན་པས་དོན་ཐམས་ཅད་ཐུགས་སུ་ཆུད་ཅིང་ཚིག་གི་བརྒྱུད་པ་རྣམས་རིག་འཛིན་གྱི་དགེ་བསྙེན་ཆེན་པོ་ལི་ཙ་བཱི་དྲི་མེད་གྲགས་པ་ལས་ཞུས། སྤྱི་མདོའི་འགྲེལ་པ་སོགས་བསྟན་བཅོས་ཀྱང་མཛད། དེས་སློབ་དཔོན་ཨུ་པ་རཱ་ཛ་དང༌། རང་གི་སྲས་ཤཱའ་ཀྲ་པུ་ཏྲི། ནཱ་ག་པུ་ཏྲི། གུ་ཧྱ་པུ་ཏྲི་གསུམ་ལ་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་གདམས་ངག་རྣམས་བསྟན། དེ་ཡང་ཤཱའ་ཀྲ་པུ་ཏྲི་ནི་ཨིནྡྲ་བྷཱུ་ཏི་ཆུང་བའམ་སློབ་དཔོན་ལྭ་བ་པ་སྟེ། འདིས་ཐོག་མར་སྔགས་ཀྱི་སློབ་དཔོན་ཆེན་པོ་ཞིག་ལས་དབང་བསྐུར་ནོད་ཅིང་གདམས་པ་བསྒོམས་པས་ཡེ་ཤེས་རྟོགས་པར་གྱུར། ཨོ་རྒྱན་གྱི་ཕྱི་པའི་མཁའ་འགྲོ་མ་རྣམས་ཀྱིས་མེ་ཏོག་སྤྲད་ནས་ནམ་གུང་སྒྲུབ་ཁང་དུ་རྡོ་ཆར་ཕབ་པ་ན། སློབ་དཔོན་གྱིས་བསྐྱེད་རིམ་གྱི་སྲུང་འཁོར་བསྒོམས་པས་དེའི་མཚམས་ཚུན་ལ་མ་གནོད། རྫོགས་རིམ་བསྒོམས་པས་རྡོ་རྣམས་ནམ་མཁར་ཆགས་སོ། །


ལན་ཅིག་རྒྱལ་པོའི་ཕོ་བྲང་གི་སྒོ་དྲུང་དུ་ལོ་བཅུ་གཉིས་སུ་འོད་གསལ་ཐུན་གཅིག་གི་ངང་ལ་མནལ་བས་ཐམས་ཅད་ཀྱིས་སྔོན་ལ་ཕྱགས་མ་བྱས་ན་བྱིན་པ་རེངས་འགྲོ་བ་བྱུང༌། སྐབས་ཤིག་ཨོ་རྒྱན་གྱི་ཕྲ་མེན་མ་ལྔ་བརྒྱས་བར་ཆད་བརྩམ་པར་འདོད་ནས་བཙལ་བས་སློབ་དཔོན་གྱི་ཤུལ་དུ་ལྭ་བ་གཅིག་ལས་གཞན་མི་འདུག་པས། ཁོང་རྣམས་ཀྱིས་སློབ་དཔོན་གྱི་སྐུ་རུ་བརླམས་ནས་དུམ་བུ་ལྔ་བརྒྱར་གཏུབས་ནས་ཟོས་སོ། །


དེར་སློབ་དཔོན་གྱི་ལུས་སྣང་བར་བྱས་ནས་དམོད་བོར་བས་ཕྲ་མེན་མ་རྣམས་ལུག་མ་མོ་ལྔ་བརྒྱར་གྱུར། དེ་རྣམས་རྒྱལ་པོ་ལ་སྐྱབས་ཞུས་ཤིང་རྒྱལ་པོས་སློབ་དཔོན་ལ་གསོལ་བ་བཏབ་པས་སློབ་དཔོན་སྐུ་གཅེར་བུར་བཞེངས་ནས། རྒྱལ་པོ་ཁྱོད་ཀྱི་ཡུལ་གྱི་སྔགས་འཆང་མ་རྣམས་ཀྱིས་དགེ་སློང་ལ་ནོར་ལྭ་བ་གཅིག་ཡོད་པའང་ཟོས་སོ་གསུངས་ནས། རིམ་གྱིས་བཙུན་མོའི་འཁོར་ན་གནས་པ་དང་བཅས་ཐམས་ཅད་བཀུག་ནས་སྡིགས་མཛུབ་རེ་གཏད་པས་མགོ་བརྙན་སྣ་ཚོགས་སུ་གྱུར་ནས་ལྭ་དུམ་སྐྱུག་པ་རྣམས་ཚོམ་བུར་བྱས་ནས་སྐུ་ལ་གསོལ་བས་སློབ་དཔོན་ལྭ་བ་པར་གྲགས། དེས་སིདྷ་པུ་ཏྲ་དང༌། ཀུ་ཀུ་རཱ་ཛ་ཕྱི་མ་གཉིས་ལ་བཤད། ཕྱི་མས་སློབ་དཔོན་ཆེན་པོ་རོ་ལངས་བདེ་བ་ལ་དབང་བསྐུར་ཞིང་བཤད། འདི་ཡན་ཆད་ཀྱི་བརྒྱུད་པ་དེ་རྣམས་རང་རང་གི་འཁོར་ཚོམ་བུ་ཁྲི་ཕྲག་ལྔ་ནས་གཅིག་གི་བར་གྱི་ཐམས་ཅད་སྤྲོས་བཅས་སྤྱོད་པ་ཚོགས་ཀྱི་བསྒྲུབས་པས་ཟུང་འཇུག་གི་སྐུ་བརྙེས་ཏེ་མི་སྣང་བར་གྱུར་ཏོ། །


དགའ་རབ་རྡོ་རྗེས་བཛྲ་ཧ་སྱ་ལ་བཤད། འདིས་བདེ་བ་ཆེན་པོའི་ལམ་གྱིས་མཆོག་གི་དངོས་གྲུབ་ཐོབ་ཅིང་རྣལ་འབྱོར་རིག་པའི་ཉི་མ་བྱ་བའི་བསྟན་བཅོས་ཀྱང་མཛད། དེས་སློབ་དཔོན་པྲ་བྷ་ཧསྟི་ལ། དེས་ཤཱཀྱ་འོད་ཆུང་བ། ཤཱཀྱ་བཤེས་གཉེན། ཤཱཀྱ་སེངྒེ་གསུམ་ལ་བསྟན། ཕྱི་མ་ནི་སློབ་དཔོན་ཆེན་པོའི་མཚན་གྱི་རྣམ་གྲངས་ཏེ། དེས་སློབ་དཔོན་དྷ་ན་རཀྵི་ཏ་ལ་བཤད། དེས་སློབ་དཔོན་ཧཱུྃ་མཛད་ལ། འདིས་རྒྱ་གར་དང་ཏ་སིག་གི་མཚམས་ཨ་སུ་རའི་བྲག་ཕུག་ཏུ་ཕྱག་རྒྱ་མོ་ག་ག་སིདྡྷི་ལ་བརྟེན་ནས་སྒྲུབ་པ་མཛད་པས་རིག་པ་འཛིན་པའི་སྐུར་གྱུར།དེའང་ལུས་མི་སྣང་བ་ནི་བཅུད་ལེན་དང༌། ཐིག་ལེ་དབབ་བཟུང་དང༌། སྒྲོན་མ་རླུང་གི་འཁོར་ལོ་སོགས་འཇིག་རྟེན་པའི་ལམ་ལས་ཀྱང་འབྱུང་མཽད། འདི་དག་ནི་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉེ་རྒྱུའི་སྤྱོད་པ་ལ་བརྟེན་ནས་རྣམ་སྨིན་གྱི་ལུས་འོད་གསལ་དུ་གནས་འགྱུར་བ་ཡིན་པས་ཁྱད་པར་ཆེ་བར་ཤེས་པར་བྱའོ། །


དེས་བདེ་བ་གསལ་མཛད་ལ་གནང༌། འདི་རིགས་སྔགས་གྲུབ་པས་རིག་པ་འཛིན་པའི་སྐུར་གྱུར། དེས་མདོ་མཁན་དྷརྨ་བོ་དྷི། མཁན་པོ་དྷརྨ་རཱ་ཛ་པཱ་ལ། བལ་པོ་བ་སུ་དྷ་ར། གཙུག་ལག་དཔལ་དགེ་སྟེ་སྐལ་བ་མཆོག་དང་ལྡན་པའི་ཐུགས་སྲས་བཞི་ལ་བཤད། ཕྱི་མ་གསུམ་ཀས་བྲུ་ཤའི་སློབ་དཔོན་ཆེ་བཙན་སྐྱེས་ལ་དབང་བསྐུར་ཞིང་རྒྱུད་བཤད། བསྒོམས་པས་གྲུབ་པ་ཐོབ། ཕྱིས་མདོ་མཁན་དྷརྨ་བོ་དྷི་དང༌། དྷ་ན་རཀྵི་ཏའི་དྲུང་དུ་སློབ་དཔོན་ཆེ་བཙན་སྐྱེས་ཀྱི་བྲུ་ཤའི་སྐད་དང་ཡི་གེར་བསྒྱུར་རོ།། །།


༈ གསུམ་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་སྐོར་ནི། ཇི་སྐད་དུ། ཉོན་མོངས་རྒྱུད་དྲག་ནུས་མཐུ་ཞན། །


ལས་ཀྱིས་ཚེ་ཐུང་བཀའ་དོན་སྟོར། །


བསྟན་སྙིང་གྲུབ་མཐའ་ངན་པས་བསྒྱུར། །


གཉེན་པོས་མི་ནོན་སྒྲུབ་ཚུགས་ཞན། །


དེ་ཚེ་རིག་པའི་རྣམ་རྟོག་ཤར། །


ཞེས་གསང་ཆེན་བསྟན་པ་འབྱུང་བའི་དུས་དྲུག་ལ་བབ་པའི་ཚེ། ཤན་འབྱེད། ལ་བཟླ། རང་གྲོལ་མངོན་སུམ་དུ་སྟོན་པ་རྩོལ་མེད་རྫོགས་པ་ཆེན་པོ་ཨ་ཏིའི་ཐེག་པ་འབྱུང་བའི་དུས་ལ་བབས་པས།སུམ་བཅུ་རྩ་གསུམ་གྱི་ལྷ་དེ་བ་བཟང་སྐྱོང་གི་བུ་སེམས་ལྷག་ཅན་ལ་རྨིས་ལྟས་ཁྱད་པར་ཅན་བཞི་བྱུང་བ་དང་མཐུན་པར་རྡོ་རྗེ་སེམས་དཔས་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་ཞིང་མན་ངག་བྱིན་པས་ལྷའི་གནས་སུ་དར། དེ་ནས་མི་ཡུལ་དུ་གསང་བའི་བདག་པོས་དུར་ཁྲོད་མེ་རི་འབར་བར་གསང་སྔགས་ཀྱི་ཆོས་འཁོར་བསྐོར་བ་དེའི་ཚེ། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་ཞེས་བྱ་བར། བདེ་བྱེད་བརྩེགས་པ་ཞེས་བྱ་བའི་ལྷ་ཁང་ཆེན་པོ་གཅིག་ལ་ལྷ་ཁང་ཆུང་ངུ་སྟོང་དྲུག་བརྒྱ་བརྒྱད་ཀྱིས་བསྐོར་བའི་དཔལ་འབྱོར་ཕུན་སུམ་ཚོགས་པའི་གནས་དང་མི་རིང་བར་གསེར་གྱི་བྱེ་མ་བདལ་བའི་གླིང་དུ། རྒྱལ་པོ་ཨུ་པ་རཱ་ཛའི་སྲས་མོ་སུ་དྷརྨ་བྱ་བའི་དགེ་སློང་མ་ཞིག་རྩའི་སྤྱིལ་བུ་ཆུང་ངུ་ཞིག་ལ་གནས་བཅས་ཏེ། གཡོག་མོ་བདེ་བའི་སྙིང་ལྡན་མ་དང་ལྷན་ཅིག་ཏུ་རྣལ་འབྱོར་བསྒོམས་ཤིང་གནས་པའི་ཚེ་རྨི་ལམ་དུ་མི་དཀར་པོ་དྲི་མ་མེད་པ་གཅིག་གིས་ཤེལ་གྱི་བུམ་པ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱས་མཚན་པ་གཅིག་སྤྱི་བོར་ལན་གསུམ་བཞག་པས་བུམ་པ་དེ་ལས་འོད་འཕྲོས་པས་ཁམས་གསུམ་པོ་གསལ་བར་མཐོང་བ་ཞིག་རྨིས། དེ་ནས་མི་རིང་བ་དགེ་སློང་མ་ལ་རྫོགས་པ་ཆེན་པོ་ལྷ་ཡུལ་དུ་དར་བར་བྱེད་པ་པོ་རྡོ་རྗེ་སེམས་དཔའི་རྣམ་འཕྲུལ་ལྷའི་བུ་སེམས་ལྷག་ཅན་རྒྱལ་བའི་སྲས་སུ་བཙས་སོ། །


དེར་དགེ་སློང་མ་ཤིན་ཏུ་ཡང་ངོ་ཚ་ནས་སྨྲེ་སྔགས་མང་དུ་བཏོན་ཏེ་ཐལ་དོང་དུ་བསྐྱུར་པས་སྒྲ་དང་འོད་ལ་སོགས་པའང་བྱུང་ངོ༌། །


ཞག་གསུམ་ན་བལྟས་པས་ཅི་ཡང་མ་ཉེས་པར་མཐོང་བས་སྤྲུལ་པ་ཡིན་པར་ཤེས་ཏེ་བཀུར་སྟི་ཆེན་པོ་དང་བཅས་སྤྱན་དྲངས་པས་བར་སྣང་གི་ལྷ་རྣམས་ཀྱིས་ཆེད་དུ་བརྗོད། མཁའ་འགྲོ་མ་དང་ལྷ་ཀླུ་གནོད་སྦྱིན་སོགས་འཇིག་རྟེན་སྐྱོང་བ་རྣམས་ཀྱིས་མཆོད་པར་བྱེད་དོ། །


ཞག་བདུན་སོང་བ་ན་རྒྱལ་པོའི་མཆོད་གནས་པཎྜི་ཏ་ལྔ་བརྒྱ་དང་བགྲོ་གླེང་བརྒལ་བརྟག་གི་རིམ་པ་མང་དུ་མཛད་པས་དེ་རྣམས་ཀྱི་སྤོབས་པ་བཅོམ་པས་ཞབས་སྤྱི་བོར་བླངས་ཤིང་བཀུར་སྟི་ཆེན་པོས་མཆོད་ནས་མཚན་པྲཛྙཱ་བྷ་བར་གསོལ། རྒྱལ་པོ་ངོ་མཚར་ཞིང་དགའ་བས་དགའ་རབ་རྡོ་རྗེ་དང༌། སྔར་ཡུམ་གྱིས་བཀྲོང་ཡང་མ་ཉེས་པས་རོ་ལངས་བདེ་བའམ་རོ་ལངས་ཐལ་མདོག་ཏུ་གསོལ། དེ་ནས་བྱང་ཕྱོགས་ཀྱི་རི་བོ་ཉི་མ་རབ་ཏུ་སྣང་བྱེད་དུ་ལོ་སུམ་ཅུ་རྩ་གཉིས་ཀྱི་བར་དུ་ཏིང་ངེ་འཛིན་ལ་བཞུགས་ཤིང༌། དཔལ་རྡོ་རྗེ་སེམས་དཔའ་ལས་རྫོགས་པ་ཆེན་པོའི་རྒྱུད་གདམས་ངག་དང་བཅས་པ་གསན་ཏེ་མི་སློབ་པའི་ཡེ་ཤེས་མངོན་དུ་མཛད་པའི་ཚུལ་བསྟན། དེའི་ཚེ་ས་ལན་བདུན་དུ་གཡོས་ཤིང་མུ་སྟེགས་ཀྱི་བསྟན་པ་ཉམས་པར་བྱས་སོ་ཞེས་པའི་སྒྲ་ནམ་མཁའ་ནས་གྲགས་པས་མུ་སྟེགས་ཀྱི་རྒྱལ་པོས་བཀྲོང་བར་བརྩམས་པ་ན་ནམ་མཁའི་ལམ་ནས་གཤེགས་པ་མཐོང་བས་རབ་ཏུ་དད་ནས་རྒྱལ་པོ་འཁོར་བཅས་ནང་པའི་བསྟན་པ་ལ་ཞུགས་སོ། །


དེ་ནས་ཐེག་པ་ཕྱི་ནང་གི་སྡེ་སྣོད་དང༌། ཁྱད་པར་རྫོགས་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཐུགས་ལ་བཞུགས་པ་རྣམས། རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་མ་བདེ་བའི་རོ་ལྡན་མ་དང༌། བདེ་བྱེད་སེར་མོ་ཡོན་ཏན་མཐའ་ཡས་པའི་མཁའ་འགྲོ་མ་དང་ལྷན་ཅིག་ལོ་གསུམ་གྱི་བར་ཚིག་དང་ཡི་གེ་དཀར་ཆག་ཏུ་བཏབ་ནས་རང་བྱུང་རང་བབས་ཀྱི་ཡི་གེ་སྤྲུལ་པའི་སྐུ་དང་བཅས་མཁའ་འགྲོ་མ་མངོན་པར་འབྱུང་བའི་ཕུག་ཏུ་བཞུགས་སུ་གསོལ། སློབ་དཔོན་ཉིད་དུར་ཁྲོད་བསིལ་བའི་ཚལ་དུ་མཁའ་འགྲོ་མ་ཉི་མའི་འོད་ཟེར་སོགས་ལ་ཆོས་སྟོན་ཅིང་བཞུགས་སོ། །


དེའི་ཚེ་སྔར་སྨོས་པའི་སློབ་དཔོན་འཇམ་དཔལ་བཤེས་གཉེན་དེ་ཉིད་ལ། འཕགས་པ་འཇམ་དཔལ་གྱིས་ལུང་བསྟན་ཏེ་དུར་ཁྲོད་བསིལ་བའི་ཚལ་དུ་བྱོན་ནས་སྤྲུལ་སྐུ་དགའ་རབ་རྡོ་རྗེ་དང་མཇལ། ལོ་བདུན་བཅུ་རྩ་ལྔའི་བར་དུ་ཆོས་ཉན་ཅིང༌། གདམས་པ་དང་རྗེས་སུ་གདམས་པ་མཐའ་དག་བསྩལ་པའི་འོག་ཏུ་ཆུ་བོ་དན་ཏིག་ཞེས་བྱ་བར་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ཉིད་ཟག་པ་མེད་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་མཛད་དོ། །


དེ་ཚེ་འཇམ་དཔལ་བཤེས་གཉེན་གྱིས། ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང༌། །


ཞེས་སོགས་གདུང་ཚིག་བཏོན་པས་ནམ་མཁའ་འོད་ཕུང་གི་དཀྱིལ་ནས་སློབ་དཔོན་གྱིས་སྐུ་མངོན་དུ་སྣང་བར་མཛད་ནས་གསེར་གྱི་ཟ་མ་ཏོག་སེན་གང་བ་གཅིག་ཕྱག་ཏུ་བབས་པས་ཚིག་གསུམ་གནད་དུ་བསྡེབས་པའི་འདས་རྗེས་ཀྱི་གདམས་པ་བཞག་གོ །དེ་ནས་འཇམ་དཔལ་བཤེས་གཉེན་གྱིས་འབུམ་ཕྲག་དྲུག་བཅུ་རྩ་བཞིའི་གྲངས་ལས་རྫོགས་པ་ཆེན་པོ་སྡེ་གསུམ་དུ་ཕྱེས་ཏེ། སེམས་གནས་རྣམས་ལ་སེམས་ཀྱི་སྡེ། བྱ་བྲལ་རྣམས་ལ་ཀློང་གི་སྡེ། གནད་གཙོ་བ་ལ་མན་ངག་གི་སྡེ་དང་གསུམ། དེ་ལས་ཀྱང་ཁྱད་པར་དུ་བསྡུས་པ་ཐིག་ལེ་རང་གནད་དུ་དབབ་པ་འདི་ལ་སྙན་བརྒྱུད་དང་བཤད་རྒྱུད་གཉིས་སུ་ཕྱེས་ནས་སྙན་བརྒྱུད་རྣམས་མཆན་དུ་བཏབ། བཤད་རྒྱུད་སྙིང་ཐིག་གི་བཀའ་རྣམས་རེ་ཞིག་སྤེལ་བའི་གནས་མ་རྙེད་ནས་རྡོ་རྗེ་གདན་གྱི་བྱང་ཤར་དུ་སྦས་ཏེ་མི་སྣང་བར་བྱས། སློབ་དཔོན་ཉིད་དུར་ཁྲོད་སོ་ས་གླིང་དུ་མཁའ་འགྲོ་མ་རྣམས་ལ་ཆོས་སྟོན་ཅིང་ལོ་བརྒྱ་རྩ་དགུའི་བར་དུ་ཏིང་ངེ་འཛིན་ལ་བཞུགས་སོ། །


སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ཀྱང་འདིའི་སློབ་མ་སྟེ། དེས་མཛད་པའི་བསྟན་བཅོས་རྣམས་སུ་སེམས་སྡེའི་ཆོས་སྐད་གྲུབ་མཐའ་གཞན་དང་མ་འདྲེས་པར་གཙང་སིང་ངེ་འབྱུང་བ་ཡིན་ནོ།། དེའི་ཚེ་རྒྱ་ནག་པོའི་གྲོང་ཁྱེར་ཤོ་ཁྱམ་ཞེས་པར་ཁྱིམ་བདག་དགེ་བའི་ཡིད་ཅན་དང་བུད་མེད་སྣང་གསལ་རབ་ཏུ་མཁྱེན་མ་གཉིས་ཀྱི་སྲས་སློབ་དཔོན་ཤྲཱི་སེདྷ་ཞེས་བྱ་བ་སྦྱངས་པའི་ཡོན་ཏན་དང་ལྡན་པའི་མཁས་པ་ཆེན་པོ་ཞིག་གྲོང་ཁྱེར་གསེར་ལྡན་དུ་འགྲོ་བའི་ལམ་དུ།འཕགས་པ་སྤྱན་རས་གཟིགས་ཀྱིས་ལུང་བསྟན་པས། འབྲས་བུ་བླ་ན་མེད་པ་ཉིད་རྟོགས་སླ་བའི་ཕྱིར་ད་དུང་ཡང་གསང་སྔགས་ཀྱི་རྒྱུད་སྡེ་གཞན་ལའང་མཁས་པར་བྱའོ་དགོངས་ནས་རི་བོ་རྩེ་ལྔར་གདོལ་པའི་སློབ་དཔོན་བྷེ་ལ་ཀིརྟིར་སྔགས་ཕྱི་ནང་གི་ཆོས་རྣམས་གསན་པས་མཐའ་དག་ཉམས་འོག་ཏུ་ཆུད། སླར་འཕགས་པས་བསྐུལ་ནས་ཞབས་ས་ལ་མི་རེག་པའི་རྫུ་འཕྲུལ་དང་བཅས་དུར་ཁྲོད་སོ་ས་གླིང་དུ་བྱོན་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་མཇལ། ལོ་ཉེར་ལྔའི་བར་དུ་གདམས་པ་དང་རྗེས་སུ་གདམས་པ་མཐའ་དག་བསྩལ་ནས་སློབ་དཔོན་ཉིད་སྐུ་འོད་ཕུང་དུ་ཡལ། སྒོམ་ཉམས་དྲུག་པ་ཞེས་པའི་འདས་རྗེས་ཤྲཱི་སེང་གི་ཕྱག་ཏུ་བབས་པས་དགོངས་པའི་གདེང་དང་ལྡན་པར་གྱུར་ཏོ། །


དེ་ནས་དཔལ་གྱི་སེང་གེས་རྡོ་རྗེ་གདན་གྱི་འོག་ནས་སྔར་སྦས་པའི་རྒྱུད་རྣམས་བཏོན་ནས་རྒྱ་ནག་ཏུ་བྱོན་ཅིང༌། རྫོགས་པ་ཆེན་པོ་མན་ངག་གི་སྡེ་ལ། ཕྱི་སྐོར། ནང་སྐོར། གསང་སྐོར། གསང་བ་བླ་ན་མེད་པ་བཞིར་ཕྱེས་ནས། སྐོར་སྔ་མ་གསུམ་སྤྲོས་བཅས་གྱི་དོན་དུ་བསྡེབས་ནས་བྱང་ཆུབ་ཤིང་གི་ལྷ་ཁང་བྱ་འདབས་སུ་གཏེར་དུ་སྦས། གསང་བ་བླ་མེད་ཀྱི་སྐོར་རྣམས་མཁའ་འགྲོའི་ལུང་བཞིན་བཀྲ་ཤིས་ཁྲི་སྒོའི་ཀ་བར་སྦས་ནས་སློབ་དཔོན་ཉིད་དུར་ཁྲོད་བསིལ་སྦྱིན་དུ་ཏིང་ངེ་འཛིན་ལ་བཞུགས་སོ། །


དེའི་ཚེ་འཕགས་ཡུལ་ནུབ་ཕྱོགས་གླང་པོའི་སྒང་དུ་ཡབ་ཁྱིམ་བདག་བདེ་ལྡན་འཁོར་ལོ་དང་ཡུམ་བདག་ཉིད་གསལ་རིགས་མའི་སྲས་བི་མ་མི་ཏྲ་དང༌། ཤར་ཕྱོགས་ཀ་མ་ཤཱི་ལའི་ཤར་གྱི་གྲོང་ཁྱེར་དུ་ཡབ་གདོལ་པ་ཞི་བའི་ལག་པ་དང་ཡུམ་དགེ་བའི་སེམས་ཅན་གྱི་སྲས་ཡེ་ཤེས་མདོ་ཞེས་བྱ་བའི་མཁས་པ་ཆེན་པོ་གཉིས་ལྷན་དུ་བཞུགས་པ་ལ་དཔལ་རྡོ་རྗེ་སེམས་དཔའ་མངོན་སུམ་དུ་བྱོན་ནས་ལུང་བསྟན་པས། བི་མ་ལས་དེ་ཉིད་དུ་ལྷུང་བཟེད་དང་ཆོས་གོས་བླངས་ནས་བྱོན་པས་སློབ་དཔོན་ཤྲཱི་སེངྷ་དང་མཇལ། ལོ་ཉི་ཤུའི་བར་དུ་སྙན་བརྒྱུད་ཕྱི་ནང་གསང་གསུམ་གྱི་གདམས་པ་བསྩལ་མོད་དཔེ་ནི་མ་གནང་ངོ༌། །


དེར་བི་མ་ཐུགས་ཚིམས་ནས་རྒྱ་གར་དུ་བྱོན་ཏེ་སློབ་དཔོན་ཛྙཱ་ན་སཱུ་ཏྲ་ལ་ལོ་རྒྱུས་བཤད་པས། ཁོང་ཡང་འབད་རྩོལ་ཆེན་པོས་རྒྱ་ནག་ཏུ་བྱོན་ཏེ་ཌཱ་ཀིའི་ལུང་བསྟན་པ་བཞིན་དུར་ཁྲོད་བསིལ་སྦྱིན་དུ་མཇལ། ལོ་དགུའི་བར་དུ་སྙན་རྒྱུད་དཔེ་དང་བཅས་པ་གནང༌། དེས་ཚིམས་ནས་འབྱོན་པར་བརྩམས་པ་ན། སློབ་དཔོན་གྱི་གཏད་པ་མེད་དོ་གསུངས་པས་རྟོག་པ་སྐྱེས་ཏེ་སླར་རབ་ཏུ་ཟབ་པའི་གདམས་པ་ཞུས་པས། སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་རབ་ཏུ་སྤྲོས་མེད་རྣམས་ཀྱི་དབང་བསྐུར་ཞིང་མན་ངག་མཐའ་དག་རྫོགས་པར་གནང༌། དེ་ནས་ལོ་བཅུ་དྲུག་ཏུ་ཉམས་སུ་བླངས་ནས་བསྒོམས། སློབ་དཔོན་ནི་ཁྱད་པར་གྱིས་སྤྱོད་པ་སྣ་ཚོགས་ལ་གནས་ཤིང་དུས་གཞན་ཞིག་ན་ལི་ཡུལ་གྱི་རྒྱལ་པོས་སྤྱན་དྲངས་ཏེ་དེར་བཞུད་པའི་ཞག་བདུན་ན་སྐུ་འོད་ཕུང་དུ་ཡལ་ཏེ་གཟེར་བུ་བདུན་པའི་ཞལ་ཆེམས་ཡེ་ཤེས་མདོའི་ཕྱག་ཏུ་བབས། དེར་སློབ་དཔོན་གྱི་ལུང་བཞིན་བཀྲ་ཤིས་ཁྲི་སྒོའི་ཀ་བའི་ནང་ནས་སྙིང་ཐིག་གསང་བའི་དཔེ་རྣམས་ཕྱུང་ནས་རྒྱ་གར་གྱི་དུར་ཁྲོད་བྷ་སེང་དུ་བྱོན་ཅིང་མཁའ་འགྲོ་མ་རྣམས་ལ་གསང་བ་སྙིང་ཐིག་གི་ཆོས་འཁོར་བསྐོར་བཞིན་བཞུགས་སོ། །


དེའི་ཚཻ་སློབ་དཔོན་བི་མ་མི་ཏྲ་ལ་ཌཱ་ཀིའི་ལུང་གིས་བསྐུལ་ནས་དུར་ཁྲོད་བྷ་སེང་དུ་ཛྙཱ་ན་སཱུ་ཏྲ་དང་མཇལ་ཞིང་ཆེས་ཟབ་པའི་གདམས་པ་གནང་བར་ཞུས་པས་སློབ་དཔོན་གྱིས་ཆོ་འཕྲུལ་སྣ་ཚོགས་པར་སྣང་བར་མཛད་ནས་དབང་དང་གདམས་ངག་དཔེ་དང་བཅས་རྫོགས་པར་གནང་བས་སེམས་ཀྱི་གནས་ལུགས་རྗེན་པར་མ་ཐོབ། ཤངས་རྩེར་ཨ་དཀར་པོ་ཟག་ལ་ཁད་པ་གཅིག་ཀྱང་བྱུང༌། དེ་ནས་ལོ་བཅུའི་བར་དུ་ཞུན་ཐར་བཅད་ནས། དེའི་འོག་ཏུ་སློབ་དཔོན་ཛྙཱ་ན་སཱུ་ཏྲ་སྐུ་འོད་ཕུང་དུ་ཡལ་ཏེ་བཞག་ཐབས་བཞི་པ་ཞེས་བྱ་བའི་འདས་རྗེས་སློབ་དཔོན་དྲི་མེད་བཤེས་གཉེན་གྱི་ཕྱག་ཏུ་བབས་པས་ཚིག་ལ་ཆད་ལྷག་དོན་ལ་ནོར་འཁྲུལ་མེད་པའི་གདེང་ཐོབ། གསང་བ་མཆོག་གི་དཔེ་རྣམས་ཚར་གསུམ་དུ་བྲིས་ནས་ཨོ་རྒྱན་གྱི་ཡུལ་རྒྱ་མཚོ་གསེར་གྱི་བྱེ་མ་བདལ་བའི་གླིང་དང་ཁ་ཆེའི་ཡུལ་གསེར་གླིང་ཞེས་པའི་བྲག་སྐྱིབས་དང༌། དུར་ཁྲོད་ཆེན་པོ་རབ་ཏུ་སྣང་བྱེད་དང་གསུམ་དུ་སྦས། སློབ་དཔོན་ཉིད་མཐར་གྱིས་འཕོ་བ་ཆེན་པོའི་སྐུར་བཞེངས་སོ། །


ལོ་རྒྱུས་རྒྱས་པར་ཤེས་འདོད་ན་གསང་བ་སྙིང་ཐིག་གི་བབས་ལུགས་ཆེན་མོར་བལྟ་བར་བྱའོ།། །།



༢ བྱེ་བྲག་དུ་བོད་ཀྱི་ཡུལ་དུ་ཇི་ལྟར་བྱུང་ཞིང་བསྐྱངས་པའི་ཚུལ་རྒྱས་པར་བཤད་པ།


༈ གཉིས་པ་བོད་ཀྱི་ཡུལ་དུ་ཇི་ལྟར་བྱུང་ཚུལ་ལ་ཡང་གཉིས་ཏེ། བསྟན་རྩ་སོ་ཐར་གྱི་སྡོམ་རྒྱུན་སོགས་ཐུབ་བསྟན་རིན་པོ་ཆེ་ཐོག་མར་ཇི་ལྟར་བྱུང་ཚུལ་མདོར་བསྟན་པ་དང༌། བྱེ་བྲག་གསང་སྔགས་རྡོ་རྗེ་ཐེག་པ་བླ་མེད་ནང་རྒྱུད་སྡེ་གསུམ་གྱི་བསྟན་པའི་བབས་སོ་རྗེས་འབྲང་དང་བཅས་པ་རྒྱས་པར་བཤད་པའོ། །


1 བསྟན་རྩ་སོ་ཐར་གྱི་སྡོམ་རྒྱུན་སོགས་ཐུབ་བསྟན་རིན་པོ་ཆེ་ཐོག་མར་ཇི་ལྟར་བྱུང་ཚུལ་མདོར་བསྟན་པ།


དང་པོ་ནི། ལྷ་མོ་དྲི་མ་མེད་པ་ལུང་བསྟན་པ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་བསྟན་པ་དར་བར་འགྱུར་རོ། །


ཞེས་ལུང་བསྟན་པ་ལྟར། ཤཱཀྱ་ལིཙྪ་བཱིའི་རིགས་ལས་བྱུང་བའི་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་ཉེར་བདུན་པ་བྱང་སེམས་ཀུན་ཏུ་བཟང་པོའི་སྤྲུལ་པ་ལྷ་ཐོ་ཐོ་རི་སྙན་བཙན་གྱི་སྐུ་རིང་ལ་ཕོ་བྲང་ཡུམ་བུ་བླ་སྒང་གི་རྩེར་ཟ་མ་ཏོག་གཅིག་བབ་པ་ཁ་ཕྱེས་པས་སྤང་སྐོང་ཕྱག་བརྒྱ་བ། ཙིནྟ་མ་ཎིའི་གཟུངས་ཀྱི་བརྐོས་ཕོར། མདོ་སྡེ་ཟ་མ་ཏོག་ཡི་གེ་དྲུག་པ། གསེར་གྱི་མཆོད་རྟེན་རྣམས་བྱུང༌། གང་ཡིན་བརྡ་མ་ཁྲོལ་ཡང་བཟང་པོ་གོ་ནས་མིང་གཉན་{གཉེན}པོ་གསང་བར་བཏགས་ཏེ་མཆོད་ཅིང་བཀུར་བའི་བྱིན་རླབས་ཀྱིས་རྒྱལ་པོ་ལོ་རེ་གཅིག་ལོན་པ་བཅུ་དྲུག་ལོན་པའི་ན་ཚོད་ཙམ་དུ་གྱུར་ཏེ་ལོ་བརྒྱ་དང་ཉི་ཤུ་ཐུབ། གདུང་རབས་ལྔ་ནས་འདིའི་དོན་ཤེས་པར་འགྱུར་ཞེས་ལུང་བསྟན་ཐོབ་སྟེ་དམ་པ་ཆོས་ཀྱི་དབུ་བརྙེས་སོ། །


ལོ་རྒྱུས་ཁ་ཅིག་པཎྜི་ཏ་བློ་སེམས་འཚོ་དང་ལོ་ཙཱ་བ་ལི་ཐི་སེས་ཆོས་དེ་གཉིས་ཁྱེར་ནས་འོངས་པ་ལ་རྒྱལ་པོས་ཡི་གེ་ཡང་མི་ཤེས་དོན་ཡང་མི་གོ་བས་པཎྜི་ཏ་དང་ལོ་ཙཱ་གཉིས་ཕྱིར་ལོག་ཅེས་བཤད་དོ། །


དེ་ནས་གདུང་རབས་ལྔ་པ། འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོས། ཕྱག་རྡོར་སྤྲུལ་པ་ཆོས་བློན་མགར་ལ་བཀའ་བསྒོས་ཏེ། འོ་སྐོལ་གྱི་སྟོན་པ་དགུང་ལོ་བརྒྱད་པ་དང་བཅུ་གཉིས་པའི་སྐུ་ཚད་སངས་རྒྱས་དངོས་ཀྱི་ཞལ་སྐྱིན་གདན་འདྲེན་པའི་ཆེད་དུ་ཁྲོ་གཉེར་ཅན་དང་སྒྲོལ་མའི་སྤྲུལ་པ་བལ་མོ་བཟའ་དང་རྒྱ་བཟའ་ཀོང་ཇོ་གཉིས་ཁབ་ཏུ་བཞེས། སྤྲུལ་པའི་དགེ་སློང་ཨཱ་ཀར་མ་ཏིས་རང་བྱུང་འཕགས་པ་སྤྱན་དྲངས། ར་ས་འཕྲུལ་སྣང་དང་གཡོ་རུ་ཁྲ་འབྲུག་སོགས་མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས། འཇམ་དབྱངས་སྤྲུལ་པ་ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་མངགས་ནས་སྒྲ་དང་ཡི་གེ་བསླབས། རྒྱ་ཡིག་ལ་དཔེར་བྱས་ནས་བོད་ཀྱི་ཡི་གེའི་གཟུགས་དང་བརྡ་སྤྲོད་ཀྱི་བསྟན་བཅོས་ཆེན་པོ་བརྒྱད་བརྩམས། རྒྱ་གར་གྱི་པཎྜི་ཏ་ཀུ་ས་ར་དང་བྲམ་ཟེ་ཤཾ་ཀ་ར། བལ་པོ་ཤཱི་ལ་མཉྫུ། རྒྱ་ནག་གི་ཧྭ་ཤང་མ་ཧཱ་ཡཱ་ན་ལ་སོགས་སྤྱན་དྲངས། ལོ་ཙཱ་ཐོན་མི་སམ་བྷོ་ཊ། དྷརྨ་ཀོ་ཥ། ལྷ་ལུང་རྡོ་རྗེ་དཔལ་རྣམས་ཀྱིས་སྡེ་སྣོད་གསུམ་དང༌། རྒྱུད་ཀྱི་ཆ་ལག་མང་དུ་བསྒྱུར་ཞིང་བསྟན་པའི་སྲོལ་བཏོད། སྐྱི་ཤོད་ཉང་བྲན་ཕ་བོང་ཁ་ཕོ་བྲང་མ་རུར་གྲགས་པར་རྒྱལ་པོ་ཡབ་ཡུམ་གསུམ་སྐུ་མཚམས་མཛད་ནས་ཡི་དམ་གྱི་ལྷ་བསྒྲུབས་པས་གྲུབ་པ་ཐོབ་སྟེ་སྐལ་ལྡན་མང་པོ་ལ་ལྐོག་ཆོས་སུ་ཐུགས་རྗེ་ཆེན་པོ་ཞི་ཁྲོའི་གདམས་པ་བསྩལ་པས་སད་མི་མི་བདུན་རབ་ཏུ་མ་བྱུང་ཕན་གནས་དེར་རྣལ་འབྱོར་སྤྱོད་པ་རལ་པ་ཅན་བརྒྱ་ཕྲག་ཙམ་རྒྱུན་དུ་བྱུང་བར་གྲགས་སོ། །


དུས་དེར་གསུངས་པ་རྣམས་ཕྱོགས་གཅིག་ཏུ་བསྡོམས་པ་རྒྱལ་པོ་བཀའ་ཆེམས་ཀྱི་སྐོར་ཏེ་གཏེར་སྟོན་གསུམ་གྱིས་སྤྱན་དྲངས་པ་ད་ལྟ་མ་ཎི་བཀའ་འབུམ་དུ་གྲགས་པ་འདིའོ། །


དེ་ནས་རྒྱལ་རབས་ལྔ་འདས་པ་ན་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཆོས་བློན་འགོས་པདྨ་གུང་བཙན་དང་གྲོས་བྱས་ཏེ། མ་ཞོང་གྲམ་པ་རྒྱན་སོགས་བདུད་བློན་རྣམས་ཀྱིས་འདུན་གྲོས་རྣམ་དཔྱོད་ཀྱིས་ཚར་བཅད། ཟ་ཧོར་གྱི་མཁན་པོ་ཤཱནྟ་རཀྵི་ཏ་སྤྱན་དྲངས། འགའ་ཞིག་ལ་ཡན་ལག་བརྒྱད་པའི་ཁྲིམས་ཕབ། དགེ་བ་བཅུ་དང༌།ཁམས་བཅོ་བརྒྱད་དང་མཐུན་པའི་ཆོས་གསུངས་པས་བོད་ཀྱི་ལྷ་སྲིན་རྣམས་ཁྲོས་ཏེ་བར་ཆད་སྣ་ཚོགས་ཀྱིས་ཐོ་འཚམ་པ་ལ་བརྟེན་ནས་སྔོན་གྱི་སྨོན་ལམ་དུས་སུ་སྨིན་པས། མཁན་པོས་ལུང་བསྟན་པ་ལྟར། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝ་སྤྱན་དྲངས། བོད་ཀྱི་ལྷ་འདྲེ་ནག་ཕྱོགས་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས། དཀར་ཕྱོགས་ཀྱི་ལྷ་སྲིན་རྣམས་བྲན་དུ་བཀོལ་ནས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས། ངོ་མཚར་བའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་རབ་གནས་མངའ་གསོལ་དང་བཅས་པ་གེགས་མེད་དུ་གྲུབ། མཁན་སློབ་དེ་དག་དང་སློབ་དཔོན་བི་མ་མི་ཏྲ། ཤཱིནྟིཾ་གརྦྷ། དྷརྨ་ཀཱིརྟི་སོགས་པཎ་ཆེན་བརྒྱ་རྩ་བརྒྱད་སྤྱན་དྲངས་ནས།བོད་ཀྱི་ལོ་ཙཱ་བ་བཻ་རོ་སྐ་ཅོག་སོགས་ཀྱིས་མདོ་རྒྱུད་བསྟན་བཅོས་མན་ངག་གི་ཚོགས་དཔག་ཏུ་མེད་པ་བསྒྱུར་བཤད་སྒོམ་གསུམ་གྱིས་གཏན་ལ་ཕབ་སྟེ། ཆོས་གྲྭ་ཆེན་པོ་བཅུ་གཉིས་ཡེར་བ་དང་ཆུ་བོ་རི་མཆིམས་ཕུ་སོགས་སུ་སྒོམ་གྲྭ་བཙུགས། ཁྱད་པར་ཨོ་རྒྱན་ཆེན་པོས་ལས་ཅན་རྗེ་འབངས་ཉེར་ལྔ་སོགས་སྐལ་ལྡན་དཔག་ཏུ་མེད་པ་སྔགས་བླ་མེད་ཀྱི་ཐེག་པས་རྗེས་སུ་བཟུང་སྟེ་གྲུབ་པ་ཆེན་པོའི་གོ་འཕང་དུ་གཤེགས་པ་བགྲང་ལས་འདས་པ་བྱུང༌། ཆོས་དང་ནོར་གྱི་གཏེར་ཁ་དཔག་ཏུ་མེད་པ་སྦས། ལྷ་སྲིན་གདུག་པ་ཅན་ཐམས་ཅད་བཏུལ། བརྟན་མ་བཅུ་གཉིས་ལ་བཀའ་བསྒོས་ཏེ་མུ་སྟེགས་པ་མི་འབྱུང་བར་མཛད། རི་བྲག་སོགས་ཕལ་ཆེར་སྒྲུབ་གནས་སུ་བྱིན་གྱིས་བརླབས། རྒྱལ་ཚབ་སྐྱེས་བུ་བརྒྱུད་མར་སྤྲུལ་པ་སོགས་སྒོ་དུ་མ་ནས་གངས་ཅན་པ་རྣམས་ལ་རྒྱལ་ལས་ཀྱང་བཀའ་དྲིན་ཆེ། དེ་ལྟར་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུར་མཛད་དེ་ལོ་རྒྱུས་ཞིབ་པར་འོག་ཏུ་གསལ། ཆོས་རྒྱལ་ལ་སྲས་གསུམ་བྱུང་བའི་ཆེ་བ་མུ་ནེ་བཙན་པོས་རྒྱལ་སྲིད་མཛད་ཚེ་བསམ་ཡས་སུ་མཆོད་པ་ཆེན་པོ་བཞི་བཙུགས། བོད་འབངས་ལྟོགས་ཕྱུག་ལན་གསུམ་སྙོམས། ཆུང་བ་མུ་ཏིག་བཙད་པོའམ་མཇིང་ཡོན་སད་ན་ལེགས་ཀྱིས་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་བཞེངས། དེའི་སྲས་གསང་བདག་གི་སྤྲུལ་པ་ཁྲི་རལ་པ་ཅན་གྱིས་རབ་ཏུ་བྱུང་བ་རེ་རེ་ལ་འབངས་མི་ཁྱིམ་བདུན་བདུན་ཕུལ་བ་དང༌། གཙུག་ལག་ཁང་སྟོང་རྩ་བཞེངས་པར་གྲགས། དབུ་སྐྲ་ལ་དར་ཡུགས་གཉིས་བཏགས་པའི་སྣེར་བླ་མཆོད་སྡེ་གཉིས་ཞབས་བཞག་ལ་མཆོད་ཅིང་བཀུར་བ་སོགས་བསྟན་པ་རིན་པོ་ཆེ་བླ་རུ་བཀུར་བའི་མཛད་པ་མཐའ་ཡས་ཤིང༌། རྒྱ་གར་གྱི་པཎྜི་ཏ་སུ་རེནྡྲ་བོ་དྷི། ཤཱི་ལེནྡྲ་བོ་དྷི། དཱ་ན་ཤཱི་ལ་སོགས་སྤྱན་དྲངས་ནས། ལོ་ཙཱ་བ་ཛྙཱ་ན་སེ་ན་ལ་སོགས་པས་སྔོན་གྱི་ཡབ་མེས་རྣམས་ཀྱི་དུས་བསྒྱུར་པའི་ཆོས་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། གསང་སྔགས་ནང་གི་རྒྱུད་རྣམས་བཀའ་གཉན་པས་སྣོད་ལྡན་མ་གཏོགས་སྣོད་མིན་དབྱིངས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པས་འགྱུར་རྙིང་རང་མལ་དུ་འཇོག་པར་མཛད་དོ། །


འདི་ཡན་དུ་བསྒྱུར་པ་རྣམས་ལ་སྔ་འགྱུར་ཞེས་གྲགས་ཤིང༌། དེ་ཡང་བསྟན་པའི་རྩ་བ་ཆོས་འདུལ་བ་ནི། ཆོས་རྒྱལ་ཁྲི་སྲོང་གིས་འཕགས་ཡུལ་ནས་ཡོད་སྨྲའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཤིང༌། སྡེ་སྣོད་དང་བསྟན་པ་ཐམས་ཅད་ཀྱི་མངའ་བདག་མཁན་ཆེན་བྷོ་དྷི་ས་ཏྭའམ་ཤཱནྟ་རཀྵི་ཏས་མཁན་པོ་དང༌། དཱའ་ན་ཤཱི་ལ་དང་ཛི་ན་མི་ཏྲ་གཉིས་ཀྱི་ལས་སློབ་དང་གསང་སྟོན། པཎྜི་ཏ་བཅུ་པོས་ཁ་སྐོང་མཛད་ནས། བོད་ཀྱི་མི་ལ་རབ་བྱུང་བཏུབ་བམ་མི་བཏུབ་སད་པའི་ཕྱིར་རྦ་ཁྲི་གཟིགས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་མཚན་དཔལ་དབྱངས་དང༌། བཙན་པོས་བསྔགས་པས་སརྦ་རཏྣར་གྲགས། བསྒོམས་པས་མངོན་ཤེས་ལྔ་དང་ལྡན་པར་གྱུར། དེ་ནས་རིམ་པར་རྦ་གསལ་སྣང༌། པ་གོར་བཻ་རོ། ངན་ལམ་རྒྱལ་བ་མཆོག་དབྱངས། རྨ་རིན་ཆེན་མཆོག འཁོན་ཀླུ་དབང༌། ལ་གསུམ་རྒྱལ་བ་བྱང་ཆུབ་རྣམས་རབ་ཏུ་བྱུང་ཞིང་མིང་ཡེ་ཤེས་དབང་པོ་སོགས་སུ་སྤོས་ནས་བསྙེན་པར་རྫོགས་པས་སད་མི་མི་བདུན་དུ་གྲགས་ཤིང་བོད་ཀྱི་རབ་བྱུང་ཐོག་མ་ཡིན་ཞིང་བླའི་མཆོད་གནས་སུ་ཕྱུང་ནས་ཆོས་ཀྱི་བཀའ་ཁྲིམས་ཆེན་པོ་བཅས། བཀའ་གཙིགས་ཀྱི་རྡོ་རིང་བཙུགས་སད་མི་མི་བདུན་ལས་བློ་སྦྱངས་པ་སྐ་བ་དཔལ་བརྩེགས་སོགས་ལོ་ཙཱ་བ་བརྒྱ། དེ་དག་ལས་བློ་སྦྱངས་པ་ཅོག་རོ་ཀླུའི་རྒྱལ་མཚན་སོགས་མཆན་བུ་སྟོང་རྩ་སྟེ། སྤྲུལ་པའི་ལོ་ཙཱ་བ་དང་བཙུན་པའི་སྡེ་གྲངས་ལས་འདས་པ་བྱོན། འདུལ་བ་ལུང་སྡེ་བཞི་དགོངས་འགྲེལ་དང་བཅས་པ་སློབ་དཔོན་དཱ་ན་ཤི་ལ་དང༌། ཛི་ན་མི་ཏྲ་གཉིས་ལས་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཕྱིས་དར་མས་བསྟན་པ་བསྣུབས་རྗེས་རྦའི་མཁན་བུ་སྨར་གཡོ་གཙང་གསུམ་གྱིས། བསྟན་པའི་ཉི་མ་བླ་ཆེན་བསྙེན་པར་རྫོགས་པ་ལས། དབུས་གཙང་གི་མི་བཅུ་སོགས་ལ་བརྒྱུད་པ་སྨད་འདུལ་དང༌། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨ་པཱ་ལ་ནས་པཱ་ལ་རྣམ་གསུམ་སོགས་ལ་བརྒྱུད་པ་སྟོད་འདུལ་བ་དང༌། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་ནས་བྱང་རྡོར་ས་གསུམ་ལ་བརྒྱུད་པ་ཁ་ཆེའི་ལུགས་དང་གསུམ་བྱུང་བ་ཐམས་ཅད་ཀྱང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་འབའ་ཞིག་ལས། བར་བའི་སྡོམ་རྒྱུན་ཕྱིས་ཆད་ལ། སྔ་ཕྱི་གཉིས་ད་ལྟའི་བར་དུ་ཉམས་མེད་དུ་བཞུགས་པ་ལས། རང་ལུགས་ཁྱད་འཕགས་སྔ་འགྱུར་བའི་སྡོམ་རྒྱུན་སྨད་འདུལ་ལུགས་ཀྱི་བརྒྱུད་པའི་རྣམ་ཐར་མདོ་ཙམ་བརྗོད་ན། སྤྱིར་འོ་སྐོལ་གྱི་སྟོན་པ་ཐུགས་རྗེ་ཅན་ཉིད་ཀྱི་རྣམ་པ་ཐར་པ་ནི་བསམ་གྱིས་མི་ཁྱབ་སྟེ། ཐེག་པ་ཆེ་ཆུང་དང་དྲང་ངེས་ཀྱི་དབྱེ་བ་དཔག་ཏུ་མེད་མོད་ཀྱི།ཐུན་མོང་བ་ཉན་ཐོས་དག་གི་འདོད་པ་དང་བསྟུན་ན། སྔོན་རྒྱལ་པོ་འོད་ལྡན་དུ་གྱུར་པའི་ཚེ་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་ཐུགས་བསྐྱེད་ནས། ཚོགས་ལམ་གྱིས་བསྡུས་པའི་ཚོགས་བསྐལ་པ་གྲངས་མེད་གསུམ་དུ་བསགས་པའི་མཐར། བསྐལ་པ་བརྒྱ་ལ་མཚན་བཟང་གི་རྒྱུ་བསྒྲུབས་ནས་དགའ་ལྡན་གྱི་གནས་སུ་དམ་པ་ཏོག་དཀར་པོར་འཁྲུངས། དེ་ནས་གཟིགས་པ་ལྔ་ལ་བརྟེན་ནས་ཆུ་སྟོད་ཟླ་བའི་ཉ་ལ་གླང་ཆེན་ཐལ་དཀར་གྱི་རྣམ་པས་ཡུམ་གྱི་ལྷུམས་སུ་ཞུགས་ནས། ཟླ་བ་བཅུ་ཕལ་ཆེར་རྫོགས་པ་དཔྱིད་ཟླ་ཐ་ཆུང་གི་ཚེས་བདུན་སྐར་མ་རྒྱལ་ལ་བབ་པ་ན་ལུམྦིའི་ཚལ་དུ་སྐུ་བལྟམས་ནས། རིམ་གྱིས་སྒྱུ་རྩལ་གྱིས་དྲེགས་པ་རྣམས་ཚར་བཅད་ཅིང་བཙུན་མོའི་འཁོར་དང་བཅས་ཏེ་དགུང་ལོ་ཉི་ཤུ་རྩ་དགུའི་བར་དུ་ཁབ་ཏུ་བཞུགས།དེ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་ལོ་དྲུག་ཏུ་དཀའ་བ་སྤྱད་པའི་མཐར་རྡོ་རྗེ་གདན་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ནས། དགུང་ལོ་སོ་ལྔ་ཞེས་པ་ས་ག་ཟླ་བའི་ཉའི་སྲོད་ལ་བདུད་བརྟུལ་ཞིང་སྐྱ་རེངས་འཆར་བར་ཕྱོགས་པ་ན། ཚོགས་ལམ་ཆེན་པོའི་རྟེན་དེ་ཉིད་ལ་སྦྱོར་ལམ་དྲོད་ནས་བཟུང༌། ཟད་དང་མི་སྐྱེ་ཤེས་པའི་བྱང་ཆུབ་ཀྱི་བར་ལམ་ལྔ་པོ་སྟན་ཐོག་གཅིག་ལ་རྫོགས་པར་མཛད་ནས་མངོན་པར་སངས་རྒྱས་ཏེ། དེའི་ཚེ་རང་བྱུང་གིས་བསྙེན་པར་རྫོགས་པར་གྱུར་ཏོ། །


དེ་ནས་ཞག་ཞེ་དགུ་འདས་པ་ཆུ་སྟོད་ཟླ་བའི་ཚེས་བཞི་ལ། གནས་ཝཱ་རཱ་ཎ་སཱིར། འཁོར་ལྔ་སྡེ་བཟང་པོ་སོགས་ལ། བདེན་བཞིའི་ཆོས་ཀྱི་འཁོར་ལོ་བཟླས་པ་རྣམ་པ་བཅུ་གཉིས་སུ་བསྐོར་བས་ལྔ་སྡེས་དགྲ་བཅོམ་ཐོབ། ལྷ་བརྒྱད་ཁྲིས་བདེན་པ་མཐོང་། དེ་ནས་ཉེ་བའི་ལྔ་སྡེ་ལ་སོགས་པ་ནས། མཐར་ཀུན་ཏུ་རྒྱུ་རབ་བཟང་གི་བར་བཏུལ་ཏེ། དགུང་ལོ་བརྒྱད་ཅུ་པ་ས་གའི་ཉ་ལ་གྱད་ཡུལ་རྩྭ་ཅན་དུ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་ནས་སྐུ་གདུང་ཀྱང་རྒྱས་པར་མཛད་དོ། །


དེ་ལས་ཤེས་རབ་ཅན་གྱི་མཆོག་འཕགས་པ་ཤཱ་རིའི་བུ་ཚུར་ཤོག་གིས་བསྙེན་པར་རྫོགས་པར་མཛད་པ་ཡིན་ཏེ། འདིའི་ཡབ་ནི་བྲམ་ཟེ་སྐར་རྒྱལ་དང༌། ཡུམ་བྲམ་ཟེ་མོ་ཤཱ་རི་ཀའི་སྲས་སུ་འཁྲུངས། མཚན་ཀུན་ཏུ་རྒྱུ་ཉེ་རྒྱལ་དུ་གསོལ། ཆུང་ངུ་ནས་རིགས་བྱེད་མཐའ་དག་ལ་མཁས་ཤིང༌། མཁན་པོ་ཡང་དག་རྒྱལ་བའི་ཐད་དུ་ཚངས་པར་སྤྱོད་དེ་སློབ་མ་རྣམས་སྐྱོང་བའི་ཚེ། མཁན་པོ་འདའ་ཁར་ཕྱིས་སངས་རྒྱས་ལས་རབ་ཏུ་བྱུང་ཞིག་ཅེས་བསྐུལ་བ་དང༌། རྒྱལ་པོའི་ཁབ་ཏུ་འཕགས་པ་རྟ་ཐུལ་མཇལ་ཞིང་དྲི་ལན་མཛད་པས་དད་ནས་ཆོས་སྟོན་པར་བསྐུལ་བས། དེ་ཉིད་ཀྱིས།ཆོས་རྣམས་མ་ལུས་རྒྱུ་ལས་བྱུང་བ་དང༌། །


སོགས་ཚིགས་བཅད་གསུངས་པས་རྒྱུན་ཞུགས་ཐོབ། སླར་འོད་མའི་ཚལ་དུ་བཅོམ་ལྡན་འདས་དང་མཇལ་བས། སྟོན་པས། དགེ་སློང་དག་ཚུར་ཤོག་ལ་ཚངས་པར་སྤྱོད་པ་སྤྱོད་ཅིག ཅེས་བཀའ་སྩལ་པའི་མོད་ལས་སྐྲ་དང་ཁ་སྤུ་རང་བྱི། ཆོས་གོས་གསུམ་གྱོན་ཅིང་ལག་ན་ལྷུང་བཟེད་དང་ཆུ་སྣོད་ཐོགས་པ། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུའི་སྤྱོད་ལམ་ཤིན་ཏུ་དུལ་བར་གྱུར་ཏེ་ལྷ་རྣམས་ཀྱིས་ཀྱང་ཆེད་དུ་བརྗོད་དོ། །


དེ་ནས་ཟླ་བ་ཕྱེད་འདས་པ་ན། བཅོམ་ལྡན་འདས་ཀྱིས་ཀུན་ཏུ་རྒྱུ་སེན་རིངས་ལ་ཆོས་བསྟན་པས། དེས་ཆོས་མིག་ཐོབ་ཅིང་ཚུར་ཤོག་ཅིག་དགེ་སློང་དུ་གྱུར་པའི་ཚེ། ཆོས་དེ་ཐོས་པའི་རྐྱེན་གྱིས་ཤཱ་རིའི་བུས་ཀྱང་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བརྙེས་ཏེ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བར་གྱུར་ཏོ། །


དེའི་མཁན་བུ་ནི་སྟོན་པའི་སྲས་འཕགས་པ་སྒྲ་གཅན་འཛིན་བཟང་པོ་སྟེ། ཡབ་རྒྱལ་བུ་དོན་གྲུབ་ཉིད་རབ་ཏུ་འབྱུང་ཁར་གྲགས་འཛིན་མའི་མངལ་དུ་བཞག་གནས།ཕྱིས་བཅོམ་ལྡན་འདས་སངས་རྒྱས་པའི་ཚེ་སྐུ་བལྟམས་ཤིང༌། དེའི་ཚེ་ཟླ་བ་སྒྲ་གཅན་གྱིས་ཟིན་པས་མཚན་ཡང་སྒྲ་གཅན་འཛིན་དུ་བཏགས། ལོ་དྲུག་པ་ལ་བཅོམ་ལྡན་འདས་བཙུན་མོའི་ཁྱིམ་དུ་གདུགས་ཚོད་ལ་བྱོན་པའི་ཚཻ་ཞབས་ཕྱིར་འབྲང་བ། འཕགས་པ་ཤཱ་རིའི་བུ་ཆེན་པོ་ལ་གཏད་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྟོན་པ་ལས་ཆོས་མང་དུ་གསན་ཅྀང་སྒྲུབ་པས་གཉིས་ཀའི་ཆ་ལས་གྲོལ་བའི་དགྲ་བཅོམ་པར་གྱུར་ཏེ། ཐུབ་པ་ཆེན་པོས་བཀའ་བསྒོས་པ་བཞིན་དུ་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ནས་འཁོར་དགྲ་བཅོམ་པ་སྟོང་ཆིག་བརྒྱ་དང་བཅས་ཏེ་པྲི་ཡང་ཀུ་ཡི་གླིང་ན་ད་ལྟའང་བཞུགས་སོ། །


དེའི་མཁན་བུ་བྲམ་ཟེའི་བཙུན་པ་སྒྲ་གཅན་འཛིན་བཟང་པོ་ནི། ཡུལ་ཨཽ་ཌི་བི་ཤར་བྲམ་ཟེའི་རིགས་སུ་འཁྲུངས། གཞོན་ནུ་ནས་རིག་བྱེད་ཡན་ལག་དང་བཅས་པ་རིགས་པའི་གནས་བཅོ་བརྒྱད་ལ་མཁས། རྡོ་རྗེ་རྣལ་འབྱོར་མས་བྱིན་གྱིས་བརླབས་པས་ནུས་པ་རྙེད་ནས་མ་དད་པ་དག་ཚར་བཅད། ཡུལ་དབུས་སུ་བྱོན་ཏེ་འཕགས་པ་སྒྲ་གཅན་འཛིན་བཟང་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། རིང་པོར་མ་ཐོགས་པར་དགེ་སློང་སྡེ་སྣོད་འཛིན་པའི་མཆོག་ཏུ་གྱུར་ཏེ་ཤྲཱི་ནཱ་ལེནྡྲའི་མཁན་པོ་མཛད་དེ་བསྟན་པ་རྒྱ་ཆེར་སྤེལ། ཕྱིས་གསང་སྔགས་ཀྱི་སྤྱོད་པ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་ཏེ་གྲུབ་པ་ཡོངས་ཀྱི་སྤྱི་མེས་དཔལ་ས་ར་ཧ་ཞེས་ཡོངས་ལ་གྲགས་པ་དེའོ། །


དེའི་མཁན་བུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི། སངས་རྒྱས་ཀྱིས་ལུང་བསྟན་པ་བཞིན། སྟོན་པ་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ལྷོ་ཕྱོགས་བཻ་དརྦྷར་བྲམ་ཟེའི་རིགས་སུ་འཁྲུངས། ལོ་བདུན་ལོན་པ་ན་ནཱ་ལེནྡྲ་མཁན་པོ་སྒྲ་གཅན་འཛིན་ལས་རབ་ཏུ་བྱུང༌། ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་ཁོང་དུ་ཆུབ། ཕྱིས་བསྙེན་པར་རྫོགས་ནས་བསྟན་པ་བསྐྱངས། ཐེག་པ་ཆེན་པོ་དབུ་མའི་ཚུལ་ལུགས་དར་བར་མཛད་ཅིང་ཉན་ཐོས་རྣམས་ལའང་ཕན་ཆེར་བཏགས། ཁྱད་པར་དུ་བསླབ་པ་འཆལ་བ་སྟོང་ཕྲག་བརྒྱད་ཙམ་དགེ་འདུན་གྱི་གནས་ནས་བསྐྲད། སྡེ་པ་ཀུན་གྱི་བདག་པོ་མཛད། བཅུད་ལེན་སོགས་ཐུན་མོང་གི་དངོས་གྲུབ་མང་པོ་དང༌། བསད་གསོ་སོགས་ཀྱི་ནུས་པ་ཐམས་ཅད་གྲུབ། ནཱ་ལེནྡྲར་ཐེག་ཆེན་གྱི་ཆོས་སྨྲ་བ་ལྔ་བརྒྱ་ལ་ལོ་མང་པོར་གསེར་འགྱུར་གྱི་རྩི་ཡི་སྦྱོར་བ་ལ་བརྟེན་ཏེ་འཚོ་བ་སྦྱར། རྨ་བྱ་ཆེན་མོའི་རིགས་སྔགས་གྲུབ་པས་ཀླུ་ཡུལ་དུ་བྱོན་ནས་ཡུན་རིང་པོར་བཞུགས་ཤིང་ཆོས་གསུངས་ནས་ཤེར་ཕྱིན་རྒྱས་པ་སོགས་མི་ཡུལ་དུ་སྤྱན་དྲངས། སྔར་མཚན་དགེ་སློང་དཔལ་ལྡན་ཡིན་པ་ལ་དེ་ཕྱིན་ཀླུ་སྒྲུབ་ཅེས་གྲགས། རིགས་ཚོགས་སོགས་བསྟན་བཅོས་མང་དུ་མཛད་ཅིང་མུ་སྟེགས་ཀྱི་རྒོལ་བ་དང༌། ཐེག་ཆེན་ལ་སྡང་བ་དགེ་སློང་བདེ་བྱེད་སོགས་རྩོད་པས་ཚར་བཅད། ལྷ་ཁང་མཆོད་རྟེན་གྱིས་ཀྱང་ས་ཕྱོགས་ཐམས་ཅད་ཁྱབ་པར་མཛད། ཕྱིས་དཔལ་གྱི་རིར་གཤེགས་ནས་གསང་སྔགས་ཀྱི་སྤྱོད་པས་མཆོག་གི་དངོས་གྲུབ་བརྙེས་ཏེ་སྐུ་ལ་མཚན་བཟང་སོ་གཉིས་ཀྱང་བྱུང༌། མཐར་རྒྱལ་པོ་བདེ་སྤྱོད་ཀྱི་བུ་ཆུང་བ་སུ་ཤཀྟིའི་དོན་དུ་དབུ་སྦྱིན་པ་བཏང་ནས་བདེ་བ་ཅན་དུ་གཤེགས་སོ། །


དེའི་མཁན་བུ་སློབ་དཔོན་ལེགས་ལྡན་འབྱེད་ནི། ཡུལ་ལྷོ་ཕྱོགས་མ་ལ་ཡར་འཁྲུངས། ཀླུ་སྒྲུབ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྡེ་སྣོད་གསུམ་ལ་མཁས་པར་གྱུར། ཏིང་ངེ་འཛིན་ཁྱད་པར་ཅན་ཡང་འགྲུབ། ལྷོ་ཕྱོགས་ཀྱི་གཙུག་ལག་ཁང་ལྔ་བཅུ་ཙམ་གྱི་བདག་པོ་མཛད་དེ་བསྟན་པ་བསྐྱངས། དབུ་མ་རྩ་བ་ཤེས་རབ་ལ་སངས་རྒྱས་བསྐྱངས་ཀྱི་བཞེད་པ་སུན་ཕྱུང་སྟེ་རང་རྒྱུད་པའི་གཞུང་བཙུགས་ཏེ་འགྲེལ་པར་མཛད། དགེ་སློང་སྟོང་ཕྲག་དུ་མ་རྗེས་སུ་འབྲངས་པས་ལུགས་དེ་ཤིན་ཏུ་དར་བར་གྱུར། རིལ་བུའི་དངོས་གྲུབ་བསྒྲུབས་པས་གྲུབ་ཅིང༌། མཐར་རྣམ་སྨིན་གྱི་ལུས་བོར་ནས་རིགས་སྔགས་འཆང་གི་གནས་སུ་གཤེགས་སོ། །


དེའི་མཁན་བུ་སློབ་དཔོན་དཔལ་སྦས་ནི། ཡུལ་ཤར་ཕྱོགས་པ་སློབ་དཔོན་ལེགས་ལྡན་འབྱེད་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། གསུང་རབ་ཐམས་ཅད་ལ་སྦྱངས་པས་ཤིན་ཏུ་མཁས། རང་རྒྱུད་གོང་མའི་གྲུབ་མཐའ་འཛིན་པའི་དབུ་མ་པ་ཆེན་པོར་གྱུར། ཉན་ཐོས་དང་ཕྱི་རོལ་པའི་རྒོལ་བ་ཐམས་ཅད་སྨྲ་བས་ཟིལ་གྱིས་མནན། ཐེག་པ་ཆེན་པོའི་ལུང་རྟོགས་ཀྱི་བསྟན་པ་རྒྱས་པར་མཛད་དོ། །


དེའི་མཁན་བུ་ཡེ་ཤེས་སྙིང་པོ་ནི། ཨཽ་ཌི་བི་ཤའི་ཡུལ་དུ་འཁྲུངས་ཤིང་ཆུང་ངུ་ནས་རིག་པའི་གནས་མཐའ་དག་ལ་མཁས་པར་གྱུར་པ་ཞིག་བྷངྒ་ལར་དཔལ་སྦས་ཀྱི་དྲུང་དུ་བྱོན་ཏེ། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པས། ལེགས་ལྡན་གྱི་སྲོལ་འཛིན་དབུ་མ་པ་ཆེན་པོར་གྱུར། དབུ་མ་བདེན་གཉིས་སོགས་བསྟན་བཅོས་ཀྱང་མང་དུ་མཛད། འཕགས་པ་སྤྱན་རས་གཟིགས་ཡུན་རིང་བསྒྲུབས་པའི་མཐར་ཡིད་བཞིན་ནོར་བུའི་འཁོར་ལོ་བསྒྱུར་བས་ཞལ་གཟིགས་ཏེ་མངོན་ཤེས་ཀྱང་གྲུབ། མདོ་སྡེ་དུ་མ་ཐུགས་ནས་འདོན་ཞིང་མུ་སྟེགས་ཀྱི་རྒོལ་བ་རྣམས་ཀྱང་རྩོད་པས་ཕམ་པར་མཛད་པ་ཡིན་ནོ། །


དེའི་མཁན་བུ་གངས་ཅན་བསྟན་པའི་ཉི་མ་ཨཱ་ཙརྱ་བོ་དྷི་ས་ཏྭ་ནི། ཤར་ཕྱོགས་བྷངྒ་ལའི་ཡུལ་དུ་ཟ་ཧོ་རའི་རྒྱལ་པོའི་རིགས་སུ་འཁྲུངས། སློབ་དཔོན་ཡེ་ཤེས་སྙིང་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་ཡོངས་གྲགས་ཤཱནྟ་རཀྵི་ཏ་སྟེ་ཞི་བ་འཚོའམ་དྷརྨ་ཤཱནྟི་གྷོ་ཥ་སྟེ་ཆོས་ཀྱི་ཞི་བའི་དབྱངས་ཞེས་ཀྱང་བྱ། ཐུན་མོང་གི་སྡེ་སྣོད་གསུམ་དང་ཁྱད་པར་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ཐུགས་སུ་ཆུད། རིག་པའི་གནས་སུ་གྱུར་པ་མཐའ་དག་ཀྱང་མཁྱེན་པར་མཛད། ལྷག་པར་རང་རྒྱུད་གོང་མའི་རང་ལུགས་འཛིན་པའི་དབུ་མ་པ་ཆེན་པོར་གྱུར། དབུ་མ་རྒྱན་ལ་སོགས་པའི་བསྟན་བཅོས་ཀྱང་མཛད་དེ་འཕགས་ཡུལ་དུ་བསྟན་པ་ཡུན་རིང་བསྐྱངས། དེའི་ཚེ་ཆོས་རྒྱལ་ཁྲི་སྲོང་གིས་བོད་དུ་སངས་རྒྱས་ཀྱི་བསྟན་པ་འཛུགས་པར་བཞེད་པ་ན། སང་ཤི་དང་གསལ་སྣང་གིས་རྒྱ་ནག་ཏུ་ཕྱིན་ཏེ་ཆོས་བམ་པོ་སྟོང་ཙམ་བླངས་ཀྱང་མ་ཞང་གི་ཆད་པས་འཇིགས་ནས་སྦས། ཕྱིས་སྦ་གསལ་སྣང་མང་ཡུལ་གྱི་ཁང་དཔོན་དུ་བསྐོས་པ་བལ་ཡུལ་དུ་ཕྱིན་ནས་མཁན་པོ་དང་མཇལ། སེམས་བསྐྱེད་ཞུས། བོད་ལ་བྱོན་པར་གསོལ་བས། བོད་ངའི་འདུལ་ཞིང་ཡིན་ནའང་བཙན་པོ་དང་ཁྱོད་མ་སྐྱེས་པས་ངས་འདི་ན་བོད་ཀྱི་རྒྱལ་རབས་དགུའི་བར་སྒུག་གིན་བསྡད་པ་ཡིན།ད་ཁྱེད་གཉིས་ཀྱང་ནར་སོན་པས་འོ་སྐོལ་རྣམས་ཀྱིས་བོད་དུ་བསྟན་པ་འཛུགས་པའི་དུས་ལ་བབ་གསུངས། སྔར་ལྷ་ཐོ་ཐོ་རིའི་དུས་ལོ་ཙཱ་བ་ལི་ཐི་སེས་སྤྱན་དྲངས་པའི་པཎྜི་ཏ་བློ་སེམས་འཚོ་ཞེས་གོང་དུ་སྨོས་པ་དེའང་མཁན་ཆེན་འདི་ཉིད་ཡིན་པར་བཞེད་ལ། དེའི་བར་དུ་རྒྱལ་རབས་དགུ་ཡང་སོང་བ་ཡིན་ཞིང༌། དེའི་བར་བརྩིས་ན་ལོ་བཞི་བརྒྱ་ལྷག་ཙམ་སོང་བས། མཁན་པོ་བོད་དུ་བྱོན་དུས་དགུང་ལོ་དགུ་བརྒྱར་བཞེས་པ་བཤད་པའང་ཕྱེད་ལོའི་དབང་གིས་འགྲིག་པ་ཡིན་ནོ། །


གསལ་སྣང་གི་བཙད་པོར་ལྐོག་ཏུ་མཁན་པོའི་གསུང་རྣམས་ཞུས་ཤིང༌། བཙད་པོས་འགོས་རྒན་ལ་ལྐོག་འགྲོས་མཛད་པས། འགོས་ཀྱི་གཡོ་འཕྲུལ་གྱིས་མ་ཞང་གསོན་དུར་དུ་བཅུག གསལ་སྣང་གི་མཁན་པོ་སྤྱན་དྲངས་ནས་ལྷ་སར་ཕྱག་ཕེབས་པ་དང༌། བཙད་པོས་བློན་པོ་རྣམས་ལ་ཨཱ་ཙརྱ་དེ་ཇི་ལྟར་འདུག་ལྟོས་ལ་ཤོག་བཟང་པོ་ཞིག་འདུག་ན་འདིར་ཡང་སྤྱན་འདྲེན་ནོ་གསུངས། བློན་པོ་རྣམས་ཀྱིས་ཕྱིན་ནས་དྲིས་ལས། མཁན་པོའི་ཞལ་ནས། ཁོ་བོའི་ཆོས་ལུགས་ནི་རིགས་པས་བརྟགས་ནས་གང་འཐད་པ་དེ་བྱེད། མི་འཐད་པ་དེ་མི་བྱེད་པ་ཡིན་གསུངས། དེར་རྒྱལ་བློན་མཐུན་པས་སྤྱན་དྲངས་ཏེ་འོམ་བུའི་ཚལ་དུ་མཇལ། བཙད་པོས་ཕྱག་མཛད་པའི་ཚེ། མཁན་པོས། འོ་སྐོལ་འོད་སྲུང་གི་བསྟན་པ་ལ་བལ་པོའི་མཆོད་རྟེན་གྱི་དྲུང་དུ་བོད་དུ་དམ་ཆོས་སྤེལ་བར་སྨོན་ལམ་བཏབ་པ་དེ་རྒྱལ་པོས་བསྙེལ་ལམ་གསུངས་པའི་ལན་དུ་མ་འཚལ་ཞུས་པ་ན། མཁན་པོས་བྱིན་གྱིས་བརླབས་ཏེ་བཙད་པོས་སྔོན་གྱི་སྐྱེ་བ་ཡང་དག་པར་རྗེས་སུ་དྲན། དེ་ནས་ཕོ་བྲང་ཀླུང་ཚུགས་ཀྱི་ཡང་ཐོག་ཏུ་དར་གྱི་གུར་ཕུབ་པར་བཞུགས་སུ་བཅུག་སྟེ། ཟླ་བ་བཞིར་ཁ་ཆེ་ཨ་ནན་ཏས་ལོ་ཙཱ་བྱས་ནས། བཙད་པོ་ལ་དགེ་བཅུ་རྟེན་འབྲེལ་སོགས་ཀྱིས་ཆོས་བསྟན་པས། བོད་འདྲེ་རྣམས་ཁྲོས་ནས་ཕོ་བྲང་ཕང་ཐང་ཆུས་ཁྱེར། དམར་པོ་རི་ལ་ཐོག་བརྒྱབ།ཡུལ་ཁམས་སུ་ལོ་ཉེས་དང་མི་ངས་ཆེན་པོ་བྱུང་བས། བོད་འབངས་རྣམས་ཀྱིས་ཆོས་བྱས་པས་ལན་ཟེར། ཆོས་བྱར་མ་བཏུབ་ནས་བཙད་པོས་མཁན་པོ་ལ་གསེར་ཕྱེ་བྲེ་གསུམ་ཕུལ་ནས་རེ་ཞིག་བལ་ཡུལ་དུ་འབྱོན་པར་ཞུས། མཁན་པོས་ཨོ་རྒྱན་ཆེན་པོ་ལུང་བསྟན་ནས་གསེར་ཁྱོར་བ་གང་བལ་པོའི་རྒྱལ་པོ་ལ་སྦྱིན་དགོས་གསུངས་ལྷག་མ་བཙད་པོ་ལ་གནང་ནས་བལ་བོར་ཕྱིར་བསྐྲད་པ་ལྟར་མཛད་ནས་བྱོན། དེའི་བར་ལ་རྒྱལ་པོས་གསལ་སྣང་ཆོས་ཀྱི་སྤྱན་པར་བསྐོས་ནས་འཁོར་སུམ་ཅུ་དང་བཅས་རྒྱ་ནག་ཏུ་ཕོ་ཉར་བཏང༌། ཞང་བློན་རྣམས་བསྡུས་ནས་ཆོས་བྱེད་པའི་ཆད་སོ་གྲུབ་པའི་ཚེ། རྒྱ་རྗེས་ཕོ་ཉ་རྣམས་ལ་བྱ་དགའ་ཆེན་པོ་དང་བཙད་པོ་ལ་དར་ཡུག་ཁྲི་ཕྲག་སོགས་ཀྱི་སྐྱེས་མང་པོ་དང་བཅས་ཏེ་འབྱོར། དེ་ནས་བལ་ཡུལ་དུ་སྤྱན་འདྲེན་པ་བཏང་ནས་མཁན་སློབ་གཉིས་སྟབས་གཅིག་ཏུ་བྱོན། སློབ་དཔོན་གྱིས་བོད་འདྲེ་རྣམས་དམ་ལ་བཞག་ཅིང་ལས་བཅོལ་ཏེ། བསམ་ཡས་ཀྱི་གཙུག་ལག་ཁང་ལོ་ལྔ་ན་ལེགས་པར་འབྱོངས། དེ་རྗེས་བི་ཀྲ་མ་ལ་ཤི་ལའི་གཙུག་ལག་ཁང་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ། ལུག་གི་ལོ་ལ་ཨཱ་ཙཱརྱ་བོ་དྷི་ས་ཏྭས་མཁན་པོ་མཛད་ནས། སད་མི་མི་བདུན་སོགས་རིམ་པར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ། ཆོས་གྲྭ་ཆེན་པོ་བཅུ་གཉིས་དང༌། སྒོམ་གྲྭ་མང་དུ་བཙུགས་ཏེ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད་དེ་བསྒྱུར་བཤད་སྒོམ་གསུམ་གྱིས་གཏན་ལ་ཕབ། དེ་ལྟར་ལོ་བཞི་བཅུའི་བར་དུ་བོད་དུ་སངས་རྒྱས་ཀྱི་བསྟན་པ་བསྐྱངས་ནས། མཐར་བྲག་དམར་གྱི་ཕོ་བྲང་དུ་རྟས་ཕྲ་བརྒྱབ་པས་རྐྱེན་བྱས་ཏེ་སྐུ་གཤེགས་པའི་ཚུལ་བསྟན་ནས་སྐུ་གདུང་ཧས་པོ་རིའི་རྒྱབ་ཏུ་མཆོད་རྟེན་བཞེངས་པར་བཞུགས་སུ་གསོལ་ལོ། །


དེའི་མཁན་བུ་སྦ་རཏྣ་ནི། ཡུལ་ཡར་ལུང་པ། རུས་སྦ། མཁན་པོ་ལས་ཆོས་མང་པོ་བསླབས་པའི་ཞང་བློན་དད་པ་དང་ཤེས་རབ་ཕུན་སུམ་ཚོགས་པ་མངའ་བ་ཞིག་ཡིན། ཕྱིས་བཙད་པོའི་ལུང་གིས་ལུག་ལོ་དཔྱིད་ཟླ་ར་བའི་ཚེས་བརྒྱད་ཉིན། ཨཱ་ཙརྱ་ཞི་བ་འཚོས་མཁན་པོ། དཱ་ན་ཤཱི་ལ་དང༌། ཛི་ན་མི་ཏྲ་གཉིས་ཀྱི་ལས་སློབ་དང་གསང་སྟོན། པཎྜི་ཏ་གཞན་བཅུ་པོས་ཁ་སྐོང་བྱས་ཏེ། སད་མི་བདུན་གྱི་ཐོག་མ་ཉིད་དུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་བོད་ལ་རབ་ཏུུ་བྱུང་བའི་ཐོག་མ་ཡིན། མཚན་དཔལ་དབྱངས་སུ་གསོལ། བཙད་པོས་ཞབས་སྤྱི་བོར་བླངས་ནས་ཁྱོད་བོད་ཀྱི་རཏྣ་ཡིན་ན་ཞེས་བཀའ་སྩལ་པས་མཚན་སྦ་རཏྣར་གྲགས། ཕྱིས་གནས་བསྟན་སྡེ་སྣོད་འཛིན་པ་ཆེན་པོར་གྱུར་ནས་བསམ་ཡས་ཀྱི་པྲ་ཏི་ཧ་ནའི་མཆོད་པ་ཆེན་པོའི་དུས་སུ་དད་པ་ཅན་སུམ་བརྒྱ་ཙམ་རབ་ཏུ་བྱུང་བའི་མཁན་པོ་མཛད་པ་སོགས་བསྟན་པའི་བྱ་བ་རྒྱ་ཆེན་པོ་ཡུན་རིང་དུ་བསྐྱངས་པའི་མཐར། ཡིད་བཞིན་འཁོར་ལོས་སྒྱུར་བའི་སྐུ་གཟུགས་ཀྱིས་སྤྱན་ཆབ་བྱུང་བ་སོགས་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་གཤེགས་སོ། །


དེའི་མཁན་བུ་བསྟན་པ་ཕྱི་དར་གྱི་རྩ་བ་སྨར་གཡོ་གཙང་གསུམ་ནི། འཇད་ཀྱི་གྱེལ་མི་གཙང་བ་རབ་གསལ། བོ་དོང་པ་གཡོ་དགེ་འབྱུང༌། སྟོད་ལུང་པ་སྨར་ཤཱཀྱ་མུ་ནི་གསུམ་སྦ་རཏྣ་ལས་བསྙེན་པར་རྫོགས་ཤིང༌། ཛི་དཱན་གཉིས་དང༌། ཅོག་གྲུ། རང་གི་མཁན་པོ་སོགས་ལས་གསུང་རབ་ལ་སྦྱངས་པས་དགེ་སློང་སྡེ་སྣོད་འཛིན་པ་ཆེན་པོར་གྱུར་ཏེ། དཔལ་ཆུ་བོ་རིའི་སྒོམ་གྲྭ་ན་བསམ་གཏན་སྒོམ་ཞིང་བཞུགས་པ་ལས། ལྕགས་བྱ་ལ་ཁྲིའུ་བཙན་དར་མས་བསྟན་པ་བསྣུབས་པའི་ཚེ། ཀརྨ་ཤ་ཏམ་སོགས་འདུལ་མངོན་གྱི་དཔེ་དྲིལ་རྒྱབ་གཅིག་བཀལ་ནས་དང་པོ་སྟོད་ཕྱོགས་སུ་བྲོས་ཏེ་མངའ་རིས་སུ་སླེབས། དེར་ཡང་རྒྱལ་པོས་འཇིགས་ཏེ་བཞུགས་མ་ནུས་ནས། གར་ལོག་ནས་ཐོན་ཏེ་བྱང་སྟོད་བརྒྱུད་ཧོར་ཡུལ་དུ་བྱོན་ནས། དེར་བསྟན་པ་དར་བར་བྱེད་དགོངས་ཀྱང་མ་ནུས་པས། མདོ་སྨད་ལྷོ་ངོས་ཀྱི་བེ་རི་ཚྭ་མཚོ་ནས་ཚུར་ཐོན་ཏེ་རྨ་ཆུའི་རྒྱུད་དན་ཏིག་ཤེལ་གྱི་ཡང་དགོན་དུ་སྒོམ་ཞིང་བཞུགས་སོ། །


གཙང་པོ་མཁན་བུ་བླ་ཆེན་དགེ་བ་རབ་གསལ་ནི། སྐྱེ་བ་སྔ་མ་རྒྱལ་པོའི་ཆོས་བློན་འགྲོ་སྟག་སྣང་ཁྲི་གསུམ་རྗེ་ཞེས་པ་ཞིག་ལོ་སོ་ལྔ་པ་ལ་སྨོན་ལམ་བཏབ་ནས་ཚེ་འཕོས་པ་ཡིན་ཡང་ཟེར། དོན་ལ་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་མཐུ་ཅན་ཞིག་ཆུ་ཕོ་བྱི་བའི་ལོ་ལ་ཡུལ་ཙོང་ཁ་བདེ་ཁམས་སུ་འཁྲུངས། མཚན་མུ་ཟུ་གསལ་འབར་དུ་བཏགས། ཆུང་ངུ་ནས་རིགས་སད་དེ་ནོན་འཇམ་དཔལ་ལས་བཟླས་ལུང་བླངས། ཁང་རིན་ཆེན་རྡོ་རྗེ་ལས་བྱང་ཆུབ་ཏུ་སེམས་བསྐྱེད། སྐྱི་ལས་དབུ་ཚད་དང༌། ནམ་དགའ་ལྡན་ལས་ཡོ་ག་གསན་ནས་མཁྱེན་པར་མཛད། ནམ་ཞིག་རྨ་ཆུ་ཁའི་ཕྱུགས་རྫིས་སྨར་གཡོ་གཙང་གསུམ་དན་ཏིག་ན་བཞུགས་པ་མཐོང་ནས་འདི་ལྟར་འདུག་ཅེས་མི་རྣམས་ལ་སྨྲས་པ་ཐོབ་ནས། མུ་ཟུ་གསལ་འབར་བལྟར་ཕྱིན་པས་མཐོང་བ་ཙམ་གྱིས་དད་ནས། འཁོར་བའི་སྡུག་བསྔལ་བསལ་ནས་ཐར་པ་ཡིན། །


བདུད་རྩིས་འགྲོ་བའི་སྡུག་བསྔལ་ཞི་བྱེད་པའི། །


བསྟན་པ་ཕྱོགས་བཅུར་རྒྱས་པར་བྱ་བའི་ཕྱིར། །


དང་པོ་བདག་གིས་རབ་ཏུ་བྱུང་བར་བྱ་སྙམ་དུ་དགོངས་ཏེ་རབ་ཏུ་བྱུང་བར་གསོལ་བས་འདུལ་བའི་པུསྟི་ཞིག་གནང་ནས་འདིར་ལྟོས་ལ་དད་ན་རབ་ཏུ་བྱུང་བར་བྱའོ་གསུངས། བལྟས་པས་ཆེར་དད་དེ་མཆི་མ་ཕྱུང་ནས་ཞུས་པས། དེར་གཙང་གིས་མཁན་པོ་དང༌། གཡོས་སློབ་དཔོན་བྱས་ཏེ་དགེ་ཚུལ་དུ་བསྒྲུབས་ཤིང༌། མཁན་སློབ་གྱི་མཚན་ལས་གྲས་ཏེ་དགེ་བ་རབ་གསལ་དུ་བཏགས། ཕྱིས་ཐུགས་རབ་ཆེ་བས་དགོངས་པ་རབ་གསལ་དུ་གྲགས། དེ་ནས་བསྙེན་རྫོགས་ཞུས་པས་དགེ་སློང་ལྔ་མ་ཚང་ནས། འདན་དུ་ལྷ་ལུང་དཔལ་རྡོར་བཞུགས་པ་བཙལ་ཀྱང་ཁོ་བོས་རྒྱལ་པོ་སྡིག་པ་ཅན་བསད་པས་ཁ་སྐོང་མི་འོང་གི་འོན་ཀྱང་གཞན་ནས་བཙལ་ཏེ་བཏང་ངོ་གསུངས་ནས་རྒྱའི་ཧྭ་ཤང་ཀེ་ཝང་དང་གྱི་ཕན་གཉིས་མངགས་ཏེ་ལྔ་ཚོགས་ཀྱིས་བསྙེན་པར་རྫོགས། མཁན་སློབ་རྣམས་ལས་འདུལ་བ་ལོ་བཅོ་ལྔར་ཉན། ཕྱིས་མེ་ཉག་སྒའི་ཡུལ་དུ་བྱོན་ཏེ་གོ་རོང་སེངྒེ་གྲགས་པ་ལའང་འདུལ་བ་གསན་ནས་ལུང་སྡེ་བཞི་བསྟན་བཅོས་དང་བཅས་པའི་གླེགས་བམ་བླ་ཆེན་ལ་ཕུལ་ཏེ་བསྟན་པ་གསལ་བར་གྱིས་ཤིག་ཅེས་མངའ་གསོལ། ཁམས་སུ་ཀ་བ་འོད་མཆོག་གྲགས་ལས་ཕར་ཕྱིན་དང་བྱང་ས་སོགས་ཐེག་པ་ཆེན་པོའི་ཆོས་མང་པོ་ལ་སྦྱངས། བཻ་རོའི་སློབ་མ་གཡུ་སྒྲ་སྙིང་པོ་ལས་རྫོགས་ཆེན་སེམས་ཕྱོགས་གསན་ཅིང་ཀུན་བྱེད་རྒྱལ་པོའི་བཤད་རྒྱུན་སྤེལ། རྒྱལ་ཆེན་བཞི་དང་བརྒྱ་བྱིན་སོགས་ལྷ་རྣམས་ཀྱང་ཆོས་ཉན་དུ་དངོས་སུ་འོང་བས། འཁོར་རྣམས་ཀྱིས་མདང་ངོ་མཚར་བའི་སྣང་བ་འདི་དང་འདི་འདྲ་སྣང་བས།བླ་ཆེན་ཉིད་ངེས་པར་སྤྲུལ་པའི་སྐུ་ལགས་སམ་ཞུས་པའི་ལན་དུ། སྤྲུལ་པ་མ་ཡིན། བདག་ནི་ཐེག་པ་ཆེན་པོའི་སྦྱོར་ལམ་པ་སྣང་བ་ཐོབ་པ་ལ་ཞུགས་པའི་བནྡེ་དགེ་བ་རབ་གསལ་ཡིན་ཞེས་གསུངས། ཁོང་གིས་བསྙེན་པར་རྫོགས་ནས་ལོ་ལྔ་བཞེས་པ་ན། མངའ་བདག་ཡེ་ཤེས་རྒྱལ་མཚན་སོགས་ཀྱིས་བོད་ཡུལ་དབུས་སུ་བསྟན་པ་ཉམས་པ་གསོ་བའི་ཕྱིར། དབུས་ནས།ཀླུ་མེས་ཚུལ་ཁྲིམས་ཤེས་རབ། འབྲིང་ཡེ་ཤེས་ཡོན་ཏན། རྦ་ཚུལ་ཁྲིམས་བློ་གྲོས། རཀྴའི་ཚུལ་ཁྲིམས་འབྱུང་གནས། སུམ་པ་ཡེ་ཤེས་བློ་གྲོས་ལྔ་དང༌། གཙང་ནས་ལོ་སྟོན་རྡོ་རྗེ་དབང་ཕྱུག ཚོང་བཙུན་ཤེས་རབ་སེང་གེ། མངའ་རིས་པ་འོ་བརྒྱད་སྤུན་གཉིས། བོ་དོང་པ་ཨུ་པ་དེ་ཀ་དང་ལྔ་བཅས་དབུས་གཙང་གི་མི་བཅུ་ཁམས་སུ་བརྫང་བ་སྟན་ཐོག་གཅིག་ཏུ་ཚིག་གསུམ་རིམ་ནོད་ཀྱིས་ཆིག་རྫོགས་སུ་བསྙེན་པར་རྫོགས་ཏེ་འདུལ་བ་ལ་མཁས་པར་བསླབས། འདི་ལྟ་བུའི་ཆིག་རྫོགས་མཛད་པ་དང་བརྟན་པའི་ཡན་ལག་ལོ་བཅུ་མ་ལོན་པ་སོགས་ནི་བླ་ཆེན་ཉིད་བྱང་སེམས་འཕགས་པ་ཡིན་པ་དང༌། དེ་སྐབས་སྨར་གཡོ་གཙང་གསུམ་གྱིས་གང་ཟག་ཁྱད་པར་ཅན་ཡིན་པ་དང༌། བསྟན་པའི་འཕེལ་འགྲིབ་མཚམས་སུ་ཐུགས་པའི་དགོས་གལ་ཆེ་བ་ལ་ནི་དེ་ལྟར་རུང་ངོ་ཞེས་གནང་བ་བྱིན་པས་སྐྱོན་མེད་དོ་ཞེས་དམ་པ་རྣམས་བཞེད། འདི་སྐབས་སྨར་གཡོ་གཙང་གསུམ་བཞུགས་ཀྱང་སྐུ་བགྲེས་པས་མཁན་བུ་བསྐྱངས་པ་མི་འཁྱོངས་གསུངས་ནས་ལས་སློབ་མཛད། ཕྱིས་ཞིག་ན་མནལ་ལམ་དུ་གླང་ཆེན་ཆིབས་ཤིང་ནོར་བུ་བསྣམས་ནས་ཚོང་འདུས་ཀུན་ཏུ་བྱོན་པ་ལ་མི་ཀུན་ན་རེ། བཙུན་པ་ཁྱོད་ཀྱི་ནོར་བུ་བཟང་སྟེ་རེ་ཞིག་ཉོ་བའང་མེད། རིན་ཡང་མི་ཐེག་ཟེར། མནལ་སད་ནས་རེ་ཞིག་སྒྲུབ་པ་མཛད་པར་དགོངས་པ་ན། གཞི་བདག་མི་མ་ཡིན་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར་དན་ཏིག་ཏུ་བྱོན་ནས་སྒོམ་པ་ལ་བཞུགས་ཤིང༌། ས་ཕྱོགས་དེ་དག་ཏུ་གཙུག་ལག་ཁང་དང་མཆོད་རྟེན་མང་དུ་བཞེངས། དད་པ་ཅན་མང་པོ་རབ་ཏུ་བྱུང་བའི་མཁན་པོའང་མཛད། དགུང་ལོ་བརྒྱད་ཅུ་རྩ་བཞི་ས་ཕག་གི་ལོ་སྐུ་གཤེགས་ཁར་བཀའ་ལས། འཕགས་པ་ཐོགས་མེད་དང་མཆེ་བའི་སྡེ་གཉིས་ཀྱིས་ཡུམ་གྱི་དགོངས་པ་མི་འདྲ་བར་བཀྲལ་བ་དེ་ཁོ་བོས་བྱམས་མགོན་ལ་འདྲི་དགོས་ཏེ་སློབ་དཔོན་དེ་གཉིས་ཀྱང་ད་ལྟ་དགའ་ལྡན་ན་བཞུགས་གསུངས། ཡང་ཁོ་བོ་བྱམས་མགོན་འཛམ་གླིང་འདིར་མ་བྱོན་གྱི་བར་དུ་འདི་དག་ཏུ་སྐྱེ་བ་བརྒྱ་ཙམ་ལེན་དགོས་གསུངས་ནས་དགའ་ལྡན་དུ་གཤེགས་སོ།དེའི་མཁན་བུ་ནི་ཀླུ་མེས་ཏེ། བླ་ཆེན་ཉིད་ཀྱིས། ཀླུ་མེས་བཙུན་པས་མཁན་པོ་གྱིས། ཚོང་དགེ་བློ་རྣོ་བས་སྟོན་པ་གྱིས།འབྲིང་སྒོ་མཁས་པས་གནས་གཞིས་ཟུང༌། ལོ་སྟོན་མཐུ་ཆེ་བས་བསྟན་སྲུང་གྱིས་ཞེས་དབུས་གཙང་གི་མི་བཅུའི་ནང་ནས་མཁན་པོར་མངའ་གསོལ་བ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཡིན་ཏེ།གོང་དུ་སྨོས་པ་ལྟར་བླ་ཆེན་གྱིས་མཁན་པོ། གཙང་རབ་གསལ་གྱིས་ལས་སློབ། གཡོ་དགེ་འབྱུང་གིས་གསང་སྟོན། སྨར་ཤཱཀྱ་མུ་ནི་དང་རྒྱའི་དགེ་སློང་གཉིས་ཀྱིས་ཁ་སྐོང་སྟེ་ཚིག་གསུམ་དུས་གཅིག་ལ་བར་མ་ཆད་པར་བསྙེན་པར་རྫོགས། སྡེ་སྣོད་ཀྱི་གཞུང་ལུགས་དང་འདུལ་བའི་ལག་ལེན་ལ་མཁས་པར་སྦྱངས། གདམས་ངག་མང་པོའང་ནོས་ཏེ། ཀླུ་མེས་ཀྱིས་མཁན་པོར། ཁོ་བོ་ཅག་དབུས་གཙང་དུ་འགྲོ་བས་མཆོད་གནས་ཞིག་ཞུ་ཞུས་པས། དབུ་ཞྭ་བཞེས་འཕྲོ་དེ་ཀ་ཕུད་ནས་འདི་གྱོན་ལ་ང་རྗེས་སུ་དྲན་པར་གྱིས་ཤིག་གསུངས་ཏེ་དབུ་ལ་བསྐོན།ཡར་བྱོན་པས་བསམ་ཡས་བཙད་པོས་སྣ་ལེན་བྱས་ཏེ་ཁྱེད་རྣམས་ཀྱི་སློབ་དཔོན་གང་ཡིན་ཟེར་བ་ལ་ཀླུ་མེས་ཡིན་སྨྲས་པས་དབུ་རྩེ་དང་དཀོར་མཛོད་ཀྱི་ལྡེ་མིག་གཏད་པས། ངེད་མཁན་པོར་མངགས་པས་མཁན་པོར་དཀོར་ལ་འབགས་པར་མི་རིགས་གསུངས་ནས་མ་བཞེས།དེ་ནས་ཁམས་གསུམ་ཟང་ཁང་ཕུལ་ཀྱང་མ་བཞེས། སླར་ཀ་ཆུ་ཕུལ་བ་བདག་གིར་བཞེས།ཕྱིས་ཀླུ་མེས་ཀྱིས་ཡོ་བྱད་མང་པོ་སྟ་གོན་བྱས་ཏེ་དབུ་རྩེ་གསོ་བར་མཛད་པ་ན། སྦ་རག་གཉིས་ཀྱིས་བཟུང་བས་གསོར་མ་བཅུག་དེར་བཙད་པོས་བར་བྱས་ཏེ། ཀླུ་མེས་ཀྱིས་གསོ་ཚར་རྗེས་སྦ་རག་ལ་གཏོད་པར་བྱས་ཏེ་ལེགས་པར་གསོས། གཞན་ཡང༌། ལ་མོ། ར་འགྱེལ། ཡེར་པ། བ་རེག ཚོང་འདུས་སོགས་གནས་གཞི་མཐའ་ཡས་པ་བཏིང༌། ཡམ་ཤུད་ཀྱི་མཁན་བུ་དགེ་བཤེས་གྲྭ་བ་ཁོ་ནས་ཀྱང་གནས་བཞི་བརྒྱ་རྩ་བརྒྱད་བཏིང་བར་གྲགས་པ་སོགས་ས་སྟེང་ཐམས་ཅད་ཀླུ་མེས་དཔོན་སློབ་ཀྱི་གནས་གཞིས་ཁྱབ་པ་ལྟར་སོང༌། སྔགས་འཆང་ཇོ་སྲས་རྣམས་ཀྱིས་སྔོན་འགྱུར་བའི་བཀའ་བསྟན་གྱི་གླེགས་བམ་རྣམས་ཆུད་མ་ཟོས་པར་སྦས་ཏེ་བཟུང་བ་རྣམས་དེ་དག་ཏུ་སྤྱན་དྲངས། དད་པ་ཅན་མང་པོ་མཚོ་ལ་ངང་པ་འདུ་བ་ལྟར་ཉིན་རེ་བཞིན་རབ་ཏུ་བྱུང་བའི་དགེ་འདུན་གྱི་སྡེ་མང་དུ་འཕེལ་ཏེ། དེའང་གཙོ་བོར་གྲུ་མེར་དང་སྣ་ནམ་སོགས་ཀ་བ་བཞི། གདུང་མ་བརྒྱད། ཕྱམ་སོ་གཉིས། དྲལ་མ་སྟོང་རྩ་སོགས་གྲངས་ལས་བརྒལ་བ་བྱུང་བར་གྲགས། དེ་ལྟར་བསྟན་པ་ཡུན་རིང་དུ་བསྐྱངས་མཐར་ཚེ་སྤང་གི་སེ་ར་ཕུག་པར་བཞུགས་ནས་ཐང་དུ་བྱོན་སའི་ལམ་དུ་སྐུ་གཤེགས། གདུང་མཆོད་རྟེན་འོད་འབར་ན་མ་ཉམས་པར་བཞུགས་སོ། །


དེའི་མཁན་བུ་ཀ་ཆུ་བ་གཟུས་རྡོ་རྗེ་རྒྱལ་མཚན་ནི། གཞོན་ནུ་ནས་གཞི་དད་པ་རྐྱེན་གྱིས་སད་དེ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཀླུ་མེས་ཀྱི་མཁན་པོ་དང༌། གྲུ་མེར་གྱིས་ལས་སློབ་བྱས་ཏེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཁན་པོའི་དྲུང་དུ་རྒྱ་ཆེར་འགྲེལ་དང་བམ་པོ་ལྔ་བཅུ་པ་སོགས་འགྲེལ་ཆེན་རྣམས་ལ་སྦྱངས་པས་མཁས་པ་ཆེན་པོར་གྱུར། དུས་ཕྱིས་རང་གི་མཆེད་གྲོགས་ལོ་ཙཱ་བ་རླུང་སྐྱོགས་རྣམ་གཉིས་ལའང་མཁས་ཉན་མཛད། ངང་བྱུང་དཔལ་གྱི་རྒྱལ་མོས་བཞེངས་པའི་གནས་གཞི་རྙིང་པ་གསོས་ཏེ་གཙུག་ལག་ཁང་བཞེངས་ཤིང༌། དེར་འདུལ་བའི་བཤད་གྲྭ་བཙུགས། བཤད་སྒྲུབ་ཀྱི་བྱ་བས་བསྟན་འགྲོའི་དོན་རྒྱ་ཆེན་མཛད་དེ། སློབ་མའང་བསམ་གྱིས་མི་ཁྱབ་པ་ལས་ཐུགས་ཟིན་གྱི་བུ་ཆེན་བཞི་ནི། འཛིམ་ཤེར་འོད། སྣེ་བོ། གླན་ཚུལ་བྱང༌། སྤོ་ཆུང་ཚུལ་ཁྲིམས་འབྱུང་གནས་རྣམས་སོ། །


དེའི་མཁན་བུ་སྣེ་བོ་གྲགས་པ་རྒྱལ་མཚན་ནི། ཡུལ་རང་ལྷོ་ཙ་བ། རུས་ཞང༌། གཟུས་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། འདུལ་བའི་སྡེ་སྣོད་ལ་སྦྱངས་ཤིང་མཁས་པར་བྱས་ནས་མཁར་ཕུག་དང༌། དམུ་རུར་འདུལ་བའི་བཤད་གྲྭ་བཙུགས། སློབ་མ་སོགས་ཚུལ་ཁྲིམས་བླ་མ་སོགས་མཁས་པ་མང་པོ་ཐོན།དེའི་མཁན་བུ་འབྲེ་ཤེས་རབ་འབར་ནི། སྣེ་བོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། འདུལ་བའི་སྡེ་སྣོད་ལ་མཁས་པར་སྦྱངས།རྔོག་ལེགས་ཤེ་དང༌། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གཉིས་དང་བསྡེབས་ནས་ཁམས་སུ་བྱོན་ཏེ། ཇོ་བོ་སེ་བཙུན་ལས་ཆོས་མང་དུ་གསན། ཁྱད་པར་བསྟན་པ་སྔ་དར་གྱིས་ཕར་ཕྱིན་གྱི་བཤད་སྒྲོས་ལ་མཆོག་ཏུ་མཁས། ཕྱིས་རྔོག་ལོ་ཆེན་པོ་ལ་ཡང་ཤེར་ཕྱིན་མཁས་ཉན་མཛད་པས་རྔོག་ལོའི་ཐུགས་སྲས་དམ་པར་གྱུར། སྐྱོགས་གནས་རྙིང་སོགས་སུ་ཆོས་འཁོར་རྒྱ་ཆེར་བསྐོར། ལྷ་རྣམས་ཀྱང་ཆོས་ཉན་དུ་འོང་བར་གྲགས། སློབ་མ་ཨར་བྱང་ཆུབ་ཡེ་ཤེས་སོགས་བསྟན་པའི་བདག་པོ་མཐའ་ཡས་པ་ཐོན་ནོ། །


དེའི་མཁན་བུ་བྱ་འདུལ་འཛིན་པ་བརྩོན་འགྲུས་འབར་ནི། གཙང་རོང་གཡུང་དུ་ལྕགས་ལུག་ལ་འཁྲུངས། འབྲེ་ཆེན་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སོག་ཚུལ་ཁྲིམས་བླ་མ་ལས་འདུལ་བ་གསན། ཁོང་གཤེགས་རྟིང་རྒྱ་འདུལ་དང༌། རྨ་ཙོ་བླ་ཟུར་དུ་བྱས་པའི་དྲུང་དུ་སྦྱངས་པས་མཁས་པར་མཁྱེན་ཏེ་འདུལ་བ་བྱ་ལ་ཐུག་ཅེས་པའི་ཁ་སྐད་ཀྱང་བྱུང༌། གཞན་ཡང་ཞང་གཡེ་བ་ལས་དབུ་ཚད། ཟང་དཀར་ལོ་ཙཱ་བ་ལས་ཡོ་ག སྟོད་ལུང་པ་ཆེན་པོ་ལས་བཀའ་གདམས་རྣམས་གསན། དེ་རྗེས་ཟུལ་ཕུར་བཤད་གྲྭ་བཙུགས། པེ་ཧར་གྱིས་བཙུན་ཆུང་དུ་སྤྲུལ་ནས་ཞབས་ཏོག་བྱས་པས་འདུལ་བ་དང་འགལ་བ་ན་བཟའ་སྤུ་ཕྱིར་བསྟན་གཅིག་པུ་ལས་མ་མཐོང་བས་དད་དེ། བྱ་ཊཱིཀ་ལ་སློབ་གཉེར་བྱེད་པ་རྣམས་ཀྱིས་གྲོགས་བྱེད་པར་ཁས་བླངས། ལོ་དགུར་འཚོགས་པ་བསྐྱངས། རྗེས་སྒྲུབ་པ་ལ་བཞུགས། སློབ་མ་འགྲོ་དོན་ནུས་པ་བདུན་ཅུ་རྩ་དྲུག་ཙམ་བྱུང༌། དགུང་ལོ་དོན་དྲུག་པ་ལ་ཟུལ་ཕུའི་གཟིམས་ཆུང་དུ་སྐུ་གཤེགས། དེའི་མཁན་བུ་རྩིས་འདུལ་འཛིན་པ་གཞོན་ནུུ་སེང་གེ་ནི། བྱ་འདུལ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། འདུལ་བའི་སྡེ་སྣོད་ལ་སྦྱངས་པས་ཤིན་ཏུ་མཁས་པར་གྱུར་ཏེ་བྱ་འདུལ་གྱི་སློབ་མའི་གཙོ་བོ་ཡིན། ཉང་སྟོད་མཁར་ལུང་དུ་འདུལ་གྲྭ་བསྐྱངས་པས། བྱའི་སྣག་དབོན་ཟུལ་ཕུའི་གདན་ས་བ་རོག་ཆོས་དབང་སོགས་སློབ་མ་བཤེས་གཉེན་མང་པོ་ཐོན། དེའི་མཁན་བུ་དཔལ་ལྡན་གྲོ་མོ་ཆེ་བ་ནི། བྱའི་ལོ་ལ་ཆུ་སྒོར་འཁྲུངས། གདུང་རུས་གྲོ། རྩིས་འདུལ་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་འདུལ་བའི་སྡེ་སྣོད་ལ་སྦྱངས། མཚན་བདུད་རྩི་གྲགས། རྡོ་སྟོན་དང༌། ཞང་བཙུན་ལས་ཤ་ར་བའི་གདམས་པ་རྣམས་མནོས་ཤིང༌། ཆུ་མིག་པ་ཤེར་གྲགས། མུས་སྨན་པ་སངས་རྒྱས་དབོན་སྟོན། ལྷ་སྐྱིལ་ཕུ་པ། རས་པ་དར་རྒྱལ། གྲང་ཕུ་ལུང་པ་འཇམ་དབྱངས་རྒྱལ་མཚན། རྫིའུ་ལྷས་ཕ། འགོས་རིང་ཆུ་ནག་པ། རྨ་ཤཱཀ་སེང༌། གཙང་ནག་པ་སོགས་ལས་གསན་པ་རྒྱ་ཆེར་མཛད། སངས་རྒྱས་སོ་ལྔ་དང༌། རྗེ་བཙུན་སྒྲོལ་མ་སོགས་ལྷག་པའི་ལྷ་མང་པོས་ཞལ་གཟིགས། སྣར་ཐང་གི་གདན་སར་ཕེབས་ནས་ལོ་སུམ་ཅུ་རྩ་དགུའི་བར་དུ་འཕྲིན་ལས་བསྐྱངས། དགུང་ལོ་བརྒྱད་ཅུ་པ་ལ་གཤེགས་སོ། །


དེའི་མཁན་བུ་མཆིམས་ཆེན་པོ་ནམ་མཁའ་གྲགས་ནི། ཉང་སྟོད་སྟག་ཚལ་དུ་རྟའི་ལོ་ལ་འཁྲུངས། གཞོན་ནུ་ནས་དཔལ་ལྡན་གྲོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྡེ་སྣོད་ཀྱི་གཞུང་རྣམས་ལ་མཁས་པར་སྦྱངས། མཛོད་ཀྱི་ཊཱྀཀ་ཆེན་སོགས་བསྟན་བཅོས་མང་དུ་མཛད། དཔལ་ལྡན་གྲོ། ཞང་སྟོན། མཆིམས་བློ་བརྟན།སངས་རྒྱས་སྒོམ་པ་བཞི་ལ་བཀའ་གདམས་ཀྱི་སྐོར་དང༌། བཀྲ་ཤིས་སྒང་པ་ལ་བྱང་སེམས་ཟླ་རྒྱལ་བའི་དབུ་མའི་གདམས་པ་སོགས་གསན། ཆུ་མིག་ཆོས་འཁོར་གྱི་གྲལ་གྱི་གཙོ་བོ་མཛད། འགྲོ་མགོན་འཕགས་པ་སོགས་ཆེ་དགུ་ཐམས་ཅད་ཀྱིས་བཀུར། ལྷག་པའི་ལྷ་དུ་མའི་ཞལ་གཟིགས། སྣར་ཐང་གི་གདན་སར་ལོ་སུམ་ཅུ་རྩ་དྲུག་གི་བར་དུ་ཚོགས་པ་བསྐྱངས་ནས་བྱི་བའི་ལོ་ལ་སྐུ་གཤེགས། དེའི་མཁན་བུ་གྲགས་པ་ཤེས་རབ་ནི། ཉང་སྟོད་དུ་ལུག་གི་ལོ་ལ་འཁྲུངས། གདུང་ཟིའུ་སྟེ་མཁན་ཆེན་འདུལ་བ་འཛིན་པ་གྲགས་པ་བརྩོན་འགྲུས་ཀྱི་གཅུང་པོ་ཡིན། མཆིམས་ཆེན་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཁན་པོ་དང་གཅེན་ལས་གཞུང་བཤད་གདམས་པ་མཐའ་ཆོད་པ་གསན། གཅེན་འདུལ་འཛིན་པའི་རྗེས་སུ་སྣར་ཐང་གི་མཁན་པོར་བཞུགས་ནས་ལོ་བཅུ་གཉིས་ཀྱི་བར་དུ་གདན་ས་བསྐྱངས་སོ། །


དེའི་མཁན་བུ་མཁན་ཆེན་བློ་བཟང་གྲགས་པ་ནི། ཉང་སྟོད་སྨོན་འགྲོའི་ཕུ་ཁའུར་འཁྲུངས། གདུང་རུས་མཆིམས། ཟེའུ་པ་གྲགས་ཤེ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ཟེའུ་པ་སྐུ་མཆེད་དང༌། རྒྱང་རོང་བྱང་ཆུབ་འབུམ་སོགས་བླ་མར་བསྟེན། མདོ་སྔགས་ཀྱི་གཞུང་གདམས་ངག་མ་ལུས་པ་ལ་མཁྱེན་རྟོགས་རྒྱས།གྲགས་ཤེ་པས་གདན་ས་གཏད་ནས་ལོ་སོ་དགུའི་བར་དུ་བཤད་སྒྲུབ་ཀྱི་བསྟན་པ་བསྐྱངས།གྲྭ་སར་ཤ་ཁྲིམས་དང་གླིང་ནང་ཁམས་པ་མི་བརྟེན་པ་སོགས་བཅའ་ཁྲིམས་ཀྱང་དམ་པར་མཛད་དེ་ཡོས་ལོར་སྐུ་གཤེགས།དེའི་མཁན་བུ་ཀུན་དགའ་རྒྱལ་མཚན་ནི། ཆུ་སྒོ་ལུང་བྱ་བར་སྟག་གི་ལོ་ལ་འཁྲུངས། གདུང་རུས་གྲོ། མཆིམས་བློ་བཟང་གྲགས་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་གཞུང་གདམས་ངག་ཐམས་ཅད་དང༌། ཀ་བཅུ་གཞོན་སེང་སོགས་ལས་ཆོས་ཀྱང་མང་དུ་གསན། མཁན་པོ་གཤེགས་པའི་ལོ་དེ་ཀ་ལ་གདན་སར་ཕེབས་ནས་ལོ་ཉི་ཤུ་རྩ་བདུན་གྱི་བར་བསྐྱངས་ཤིང༌། བསླབ་བཏུས་ཀྱི་ཊཱི་ཀ་སོགས་རྩོམ་པའང་མང་དུ་མཛད་སྦྲུལ་ལོ་ལ་གཤེགས་སོ། །


དེའི་མཁན་བུ་གྲུབ་པ་ཤེས་རབ་ནི། སྣར་ཐང་གི་ཉེ་འཁོར་དུ་མེ་བྱ་ལ་འཁྲུངས། གདུང་རུས་དཔང་ཡིན། དགུང་ལོ་བཅུ་པ་ལ་ཀུན་རྒྱལ་བ་ལས་རབ་ཏུ་བྱུང༌། མཚན་གྲུབ་པ་ཤེས་རབ་ཏུ་བཏགས། ཉི་ཤུ་པ་ལ་མཁན་པོ་དེ་ཉིད་དང༌། སློབ་དཔོན་གྲགས་པ་རྒྱ་མཚོ་སོགས་དགེ་འདུན་གྱི་དབུས་སུ་བསྙེན་པར་རྫོགས།མཁན་སློབ་གཉིས་དང༌། ཡོན་ཏན་འོད། སློབ་དཔོན་སྐལ་བཟང་པ་སོགས་བླ་མ་མང་པོ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་གདམས་ངག་དང་བཅས་པ་ཐུགས་སུ་ཆུད་པར་མཛད།དགུང་ལོ་སོ་གཉིས་པ་ལ་མཁན་སར་ཕེབས་ནས་ལོ་སུམ་ཅུར་བསྐྱངས། དེ་རྟིང་ཉིད་ཀྱི་དབོན་པོ་བསོད་ནམས་མཆོག་གྲུབ་ལ་གདན་ས་གཏད་དེ། ལོ་ལྔར་ཟུར་བཞུགས་མཛད་ནས་རེ་བདུན་ལ་གཤེགས། དེ་ལྟར་གྲོ་མོ་ཆེ་བ་ནས་གྲུབ་ཤེས་པར་སྣར་ཐང་གི་གདན་སར་ཕེབས་པ་ཤ་སྟག་སྟེ། དཔལ་དཱི་པཾ་ཀ་རས་སྣར་ཐང་གི་སའི་ཐད་འདིར་ཕྱག་མཛུབ་གཏད་དེ། ས་ཕ་ཀིར་གནས་བརྟན་ཆེན་པོ་བཅུ་དྲུག་བྱོན་ཅེས་ལུང་བསྟན་པ་ལྟར་གནས་བརྟན་གྱི་རྣམ་འཕྲུལ་འབའ་ཞིག་ཡིན་པར་གསུངས་སོ། །


དེའི་མཁན་བུ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་པཎ་ཆེན་དགེ་འདུན་གྲུབ་པ་ནི། རུ་ལག་གི་སའི་ཆར་ལྕགས་ལུག་ལ་འཁྲུངས། གདུང་རུས་ངར་ཚོ། མཚན་པདྨ་རྡོ་རྗེ།དགུང་ལོ་བཅོ་ལྔ་ལ་སྣར་ཐང་དུ་མཁན་པོ་གྲུབ་པ་ཤེས་རབ་དང་སློབ་དཔོན་བྱང་སའི་ཆེན་པོ་བློ་ལྡན་པས་མཛད་དེ་དགེ་ཚུལ་སྒྲུབ། མཚན་དགེ་འདུན་གྲུབ་པ་དཔལ་བཟང་པོར་བཏགས། དགུང་ལོ་ཉི་ཤུ་པ་ལ་སྔར་གྱི་མཁན་སློབ་གཉིས་ཀྱི་སྟེང་གསང་སྟོན་གྲགས་པ་ཤེས་རབ་དང༌། དད་པའི་དགེ་འདུན་གྲངས་ཚང་གི་དབུས་སུ་བསྙེན་པར་རྫོགས། ཐུགས་སྦྱོང་མཛད་པའི་ཡོངས་འཛིན་གྱི་གཙོ་བོ་མཁན་ཆེན་གྲུབ་པ་ཤེས་རབ། སྣར་ཐང་པ་གྲུབ་པ་ཤེས་རབ་སེང་གེ། ལས་སྨོན་གྱིས་འབྲེལ་བ་རྗེ་རིན་པོ་ཆེ་ཡབ་སྲས་ཡིན། གཞན་ཡང་ཀུན་མཁྱེན་རོང་སྟོན། བོ་དོང་པཎ་ཆེན། སེམས་དཔའ་ཐུགས་རྗེ་དཔལ་བ། ཨཱཿསཾ་གྷ་ཤྲཱི། གྲོ་བའི་དམར་སྟོན་ཁུ་དབོན། ཐང་ཆེན་ཉི་མ་རྒྱལ་མཚན། ཨ་བྷ་ཡ། དོན་ཡོད་པས་ལུང་བསྟན་པའི་བླ་མ་འཆད་ཀའི་ལྷ་རིན་པོ་ཆེ་དང༌། སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ་གཉིས་ཏེ།དེ་ལ་སོགས་པའི་བཤེས་གཉེན་ལྔ་བཙུ་ཙམ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་མཐའ་དག་ལ་མཁྱེན་པ་རྒྱས། བོ་དོང་པཎ་ཆེན་གྱིས་ཐམས་ཅད་མཁྱེན་པ་ཞེས་པའི་མཚན་གསོལ། སྣར་ཐང་བྱང་ཆུབ་དུ་སྒྲུབ་པ་མཛད་པས་ཉམས་རྟོགས་ཀྱང་མཐར་ཕྱིན། འཇིགས་བྱེད་དང་སྒྲོལ་མས་ཞལ་གཟིགས། འདོད་ཁམས་མ་བྲན་དུ་ཁོལ། རྩ་བ་སྣར་ཐང་བའི་དགེ་བཤེས་ལ་ཕྱིས་རྗེའི་གྲུབ་མཐའ་འཛིན་པ་བྱུང་ཀྱང༌། སྡེ་དང་གྲུབ་མཐའི་ཕྱོགས་རིས་མི་མཛད་ཀུན་ལ་དག་སྣང་སྦྱངས། མཁས་པའི་བྱ་བ་དབུ་ཚད་འདུལ་བ་སོགས་གཞུང་ལུགས་མང་པོར་དགོངས་འགྲེལ་བརྩམས། བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་དང་ལྷ་ཆེན་བཞེངས་ཤིང་དགེ་འདུན་མང་དུ་བསྡུས་ཏེ། སྐུ་ཚེ་རིལ་པོར་འཆད་ཉན་གྱིས་བསྟན་པ་བསྐྱངས་ནས། དགུང་ལོ་གྱ་ལྔ་པ་ཤིང་རྟ་ལ་དགའ་ལྡན་དུ་གཤེགས།དེའི་མཁན་བུ་གནས་རྙིང་པ་ཀུན་དགའ་བདེ་ལེགས་ནི། ཉང་སྟོད་དུ་འཁྲུངས། པཎ་ཆེན་དགེ་འདུན་གྲུབ་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་ཀུན་དགའ་བདེ་ལེགས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོར་སྩལ། མཁན་པོའི་དྲུང་དུ་གཞུང་ལུགས་གདམས་ངག་དང་བཅས་པ་ལ་མཁས་པར་སྦྱངས། འབྲས་སྤུངས་དང་འོལ་ཀ་སོགས་སུའང་ཕེབས། ཉང་སྟོད་ཕྱོགས་སུ་བློ་གསལ་མང་པོའི་དོན་མཛད། དེའི་མཁན་བུ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ནི། རྟ་ནག་རྡོ་རྗེ་གདན་དུ་འཁྲུངས།དགུང་ལོ་བཅུ་པ་ལ་པཎ་ཆེན་ལུང་རིགས་རྒྱ་མཚོར་གཙུག་ཕུད་ཕུལ། མཚན་དགེ་འདུན་རྒྱ་མཚོ་ཞེས་སྩལ། ལོ་དེ་ཉིད་ཀྱི་ནང་དུ་ཀུན་དགའ་བདེ་ལེགས་པས་མཁན་པོ། པཎ་ཆེན་ལུང་རིགས་རྒྱ་མཚོས་སློབ་དཔོན། དབུ་མཛད་སངས་ཚུལ་བས་དུས་གོ་མཛད་ནས་དགེ་ཚུལ་སྒྲུབ། དགུང་ལོ་ཉི་ཤུ་པ་ས་ཡོས་དབོ་ཟླའི་ཚེས་བརྒྱད་ལ་མཁན་པོ་སྔ་མ་ཉིད་དང༌། ལས་སློབ་འཇམ་དབྱངས་ལེགས་པ་ཆོས་འབྱོར། གསང་སྟོན་སངས་རྒྱས་དཔལ་བཟང༌། དུས་གོ་བ་འོལ་ཀ་སངས་བཟང་སོགས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། ཚིག་སྔ་ཕྱིའི་མཁན་སློབ་རྣམས་དང༌། པཎ་ཆེན་ནོར་བཟང་རྒྱ་མཚོ། ཡབ་ཀུན་དགའ་རྒྱལ་བ། པཎ་ཆེན་ཡེ་ཤེས་རྩེ་མོ། ཐོན་ཡོན་རྒྱ་མ་སོགས་བཤེས་གཉེན་མང་པོ་བསྟེན་ཏེ་མདོ་སྔགས་རིགས་གནས་དང་བཅས་པའི་ཚིག་དོན་ཐུགས་སུ་ཆུད། འཕགས་མ་དབྱངས་ཅན་མས་རྗེས་སུ་བཟུང་བས་རྩོམ་པ་ལ་ཐོགས་པ་མེད། རྒྱལ་མེ་ཏོག་ཐང་གི་ཆོས་གྲྭ་བཏབ།སེར་འབྲས་བཀྲ་ཤིས་ལྷུན་པོ་རྣམས་ཀྱི་ཁྲིར་ཕེབས་ནས་འཆད་རྩོད་རྩོམ་གསུམ་གྱི་བྱ་བས་གདུལ་བྱ་བསྐྱངས། དགུང་ལོ་རེ་བརྒྱད་པ་ཆུ་སྟག་ལ་གཤེགས།དེའི་མཁན་བུ་བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་ནི། འོལ་ཀ་གྱང་གསར་དུ་ཤིང་གླང་ལོར་འཁྲུངས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། བསམ་གཏན་གླིང༌། སེ་ར་སྨད། རྒྱུད་སྟོད་རྣམས་སུ་མདོ་སྔགས་ཀྱི་གཞུང་ལུགས་ལ་སྦྱངས། རྒྱུད་སྟོད་དང་ཤར་རྩེའི་གདན་ས་ནས་དགུང་ལོ་ང་བཞི་པ་ལ་དགའ་ལྡན་གྱི་ཁྲིར་ཕེབས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་བསྙེན་རྫོགས་བཞེས་པའི་མཁན་པོའང་ཡིན། དྲུག་ཅུ་པ་ལ་བདེ་བ་ཅན་དུ་ཟུར་བཞུགས་མཛད། རེ་གསུམ་ལ་གཤེགས། དེའི་མཁན་བུ་རྒྱལ་ཁང་རྩེ་བ་དཔལ་འབྱོར་རྒྱ་མཚོ་ནི། སྟོད་ལུང་དུ་མེ་ཁྱི་ལ་འཁྲུངས། བདེ་བ་ཅན་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྐྱོར་མོ་ལུང༌། ར་བ་སྟོད། རྒྱུད་སྟོད་རྣམས་ཀྱི་གྲྭ་སར་གཞུང་ལུགས་ལ་སྦྱངས་པས་འཇིགས་པ་མེད་པའི་སྤོབས་པ་ཐོབ། ར་བ་བསྟོད་ཀྱི་འཆད་ཉན། རྒྱུད་སྟོད་དང་ཤར་རྩེ་སྦྲེལ་བའི་བླ་མ་མཛད། ང་བདུན་པ་ལ་དགའ་ལྡན་གྱི་ཁྲིར་ཕེབས། རེ་བཞི་པ་ལ་རྒྱལ་ཁང་རྩེར་ཟུར་བཞུགས་མཛད། དོན་བཞི་པ་ལ་གཤེགས། དེའི་མཁན་བུ་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་ནི། གྲྭ་བྱམས་པ་གླིང་གི་དགོན་ཞོལ་དུ་ཆུ་བྱ་ལ་འཁྲུངས། ཆུང་ངུ་ནས་དྭགས་པོ་གྲྭ་ཚང་དུ་གསན་སྦྱང་ལ་ཕེབས། སློབ་དཔོན་བློ་བཟང་ཆོས་འཕེལ་ལས་རབ་ཏུ་བྱུང༌། མཚན་དཀོན་མཆོག་ཆོས་འཕེལ་དུ་བཏགས། དེ་རྗེས་ར་བ་སྟོད་དང་རྒྱུད་སྟོད་སོགས་ཀློག་པའི་གྲྭ་མང་པོ་བྱོན་ཏེ་མཁས་ཉན་མཛད་པས་གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་ཕྱུག་ཏུ་གྱུར།དགུང་ལོ་ཉི་ཤུ་རྩ་བཞི་པ་ལ་རྒྱལ་ཁང་རྩེ་བ་ལས་བསྙེན་པར་རྫོགས། ར་བ་སྟོད་དང་རྒྱུད་སྟོད་བློ་གསལ་གླིང་རྣམས་ཀྱི་འཆད་ཉན་མཛད། གསང་ཕུ་གླིང་སྨད་ཀྱི་ཁྲི། ཤར་རྩེ་དང་དགའ་ལྡན་གྱི་ཁྲི་རྣམས་སུ་ཕེབས། རྗེ་ཐམས་ཅད་མཁྱེན་པ་རྒྱལ་མཆོག་ལྔ་པ་ཆེན་པོས་མཚན་ཉིད་ཀྱི་གཞུང་རྣམས་གསན་པའི་ཏི་ཤྲཱི་བཀུར། འཆད་མཁས་ཤིང་ཐུགས་དགོངས་བཟང་བས་ཞལ་སློབ་དགེ་བའི་བཤེས་གཉེན་མང་དུ་ཐོན། རྗེས་སུ་སློབ་མ་ཐམས་ཅད་ཀྱང་ཚུལ་གནས་ལུང་རིགས་སྨྲ་བ་ལ་སྦྱོར། སྡེ་རིས་ཀྱི་ཆགས་སྡང་མི་མངའ་བའི་དབང་གིས་དམག་འཁྲུགས་སོགས་སྡེ་གསར་སློང་བའི་གྲོས་ལ་རང་མི་འཇུག་ཅིང་གཞན་དག་ཀྱང་བསྲུང་བར་མཛད་པས། དགེ་ཕྱོགས་རྣམས་ཀྱིས་གཙང་ཞེན་པ་ཞེས་ཕྱོགས་འབུལ་ཞུ་བའང་བྱུང༌། དགུང་ལོ་དོན་བཞི་པ་མེ་ཁྱི་ལ་དབུར་སྟོད་གསང་སྔགས་མཁར་དུ་སྐུ་གཤེགས།དེའི་མཁན་བུ་རྗེ་དཀོན་མཆོག་བསྟན་འཛིན་ནི། ཆུ་མོ་ཕག་གི་ལོ་ལ་འཁྲུངས། ཡུལ་དབུ་རུ་ཁ་རབ། འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྐུ་ན་ཕྲ་མོ་གྲྭ་སར་བཞུགས་དུས་ནས་བཅས་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་དུས་དབང་གིས་འབྱུང་བར་ཉེ་བ་རྣམས་ཀྱིས་ཀྱང་མ་གོས་པའི་བཙུན་གཅིག་པར་གྲགས། ར་བ་སྟོད་དང༌། བློ་གསལ་གླིང་སོགས་སུ་མཚན་ཉིད་ཀྱི་གཞུང་ལུགས་ལ་མཁས་པར་སྦྱངས། རྒྱལ་མཆོག་ལྔ་པ་ཆེན་པོ་དང་རང་གི་མཁན་པོ་ཁྲི་རིན་པོ་ཆེ་སོགས་བཤེས་གཉེན་དུ་མ་ལས་གཞུང་ལུགས་གདམས་ངག་མང་དུ་གསན་ནས་ཐུགས་སུ་ཆུད་པར་མཛད། གཉལ་སྡེ་དྲུག་གི་མཁན་པོ་ལོ་བཅོ་ལྔ་སྐོར་དང༌། དེ་རྗེས་ཉང་སྟོད་དཔལ་འཁོར་བདེ་ཆེན་གྱི་མཁན་སར་ཕེབས་ནས་གྲུབ་མཐའི་ཕྱོགས་ཆ་དང་བྲལ་བར་ཡུན་རིང་དུ་བསྐྱངས་པས་ས་དགེའི་གྲྭ་པ་ཐམས་ཅད་ཀྱི་སྤྱི་མི་ལྟར་བཀུར་ཞིང་བསྔགས། དེར་ནས་གདན་ས་ཡར་སྟོད་པ་ངག་དབང་ཕྲིན་ལས་ལ་གཏད་དེ་དབུར་སྟོད་གསང་སྔགས་མཁར་དུ་ལོ་ཤས་ཐུགས་དམ་ལ་བཞུགས་ནས་དགུང་ལོ་རེ་གཉིས་པ་ཤིང་བྱི་ལ་གཤེགས། དེའི་མཁན་བུ་ནི་གཡུ་སྒྲའི་རྣམ་འཕྲུལ་སྔ་འགྱུར་བསྟན་པའི་ཤིང་རྟ་པ་ཆེན་པོ་མཚན་བརྗོད་པར་དཀའ་བ་སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་སྟེ། དམ་པ་འདི་ཉིད་ཀྱི་རྣམ་ཐར་མདོར་བསྡུས་ནི་འོག་ཏུ་གསལ་ལ། ཁྱད་པར་རྒྱལ་མཆོག་ལྔ་པ་ཆེན་པོས་བླ་ཆེན་སྡོམ་རྒྱུན་རྣམ་པར་དག་པ་ཁ་རབ་ཞལ་སྔ་ནས་ཞུས་ཤིང༌། ཁོང་འདུལ་བའི་ངང་ཚུལ་ཤིན་ཏུ་གཙང་བས་སྔ་འགྱུར་གྱི་བསྟན་པའི་འབྲེལ་དང་བཅས་མ་ནུབ་པར་གྱིས་ཤིག་ཅེས་བསྐུལ་མ་གནང་བ་ལྟར། དགུང་གྲངས་ཉེར་བདུན་པ་དྲག་པོ་ལྕགས་སྤྲེལ་ནག་ཟླའི་ཚེས་བཅུ་གསུམ་ཉིན། མཁན་སློབ་སྦྲགས་མ་མཁན་ཆེན་དཀོན་མཆོག་བསྟན་འཛིན། གསང་སྟོན་རབ་འབྱམས་པ་བློ་བཟང་སྐྱེས་མཆོགདུས་གོ་བ་རབ་འབྱམས་ཕུན་ཚོགས་ལེགས་འབྱོར། གྲོགས་དན་པ་དགེ་སློང་བློ་བཟང་ཀུན་དགའ། ཁ་སྐོང་བ་དགེ་སློང་ངག་དབང་ཆོས་འཛིན་ཏེ་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ། རང་བྱུང་འཕགས་པའི་གཙུག་ལག་ཁང་ཆེན་པོ་པོ་ཊ་ལར། གྲོགས་རྗེ་དྲུང་རིན་པོ་ཆེ་དང༌། གཅུང་དགེ་སློང་བཟོད་པ་བཅས་ཚིག་གསུམ་བར་མ་ཆད་པར་བསྙེན་རྫོགས་བཞེས། སྔ་རྗེས་གཅེན་རྒྱལ་བའི་སྲས་པོ་དང༌། གུང་ཐང་པཎ་ཆེན། རབ་འབྱམས་པ་སངས་རྒྱས་ཆོས་དར་རྣམས་ལས་འདུལ་གཞུང་རྒྱ་མཚོ་ལྟ་བུ་གསན་ནས་ཐུགས་སུ་ཆུབ་པར་མཛད།བསྟན་པ་རིན་པོ་ཆེར་གཅེས་སྤྲས་ཀྱིས་གཞི་གསུམ་གྱི་ཆོ་ག་དང་སྡོམ་ཆོག་སྡོམ་གསུམ་རྣམ་ངེས་ཀྱི་ཊཱིཀ་ཆེན་སོགས་སྩལ་ཅིང༌། སྡོམ་ཕྲུག་ཀྱང་དགེ་སློང་བཞི་བརྒྱ་ཞེ་བདུན་དང༌། དགེ་ཚུལ་ཆིག་སྟོང་ཉིས་བརྒྱ་གོ་བརྒྱད་ལྷག་བཅས་བྱུང་བས་མཚོན་བཤད་པ་དང་ལག་ལེན་གྱི་རྒྱུན་རྒྱ་ཆེར་སྤེལ་བའི་ཕྲིན་ལས་ཀྱིས་ད་ལྟའི་དུས་སུ་སྔ་འགྱུར་གྱི་ཆོས་གྲྭ་ཆེ་ཕྲ་ཐམས་ཅད་དུ་རབ་བྱུང་གི་སྡེ་དང་གཞི་གསུམ་གྱི་ཕྱག་ལེན་ཇི་སྙེད་ཅིག་མཆིས་པ་ནི་དམ་པ་འདི་ཁོ་ནའི་བཀའ་དྲིན་ལས་བྱུང་བ་ཡིན་ཞིང༌། དེར་མ་ཟད་སྔ་འགྱུར་མདོ་སྒྱུ་གཙོ་བོར་གྱུར་པའི་དབང་དང་བཤད་བཀའ་ད་ལྟའི་སྐབས་སུ་གང་བཞུགས་པ་འདི་དག་ཐམས་ཅད་དམ་པ་འདི་ཉིད་ཀྱི་བཀའ་དྲིན་ཁོ་ནས་བསྟན་སྲོག་མཐུད་པ་ལས་བྱུང་བ་མ་གཏོགས་གཞན་སུས་ཀྱང་རང་རང་གི་མགོ་རྒོད་ཀྱིས་ལོན་པ་མི་འདུག་པས། རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་བའི་བསྟན་ལ་དགོངས་པ་དག་མཆིས་ན་རྒྱུ་མཚན་ཤེས་པའི་སྒོས་དྲིན་གཟོར་དམ་པ་འདི་ཉིད་ཀྱི་གསུངས་ལེགས་བཤད་བྱེ་བའི་གཏེར་མཛོད་གཅིག་པུར་གྱུར་པ་རྣམས་ལ་ཉན་བཤད་སྒོམ་གསུམ་རེ་ནི་ཅིས་ཀྱང་གནང་དགོས་པར་སེམས་སོ། །


དེ་དང་འབྲེལ་བར་ལུང་ཆོས་འཛིན་པའི་བཤད་རྒྱུན་ཇི་ལྟར་བྱུང་བ་ཡང༌།དམ་ཆོས་འདུལ་བའི་བཤད་རྒྱུན་ནི། འཕགས་ཡུལ་གྱི་སློབ་དཔོན་དཱ་ན་ཤཱི་ལ་དང༌། ཛི་ན་མི་ཏྲ་གཉིས་ལས་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་གསན་ཏེ་བསྒྱུར་བཤད་ཀྱིས་གཏན་ལ་ཕབ། དེ་ལས་སྨར་གཡོ་གཙང་གསུམ་གྱིས་ཞུས། དེས་བླ་ཆེན། དེ་བཞི་ཀས་ཀླུ་མེས། དེས་གཟུས་རྡོ་རྗེ་རྒྱལ་མཚན་ལ་བཤད།ཡང་ཛི་དཱན་གཉིས་ལས་ཤཱཀྱ་སེ་ན། དྷརྨ་པཱ་ལ། ཀླུས་ལོ་ཙཱ་དང་སྐྱོགས་འདུལ་འཛིན་གཉིས།དེ་གཉིས་ལ་གཟུས་ཀྱིས་ཐུག་སྟེ། དེ་ནས་སྟོད་སྨད་ཀྱི་བཤད་རྒྱུན་གཉིས་གཅིག་ཏུ་འདྲེས་པ་དེ་ཉིད་གཟུས་ཀྱི་བུ་བཞིར་གྲགས་པ། འཛིམ་པ་ཤེས་རབ་འོད་དང་སྣེ་པོ་གྲགས་པ་རྒྱལ་མཚན་ཏེ་གཙང་གི་བུ་གཉིས། སྤོ་ཆུང་ཚུལ་ཁྲིམས་བླ་མ་དང་གླན་ཚུལ་བྱང་སྟེ་དབུས་ཀྱི་བུ་གཉིས་ལས་རྒྱ་ཆེར་འཕེལ་བའི་རྒྱུན་ལས་ཕྱིས་མཚོ་སྣ་བ་ཆེན་པོས་མནལ་ལམ་དུ་ཡོན་ཏན་འོད་ལས་མདོ་རྩ་གསན། མགོན་པོ་ཏྲཀྴད་ཀྱིས་བསྐུལ་ནས་འདུལ་བའི་རྣམ་བཤད་ཉི་མའི་འོད་ཟེར་སོགས་བརྩམས་ཏེ་འདུལ་བསྟན་གཞི་བཞེངས་སུ་བཏང༌། གཞན་ཡང་རྒྱ་འདུལ་དབང་ཕྱུག་ཚུལ་ཁྲིམས། བྱ་འདུལ་དབང་ཕྱུག་འབར། རྩིས་འདུལ་འཛིན་པ་སོགས་ཁྱད་འཕགས་མང་དུ་བྱོན་པའི་བཤད་རྒྱུན་དེ་ཉིད་བསོད་ནམས་གྲགས་པ་ལས་བུ་སྟོན་གྱིས་གསན།འདི་ནས་ཁ་ཆེ་པཎ་ཆེན་གྱིས་ས་པཎ་ལ་སྩལ་པའི་བཤད་རྒྱུན་དང་ཡང་ཆུ་བོ་གཅིག་འདྲེས་སུ་གྱུར་པའི་རྒྱུན་ལས་མདོ་རྩ་བའི་བཤད་རྒྱུན་སྔ་རབས་ཀྱི་བཀའ་སྲོལ་ད་ལྟའི་བར་རྒྱུན་ཆགས་པར་གནས་སོ། །


མངོན་པ་གོང་འོག་ནི། པཎྜི་ཏ་ཛི་ན་མི་ཏྲ་དང༌། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་སོགས་ཀྱི་གདགས་པའི་བསྟན་བཅོས་ལས། འཇིག་རྟེན་གདགས་པ། རྒྱུ་གདགས་པ། ལས་གདགས་པ་གསུམ་དང༌། མངོན་པ་གོང་འོག་རང་འགྲེལ་དང་འགྲེལ་པ་རྒྱལ་སྲས་མ་སོགས་བསྒྱུར་ནས་བཤད། དེ་དག་གི་སློབ་མ་སྣ་ནམ་ཟླ་བའི་རྡོ་རྗེ་དང༌། ལྷ་ལུང་དཔལ་གྱི་རྡོ་རྗེ། དབས་ཡེ་ཤེས་རྒྱལ་བ་གསུམ་ལས། ཕྱི་མ་ཁམས་སུ་བྱོན་ནས་གྲུམ་རྒྱལ་བའི་ཡེ་ཤེས་ལ་བཤད་ཅིང་དེ་ལས་དབུས་གཙང་གི་ལྗོངས་སུ་ཡར་དར་བ་ཡིན་ནོ། འདིར་ཀུན་མཁྱེན་དྷརྨ་ཀ་རས། འགོས་ལོ་སོགས་ཀྱིས་བརྒྱུད་པ་འདི་ནས་དར་བ་ནི་མངོན་པ་གོང་མ་ཁོ་ན་ཡིན་ལ་མཛོད་ཀྱི་བཤད་སྲོལ་ལ་བརྒྱུད་པ་ལྟར་ཆགས་འདེད་རྒྱུ་མེད་སྨྲས་ཀྱང༌། བཤད་སྲོལ་འདི་ལ་ཀུན་བཏུས་གཙོ་ཆེར་དར་བ་ནི་བྱུང་སྲིད་མོད་ཀྱི། མཛོད་འགྲེལ་པ་དང་བཅས་པའང་འདི་ལས་ངེས་པར་འབྱུང་དགོས་ཏེ།ཀུན་མཁྱེན་བུ་སོགས་མཁས་པ་ཐམས་ཅད་ཀྱི་བརྒྱུད་ཁུངས་འདི་ཉིད་གཙོ་བོར་སྨོས་པའི་ཕྱིར་རོ་གསུངས། དེ་རྗེས་བྲང་ཏི་དར་མ་སྙིང་པོ་ལ་མངོན་པ་གོང་འོག་གཉིས་ཀའི་བཤད་སྲོལ་དང༌། མཛོད་ཀྱི་བཤད་བཀའ་ཇོ་བོ་སྨྲྀ་ཏི་ནས་བརྒྱུད་པ་བཅས་ཀྱི་བཀའ་བབས་པས། དེ་ཕྱིན་མཛོད་ཀྱི་བཤད་རྒྱུན་སྔ་ཕྱི་གཅིག་འདྲེས་སུ་གྱུར་པ་དགེ་བའི་བཤེས་གཉེན་མཆིམས་སྟོན་རིམ་བྱོན་སོགས་ཀྱིས་སྤེལ་བ་ལས་མཛོད་ཀྱི་བཤད་རྒྱུན་མ་ཉམས་པ་བཞུགས་སོ། །


ཤེར་ཕྱིན་ནི། ལྗོངས་འདིར་འཕགས་ཡུལ་དུ་གང་བཞུགས་ཐམས་ཅད་བྱོན་པར་གྲགས་ཏེ། རླངས་ཁམས་པ་གོ་ཆ་འཕགས་ཡུལ་དུ་བྱོན་ཏེ་ཤེར་ཕྱིན་འབུམ་པ་ཐུགས་སུ་བཟུང་ནས་བོད་དུ་བསྒྱུར་བ། ཆོས་རྒྱལ་ཉིད་ཀྱི་མཚལ་ཁྲག་དང་ར་དཀར་པོའི་འོ་མས་བྲིས་པ་རེག་ཟིག་དམར་པོར་གྲགས་ཏེ་བླ་འགྱུར་ཆུང་བ་དང༌། ཡང་དབས་མཉྫུ་ཤྲཱི། ཉང་ཨིནྡྲ་ཝ་རོ་གཉིས་ཀྱིས་རྒྱ་གར་ནས་དཔེ་བླངས་ཏེ་བསྒྱུར་བ། བཙན་པོའི་དབུ་སྐྲའི་གཞོབ་རོམ་དང་ར་དཀར་མོའི་འོ་མས་བྲིས་ཏེ་རེག་ཟིག་སྔོན་པོར་གྲགས་པ་དང༌། པ་གོར་བཻ་རོ་ཙཱ་ནས་སླར་ཡང་ཞུ་ཆེན་མཛད་དེ་འགྲེས་རྐང་ཆད་པ་སོགས་བསབས། ཚིག་སྣ་བསྲིངས་ནས་བརྗོད་བདེར་བསྒྱུར་ནས་ལོ་ཆེན་ཉིད་ཀྱིས་ཕྱག་བྲིས་མཛད་པ་བཞུགས་སྣོད་ལས་ཤ་སྒྲོ་ཅན་དུ་གྲགས་པ་སྟེ་འདི་གཉིས་བླ་འགྱུར་འབྲིང་པོ་དང༌། ཕྱིས་ཁྲི་རལ་དུས་སུ་རེནྡྲ་བོ་དྷི་དང་སྐ་ཅོག་གཉིས་ཀྱིས་ཞུ་ཆེན་མཛད་པའི་དུམ་བུ་བཅུ་དྲུག་པ་བླ་འགྱུར་ཆེན་མོ་སོགས་འགྱུར་མི་འདྲ་བ་འགའ་ཞིག་བྱུང་བར་གྲགས་ཤིང༌། དམ་ཥྟ་སེ་ནའི་འབམ་ཊཱིཀ་སོགས་འགྲེལ་པའི་སྐོར་ཡང་བསྒྱུར། ཁྱད་པར་སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྒྱལ་ཚབ་ས་བཅུའི་དབང་ཕྱུག་གིས་བཀྲལ་པའི་གཞུང་མངོན་པར་རྟོགས་པའི་རྒྱན་རྩ་བ་འགྲེལ་པ་དང་བཅས་པ་པཎྜི་ཏ་བིརྱ་ཀ་ར་པྲ་བྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་རཀྵི་ཏ་སོགས་ཀྱིས་བསྒྱུར་བཤད་ཀྱིས་གཏན་ལ་ཕབ་པའི་བཀའ་དྲིན་ལས་བཤད་པ་དང་ཉམས་ལེན་གྱི་རྒྱུན་རྒྱ་ཆེར་བྱུང་བ་ཁམས་སུ་འཕོས་པའི་རྒྱུན་ལས། ཕྱིས་རྔོག་ལོའི་སློབ་མའི་ཐུ་བོ་ཤེར་ཕྱིན་བཀའ་བབས་འབྲེ་ཤེས་རབ་འབར་གྱིས།ཇོ་བོ་རིན་བཟང་རྔོག་ལོ་ཆེན་པོ་བཅས་ཕྱི་འགྱུར་གྱི་བཤད་རྒྱུན་ཐམས་ཅད་ཀྱང་གསན་པས་སྔ་འགྱུར་དང་ཕྱི་འགྱུར་གྱི་བཤད་རྒྱུན་ཐམས་ཅད་གཅིག་དྲིལ་གྱི་སྲོལ་ཆེན་པོ་བཏོད་པ་ཨར་བྱང་ཆུབ་སེང་གེས་བཟུང་སྟེ་བསྟན་པ་འདི་ལ་བྱ་བ་ཆེ་ཐང་དུ་མཛད་པ་ལས་རིམ་གྱིས་བརྒྱུད་དེ་བུ་སྟོན་གྱི་སློབ་མ་ཐུགས་སྲས་ལོ་ཙཱ་རིན་ཆེན་རྣམ་རྒྱལ་ལས་གཡག་མི་ཕམ་ཆོས་ཀྱི་བླ་མས་གསན་ཏེ་འགྲེལ་པ་ཆེ་འབྲིང་ཆུང་གསུམ་མཛད་ཅིད་འཆད་ཉན་རྩལ་དུ་བཏོན་པས་ཕར་ཕྱིན་གཡག་ལ་ཐུག་ཟེར་བ་བྱུང༌། དེའི་སློབ་མ་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་གཟིགས་ཀྱིས་ཤེར་ཕྱིན་གཙོས་མདོ་ཕྱོགས་ལ་རྣམ་བཤད་གཞུང་འགྲེལ་བཞི་བཅུ་ཞེ་གསུམ་ཙམ་དང་ཁྱད་པར་ཕར་ཕྱིན་རོང་ཊཱིཀ་ཆེན་མོ་སོགས་མཛད་ཅིང་འཆད་ཉན་གྱི་རྐང་བཟུང་སྟེ། ཡབ་སྲས་དེ་དག་གི་རྣམ་དཔྱོད་ཀྱི་མཐུ་ཕུལ་དུ་བྱུང་བས་བཤད་པའི་ཆུ་རྒྱུན་བཟང་པོ་ད་ལྟའི་བར་མ་ཉམས་པར་བབས་སོ། །


དབུ་མ་ནི། པཎྜི་ཏ་ཛྙཱ་ན་གརྦྷ་དང༌། ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་སོགས་ཀྱིས་དབུ་མ་རྩ་བ་ཤེས་རབ། འགྲེལ་པ་ཤེས་རབ་སྒྲོན་མ་དང་བུདྡྷ་པ་ལི་ཏ་སོགས་དབུ་མའི་བསྟན་བཅོས་ཕལ་ཆེར་གཏན་ལ་ཕབ། མཁན་ཆེན་ཞི་བ་འཚོ་དང༌། ཀ་མ་ལ་ཤཱི་ལ་ཡབ་སྲས་རྣམས་ཀྱི་གསུངས་ལ་བརྟེན་རང་རྒྱུད་པའི་ལུགས་ཀྱི་བཤད་ཉན་ཆེས་དར་ཞིང༌། ཁྱད་པར་ཆོས་རྒྱལ་ཆེན་པོའི་ཐུགས་བསྐྱེད་དུས་སུ་སྨིན་པའི་དབང་གིས་ཀུན་མཁྱེན་བླ་མ་བརྩེ་བ་ཆེན་པོས་སློབ་དཔོན་ཀ་མ་ལ་ཤཱི་ལ་ལས་དབུ་མ་རྒྱན་གྱི་བཤད་རྒྱུན་ཉེ་བརྒྱུད་དུ་གསན་ནས་ཐམས་ཅད་མཁྱེན་པ་མི་ཕམ་རྒྱ་མཚོ་ལ་སྩལ་ཅིང༌། དེ་ཉིད་ཀྱི་འགྲེལ་ཆེན་གྱིས་བཀྲལ་ཅིང་སྤེལ་བར་མཛད་པས་ཕྱོགས་འདིར་ཡང་བསྐལ་པ་བཟང་པོའི་དུས་སྟོན་གསར་དུ་འཆར་བར་གྱུར་ཏོ། །


དེ་བཞིན་དུ་སློབ་དཔོན་འཕགས་པ་ཐོགས་མེད་ལས། རྗེ་བླ་མ་མཁྱེན་བརྩེའི་ཞབས་ཀྱིས་བྱམས་ཆོས་སྡེ་ལྔ་ཀའི་བཤད་བཀའ་བྱིན་རླབས་ཉེ་བརྒྱུད་དུ་གསན་པ་མཁས་དབང་བླ་མ་བཀྲ་ཤིས་ཆོས་འཕེལ་ལ་གནང་བའི་རྒྱུན་ཡང་ད་ལྟ་མ་ཆད་ཙམ་དུ་སྣང་ངོ༌། །


དེ་ལྟར་གོང་དུ་སྨོས་པ་རྣམས་ནི་སྔ་འགྱུར་གྱི་བཤད་རྒྱུན་མ་ཉམས་པར་དེང་སང་གི་དུས་འདིར་ཇི་ཙམ་བཞུགས་པ་སྨོས་པར་ཟད་ཀྱི་བསྟན་པ་འཕེལ་འགྲིབས་སྐབས་སུ་རྒྱུན་ཆད་པ་དང༌། གཞན་བསྟན་པ་ཕྱི་དར་གྱི་དུས་སུ་བྱོན་པ་ནི་མཐའ་ཡས་མོད། དེ་དག་ཡི་གེའི་ལམ་དུ་འདྲེན་པར་མི་ནུས་པས་ཆོས་འབྱུང་དང་ལོ་རྒྱུས་གཞན་དུ་བལྟ་བར་བྱའོ།། །།



2 བྱེ་བྲག་གསང་སྔགས་རྡོ་རྗེ་ཐེག་པ་བླ་མེད་ནང་རྒྱུད་སྡེ་གསུམ་གྱི་བསྟན་པའི་བབས་སོ་རྗེས་འབྲང་དང་བཅས་པ་རྒྱས་པར་བཤད་པ།


༈ གཉིས་པ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ནང་རྒྱུད་སྡེ་གསུམ་གྱི་བསྟན་པ་རིན་པོ་ཆེའི་བབས་སོ་རྗེས་འབྲང་དང་བཅས་པ་བྱེ་བྲག་ཏུ་རྒྱས་པར་བཤད་པ་ལ། སྤྱིར་གོང་དུ་སྨོས་པ་ལྟར་ཆོས་རྒྱལ་ཆེན་པོ་སྲོང་བཙན་སྒམ་པོའི་སྐུ་རིང་ནས་ཐུགས་རྗེ་ཆེན་པོ་ཞི་དྲག་དང་གཤེད་སྐོར་སོགས་ཅི་རིགས་བཞུགས་པ་དང༌། ཁྱད་པར་སྤྲུལ་པའི་ཆོས་རྒྱལ་ལྷ་བཙད་པོའི་སྐུ་རིང་ལ་གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༌། བི་མ་ལ། སངས་རྒྱས་གསང་བ། ཤིནྟིཾ་གརྦྷ་སོགས་དང༌། སྤྲུལ་པའི་ལོ་ཙཱ་བ་བཻ་རོ་ནམ་སྙིང་རྨ་གཉགས་གནུབས་སོགས་ཀྱི་རྒྱུད་སྡེ་བཞི་སྤྱི་དང༌། ལྷག་པར་སྔགས་ནང་པ་བསྐྱེད་རྫོགས་རྣམ་པ་གསུམ་གྱི་རྒྱུད་སྒྲུབ་ཐབས་མན་ངག་དགོངས་འགྲེལ་དང་བཅས་པ་གཏན་ལ་ཕབ། སྐབས་དེར་ཨོ་རྒྱན་ཆེན་པོ་སོགས་གྲུབ་པ་བརྙེས་པའི་སློབ་དཔོན་རྣམས་ཀྱིས་ལྷ་ཀླུ་གནོད་སྦྱིན་གྱི་གནས་དང་ཨོ་རྒྱན་གྱི་ཡུལ་ལ་སོགས་པའི་གནས་ཐ་དད་དུ་མ་ནས་སྔར་མི་ཡུལ་དུ་མ་གྲགས་པའི་རྒྱུད་སྡེ་མཐའ་ཡས་པའང་རྫུ་འཕྲུལ་གྱི་བཀོད་པས་སྤྱན་དྲངས་ནས་གཏན་ལ་དབབ་པར་མཛད་པ་ཡིན་ཏེ། ཕྱིས་དེ་དག་གི་རྒྱ་དཔེ་པེ་ཀར་དཀོར་མཛོད་གླིང་དུ་བཞུགས་པ་པཎ་ཆེན་ཇོ་བོ་རྗེས་གཟིགས་པས་སྔར་སྔགས་ལ་མཁས་དགོངས་པའི་ཐུགས་རྒྱལ་ཆག དེ་དུས་བོད་ན་གསང་སྔགས་ཀྱི་བསྟན་པ་དར་བ་འདྲ་བ་སྔོན་ཆད་རྒྱ་གར་དུའང་མ་བྱུང་བར་མངོན་གསུངས་ནས་སྔོན་གྱི་ཆོས་རྒྱལ་ལོ་པཎ་རྣམས་ལ་ཕྱག་ཐལ་མོ་སྦྱར་ཏེ་བསྔགས་བརྗོད་མཛད་པས་མཚོན་ནུས་ཤིང༌། དེ་ཡང་ཀུན་མཁྱེན་རོང་ཟོམ་པ་ཆེན་པོས་ནི་གསང་སྔགས་ཀྱི་བབས་བདུན་དུ་བཞེད་དེ། བབས་དང་པོ་ཨོ་རྒྱན་སངས་རྒྱས་གཉིས་པས་ཐུགས་སྲས་རྗེ་འབངས་ལས་ཅན་སྙིང་གི་བུ་དགུ་སོགས་ལ་སྩལ་པ་དང༌། གཉིས་པ་གྲུབ་ཆེན་ནམ་མཁའི་སྙིང་པོ་རྒྱ་གར་དུ་བྱོན་ནས་སློབ་དཔོན་ཧཱུྃ་ཀ་ར་སོགས་ལས་གསན་པ་དང༌། གསུམ་པ་སློབ་དཔོན་ཤཱནྟིཾ་གརྦྷ་བསམ་ཡས་རབ་གནས་སུ་ཕེབས་སྐབས་གསུངས་པ། བཞི་པ་སློབ་དཔོན་སངས་རྒྱས་གསང་བས་གངས་ཏི་སེ་ནས་དབས་མཉྫུ་ཤྲཱི་སོགས་ལ་བསྟན་ནས་རྒྱལ་པོ་ལ་སྐྱེས་སུ་བསྐུར་བ། ལྔ་པ་ལོ་ཆེན་བཻ་རོས་འཕགས་ཡུལ་གྱི་སློབ་དཔོན་ཤྲཱི་སེདྷ་སོགས་མཁས་པ་ཉེར་གཅིག་གི་དགོངས་མཛོད་ཕྱུང་བ་རྫོགས་ཆེན་གཙོར་གྱུར། དྲུག་པ་པཎ་ཆེན་བི་མ་ལས་སྐ་ཅོག་རྨ་གསུམ་སོགས་ལ་སྔར་གསུངས་པ་དང༌། བདུན་པ་ལྷ་སྲས་མུ་ནེ་བཙན་པོའི་འདད་ཀྱི་དབུར་སླར་རྒྱ་ནག་གཤེགས་པའི་སྐབས་སུ་གཉགས་ཆེན་ཛྙཱ་ན་ཀུ་མར་སོགས་ལ་གསུངས་པ་རྣམས་སོ། །

བདག་གི་བླ་མ་ནི་དྲུག་ཏུ་བཞེད་དེ། དང་པོ་སངས་རྒྱས་གཉིས་པ་པདྨཱ་ཀ་རས་གདུལ་བྱ་ཐུན་མོང་བ་རྣམས་ཀྱི་སྣང་ངོར་མན་ངག་ལྟ་བའི་ཕྲེང་བ་ཙམ་ཞིག་གསུངས། ཐུན་མོང་མ་ཡིན་པའི་སྐལ་ལྡན་རྣམས་ལ་ཡོ་ག་རྣམ་པ་གསུམ་གྱི་སྨིན་གྲོལ་ཟབ་ཅིང་རྒྱ་ཆེ་བ་སྩལ་པའི་བཀའ་བརྒྱུད་ཀྱང་ཉང་སྤངས་འཁོན་གནུབས་རྨ་རོང་ཟོམ་སོགས་བརྒྱུད་དེ་གྲུབ་ཐོབ་རིག་འཛིན་བར་མ་ཆད་པར་བྱོན་པ་དང༌། གདམས་སྐོར་ཕལ་མོ་ཆེ་ཕྱི་རབས་གདུལ་བྱའི་དོན་དུ་གཏེར་རྒྱས་བཏབ་པར་མཛད། གཉིས་པ་ལོ་ཆེན་བཻ་རོ་ཙ་ནས་མཁས་པ་ཉེར་ལྔ་སོགས་བསྟེན་ཅིང་ཁྱད་པར་རིག་འཛིན་ཤྲཱི་སིདྷ་ལས་རྫོགས་པ་ཆེན་པོའི་ཟབ་ཆོས་རྒྱ་ཆེར་གསན་ཅིང་བོད་དུ་སྤེལ་བ་ལས་སེམས་སྡེ་རིམ་པ་ལྔ་དང༌། ཀློང་སྡེ་རྣ་བརྒྱུད་ཟམ་མ་ཆད་པ་དང༌། གསུམ་པ་པཎ་ཆེན་བི་མ་ལ་བོད་དུ་བྱོན་ནས་ཉང་བན་ཆེན་པོ་སོགས་ལ་རྫོགས་ཆེན་མན་ངག་སྡེའི་ཆོས་སྐོར་གནང་བ་རྣམས་བཀའ་བརྒྱུད་དང་གཏེར་བརྒྱུད་གཉིས་སུ་བྱོན།བཞི་པ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་རྒྱ་གར་བལ་པོ་བྲུ་ཤའི་སློབ་དཔོན་རྣམ་པ་བཞི་ལས་ལུང་ཆེན་འདུས་པ་མདོ་དང་གཤེད་སྐོར་སོགས་གདམས་པ་མཐའ་ཡས་པ་གསན་ཅིང་འདུས་མདོའི་བཀའ་བརྒྱུད་ཀྱང་ད་ལྟའི་བར་བཞུགས། ལྔ་པ་གནུབས་ནམ་མཁའི་སྙིང་པོས་སློབ་དཔོན་ཧཱུྃ་ཀ་ར་ལས་དཔལ་ཡང་དག་གི་ཆོས་སྐོར་གསན་ཅིང་སྤེལ་བ་དང༌། རྡོ་རྗེ་ཐེག་པའི་བསྟན་པ་དང་པོ་གཉགས་ལ་བབས། བར་དུ་གནུབས་ལ་བབས། ཐ་མ་ཟུར་ལ་བབས་ཞེས་གྲགས་པ་ལྟར་དེ་དག་གི་ཆོས་བརྒྱུད་སློབ་བརྒྱུད་མཐའ་ཡས་པ་དང༌། ཁྱད་པར་ཟུར་མེས་དབོན་རྣམ་གསུམ་སྐབས་སུ་བོད་ལ་གསང་སྔགས་ཀྱི་བསྟན་པ་དར་ཚུལ་ཨཽ་ཌི་ཡཱ་ན་དང་མཚུངས་པར་གྲགས། དྲུག་པ་ཕྱི་རབས་ཀྱི་དུས་སུ་རྗེ་འབངས་རྣམས་ཀྱི་རྣམ་པར་འཕྲུལ་བ་སྐལ་ལྡན་གྱི་སྐྱེས་བུ་རིམ་པར་བྱོན་པ་རྣམས་ཀྱིས། གཏེར་དུ་སྦས་པའི་ཟབ་ཆོས་རྣམས་དུས་དང་འཚམ་པར་སྤྱན་དྲངས་ཏེ་བོད་ཁམས་མཐའ་དབུས་ཀྱི་སྐྱེ་དགུ་ཡོངས་ལ་འཕྲལ་ཡུན་གྱི་ཕན་བདེ་བླ་ན་མེད་པ་སྟེར་བཞིན་པར་སྣང་ངོ༌། །


ཞེས་གསུངས། དེ་ལ་སྐབས་འདིར་ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་གསུང་གི་ཆ་ཤས་བཏུས་ཏེ་སྔ་འགྱུར་པའི་ཆོས་ལ་ལོག་རྟོག་ཟློག་པའི་སྒོ་ཙམ་ཞིག་སྨོས་ན། གསང་སྔགས་སྔ་འགྱུར་པ་ཞེས་པའི་མཚན་གཞི་འཛིན་ས། ཆོས་རྒྱལ་སྲོང་བཙན་གྱི་དུས་ནས་བཟུང༌། ཁྲིའུ་སྲོང་ལྡེའུ་བཙན་གྱིས་དར་ཞིང་རྒྱས་པར་མཛད་པ་ནས། ཇོ་བོ་རྗེ་མ་བྱོན་ཡན་ཆད་དུ་བསྒྱུར་པའི་ཆོས་དང༌། དེ་ཕྱིན་ཆད་བསྒྱུར་པའི་ཆོས་ལ་གསར་མར་གྲགས་པ་ལས། སྔ་འགྱུར་གྱི་ཆོས་ཞེས་བྱ་བ། མདོ་སྡེ་སྣོད་གསུམ་དང༌། སྔགས་རྒྱུད་སྡེ་དྲུག་གིས་བསྡུས་པ་རྣམས་ཡིན། དེ་ལ་སྡེ་སྣོད་ཀྱི་ཆོས་རྣམས་བཀའ་ཡིན་མིན་སུས་ཀྱང་རྩོད་པ་མེད། སྔགས་ཐུན་མོང་བ་གསང་འདུས་སོགས་ནི་གསར་རྒྱུད་དུ་འདོད་ཀྱང་ཐུན་མོང་ཡིན། ཐུན་མིན་ནང་རྒྱུད་སྡེ་གསུམ་ནི་རྙིང་ཆོས་ཞེས་ཐེ་ཚོམ་བྱ་བའི་གཞི་ཡིན་ནོ། དེ་ལ་ལོག་རྟོག་སྐྱེ་བའི་ས་བོན་གང་ལས་བྱུང་ན། བསྟན་པ་ཕྱི་དར་གྱི་ཐོག་མར། གླང་དར་གྱིས་བསྟན་པ་བསྣུབས་རྗེས། ཀླུ་མེས་སོགས་ཀྱིས་དགེ་འདུན་གྱི་སྡེ་ཚུགས། སོ་ཐར་སྡོམ་པའི་བཀའ་མ་ཆད་ཀྱང་དགེ་འདུན་རྣམས་རང་རང་གི་རྟོག་ཆོས་འཆད། ལྟ་བ་ཐ་དད་མི་མཐུན་པར་གྱུར། ཤམ་ཐབས་སྔོན་པོ་ཅན་དང༌། ཨཱ་ཙརྱ་དམར་པོ་ཞབས་ཀྱིས་གསང་སྔགས་ཆགས་ལམ་བསྒྱུར་པས་མངའ་རིས་སྟོད་ཀྱི་དགེ་འདུན་རྣམས་ལ་ཆགས་ལམ་དར། སྔགས་པ་རྣམས་ཀྱང་སློབ་དཔོན་མེད་པར་རང་བློས་གཞལ་བའི་རྟོག་ཆོས་འཆད། སྦྱོར་སྒྲོལ་སོགས་སྒྲ་ཇི་བཞིན་པར་སྤྱོད་པའི་སྔགས་འཆལ་མང་པོ་བྱུང་བས་བོད་ཕལ་ཆེར་ཡིད་སུན། སྐབས་དེར་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་སྔགས་པ་རྣམས་ལ་བཀའ་ཤོག་བརྫངས་པར་མཛད་དེ། དེའི་ནང་ན་ཐུན་མོང་མདོ་ཡི་ལམ་རིམ་བཤད་ནས། དེ་དང་མི་ལྡན་པའི་སྔགས་སུ་ཁས་བླངས་ནས་སྦྱོར་སྒྲོལ་སོགས་བག་མེད་བྱེད་པ་བཀག་འདུག འདི་ལན་བཏབ་པའི་གནས་མིན་གདམས་པ་ཡིན། ལོ་ཆེན་རིན་ཆེན་བཟང་པོའི་སྔགས་ལོག་སུན་འབྱིན་ཡང་འདི་དང་འདྲ་སྟེ་རྙིང་མ་བཀག་པ་མེད་མོད། སྐབས་འདི་ཙམ་ནས་གསར་ལོ་རྣམས་རིམ་པར་བྱུང་སྟེ། དེ་རྣམས་རྒྱ་གར་དུ་སོང་ཆོས་ཅི་རིགས་བསྒྱུར།དེར་རྒྱ་གར་ན་ཡོངས་སུ་གྲགས་པ་རྣམས་བཟུང༌། མ་གྲགས་པ་གསང་རྒྱ་ཅན་རྣམས་མ་ཐོབ་པས་ས་བོན་བྱས། གསར་རྙིང་ཕན་ཚུན་ཆགས་སྡང་གིས་ང་བཟང་ང་ཆེའི་སྐབས་ཤིག ཆོས་དང་གང་ཟག་གི་བར་དུ་བདུད་ཀྱིས་དཀྲུགས་པའི་བློ་གྲོས་ཀྱིས། ནང་རྒྱུད་ཕལ་ཆེར་བོད་རྩོམ་ཡིན་ཞེས་བསྒྲགས། དེ་བསྒྲགས་མི་འགོས་ལྷས་བཙས་ཀྱིས་མཛད་དོ་ཟེར་བའི་འབྱམས་ཡིག་བཏང༌། དེའི་ཚིག་ལ་བརྟགས་ན། ལོ་ཙཱ་ཚོས་བརྩམས་ཆོས་ཡིན། རྒྱ་གར་ན་མི་འདུག པཎྜི་ཏ་ལ་དྲིས་ཀྱང་བུ་མི་བདེན་ཟེར་ཞེས་པ་ཙམ་ཕྲག་དོག་གི་བླུན་ཚིག་འདི་ལས་གཞན་རྒྱུ་མཚན་ཏིལ་འབྲུ་ཙམ་མི་སྣང༌། དེ་ནས་ཞི་བ་འོད་ཀྱི་བཀའ་ཤོག་སོགས་དང༌། དཔལ་འཛིན་སོགས་ཀྱིས་དགག་པ་རྩོམ་པ་ས་བོན་ཡིན། དེ་ལས་འཕྲོས་ཏེ་ཆགས་སྡང་ཅན་རྣམས་ཀྱིས་སྔ་ཆོས་ལ་ཁ་ཟེར་ཞིང༌། མི་ཤེས་པ་དག་གཡོམ་རྒྱུག་གིས་ཆོས་ཡང་དག་པ་མ་ཡིན་སྙམ་དུ་འཛིན་པ་འདི་བྱུང་བ་ཡིན། སྨྲ་བ་འདི་དོན་གནས་ཡིན་མིན་ཁོ་བོས་ཅུང་ཟད་དཔྱད་ཀྱི་བློ་ལྡན་གཟུ་བོར་གནས་པ་རྣམས་ཀྱིས་སུ་བདེན་ལེགས་པར་དཔྱོད་ཅིག གལ་ཏེ་ཆོས་མིན་ཞིག་ན་དེ་ཤེས་ན་ལོས་དགག མིན་ན་ཆོས་སྤང་གི་ལས་གསོག་པར་མི་རུང་བས། དེ་ལ་རྒྱ་གར་དུ་མེད་ཅེས་པ། བོད་ལོ་ཐག་རིང་རྐང་ཐང་ཞིག་གིས་རྒྱ་གར་ས་རྒྱ་ཐམས་ཅད་ཇི་ལྟར་ཆུམ་སྟེ།བོད་ས་རྒྱ་ཆུང་ངུའི་ཡུལ་ཐམས་ཅད་ཀྱང་རྐང་ཐང་རེ་ཟུང་གིས་ཨེ་ཆོད་སོམས། ནཱ་ལེནྡྲ་སོགས་ཆོས་སྡེ་ཆེ་བ་རྣམས་སུ་རྒྱལ་བཀའ་མཐའ་དག་ཕྱོགས་གཅིག་ཡོད་པའི་ངེས་པ་མེད་དེ། སྤྱིར་སངས་རྒྱས་ཀྱི་བཀའ་མདོ་རྒྱུད་ལ་ཚད་མེད། བྱེ་བྲག་ཕལ་ཆེན་དཀོན་བརྩེགས་སོགས་ཀྱི་མ་དཔེར་མངོན་པ་ལ་དགྲ་ལན་གསུམ་བྱུང་བ་ན་ནུབ་ཚུལ་དང༌། འབུམ་རྒྱས་པ་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་གདན་དྲངས་པ་ཡིན་ན། བོད་ལ་བསླེབས་པའི་གཙུག་ལག་ཁང་གཅིག་ན་མེད་ན་སངས་རྒྱས་ཀྱི་བཀའ་མིན་ངེས་འདི་བློ་རྒྱ་ཤིན་ཏུ་ཆུང་བ་བྱིས་པའི་ཅ་ཅོ་སྟེ། རྒྱ་གར་ན་ཡོད་པ་འདི་ཙམ་ཞེས། བོད་ཀྱི་བཀའ་བསྟན་ལྟར་དཀར་ཆག་ནི་ཡོད་པར་མ་བཤད།སྤར་འཁོད་དེ་ཕྱོགས་གཅིག་བསྡུས་པའང་ཡོད་པར་མ་གྲགས། གལ་ཏེ་ཅི་རིགས་བསྡུས་ཀྱང་མཐའ་དག་བསྡུ་ག་ལ་ནུས་ཏེ། བྲམ་ཟེའི་རྒྱལ་པོ་རྒྱལ་བཤེས་ཀྱི་བསྟན་པ་ཉམས་དམས་པར་བྱས་པའི་རྗེས། དགེ་སློང་རྣམས་ཀྱིས་ཡུལ་དང་གནས་སྣ་ཚོགས་པ་ནས། སྡེ་སྣོད་གསུམ་གྱི་གླེགས་བམ་བསྡུས་ནས། ཡུལ་བཅོམ་བརླག་ཏུ་ཡང་དག་པར་བསྡུ་བར་བྱས་པའི་ཚེ། གཞུང་བླ་མའི་གཞུང་མ་རྙེད་པས་བསྡུ་བའི་གཞི་ཉམས་པར་བཤད་པ་དང༌། གསང་སྔགས་ལའང་བདེ་མཆོག་འབུམ་པ་སོགས་མི་ཡུལ་དུ་མ་དར་བ་སོགས། བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་ཀྱི་ཚད་བདེ་མཆོག་སྡོམ་འབྱུང་དང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་སོགས་ལས་བཤད་པ་དེ་རྣམས་རྒྱ་གར་ནའང་དཔེར་འཁོད་པ་ཡང་དཀའ་ཞིང་མེད་ན། དེ་ཐམས་ཅད་རྒྱ་གར་ནས་མཐོང་བའི་ལོ་ཙཱ་བ་སུ་ཡང་མི་སྣང་ཞིང༌། སྔ་འགྱུར་དུ་བསྒྱུར་པའི་སྡེ་སྣོད་ཀྱི་ཆོས་ལའང་རྒྱ་དཔེ་བལྟས་ནས་འདྲ་བསྡུར་ནུས་མཁན་སུ་ཡང་མ་བྱུང༌། རྒྱ་དཔེ་ཀློག་ནུས་མཁན་ཀྱང་དཀོན་ན་གསང་སྔགས་ཀྱི་བཀའ་ཐམས་ཅད་ཡོད་མེད་ག་ལ་ཤེས། སྔགས་ཐམས་ཅད་སངས་རྒྱས་ཀྱི་སྐུ་དུས་ནས་པུསྟི་བྱས་ནས་གཙུག་ལག་ཁང་རེ་ན་བརྩིགས་ཡོད་པ་མ་རེད་གསང་སྔགས་ཕྱིར་འབྱུང་བར་ལུང་བསྟན་པ་ལྟར། སྡུད་པ་པོ་ཕྱག་ན་རྡོ་རྗེ་དང་དབྱིངས་ཀྱི་མཁའ་འགྲོའི་བཀའ་རྒྱ་དུས་སུ་ཁྲོལ་བའི་ཚེ། གྲུབ་པའི་དབང་ཕྱུག་རྣམས་ཀྱིས་རིམ་པར་སྤྱན་དྲངས་པ་ཡིན་ཏེ། གསང་འདུས་རྒྱལ་པོ་ཨིན་དྲ་བྷུ་ཏི་ལས་བརྒྱུད་དེ་ཨོ་རྒྱན་གྱི་ཡུལ་ནས་འཕགས་ཡུལ་དུ་དར་ཚར་རྗེས། རྡོ་རྗེ་འཇིགས་བྱེད་ལ་ལི་ཏས་བཙལ་བའི་ལོ་རྒྱུས་དང༌། དེའི་ཕྱིས་ཞིག་ན་དུས་ཞབས་པས་དུས་འཁོར་དྲངས་པ་སོགས་ཀྱིས་ཤེས་ནུས་ལ། དེས་ན་གཙིགས་ཀ་ཆེ་བ་ཐམས་ཅད་དེ་དུས་ཡོད་ཀྱང་མི་སྟོན་པའི་བཀའ་རྒྱ་ཡོད་པས་མི་བསྒྲག་པའང་སྲིད་དོ། །


དེའི་ཕྱིར་སངས་རྒྱས་ཀྱི་གསུང་ལ་ལོ་ཙཱ་རྐང་ཐང་ཚོས་གཙུག་ལག་ཁང་གཅིག་ན་གང་མཐོང་བ་དེ་ལས་གཞན་རྣམས་སངས་རྒྱས་ཀྱི་བཀའ་མིན་པར་ཐག་བཅད་པ་ནི་ཁྲོན་པའི་རུས་སྦལ་གྱི་རྣམ་ཐར་ཏེ། ས་པཎ་གྱིས། འདི་མཐའ་འདི་ཙམ་ཁོ་ནར་གནས་སོ་ཞེས། །


དེ་མཐའ་དེ་ཙམ་ཁོ་ནར་རྗེས་དཔག་ནས། །


འགྲོ་བའི་བླ་མའི་གསུང་ལས་བརྒལ་བ་སྟེ། །


དེས་ན་མཐའ་མིན་དགོངས་པ་དཔྱད་པར་བྱ། །


ཞེས་དང༌། ལེགས་པར་བརྟགས་ན་ཕྱོགས་རེའི་མིག་ཅན་ཡིན། །


ཞེས་གསུངས། གཞན་ཡང་ལོ་ཙཱ་བ་རེ་ཟུང་གིས་མ་མཐོང་ཞེས་པའི་ཚིག་གིས་ཆོས་མིན་པར་བྱ་ནུས་ན། སྔོན་གྱི་པཎ་གྲུབ་ཆེན་པོ་འཕགས་ཡུལ་ནའང་འགྲན་ཟླ་དང་བྲལ་བའི་པད་འབྱུང་བི་མ་སོགས་ཀྱིས་གཟིགས་ནས་བསྟན་པའི་ཆོས་དེས་ཅིའི་ཕྱིར་གོ་མི་ཆོད། འོ་ན་རྙིང་རྒྱུད་རྣམས་ཅི་ལྟར་ཡིན་སྨྲས་ཚེ། འགོས་ཀྱི་འབྱམས་ཡིག་ན་འདི་སྐད་དུ། གཤེད་སྐོར་རྣམས་གནུབས་ཀྱི་རྩོམ་ཆོས་ཡིན། རྫོགས་ཆེན་ནམ་མཁའ་ཆེ་སོགས་བཻ་རོས་རྩོམ་སོགས་བྱས་པ་མི་གཟོ་བའི་སྟེང་དུ་འཕགས་ཆེན་རྣམས་ལ་སྐུར་འདེབས་མི་བཟད་པས་རང་ལོག་ལམ་དུ་སོང་ནས། གཞན་བྱིས་པ་འབྲིད་པའི་ས་མཁན་བྱེད་པ་འདི་ཀྱེ་མ་ཧུད།བོད་ཕལ་ཆེར་སྐལ་བ་ཆུང་བས་ན། ལོ་ཙཱས་བསྒྱུར་ཚད་དེས་རྩོམ་མོ་ཟེར་ན། མདོ་ཕྱོགས་སྐ་ཅོག་སོགས་ཀྱིས་མ་བསྒྱུར་པ་མེད། ཐར་ལོའི་འགྱུར་ཕྲན་བཅུ་གསུམ་ཙམ་མིན་པ་གསར་འགྱུར་མེད་ལ། མདོ་ཕྱོགས་དཀར་ཆག་ཏུ་བཏབ་ཅིང་མ་སྦས་པས་སོ་སོའི་གཤམ་དུ་ཡོངས་གྲགས་ལ་འགྱུར་བྱང་ཀྱང་སྔར་ལྟར་འདུག་པ་འདི་ཚོ་ལོ་ཙཱ་དེ་རྣམས་ཀྱིས་རྩོམ་པ་ཨེ་རེད། འདི་འདྲའི་བླུན་གཏམ་མཁས་པའི་ཚོགས་སར་དབྱུང་རུང་ཡིན་མིན་དཔྱོད་ཅིགད་ནི་དེ་དག་གི་མཚང་བརྟོལ་ནས་བཤད་ཀྱིས་ཉོན་ཅིག སྔ་འགྱུར་པའི་སྔགས་རྒྱུད་རྣམས་ལོ་ཙཱ་བ་དེ་དག་གིས་རྩོམ་མོ་ཞེས་པའི་ཚིག་འདི་ལ་ཁྱོད་དན་དཔང་ཅི་ཡོད་འདྲི་སྟེ། རྒྱུ་མཚན་མེད་པའི་ཚིག་ནི་སྐུར་འདེབས་མི་བཟད་པར་འགྲོའོ། །


ཡོད་ན་རྒྱུད་དེ་རྩོམ་གྱིན་ཡོད་པར་ཁྱོད་ཀྱིས་མངོན་སུམ་དུ་མཐོང་ནས་དེ་ལྟར་བརྗོད་པ་ཡིན་ནམ། གཞན་ལས་ཐོས་ནས་སམ།རང་གིས་དཔྱད་ནས་བྱེ་བྲག་ཕྱེད་པའམ། ཡང་ན་མངོན་ཤེས་ཀྱིས་ཤེས་ནས་དེ་ལྟར་བརྗོད་པའི་ཐ་སྙད་བྱས་པ་ལས་མི་འདའ་ན། ཁྱོད་ཀྱིས་མཐོང་བ་ནི་མི་སྲིད་དེ། ཁྱོད་ཡོད་དུས་ལོ་ཙཱ་དེ་དག་མི་བཞུགས་པས་སོ། །


གལ་ཏེ་རྣ་བརྒྱུད་ལས་ཐོས་སོ་ཞེ་ན། ཁྱོད་ཀྱི་སྔོན་དུ་བྱུང་བའི་རིན་བཟང་སོགས་ལོ་ཙཱ་བ་རྣམས་ལ་ནི་དེ་ལྟར་མ་གྲགས་ན། ཁྱོད་ཀྱིས་གང་ལས་ཐོས། ཕྱིས་ཀྱི་པཎྜི་ཏའི་ནང་ན་གྲགས་ཆེ་ཞིང་ཚད་མར་གྱུར་པ། བོད་ཡོངས་ཀྱི་མགོན་པོ་བཀའ་དྲིན་མཚུངས་མེད་ཇོ་བོ་རྗེ་ལྟ་བུའི་ཞལ་ནས་སྔ་འགྱུར་གྱི་རྒྱུད་སྡེ་རྣམས་ལ་བསྔགས་པ་བརྗོད་ཀྱིས། བོད་ཀྱི་རྫུན་རྒྱུད་མ་གསུངས་ན་ཁྱོད་ཀྱིས་ཡིད་ཆེས་པའི་ངག་གང་ལས་ཐོས་བརྗོད་དང་རིགས་མི་རིགས་བརྟག་བྱའི་འོས་ཀྱང༌། དེ་འདྲའི་ཁུངས་སུས་ཀྱང་བཤད་རྒྱུ་མ་རྙེད་ན། རྒྱུ་མཚན་མེད་པར་ཁྱོད་ཀྱིས་ལོ་ཙཱ་བའི་རྩོམ་ཆོས་ཞེས་ཕྲག་དོག་གི་ཚིག་ཙམ་ནི། དེ་བདེན་པར་འཛིན་མཁན་སུ་ཞིག་ཡོད། ཁྱོད་ཀྱི་རིགས་པས་དཔྱད་ནས་རྒྱ་ཆོས་དང་བོད་ཆོས་འབྱེད་ག་ལ་ནུས་ཏེ་གཞལ་བྱ་ལྐོག་འགྱུར་ལ་སུས་རྩོམ་མ་རྩོམ་གྱི་གང་ཟག་གི་རྟགས་བསྟན་བཅོས་ལ་བཀོད་པ་མི་སྲིད་དོ། །


དེས་ན་རྩོམ་ཆོས་ཡིན་པར་བདག་གི་མངོན་ཤེས་ཀྱིས་ཤེས་སོ་སྨྲས་ན། ཁྱོད་དེ་འདྲའི་མངོན་ཤེས་བསླུ་མེད་ཅན་ཡིན་ན། གསང་སྙིང་རྨས་རྩོམ། པྲ་ཁོག་སྣང་གནུབས་ཀྱིས་རྩོམ་སོ་ཞེས་པའི་ངན་སྨྲས་འདི། ཕྱིས་ལོ་ཙཱ་བ་དང་པཎྜི་ཏའི་ཕྱག་ཏུ་རྒྱ་དཔེ་དངོས་སུ་བྱུང་ནས་བསྒྱུར་པས་ས་སྟེང་འདིར་ཉི་ཟླ་ལྟར་གྲགས་ཏེ།སྔར་སྐུར་འདེབས་བྱས་པ་ཐམས་ཅད་ཅིག་ཅར་བསལ་བ་འདིས། ཁྱོད་ཀྱི་དམ་བཅའ་དེའི་མཚང་བུད་པ་འདི་འདྲ་ག་ལས་བྱུང༌། དེས་ན་མུ་སྟེགས་པ་རྣམས་ཀྱིས། སྟོན་པ་ཤཱཀྱའི་རྒྱལ་པོ་ལ་སྒྱུ་མ་ཤེས་པ། འཁོར་སྒྱུ་མས་ཁ་འབྲིད་པ་ཞེས་སོགས་སྐུར་བ་འདེབས་པ་དང་འདྲ་སྟེ།སྐྱེ་བོ་སྐལ་དམན་བློ་ཞན་རྣམས་ལོག་ལམ་དུ་བསྒྱུར་བའི་བདུད་ཀྱི་གསང་ཚིག་བརྟགས་ན་དོན་གྱིས་དབེན་པའི་བླུན་གཏམ་ངོ་ཚ་བ་འདི་འདྲ་སོར་བཞག་གིས་རྗེས་བརྗོད་བྱེད་པ་རྣམས་ཀྱང་ངོ་མི་ཚའམ། མཁས་པའི་ཚིག་ལ་རིགས་པའི་རྒྱུ་མཚན་ཡོད་ན། རྒྱུ་མཚན་མེད་པའི་ཅ་ཅོ་ནི་བརྟགས་ན་བཞད་གད་ཀྱི་གནས་སོ། །


དེས་ན་དེ་འདྲའི་བརྗོད་པ་ལ་སྒྲུབ་བྱེད་གཏན་ཚིགས་མེད་པས་ཅི་ཡང་འགྲུབ་པར་མི་ནུས་སོ། །


དེ་ལ་གནོད་བྱེད་ཀྱི་རིགས་པ་གཞན་ཡང་ཡོད་དེ། སྔར་གྱི་ལོ་ཙཱ་འཕགས་ཆེན་སར་བཞུགས་དེ་དག་གིས་བརྫུན་རྒྱུད་ཅིའི་ཕྱིར་རྩོམ་པའི་རྒྱུ་མཚན་བརྗོད་དགོས་ན་རྒྱུ་མཚན་སྨྲོས་ཤིག དེ་ཡང་རྒྱལ་བསྟན་ལ་ཐོ་བཙམས་པའི་བདུད་ཀྱི་ལས་སྤེལ་བ་ནི་མ་ཡིན་ཏེ། དེ་དུས་རྫུན་ལུང་རྩོམ་པའི་དུས་མ་ཡིན། ཡིན་ན་མདོ་ཕྱོགས་ཐམས་ཅད་ཀྱང་ཅིས་མ་རྩོམ་སྟེ། སྔགས་རྒྱུད་ཁོ་ན་རྩོམ་པའི་དགོས་པ་དང་རྒྱུ་མཚན་ཁྱེད་ལ་བརྗོད་རྒྱུ་མེད་དོ། །


རྙེད་པའི་ཕྱིར་ནི་མ་ཡིན་ཏེ། དེ་དུས་རྫུན་ལུང་རྩོམ་པས་རྙེད་པ་ཕར་ཞོག ཆོས་རྒྱལ་བཀའ་བཙན་པས། རྒྱ་ཆོས་རྣམས་བམ་བོའི་གྲངས་སོགས་སུ་བཅད་དེ་ཚིག་ལྷད་ཕྲ་མོ་མི་འཇུག་པའི་ཞིབ་ཆ་ཡོད་པ་དང༌། འཕགས་ཡུལ་པཎ་ཆེན་གྲུབ་པའི་དབང་ཕྱུག་དུ་མ་དཔང་པོར་བཞུགས་བཞིན་པ་ཡིན་པ་དང༌། ཆོས་ཀྱི་རྒྱལ་པོ་འཇམ་དཔལ་དབྱངས་ཉིད་བཞུགས་ནས་ཆོས་ཀྱི་འཆད་ཉན་བྱེད་པའི་སྐབས་ཡིན་པས་རྫུན་ལུང་གིས་རྙེད་པ་འབྱུང་བའི་དུས་མ་ཡིན་ཏེ། རྨས་གསང་སྙིང་རྩོམ་པས་རྒྱལ་པོའི་ཆད་པས་མི་ལོ་བཅུ་གཉིས་གབ་དགོས་བྱུང་ཞེས་དཔལ་འཛིན་གྱིས་སུན་འབྱིན་བརྗོད་པ་ནི། དེ་དུས་རྫུན་ཆོས་སྤེལ་བའི་དབང་མེད་པའི་དན་རྟགས་སུ་སོང་གི་སུན་འབྱིན་དུ་མ་སོང་སྟེ་རང་ཚིག་དངོས་ཤུགས་འགལ་བས་ཤེས་པར་ཟད། སྤྱིར་ཡང་རྒྱལ་པོ་བཀའ་བཙན་པས་རྨ་རིན་ལོ་བཅུ་གཉིས་སུ་གབ་དགོས་བྱུང་ན། གནུབས་དང་བཻ་རོ་སོགས་ཀྱིས་དེ་བས་མང་བའི་རྒྱུད་རྩོམ་པ་ཆོས་རྒྱལ་གྱིས་མ་དགོངས། པད་འབྱུང་གིས་མ་གསན་ནམ། གསན་ནས་ཤེས་ཀྱང་རྫུན་རྒྱུད་མི་འགོག་ན་རྨ་རིན་ལ་ཆད་པ་ཅི་སྟེ་འོང༌། རང་ཚིག་དངོས་འགལ་འདི་འདྲ་མ་སྨྲས་ཐབས་མེད་ཅི་འདུག པཎ་གྲུབ་ཆོས་རྒྱལ་དེ་རྣམས་ཀྱི་དུས་སུུ་མ་དགོངས་པ་རྗེས་སུ་ཁྱེད་ཀྱིས་ཤེས་སོ་སྨྲས་པའི་ཚིག་དེར་བརྟག་དཔྱད་མི་ཤེས་པའི་བྱིས་པ་དག་ལས་བརྟག་དཔྱད་ཅུང་ཟད་ཡོད་པ་སུ་ཞིག་ཡིད་ཆེས་པར་འགྱུར། ཁྱོད་ཀྱི་རྒྱུད་རྣམས་ཀྱང་ལོ་ཙཱ་སོ་སོས་བྱས་སོ་ཞེས་བརྗོད་ནའང་མཚུངས་པས། འདི་འདྲའི་ཚིག་ཙམ་གྱིས་ཕན་ཚུན་སུན་འབྱིན་ཅི་ཡང་མི་ནུས་པས་དོན་ཅི་ཡང་མེད་དོ། །


སེམས་ཅན་ལ་ཕན་པའི་ཕྱིར་ནི་བཀའ་མིན་ལ་བཀར་བཏགས་ཏེ་སངས་རྒྱས་ལ་རྫུན་གྱིས་སྐུར་ཞིང་ཆོས་ལ་དབང་ཟ་བའི་དམྱལ་བའི་རྒྱུ་དེ་འདྲ་མཁས་ཤིང་གྲུབ་པ་བདག་ཉིད་ཆེན་པོ་དག་གིས་ག་ལ་མཛད་དེ་སྐུར་འདེབས་འབའ་ཞིག་ཏུ་ངེས་ནུས་སོ། །


དེ་དུས་ཀྱི་གང་ཟག་དམ་པ་དེ་དག་གིས་དེ་ལྟར་རྫུན་ཆོས་སྤེལ་ན། ཕྱིས་སུ་ཁྱོད་རྒྱ་གར་དུ་ཕྱིན་ནས་ངས་སྒྱུར་ཟེར་བ་ཚོ་ལ་དན་དཔང་མཁས་གྲུབ་སུ་ཡོད། ཆོས་ཀྱི་རྒྱལ་པོས་ཆོས་གྲལ་བཞག་པའི་བཀའ་ཐེམ་མི་སྣང༌། ལོ་ཙཱ་བ་དེ་ཚོས་རྫུན་ཆོས་མི་རྩོམ་པའི་རྒྱུ་མཚན་ཅི་ཡང་མེད་པས། སྔ་འགྱུར་པས་ཀྱང་གསར་འགྱུར་ལ་ཐེ་ཚོམ་ཅིས་མི་ཟ།དེས་ན་དེ་འདྲའི་ཚིག་ཕྲག་དོག་གིས་བསླངས་ཀྱང་མཐར་རང་སྨ་འབེབ་བྱེད་དུ་འགྱུར་རོ། །


དེས་ན་ཁྱེད་ཅག་གི་སྨྲ་ངན་དེ་ལ་སྒྲུབ་བྱེད་མི་སྲིད་པས་སྨྲ་བཅད་བྱིན་པ་ཡིན་ནོ། །


རང་ལུགས་སྔ་འགྱུར་གྱི་ཆོས་དེ་རྣམ་དག་ཡིན་པའི་སྒྲུབ་བྱེད་འགོད་པ།


ད་ནི་རང་ལུགས་སྔ་འགྱུར་གྱི་ཆོས་དེ་རྣམ་དག་ཡིན་པའི་སྒྲུབ་བྱེད་འགོད་པ་ལ། གང་ཟག་དང༌། ལུང་དང༌། རིགས་པའི་དན་དཔང་གསུམ་ཡོད་དེ། དང་པོ་ནི། སྔ་དུས་ཀྱི་པཎ་ཆེན་ལོ་ཙཱ་ཆོས་རྒྱལ་གདན་འཛོམས་དུས་སུ་བསྒྱུར་བ་འདི་དག་ནི་གང་ཟག་ཁྱད་པར་ཅན་དེ་དག་དན་དཔང་ཡོད་པས་ཡིད་ཆེས་སུ་རུང་བ་ཉིད་དེ། དེ་དུས་ཆོས་མིན་མི་སྤེལ་བར་ངེས་ཤིང༌། རྫུན་ཆོས་དར་བར་བྱར་མེད་པའི་བཀའ་བཙན་ཁུངས་བཙུན་གྱི་རྒྱུ་མཚན་ཡོད་པའི་ཕྱིར། དཔེར་ན་ཁྱོད་ཀྱིས་རྒྱ་གར་ནས་བྱུང་བ་ཙམ་གྱིས་ཆོས་རྣམ་དག་གི་ཁུངས་སུ་རུང་ན། རྒྱ་གར་ནས་བྱུང་ཚད་ཆོས་རྣམ་དག་ཡིན་པའི་རྒྱུ་མཚན་གཞན་མེད་དེ། འཕགས་ཡུལ་གྱི་པཎ་གྲུབ་ཚད་མ་ལས་བརྒྱུད་པ་ཉིད་རྒྱུ་མཚན་ཡིན་ཏེ། འཇིགས་བྱེད་དང༌། དུས་འཁོར་ལྟ་བུ་རྒྱ་གར་དུ་གསར་དུ་བྱུང་མོད། ལ་ལི་ཏ་དང༌། དུས་ཞབས་པ་སོགས་གང་ཟག་ཚད་མ་ལས་བརྒྱུད་པའི་ཕྱིར་རྒྱ་བོད་སུས་ཀྱང་ཐེ་ཚོམ་མི་ཟ་བ་བཞིན་ནོ། །


གལ་ཏེ་གང་ཟག་ཚད་མས་མ་གྲུབ་ན།འཇིགས་བྱེད་ལ་ལི་ཏས་རྩོམ་པ་དང༌། དུས་འཁོར་དུས་ཞབས་པས་རྩོམ་པ་དང༌། འབུམ་རྒྱས་པ་ཀླུ་སྒྲུབ་ཀྱིས་རྩོམ་པ་སོགས་སུ་ཅིས་མི་འགྱུར་ཏེ་རྒྱུ་མཚན་མཚུངས་པས་འདི་འདྲའི་སྨྲ་ངན་དེ་ཁྱོད་ལ་སུས་བགོས་པ་ཡིན། རྒྱ་གར་བས་རྒྱུད་མི་རྩོམ་ལ། བོད་ཀྱིས་རྩོམ་པའི་ངེས་པ་ཡོད་ན་སྨྲོས་ཤིག ཁྱོད་ཕྱིར་རྒོལ་མཁན་པོ་ལ་སྨྲ་རྒྱུ་ཡོད་ན་སྨྲ་བའི་དུས་ཡིན་ཏེ་སྨྲ་ལྕེ་ནང་དུ་བསྡུ་བའི་དུས་མིན་མོད། སྨྲ་རྒྱུས་དབུལ་ན་སྨྲ་བཅད་ལས་འོས་མེད་དོ། །


གཞན་ཡང་སངས་རྒྱས་འདས་ནས་ལོ་བདུན་བརྒྱ་ན་བདུད་སྡིག་ཅན་གྱི་བཀའ་ལ་ལྷད་ཞུགས་ཚུལ་ལུང་བསྟན་པ་དང༌། དགེ་སློང་ལྷ་ཆེན་པོས་ཧུ་ལུ་ཧུ་ལུ་སོགས་རུང་བ་མ་ཡིན་པའི་གཞི་བཅུ་བསྒྲགས་པ་དང༌། བྲམ་ཟེ་རྒྱལ་བཤེས་ཀྱིས་གསུང་རབ་ཀྱི་གླེགས་བམ་བསྡུས་ནས་མེར་བསྲེགས་རྗེས། འདུལ་བ་གཞུང་བླ་མའི་དཔེ་བཙལ་ཀྱང་མ་རྙེད་ནས། ཁ་ཆེའི་ཡུལ་དུ་དགེ་སློང་ཞིག་གིས་གཞུང་བླ་མ་འདོན་ཏོ་ཞེས་ཐོས་ནས་དགེ་སློང་རྣམས་དེའི་དྲུང་དུ་ཕྱིན་པ་ན།དེས་སྨྲས་པ། ཅུང་ཟད་ཅིག་ནི་དྲན། ཅུང་ཟད་ཅིག་ནི་མི་དྲན་ནོ། །


དེ་དག་གིས། ཇི་ལྟར་དྲན་པ་དེ་ཁོ་ན་བཞིན་ཐོན་ཅིག དེས་ཀྱང་དེ་ལྟར་ཁ་ཏོན་བྱས་ཏེ། ཕྱིས་ཚིག་དང་དོན་གྱི་སྒོ་ནས་རྣམ་པར་དཔྱད་དེ་སྦྱར་བར་བྱའོ་སྙམ་དུ་བསམས་ནས་བྲིས་པ་ལས། ཕྱིས་འཕྲལ་གྱི་བྱ་བས་རྣམ་པར་གཡེངས་ནས། དུས་རིང་མོ་ཞིག་གི་བར་དུ་ཇི་ལྟ་བ་བཞིན་མ་འགྲུབ་ཅིང༌། དགེ་སློང་གཞན་དག་ཀྱང་ཡུལ་གཞན་དུ་འདོན་པར་གྱུར་ཏེ། དེའི་ཕྱིར་ཡང་དག་བསྡུ་བའི་གཞི་ཉམས་པས། གཞུང་བླ་མ་འདི་ལ་འདོན་པ་ཡང་རྣམ་པ་དུ་མ་ལ། དོན་ཡང་རྣམ་པ་དུ་མ་སྟེ། དེའི་ཕྱིར་བཙུན་པ་ཡོན་ཏན་འོད་ཀྱིས་འདུལ་བའི་བཤད་པ་ལས། ཡང་དང་ཡང་དུ་ཞུས་པ་ལས་འདི་སྐད་འབྱུང་ངོ་ཞེས་གསུངས་པ་དང༌། ཨ་བྷ་ཡས། ཐིག་ལེ་མང་ཉུང་ཡོད་པ་ཡིག་སྐྱོན་སོགས་རྒྱ་གར་ན་ཡང་ཡོད་པར་བཤད། རྒྱ་ལས་བྱུང་ཚད་ཆོས་རྣམ་དག་ཡིན་པར་བསྒྲུབ་པར་ག་ལ་ནུས་ཏེ། མུ་སྟེགས་པའི་གཞུང་ཐམས་ཅད་རྒྱ་གར་ནས་བྱུང་ཡང་སངས་རྒྱས་ཀྱི་བཀའ་དང༌། དེའི་དགོངས་འགྲེལ་དུ་མི་འདོད་པ་བཞིན་ནོ། །


དེས་ན་རྒྱ་གར་གྱི་ཡུལ་ཕལ་ནས་བྱུང་བ་ཙམ་ཁུངས་སུ་བྱེད་པ་ལས། རྒྱ་གར་གྱི་པཎ་གྲུབ་ཀུན་གྱི་ནང་ན་ཉི་ཟླ་ལྟར་འཕགས་པའི། མཁན་སློབ་གཉིས་དང༌། བི་མ་མི་ཏྲ། སངས་རྒྱས་གསང་བ། ཛི་ན་མི་ཏྲ་སོགས་གང་ཟག་དམ་པ་འདི་རྣམས་དང༌། ས་བཅུའི་དབང་ཕྱུག་སྤྲུལ་པའི་སྐུ་བཻ་རོ་ཙཱ་ན་དང༌། སྐ་ཅོག་སོགས་ཀྱིས་འགྱུར་བ་ཉིད་ཁུངས་སུ་ཆེ་དགོས་ཏེ་རྒྱ་གར་རང་ནའང་དེ་ལས་ལྷག་པའི་སྒྲུབ་བྱེད་མེད་དོ། །


གཞན་ཡང་རྒྱ་གར་ནས་མ་བྱུང་ཞེས་པའི་མཚང་རྐུབ་རྡོལ་ཞིང་བྱུང་བའི་རྒྱུ་མཚན་ཡོད་དེ། གསང་སྙིང་རྨ་རིན་གྱིས་བརྩམས་པར་བསྒྲགས་ཀྱང༌། ཕྱིས་བསམ་ཡས་ནས་གསང་བ་སྙིང་པོའི་རྒྱ་དཔེ་ཁ་ཆེ་པཎ་ཆེན་གྱི་ཕྱག་ཏུ་བྱུང་བ་རྟ་སྟོན་གཟི་བརྗིད་ལ་བབས། དེ་ནས་ཤ་གད་ལོ་ཙཱ་ལ་བྱུང་བ། བཅོམ་ལྡན་རིག་པའི་རལ་གྲིས་བླངས་ཏེ་འགྱུར་བཅོས་དང་སྔར་མ་འགྱུར་བའི་ལེའུ་གཉིས་འགྱུར། གསང་སྙིང་སྒྲུབ་པ་རྒྱན་གྱི་མེ་ཏོག་ཞེས་པའི་བསྟན་བཅོས་ཀྱང་མཛད་དེ་དྲིལ་བསྒྲགས། རྒྱུད་ཕྱི་མ་ཐར་པ་ལོ་ཙཱས་བསྒྱུར་པ་དང༌། བལ་པོ་བྷི་ཧ་ར་ནས་གློ་བོ་ལོ་ཙཱ་བ་དཔལ་ལྡན་བྱང་ཆུབ་ཀྱིས་རྙེད་པའི་རྒྱ་དཔེ་ལས་འབྲི་གུང་ལོ་ཙཱ་བ་མ་ཎི་ཀ་ཤྲཱི་ཛྙཱ་ནས་ཟུར་མཁར་དགའ་ལྡན་གླིང་དུ་བསྒྱུར་པ་དང༌། དེར་མ་ཟད་རྡོ་རྗེ་བཞད་པས་མཛད་པའི་གསང་འདུས་ཀྱི་འགྲེལ་པ་དང༌། འདུས་པ་ཕྱི་མའི་འགྲེལ་པ་སློབ་དཔོན་བི་ཤྭ་མི་ཏྲས་མཛད་པ་དང༌། བརྒྱ་བྱིན་སྡོང་པོས་མཛད་པའི་མཉམ་སྦྱོར་འགྲེལ་པ་སོགས་སུའང་གསང་སྙིང་གི་ལུང་མང་དུ་དྲངས་ཤིང༌། པཎ་ཆེན་ཇོ་བོ་རྗེས་ཀྱང་ལམ་སྒྲོན་གྱི་རང་འགྲེལ་དུ་རྒྱུད་འདིའི་ལུང་དྲངས་ཤིང་ཚད་མར་མཛད། དེ་བཞིན་དུ་པདྨའི་ཐུགས་དམ་གཤིན་རྗེ་པྲ་ཁོག་སྣང་བའི་རྒྱུད་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་བརྩམས་པར་བསྒྲགས་ཀྱང༌། རྒྱུད་དེ་སློབ་དཔོན་ཤནྟི་པས་སྤྱོད་རྒྱུད་དུ་བཀྲལ་ཅིང་སློབ་དཔོན་དཔལ་འཛིན་གྱིས་བྱ་རྒྱུད་དུ་བཞེད་དེ་རྒྱ་དཔེའི་དངོས་པོས་ཁུངས་བརྟོལ། གཞན་ཡང་འགོས་ཀྱིས་རྒྱལ་བུ་སྤྲིན་གྱི་ཤུགས་ཅན་ལས་གཤིན་རྗེའི་འཆར་ཀའི་རྒྱུད་སྒྲུབ་ཐབས་མདོས་གཞུང་སོགས་ཞུས་པ་འཆར་ཀ་འགོས་ལུགས་སུ་གྲགས་པ་དང༌། ཁ་ཐུན་སྐོར་རང་སློབ་རྡོག་ཝ་བ་ཅན་ལ་བརྒྱུད་པ་དེང་སང་གི་བར་དུ་ཡོད་པ་དང༌། ཡང་དག་མེ་གཅིག་ཐོད་གཅིག་སྐོར་པཎ་ཆེན་ཤཱཀྱ་ཤྲཱི་དང་ཁྲོ་ཕུལ་ལོ་ཙཱས་བསྒྱུར། ས་སྐྱ་པཎྜི་ཏས་ཕུར་པ་རྩེ་དུམ་གྱི་རྒྱུད་ལ་འགྱུར་བཅོས་མཛད་པ་སོགས་རྙིང་ཆོས་ཕྱིས་གསར་དུ་བསྒྱུར་པ་དང་འགྱུར་བཅོས་མཛད་པའང་མང་དུ་མཆིས་ཤིང༌། དེས་མཚོན་ནས་རྒྱ་གར་དང་ཨོ་རྒྱན་སོགས་ཐམས་ཅད་དུ་རྒྱུ་ནུས་ཤིང་བཀའ་ཡི་གཉེར་ཁ་བ་མཁའ་འགྲོའི་ཚོགས་དབང་དུ་ཁོལ་ནུས་པ་ཞིག་ཡིན་ན། རྙིང་རྒྱུད་ཐམས་ཅད་ལའང་རྒྱ་དཔེ་དང་མཁའ་འགྲོའི་གསང་མཛོད་ཀྱི་དཔེ་ཡོད་པ་གོར་མ་ཆག་སྟེ་ཅི་རིགས་པ་བོད་དུ་བསྒྱུར་པ་འདིས་དན་དཔང་བྱས་པ་ཡིན་ནོ། །


དེས་མི་ཆོག་པ་རེ་རེ་བཞིན་དུ་རྒྱ་དཔེ་རེ་རེ་གསར་དུ་མ་མཐོང་བར་ཡིད་མ་ཆེས་ན། ཕྱིས་ཀྱི་བསྒྱུར་པའི་ཆོས་ཐམས་ཅད་ལ་རྒྱ་དཔེ་རེ་རེ་སྟོན་རྒྱུ་ཁྱེད་ཚོ་ལ་ཡོད་དམ་སོམས་ཤིག མཁས་གྲུབ་ཨོ་རྒྱན་པས། བལ་པོ་ན་རྒྱ་དཔེ་མང་དུ་འདུག་པ་ལ། ངས་བོད་ཀྱི་སྔགས་པ་རྣམས་ལ། ཁྱེད་རང་ཚོ་མང་ཡུལ་དུ་འདེང༌། ངས་རྙིང་མའི་པཎྜི་ཏ་དང་རྒྱ་དཔེ་ཚུར་དགུག ལོ་ཙཱ་བ་ངས་བྱས་ཏེ་བསྒྱུར་བྱས་པ་ལ། བོད་ཀྱི་སྔགས་པ་རྣམས་བུ་སྨད་གསོ་བས་གཡེངས་ཏེ་མ་འགྲུབ། ད་དུང་འགྱུར་མང་དུ་བྱ་རྒྱུ་འདུག་པ་ལ་གསུངས་ཤིང༌། ལོ་ཙཱ་བ་གཟུས་དགའ་རྡོར་གྱིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ན་ལྷ་ཁང་ལ་རྒྱུད་ཀྱི་པུསྟི་ཆར་བབས་པའི་རི་མོ་བྲིས་པ་མཐོང་བ་དང༌། ལོ་ཙཱ་བ་འགའ་ཞིག་གིས་རྒྱ་གར་གྱི་པཎྜི་ཏའི་ཕྱག་དཔེའི་ནང་རྙིང་མ་བཀའ་བརྒྱད་ཀྱི་སྒྲུབ་ཐབས་ཉུང་ངུ་རེ་མཐོང་ཡང༌། པཎྜི་ཏ་ལ་དྲིས་དུས། མི་ཤེས་མི་ཤེས་སྔར་གྱི་བླ་རྒན་ཚོའི་རེད་ཟེར་ནས་གསང་བས་ཟབ་ཆོས་ཡིན་པའི་ལོ་རྒྱུས་དང༌། དེར་མ་ཟད་རྙིང་མའི་ཚེ་བདག་གནུབས་ཀྱིས་རྩོམ་པར་འགོས་ལྷས་བཙས་ཀྱིས་འདོད་བཞིན། ཁོ་རང་ལ་རྙིང་མའི་མཐུ་རྟགས་བྱུང་ནས་རྒྱ་གར་དུ་དེ་ལ་ཕན་པའི་ཟབ་ཆོས་ཚོལ་དུ་ཕྱིན་པའི་ཚེ་པཎྜི་ཏ་ནག་པོ་པས་རྙིང་མའི་ཚེ་བདག་གནང་སྟེ་ལོ་ཙཱ་བ་ཁོང་ཉིད་ཀྱིས་བསྒྱུར་པ་ད་ལྟ་བསྟན་འགྱུར་ཁྲོད་ན་ཡོད་པ་དེས་དན་དཔང་བྱས་པ་ཡིན། འགོས་འདི་ལོ་ཙཱ་བ་མཁས་པ་ཞིག་ཡིན་ཚོད་ཀྱང༌། རྙིང་མ་ལ་ཞེ་ སྡང་བ་སྔོན་ཟུར་པའི་ཆོས་གྲལ་ནས་ཕུད་པའི་ཞེ་ནད་ཀྱིས་ཁ་ནས་སྐུར་འདེབས་མང་པོ་སྨྲ་བ་ཞིག་ཡིན་ཚོད་གདའ་སྟེ། མི་གཤིས་ཞིག་གི་དེ་འདྲ་ཡིན་པར། ག་ཡ་ངྷ་ར་ལའང་སྐུར་པ་བཏབ་ཚུལ་དང༌། འབྲོག་མི་ལོ་ཙཱ་བའི་གམ་དུ་བྱོན་དུས་སུའང་ཆོས་འགའ་མ་གནང་བས་ཐུགས་མུག་སྟེ་རྒྱ་གར་དུ་གསུང་བ་ནའང༌། སློབ་གཉེར་ཕུལ་ཕྱིན་ཅིག་མ་བྱུང་ན་འབྲོག་སྡོམ་དེ་ལ་ངོ་ཚ་བ་ཡོད་ཅེས་རང་གི་བླ་མ་ལའང་སྐུར་འདེབས་མཛད་པ་ཞིག་ཡིན་པར་གྲགས་ལ། འོན་ཀྱང་འབྱམས་ཡིག་འདི་འགོས་ལོ་དངོས་ཀྱི་མིན་པར་ཁ་གཡར་བ་གཞན་ཞིག་གིས་བྱས་ཟེར་བ་བདེན་ཤས་ཆེ་སྟེ། འབྱམས་ཡིག་འདི་ལ་བླུན་པོ་ཅི་ཡང་མི་ཤེས་པ་ཞིག་གི་ཚིག་དངོས་སུ་གསལ་འདུག་པས་སོ། །


གལ་ཏེ་འགོས་ལོ་ཡིན་ནའང་མ་བརྟགས་གྱ་ཚོམ་གྱི་ཚིག་ཕྲག་དོག་ཁོ་ནས་སྨྲས་པ་རང་མཚང་སྟོན་བྱེད་དུ་སོང་བ་དངོས་གསལ་འདི་འདྲའོ། །


དེ་བཞིན་དཔལ་འཛིན་གྱི་རྩོད་ཡིག་ཆོས་དང་ཆོས་མ་ཡིན་པ་རྣམ་པར་དབྱེ་བའི་རབ་ཏུ་བྱེད་པ་ཞེས་པ་དེ་འདི་ནི། རྙིང་བསྟན་ལ་སྙིང་ནས་ཞེ་སྡང་དྲག་པོས་སྨྲས་པ་དངོས་སུ་གསལ་ལ།དེ་ཡང་རང་གི་སློབ་དཔོན་ལ་ཞེ་སྡང་བས་ཡིན་ཚུལ་བཤད། གང་ལྟར་ཡང་ཆོས་ལ་ཞེ་སྡང་བས་མཐར་ལས་{ལུས}དེས་ས་གས་ནས་སོང་བའི་ཤུལ་དེང་སང་ཡང་ཡོད་ཚུལ་ལྔ་པ་རིན་པོ་ཆེ་སོགས་ཀྱིས་གསུངས་ཤིང༌། ཁ་ཅིག་ས་སྤྱོད་དུ་གཤེགས་ཟེར་ཡང༌། ལྷས་བྱྀན་ལྟར་ཡིན་ནམ། རྙིང་མའི་མཐུ་ཅི་ཡིན་ཡང་རུང༌། རྡོ་རྗེའི་དམྱལ་བ་ཨ་ལ་ལ་ཞེས་ཁྲག་གིས་བྲིས་པའི་རྡོ་ཆར་བབ་སྟེ་ས་འོག་ཏུ་སོང་བ་ནི་རྫུན་གཏམ་མ་ཡིན་ཏེ། ལོ་རྒྱུས་འདི་ལྟར་གྲགས་པ་ལ།ཕྱིས་སྟག་ལུང་ངག་དབང་གྲགས་པས་ཞིབ་ཏུ་རྩད་གཅོད་མཛད་པས། ཁུངས་ཐུབ་མང་པོས་བདེན་པར་གླེང་གི་འདུག་གསུངས། རྙིང་མར་ཁ་ཟེར་བའི་ཐོག་མ་ཡིན་པར་འདུག ལོ་ཆེན་རིན་བཟང་དང༌། ཡེ་གྲགས་ཡེ་ཤེས་འོད་སོགས་ཀྱིས་སྔགས་འཆལ་ཆེས་བཀག་པའི་བདེན་གསུང་རང་གཞན་སུས་ཀྱང་དེ་ལྟར་ཤེས་དགོས་པ་ཞིག་འདུག་གོ །དཔྱད་ན་གང་ཟག་གི་རྒྱུད་དང་ཆོས་འཛོལ་བའི་སྔགས་ལོག་སུན་འབྱིན་ཡིན་གྱི་རྙིང་ཆོས་ལ་སྐུར་འདེབས་གཏན་ནས་མེད་དོ། །


མི་ཤེས་པ་དག་གིས་དེ་དག་རྙིང་མ་བཀག་པ་ཡིན་པར་སེམས་ཀྱང༌། དེའི་ཚིག་ལ་དཔྱོད་དང་ཆོས་ལ་སྐུར་འདེབས་གཏན་མེད། ཞི་བ་འོད་ཀྱིས་རྙིང་རྒྱུད་རྣམས་རྩོམ་ཆོས་ཡིན་ཞེས་འགོག་པའི་དམ་བཅའ་ཙམ་ལས་རིགས་པ་ཅི་ཡང་མེད། དཔལ་འཛིན་གྱིས་སུན་འབྱིན་མི་རིགས་པ་སྣ་ཚོགས་སྨྲས་པ་ནི་རིགས་པས་སུན་དབྱུང་སླ་བ་འབའ་ཞིག་སྟེ། མཁས་གྲུབ་ཆེན་པོ་སོག་བཟློག་པས་ཀྱང་ལན་ལེགས་པར་གདབ་པས་ཆོག་པར་གདའ། གཞན་རྒྱ་ར་ཀློང་ཆེན་པ་སོགས་སྔ་ཕྱིའི་མཁས་པས་མཛད་པའི་རྩོད་ལེན་དུ་མ་ཡོད་དོ། །


གཉིས་པ་ལུང་གི་དན་དཔང་ནི། གསར་རྒྱུད་ཐམས་ཅད་ཀྱི་རིམ་གཉིས་རྣལ་འབྱོར་བཤད་པ་དང་རྙིང་རྒྱུད་ཕྱོགས་མཐུན་ལ། དེ་དག་གི་གནད་ཟབ་མོ་རྒྱུད་འདི་དག་ཏུ་གསལ་བས། རྒྱུད་འདི་དག་ཡིན་ན་ཡིན་མཉམ་མིན་ན་མིན་མཉམ་སྟེ་ལུང་གི་དཔང་པོའོ། །


ཁྱད་པར་རྫོགས་ཆེན་ཆོས་སྐད་ཐུན་མིན་རྣམས། མཐར་ཐུག་གི་གསང་ཆེན་འབྲས་བུའི་ལུང་རྣམས་ཀྱིས་སྒྲུབ་པར་ནུས་ཤིང༌། ཆོས་སྐད་ཟུར་པ་རེ་ཟུང་གསར་རྒྱུད་ཡོངས་གྲགས་རེ་ཟུང་དང་མི་འདྲ་བས་སངས་རྒྱས་ཀྱི་བཀའ་མིན་སྙམ་པ་བློ་རྒྱ་ཤིན་ཏུ་ཆུང་བ་བྱིས་པའི་གཏམ་སྟེ། སངས་རྒྱས་ཀྱིས་གསུང་གིས་ཆོས་བསྟན་པའི་སྒོ་སྣ་ཚོགས་ཚད་མེད་ཀྱི། གཅིག་ཡང་ཡང་བསྐྱར་ཟློས་ཁོ་ནས་མ་ཡིན་ཏེ། དུས་འཁོར་ལའང་གཟའ་སྐར་ཤར་དུ་འགྲོ་བ་དང༌། རྒྱ་ནག་བོད་ཀྱི་བྱང་དུ་ཡོད་པར་གསུངས་པ་སོགས་ལ་རྒྱུད་ཡང་དག་མིན་པར་རིག་རལ་སོགས་ཀྱིས་བཤད་པ་དང༌། རེ་མདའ་བས་ཀྱང༌། རྩ་བའི་རྒྱུད་ལ་ཨེ་ཝཾ་མེད་པ་དང༌། །


བསྡུས་པའི་རྒྱུད་ལ་འགལ་བ་དུ་མ་མཐོང༌། །


གང་ལས་བླངས་པའི་ཁུངས་ཀྱང་མི་སྣང་ན། །


འཕྱོན་མའི་བུ་བཞིན་འདི་ལ་སུ་ཡིད་རྟོན། །


ཞེས་སོགས་རྣམ་གྲངས་དུུ་མས་དགག་པ་བརྗོད་མོད། དེང་སང་དུས་འཁོར་རྒྱུད་ཀུན་གྱི་རྩེ་མོར་ཡོངས་ལ་གྲགས་ཤིང་གྲུབ་པས་དུས་འཁོར་གྱི་རྒྱུད་འདི་ལ་བརྟེན་ནས། རྫོགས་ཆེན་གྱི་ཐོད་རྒལ་སོགས་ཁྱད་ཆོས་རྣམས་ལམ་གྱི་མཐར་ཐུག་ཏུ་འགྲུབ་ནུས་པ་བཞིན་ཡིན་ཏེ། སངས་རྒྱས་ཀྱི་བཀའི་རྒྱུད་རྣམས། རྒྱུད་རྣམས་རྒྱུད་གཞན་གྱིས་ཤེས་བྱ། །


ཞེས་སོགས་གསུངས་པ་ལྟར། གསང་འདུས་སོགས་སུ་རྒྱུད་དོན་མཐའ་དྲུག་གིས་དཔྱད་དགོས་པ་རྡོ་རྗེའི་ཚིག་ཏུ་སྦས་པ། ཟབ་མོའི་རྒྱུད་འགའ་ཞིག་ཏུ་མ་སྦས་པར་བཤད་པས་དུས་འཁོར་ལ་སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་འབྱེད་པ་ཞེས་གསུངས་པ། དེ་ལས་ཀྱང་དབང་བཞི་པའི་ཡེ་ཤེས་གསལ་བར་རྫོགས་ཆེན་གྱི་རྒྱུད་ནས་སྟོན་པའི་ཕྱིར་རྒྱུད་ཀུན་གྱི་འབྲས་བུའི་མཐར་ཐུག་དགོངས་པའི་སྐྱེལ་སོར་ངེས་ནུས་སོ། །


གསུམ་པ་རིགས་པའི་དཔང་པོ་ནི། རྒྱུད་ཀྱི་གཞུང་ཉིད་ལ་དཔྱད་པ་གསུམ་གྱིས་དག་པར་བྱས་ཏེ་སྔགས་རྒྱུད་སྤྱི་དང་མི་འགལ་ལ་ཐུན་མིན་མན་ངག་གི་གནད་ཡོད་པར་ངེས་པ་བསྐྱེད་དགོས་ཀྱང༌། དེ་དག་ནི་རྒྱུད་དང་མན་ངག་གི་ཡིག་ཆས་སོ་སོར་རྒྱས་པར་བསྟན་གྱི་འདིར་ཡི་གེ་མང་དོགས་ནས་མ་བྲིས་ཏེ། སྤྱིར་རྒྱུད་སྡེའི་དཀའ་གནད་རྣམས་ཚུར་མཐོང་གི་རིགས་པ་ཁོ་ནས་དཔག་བྱ་གཏན་ནས་མིན་ཡང༌། ཅི་རིགས་མཐར་ཐུག་དཔྱོད་པའི་རིགས་པས་མི་འགྲུབ་པའང་མ་ཡིན་ལ། རིགས་པས་གནོད་པ་མི་འབྱུང་བ་ནི་ལུང་རིགས་ཀྱིས་འགྲུབ་ནུས་སོ། །


དེ་ལྟར་དན་དཔང་གསུམ་པོ་འདི་བདག་ཅག་གི་རྒྱུད་རྣམས་ལ་ཡོད་པས་ཡིད་ཆེས་སུ་རུང་བ་ཉིད་དོ།།ཕྱིས་ཀྱི་འགྱུར་ཕལ་ཆེར་ལ་སྔ་འགྱུར་དང་མཐུན་པ་རྣམས་དེར་ཟད། སྒྲུབ་ཐབས་སོགས་ཡིག་ཆ་སྣེ་ཕྲན་མང་པོ་ལ་ནི་སྔ་འགྱུར་དང་མཚུངས་པའི་ཁུངས་བཙུན་སྒྲུབ་མི་ནུས་ཏེ། རོག་ཤེས་རབ་འོད་ཀྱི་གསུང་ལས་ཀྱང་འདི་ལྟར། དུས་ཕྱིས་རྒྱ་གར་དུ་བསྟན་པའི་གྲ་ཉམས། རྒྱུད་སྡེ་ཆེན་པོ་རྣམས་རིམ་གྱིས་ནུབ། རྒྱ་དཔེ་རྣམས་ཀྱང་ཕལ་ཆེར་ཆུད་ཟོས། གྲུབ་ཐོབ་ཁ་ཡར་གྱིས་མཁའ་འགྲོའི་གསང་མཛོད་ནས་བླངས་པ་རྣམས་ཁོང་དུ་མ་ཆུད་དེ་གཉེར་ཚགས་མ་བྱས།དེའི་ཚེ་བསྟན་པ་ཕྱི་དར་དུ་གྲགས་པའི་སྐབས་ན་རྒྱ་པཎ་གསེར་འདོད་རྣམས་ཀྱིས་བོད་ན་ཆོས་གང་རྩིས་ཆེ་དྲིས་ནས་བཅོས་མ་མང་པོ་བྱས། ལོ་ཙཱ་མཁས་གྲགས་འདོད་པ་རྣམས་ཀྱིས་དབྱར་མང་ཡུལ་དུ་བསྡད། དགུན་བལ་ཡུལ་དུ་འཁྱམས། སྔོན་གྱི་ལོ་པཎ་བྱང་སེམས་ཀྱིས་བསྒྱུར་པ་རྣམས་ལ་རང་བཟོའི་འགྱུར་བཅོས་སྣ་ཚོགས་བྱས། རྩ་རླུང་ཐིག་ལེ་སོགས་ཕྱི་རོལ་པ་དང་ཐུན་མོང་བའི་ཆོས་ལ་ངོ་མཚར་བའི་གནས་སུ་བྱས་ནས་རྒྱ་གར་བའི་ཁུངས་བཟང་དྲངས་ཏེ་གསར་ཆོས་རྩིས་ཆེ་བྱས་པས་བསྟན་པ་ཉམས་དམས་པ་ཡིན་ཞེས་གསུངས། དེས་ན་དེ་འདྲའི་གསེར་འདོད་ཀྱི་པཎྜི་ཏ་རྣམས་ལས། གསེར་གྱིས་ས་སྟེང་བཀང་ཡང་དགོས་པ་མེད་པའི་པད་འབྱུང་བི་མ་སོགས་གཞན་དོན་འབའ་ཞིག་གིས་དབྱིངས་ཀྱི་མཁའ་འགྲོའི་སྙིང་ཁྲག་ལྟ་བུའི་ཆོས་སྡེ་བོད་དུ་སྤེལ་བ་རྣམས་བཀའ་བཙན་ལ་ཁུངས་བཟང་བར་ཅིས་མི་འགྱུར། པཎ་གྲུབ་དེ་དག་གིས་གསེར་བསྒྲུབས་ནས་རང་ཡུལ་དུ་ལོག་པའི་ལོ་རྒྱུས་མི་སྣང་བ་འདིས་ཀྱང་སྔ་འགྱུར་དུས་ཀྱི་གང་ཟག་རྣམས་ལ་ཡིད་བརྟན་ལྷག་པར་ཆེ། པཎ་ཆེན་ཇོ་བོ་རྗེས་ཀྱང་བསམ་ཡས་ཀྱི་རྒྱ་དཔེ་རྣམས་གཟིགས་དུས། སྔར་མ་གཟིགས་པའི་རྒྱ་དཔེ་མང་པོ་འདུག་པས། གསང་སྔགས་འདི་ལ་མིས་ཤེས་པ་མེད་པའི་མཁའ་འགྲོ་མ་རྣམས་ཀྱིས་ཀྱང་ནམ་མཁར་གཞལ་མེད་ཁང་དཔག་ཏུ་མེད་པའི་སྒོ་ཕྱེས་ནས་རྒྱུད་སྡེ་མང་པོ་བསྟན་པ་ལའང་འདི་རྣམས་མི་གདའ། ཐེག་ཆེན་གསང་སྔགས་འདི་ལ་མཐའ་མངོན་རྒྱུ་རང་ཡོད་པ་མི་འདྲ་གསུངས་ནས་ཐུགས་རྒྱལ་ཆག བོད་ཀྱི་རྒྱལ་པོ་ལ་རྗེས་སུ་ཡི་རང་མཛད། བོད་དུ་བསྟན་པ་དར་བའི་དུས་དེ་འདྲ་རྒྱ་གར་དུ་ཡང་མ་བྱུང༌། རྒྱ་གར་དུ་མེ་དགྲ་ལན་གསུམ་བྱུང་བས་ཚིག་པ་འདྲ། རྒྱ་གར་ན་མེད་པའི་དཔེ་མང་པོ་འདི་ན་སྣང་གསུངས་ནས་བཙལ། ཞལ་བཤུས་ནས་རྒྱ་གར་དུ་བསྐུར། སློབ་དཔོན་པདྨས་ནམ་མཁར་བྱོན་ནས་ལྷ་ཀླུ་དང་ནཱ་ལེནྡྲ་སོགས་ནས་རྒྱུད་སྡེ་ཐམས་ཅད་བསམ་ཡས་སུ་གདན་དྲངས་པས། རྒྱུ་མཚན་དེས་རྒྱ་གར་བས་བོད་མང་བ་ཡིན་གསུངས་པ་ཇོ་བོའི་རྣམ་ཐར་ཆེན་མོར་སྣང༌། སྔ་རྒྱུད་རྫུན་ཡིན་ན་བདག་ཉིད་ཆེན་པོ་དེས་འདི་རྒྱ་གར་ན་མེད། བོད་རྫུན་རེད་གསུངས་རིགས་ཀྱི། ཕྱིས་སུ་རྒྱལ་བསྟན་བྱི་དོར་མཛད་པའི་གཙོ་བོ་འདི་མཚུངས་གཞན་མེད་པའི་ཕྱིར་རོ། །


དེའི་ཕྱིར་སྔར་གྱི་ལོ་པཎ་ཆེན་པོ་དེ་རྣམས་ནི་ཆོས་ཀྱི་སྡུད་པ་པོ་རིགས་གསུམ་མགོན་པོ་སོགས་ཀྱི་སྤྲུལ་པར་གདོན་མི་ཟ་སྟེ། ཅིས་ཤེས་ན་ལུང་རིགས་ཀྱིས་ཏེ། ལུང་ནི་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས།རྒྱལ་བཀའ་རྣམས་བོད་དུ་ནི་བོད་ཀྱི་སྐད་ཀྱིས་བྲིས་སོ། །


གསུངས་པ་འདིས་བོད་ཀྱི་ལོ་ཙཱ་ཆེན་པོ་དེ་དག་བཀའ་ཡི་སྡུད་པ་པོ་རྣམས་སུ་གྲུབ་སྟེ། འདི་རྣམས་ཀྱི་སྔོན་དུ་རྒྱལ་བའི་བཀའ་བོད་ཀྱི་ཡི་གེར་བྱས་པ་མེད་པའི་ཕྱིར་ཞེས་མཁས་མཆོག་བུ་སྟོན་སོགས་བཞེད་ལ། རིགས་པའི་དབང་དུ་བྱས་ན། བོད་དུ་ཆོས་དར་བར་མཁན་སློབ་ཆོས་གསུམ་སྨོན་ལམ་བཏབ་པ་བཞིན། མཁན་པོས་ལོ་དགུ་བརྒྱར་ཆོས་རྒྱལ་བསྒུག་ཚུལ་དང༌། པད་འབྱུང་ནི་རྒྱ་བོད་དུ་ཡོངས་གྲགས། གཞན་བི་མ་ལ་སོགས་པཎྜི་ཏ་དང༌། ཐུ་མིའི་སམྦྷོ་ཊ་དང༌། བཻ་རོ་སོགས་སྤྲུལ་པའི་ལོ་ཙཱ་བ་དེ་རྣམས། མདོ་དང་རྒྱུད་སྡེའི་གནད་ཟབ་མོ་འདི་རྣམས་བོད་སྐད་དུ་ཐོག་མར་སྒྱུར་བ་ལ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཐོབ་པ་མིན་ན་ཇི་བཞིན་མ་ནོར་བར་བསྒྱུར་མི་ནུས་ཏེ། བོད་སྐད་ལ་དེའི་སྔོན་དུ་གསུང་རབ་འགྱུར་བའི་བརྡའ་ཆད་མེད་པས་ལམ་སྲོལ་གསར་འཛུགས་དགོས་ལ། ལེགས་སྦྱར་གྱི་སྐད་གཅིག་ལའང་མིང་དོན་སྣ་ཚོགས་སུ་འཇུག་པ་ཡོད་པས། དོན་ཇི་བཞིན་པ་ངེས་ཚིག་ཐད་ཀར་བསྒྱུར་པས་དོན་ཐོག་ཁེལ་དཀའ། ཁྱད་པར་རྒྱུད་ཀྱི་ཚིག་རྣམས་ནི་ཕལ་ཆེར་མཐའ་དྲུག་གིས་རྒྱས་བཏབ་པས་མངོན་ཤེས་ཅན་མིན་པར་ཐད་ཀར་སྤྲོད་མི་ནུས་ཞེས་དྲི་མེད་འོད་ལས་གསུངས་པ་ལྟར་ངེས་ཏེ། རྒྱ་གར་དུ་ས་ར་ཧ་དང་ལུ་ནག་དྲིལ་གསུམ་སོགས་རྡོ་རྗེ་འཆང་དང་བཀའ་ཡི་སྡུད་པོ་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་ལུང་བསྟན་པའི་གྲུབ་པ་ཆེན་པོ་རྣམས་ཀྱིས་དགོངས་པ་བཀྲལ་ནས་གཏན་ལ་ཕབ་པ་བཞིན། རྟོག་གེའི་ཡུལ་མ་ཡིན་པའི་མདོ་རྒྱུད་ཀྱི་ཆོས་ཐམས་ཅད་དོན་འགྱུར་མཛད་པས་དོན་ལ་ནོར་འཁྲུལ་རྡུལ་ཙམ་མེད་ཅིང༌། ཚིག་བྱིང་ཆེ་གོ་བདེ་སྙན་ལེགས་རྒྱ་གཞུང་དང་བསྡུར་ནའང་ཚིག་ཟུར་མ་ཉམས་པ། ཕྱིས་ཀྱི་ལོ་ཙཱ་མཁས་པས་རྒྱ་དཔེ་བོད་དཔེ་ཀུན་ནས་བརྟག་དུས་ལྷག་པར་ཡིད་ཆེས་སྐྱེ་ཡིས་བཅོས་དགོས་མི་སྣང་བ་ཤ་སྟག་ཡིན་ཏེ། ཕྱིས་ཀྱི་ལོ་ཙཱའི་ནང་ནས་མཆོག་ཏུ་གྱུར་པའི་རྔོག་ལོ་ཙཱ་བ་ཆེན་པོས་ཀྱང༌། མདོ་རྒྱན་ནང་ར་ག་ར་གའི་སྒྲ་ཁོ་ན་སྣང་བས་འགྱུར་མ་ཤེས། སྔ་འགྱུར་གཟིགས་པས། མ་ཆགས་མི་ཆགས་སོགས་སུ་བསྒྱུར་པ་ལ་ཡ་མཚན་སྐྱེས་ཏེ། བཻ་རོ་ཙཱ་ན་ནམ་མཁའི་མཐའ་དང་མཉམ། །


སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་ལ། །


རིན་ཆེན་བཟང་པོ་ཐོ་རངས་སྐར་ཆེན་ཙམ། །


ཁོ་བོ་དེ་དྲུང་སྲིན་བུ་མེ་ཁྱེར་བཞིན། །


ཞེས་སྔ་ཕའགྱུར་གྱི་ལོ་ཙཱ་བ་ལ་བསྔགས་པ་ཆེར་མཛད་ཅིང༌། སྒྲ་དང་དོན་གྱི་གནས་ལ་མཁས་པ་ས་སྐྱ་པཎྜི་ཏས་ཀྱང༌། ལེགས་པར་སྦྱར་ལས་བོད་སྐད་དུ། །


མཁས་པས་བསྒྱུར་པ་ཐམས་ཅད་དག །


སྒྲ་མི་ཤེས་པས་བསྒྱུར་པ་ལ། །


ཚིག་དོན་ནོར་བ་ཅི་རིགས་མཐོང༌། །


དེ་འདྲ་བདག་གིས་བཅོས་ནས་བཤད། །


སྐ་ཅོག་སོགས་ཀྱིས་བསྒྱུར་པ་ལ། །


འགའ་ཞིག་སྒྲ་དང་ཅུང་མ་མཐུན། །


འགའ་ཞིག་དོན་འགྱུར་དག་ཏུ་བྱས། །


འགའ་ཞིག་བརྡའ་རྙིང་གོ་བ་དཀའ། །


འགའ་ཞིག་སྔ་མ་བཙན་པར་བྱས། །


ལ་ལ་གསར་བཅད་དག་གིས་བཅོས། །


ལ་ལ་རྒྱ་སྐད་སོར་བཞག་སྣང༌། །


ལ་ལ་ཁམས་ཀྱི་བྱེ་བྲག་གིས། །


རྒྱ་སྐད་གཅིག་ལ་བཤད་ཚུལ་གྱིས། །


བོད་ཀྱི་སྒྲ་འགྱུར་ཐ་དད་སྣང༌། །


འདི་འདྲའི་ཚིག་དོན་འདྲ་མི་འདྲ། །


དེ་དག་ལེགས་པར་དཔྱིས་ཕྱིན་པ། །


བླུན་པོ་རྣམས་ཀྱིས་ལྟ་ཅི་སྨྲོས། །


མཁས་པ་ཡིས་ཀྱང་ཤེས་པར་དཀའ། །


དེ་དག་བདག་གིས་ཐ་སྙད་ལ། །


སྦྱངས་པའི་སྟོབས་ཀྱིས་ལེགས་པར་ཤེས། །


འོན་ཀྱང་སྐྱེ་བོ་ཆགས་སྡང་དང༌། །


བླུན་ཕྱིར་བདག་ནི་ཁྱད་དུ་གསོད། །


འདི་འདྲ་བདག་གིས་ཤེས་མ་ཤེས། །


མགོན་པོ་སྲས་དང་བཅས་པས་མཁྱེན། །


ཞེས་གསུངས། འདིས་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཐོབ་པར་སྒྲུབ་ནུས་ཏེ། དེ་ལྟར་བསྒྱུར་ནས་ད་ཕྱིན་ཆད་ཀྱང་དེ་ལྟར་མ་བསྒྱུར་ན་ཚིག་དང་དོན་ལེགས་པར་སྟོན་མི་ནུས་པའི་ཕྱིར། སྒྲ་སྦྱོར་བམ་པོ་གཉིས་པ་སོགས་སུ་རྒྱ་སྐད་བོད་སྐད་སྦྱར་ཏེ་བསྒྱུར་ཚུལ་འདི་འདྲ་དགོས་པའི་གནད་བཀས་བཅད་པ་བཞིན་ཕྱིས་ཀྱི་ལོ་ཙཱ་ཐམས་ཅད་དེའི་རྗེས་སུ་ཞུགས་ནས་འགྱུར་བ་ཤ་སྟག་ཡིན། ཤིན་ཏུ་རྒྱ་ཆེ་དོན་ཟབ་མདོ་དང་རྒྱུད་ཀྱི་གཞུང་དེ་དག་གི་དོན་འགྲེལ་ཆེན་མོ་རྒྱ་གར་པཎ་གྲུབ་ཀྱིས་བརྩམས་པ་རྣམས་དང་བསྟུན་དུས་ཚིག་དོན་གང་ནས་ཀྱང་སྔར་ལྟར་སོར་བཞག་ལས་བཅོས་མི་དགོས་པ་འདི་མཁས་པས་བལྟས་ན་ངོ་མཚར་རྨད་དུ་བྱུང་བའི་གནས་ཡིན་ནོ། །


ཁ་ཅིག་གིས་དོན་འགྱུར་ཞེས་པ་བསྟན་བྱའི་དོན་ཡོད་ཙམ་ལས། ཚིག་གི་ཚུལ་རྒྱ་སྐད་དང་ཐད་སོར་མི་མཐུན་པ་ཞིག་ཡིན་ནམ་སྙམ་ན་དེ་མིན་ཏེ་བསྟན་བྱའི་དོན་ཇི་བཞིན་ཁོང་དུ་ཆུད་ནས་ཚིག་དེ་ཉིད་རྒྱ་བོད་སྐད་རིགས་མི་འདྲ་ཡང་དོན་འདྲ་བས་ཚིག་དོན་གཉིས་ཀ་མ་ཉམས་པར་བསྒྱུར་བ་ལ་ཟེར་བ་ཡིན། དཔེར་ན་གོ་སྒྲ་གཅིག་ལའང༌། ས་དང་བ་ལང་དང་རྡོ་རྗེ་སོགས་དོན་དགུ་ལ་འཇུག་པ་ཡོད་ཀྱི་སྐབས་དེའི་གོ་སྒྲ་གང་ལ་འཇུག་པའི་དོན་དེ་ཉིད་མ་ཤེས་ན་འགྱུར་ཉེས་འོང་བས། ཕྱིས་ཀྱི་ཚིག་འགྱུར་ཕལ་ཆེར་དོན་ནོར་ཞིང་ཚིག་སྡེབ་མི་ལེགས་པ་བྱུང་བ་ཡིན། སྔར་ལོ་པཎ་འཛོམས་ནས་བོད་སྐད་དུ་བསྒྱུར། སླར་ཡང་མ་ནོར་བར་ཞུས་དག་བྱས། དེའི་འཆད་ཉན་གྱིས་གཏན་ལ་ཕབ་པ་ཡིན་པས་སྔ་འགྱུར་ཟོལ་མེད་ཡིན་ན་ཤིན་ཏུ་ཡིད་ཆེས་སུ་རུང་བ་ཉིད་དེ། འདུལ་བ་མདོ་སྡེའི་གཞུང་ཐམས་ཅད་བཞིན་ནོ། །


ཁ་ཅིག་ཆགས་སྡང་གི་བསམ་པས་སྔ་འགྱུར་ལས་ཕྱི་འགྱུར་རྩིས་ཆེ་བར་བྱེད་པ་ནི་ཞེན་ལྟ་རྒྱུ་མཚན་མེད་པ་སྟེ། དབུ་མ་རྩ་ཤེས་ལྟ་བུ་སོགས་ལ། པ་ཚབ་ཀྱིས་འགྱུར་མི་བཅོས་སུ་མི་རུང་བ་རྣམས་བཅོས་ཞེས་འཇུག་པའི་གཞུང་སོགས་ལ་བརྟེན། འཕགས་པ་ཡབ་སྲས་ཀྱི་ལུགས་དང་མི་མཐུན་པའི་འགྱུར་ཉེས་ཡོད་པ་ལྟ་བུར་བསྟན་འདུག་ཀྱང༌། འགྱུར་ཉེས་མིན་ཡང་ཡིག་སྐྱོན་འདྲ་སོང་བ་བསལ་ཡོད་ན་ཐང་བ་ལས། དངོས་དོན་མི་བཅོས་མི་རུང་བ་ནི་ཅི་ཞིག་བཅོས་འདུག་དཔྱད་ན་ངོ་བོ་ཉིད་ཟེར་བ་ཐམས་ཅད་རང་བཞིན་དུ་བསྒྱུར་བ་འགྱུར་ཁྱད་ཙམ་ལས་དོན་སྔར་དང་མི་འདྲ་བ་སྣེ་གཅིག་མི་འདུག་སྟེ། པ་ཚབ་ཀྱི་འགྱུར་བཅོས་ཅན་གྱི་རྩ་ཤེས་རྩ་བ་དང༌། དབུ་མ་ཤེར་སྒྲོན་ལེགས་ལྡན་འབྱེད་ཀྱི་འགྲེལ་པའི་ནང་གི་རྩ་བ་སྔ་འགྱུར་དང་བསྟུན་ཏེ་ལྟོས་དང་གསལ་བར་འགྱུར་རོ། །


དེས་མཚོན་འགྱུར་རྙིང་དང་འགྱུར་གསར་ལ་དཔྱད་ན། དོན་ཟབ་བརླིང་ཚིག་གོ་བདེ་རླབས་ཆེ་བ་སྔ་འགྱུར་དང་མཚུངས་པ་མེད་ལ། དེ་ཉིད་བསྡུས་པ་སོགས་ཕྱི་ནང་གི་རྒྱུད་སྡེ་ཕལ་ཆེར་སྔར་ཡོད་ལ་རྒྱ་དཔེ་དང་བསྟུན་ཞུས་དག་རེ་ཙམ་བགྱིས་ནས། སྔ་འགྱུར་གྱི་འགྱུར་བྱང་སྔ་ན་མེད་པའམ་ཡོད་ཀྱང་མ་བཞག་པར། རིན་བཟང་སོགས་ཕྱིས་ཀྱི་ལོ་ཙཱ་བའི་འགྱུར་བྱང་གསར་མ་དག་གིས་ཕྱོགས་ཞེན་གྱིས་བྱས་པར་མངོན་པས་ནོར་འཁྲུལ་མེད་དོན་དེ་ལས་བྱུང༌། ཕྱིས་ཀྱི་ལོ་ཙཱ་བ་མཁས་པས་བསྒྱུར་པ་ལ་ནོར་འཁྲུལ་མེད་པ་ཡོད་མོད་ཀྱི། སྔ་འགྱུར་ལོ་པཎ་འཛཽམས་ནས་བསྒྱུར་བ་ལ་འགྲན་ཟླ་མེད་པས། རིན་བཟང་རྔོག་ལོ་ས་པཎ་བུ་སྟོན་སོགས་ཕྱིས་ཀྱི་ལོ་ཙཱ་བ་ཐམས་ཅད་ཀྱིས་ཀྱང་ཚད་མར་འཛིན་ཅིང་དེ་ལ་ཁུངས་གཏུགས་ཏེ་སྔར་མ་འགྱུར་བ་རྣམས་ཀྱང་དེའི་འགྱུར་ཚུལ་དང་མཚུངས་པར་བསྒྱུར་པ་ཡིན། དེང་སང་རྒྱ་སྐད་ཀྱི་མཚམས་སྦྱོར་དང་མིང་ལེ་ཙམ་ཡང་ཡིད་ཆེས་ཤིང་དཔྱིས་ཕྱིན་པར་མི་ཤེས་པས་འགྱུར་བཟང་ངན་དཔྱད་པ་ནི། ཆུ་བྲན་བརྒལ་བར་མི་ནུས་པར་རྒྱ་མཚོ་ཆེན་པོ་རྐྱལ་གྱིས་ཆོད་པར་རློམ་པ་དང་འདྲའོ། །


དེས་ན་བདག་ཉིད་ཆེན་པོ་རིན་བཟང་དང་པ་ཚབ་སོགས་ལ་སྔ་འགྱུར་ཁྱད་དུ་གསོད་པའི་བསམ་པ་མི་མངའ་ཞིང་བྱས་པ་གཟོ་བའི་ཐུགས་མངའ་མོད་ཀྱི། ཕྱིས་ཀྱི་ཕྱོགས་ཞེན་ཅན་དག་གིས་རང་ཆེ་འབྱིན་པའི་ཚིག་ཟུར་ཅི་རིགས་བསྣན་པར་བྱས་པ་ཡིན་ནོ། །


དེ་བཞིན་དཀར་ཆག་འཕང་ཐང་མ་སོགས་སུ་ཚད་མ་རྣམ་འགྲེལ་སོགས་གཞུང་བསྒྱུར་ཀྱང་ཞུས་དག་མ་བྱས་པས་འགྱུར་བྱང་མ་ཕོག་པ་ཕལ་མོ་ཆེ་ལ་ཕྱིས་ཀྱི་འགྱུར་བྱང་བཏབ་ཅིང༌། མཁས་པ་རྣམས་ཀྱིས་འགྲེལ་པ་སོགས་བསྒྱུར་ཏེ་འཆད་ཉན་གྱིས་གཏན་ལ་ཕབ་པ་དུ་མ་ཡོད་པ་ཡིན་མོད། དེ་ཐམས་ཅད་སྔ་འགྱུར་གྱི་དྲིན་ལས་བྱུང་བར་མི་ཤེས་པར་སྔ་འགྱུར་པ་དམན་པར་སེམས་པ་ནི་བྱས་པ་ཁྱད་དུ་གསོད་པའི་ཁྲེལ་མེད་ཡིན་ནོ། །


དེས་ན་སྔ་འགྱུར་གྱི་དུས་སུ་བསྒྱུར་པའི་མདོ་རྒྱུད་འདི་དག རྒྱལ་བའི་བཀའ་ལ་ཚད་མེད་ཀྱང་དེའི་ནང་གི་ཟབ་རྒྱས་ཀྱི་དོན་ཚང་ཞིང་ལམ་གྱི་ལུས་རྫོགས་པའི་སྙིང་པོ་གསེར་ཞུན་ལྟ་བུ་རྣམས་སྤྲུལ་པའི་ལོ་པཎ་ཆོས་རྒྱལ་རྣམས་ཀྱི་བཀའ་དྲིན་ལས་བོད་ཀྱི་སྐལ་བར་ཐོབ་པ་ཡིན་པ་ཀུན་གྱིས་ཤེས་དགོས་སོ། །


དེ་ལྟར་ལེགས་པར་དཔྱད་ན། སངས་རྒྱས་ཀྱི་བཀའ་ཡིན་མིན་གྱི་ཐག་ཆོད་པ་སོ་སྐྱེ་སུས་ཀྱང་མི་ནུས་ཏེ། མངོན་སུམ་ཚད་མས་སངས་རྒྱས་ཀྱི་བཀའ་མིན་པར་ཇི་ལྟར་ནུས་ཏེ། གཞུང་དེ་དངོས་སུ་རྫུན་རྩོམ་བྱེད་པར་མཐོང་ན་དེར་ཟད།དེ་མིན་ན་མངོན་ཤེས་མེད་ན་སངས་རྒྱས་ཀྱི་བཀའ་ཡིན་མིན་མི་ཤེས་ཏེ། བཀའ་ཡིན་པར་འདོད་པ་འདི་རྣམས་ཀྱང་བླ་མ་བརྒྱུད་པ་ཚད་ལྡན་ལས་ཡིད་ཆེས་པར་བྱ་བ་ཡིན་གྱི་སངས་རྒྱས་ལས་དངོས་སུ་ཕྱིས་ཀྱི་ལོ་ཙཱ་བ་སུས་ཀྱང་བླངས་པའི་ལོ་རྒྱུས་མེད་ལ། རིགས་པས་དཔྱད་ནའང་སངས་རྒྱས་ཀྱི་བཀའ་ནི་ཡུལ་གྱི་སྐད་སྣ་ཚོགས་ཀྱིས་གསུངས་པ་ཡིན་ཏེ། རྣམ་པ་ཐམས་ཅད་པའི་གསུང་ཡིན་པས་གདུལ་བྱའི་མོས་པ་བཞིན་དུ་འཆར་བའི་གསུང་གཅིག་ལས་རང་གི་མོས་པ་དང་འཚམ་པར་ཚིག་རྒྱས་བསྡུས་སྣ་ཚོགས། དོན་སྦས་མ་སྦས་སྣ་ཚོགས་ཡོད་པས་གཞུང་ཉི་ཚེ་བ་གཅིག་ལ་ཆག་བཞག་ནས་ཐམས་ཅད་དེ་དང་མཐུན་མི་མཐུན་དཔྱད་པས་བཀའ་ཡིན་མིན་འབྱེད་ག་ལ་ནུས། གསུང་ཚུལ་རྒྱུད་ཀྱི་གླེང་གཞི་སྟོན་འཁོར་སོགས་སངས་རྒྱས་ཀྱི་གསུང་ཚུལ་ཡོད་པ་ཙམ་གྱིས་གསུང་དུ་མི་ངེས་ཏེ་རྒྱུད་བརྫུས་པ་རྩོམ་ཤེས་མཁན་ཞིག་ཡིན་ན་གླེང་གཞི་སོགས་སྦྱར་ཏེ་སངས་རྒྱས་ཀྱིས་གསུངས་པ་ལྟ་བུར་མ་བརྫུས་ན། ཁོ་བོས་བྱས་སོ་ཞེས་གསལ་བར་བརྗོད་ན་སངས་རྒྱས་ཀྱི་བཀར་བརྫུས་པར་མི་འགྱུར་རོ། །


ཚིག་རིས་ལ་དཔྱད་ན་རྒྱ་སྐད་ལས་བསྒྱུར་བའི་ཉམས་དང༌། བཀའ་དང་དགོངས་འགྲེལ་རྣམས་ལ་ཚིག་གི་བབ། རྒྱ་གཞུང་སྔ་མ་ཚོ་དང་འདྲ་མི་འདྲའི་ཉམས་ཡོད་མོད། སྒྱུར་བྱེད་ལོ་ཙཱའི་འགྱུར་མཛད་ཚུལ་དང༌། རྒྱུད་དང་འགྲེལ་པ་རྣམས་ལའང་ཚིག་ཁ་དམ་པ་དང༌། ཚིག་ཁ་གསལ་ལྷོད་ལ་སོགས་བོད་གཞུང་ལྟ་བུ་ལའང་གདུལ་བྱའི་དབང་གིས་སྣ་ཚོགས་འབྱུང་བས་ཚིག་རིས་ཙམ་གྱིས་བཀའ་ཡིན་མིན་ངེས་པ་མ་ཡིན་ཏེ། བསྟན་བཅོས་ཆེན་པོ་རྣམས་སུའང་བཀའི་ཚིག་དངོས་ཀྱི་རིགས་འདྲེས་པ་ཡོད་པས། དེ་བཀའ་ནས་ཀྱང་བྱུང་བའི་དཔེ་མཐོང་ཟིན་ན་མ་གཏོགས། ཚིག་རིས་ལ་བལྟས་པས་བཀའ་དང་བསྟན་བཅོས་སོ་སོར་རྟགས་འགོད་པ་ཇི་ལྟར་ཡོད། དོན་ལ་དཔྱད་ནའང༌། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དགོངས་པ་དང་འགལ་བ་ཞིག་རྒྱུད་བརྫུས་པར་ཅི་ལ་རྩོམ། གལ་ཏེ་འགལ་བ་ལྟར་སྣང་ན་ཡང༌། ཕ་དང་མ་ནི་གསད་བྱ་ཞིང༌། །


ཞེས་སོགས་དང་མཚུངས་པར་སྔགས་རྒྱུད་རྣམས་མཐའ་དྲུག་གིས་རྒྱས་བཏབ་ཡོད་པས་དེའི་ཚིག་སྒྲ་ཇི་བཞིན་ཡིན་མིན་ཡང་ཐེ་ཚོམ་ཆོད་དཀའ་བས་བཀའ་མིན་དུ་ཐག་ག་ལ་ཆོད། རྒྱུད་ལའང་ཚིག་དམ་ཞིང་སྦས་ཚུལ་ཅན་གྱི་རྒྱུད་ཅི་རིགས་རྣམས་བཤད་རྒྱུད་རྣམས་ཀྱིས་གསལ་དགོས་ལ། མ་སྦས་པ་རྣམས་ངེས་དོན་དང་སྒྲ་ཇི་བཞིན་པའང་ཡོད། སྡེབ་སྦྱོར་ཕུན་སུམ་ཚོགས་པའི་ཚུལ་ཅན་ཡང་ཡོད། སྒྲ་ཉམས་པ་ལྟ་བུར་སྣང་བའང་ཡོད། བསྡུས་རྒྱུད་ལྟ་བུའི་ཚིག་དོན་ཕུན་སུམ་ཚོགས་པ་ལས་སྒྲའི་ང་རྒྱལ་བཅག་པའི་ཕྱིར་བདུན་པའི་དོན་ལ་གཉིས་པ་སོགས་ཆེད་དུ་མཛད་པ་བཞིན་དང༌། གོ་བདེ་ཞིང་ལྷུག་པར་སྟོན་པའི་བོད་རྩོམ་དང་བོན་པོ་གཏེར་མ་ཕལ་དང་ཚུལ་འདྲ་བའང་གདུལ་བྱའི་སྣོད་ཀྱིས་དབང་གིས་ཏེ། བསྟན་བྱ་ཉི་ཚེ་བ་དང༌། རྒྱ་ཆེན་པོ་དང༌། སྟོན་ཚུལ་གསལ་མི་གསལ། ཡུལ་སྣ་ཚོགས་ཀྱི་ངེས་ཚིག་ཡོད་པས་ཚིག་རིས་ཙམ་གྱིས་ངོས་མི་ཟིན་ནོ། །


དེས་ན་འདི་འདྲའི་རིགས་རྣམས་དཔྱད་པར་དཀའ་བས་ཁ་ཚོན་མི་ཆོད་དེ། བཀའ་ཡིན་པ་ལ་མིན་པར་སྐུར་བ་བཏབ་ན་ཆོས་སྤང་གི་ལས་གསོག་པས། རྙིང་མ་པ་རྣམས་ཀྱིས་བཀའ་དང་བསྟན་བཅོས་ལ་གཡོ་ཅན་གྱི་སྐུར་བ་བཏབ་པ་མི་འདུག བདག་གིས་ཀྱང་བཏང་སྙོམས་སུ་བཞག་པ་ལས་ཤེས་མདོག་གི་ཁ་ཚོན་ནམ་ཡང་གཅོད་པར་མི་བྱ་སྟེ། ངེས་པའི་གཏན་ཚིགས་རྙེད་དཀའ་བས་ཐག་གཅོད་རྒྱུ་ག་ལ་ཡོད། ཚིག་རིས་ལ་བརྟགས་ན་མཁས་པས་རྩོམ་པའི་ཉམས་དང༌། དེ་ལྟ་བུ་མིན་པ་གྲོང་ཚིག་གི་གཤིས་ཅན་གང་ཡིན་སུས་ཀྱང་ཤེས་སླ་སྟེ།དེ་ཙམ་གྱིས་བཀའ་ཡིན་མིན་སོགས་ངེས་དཀའ་སྟེ། སངས་རྒྱས་ཀྱི་གསུང་ནི་གདུལ་བྱའི་དབང་གིས་རྗོད་བྱེད་སྣ་ཚོགས་དང་དོན་སྣ་ཚོགས་སུ་ཡོད་པ་མི་ཁེགས་པའི་ཕྱིར་ཏེ། མགོན་པོ་བྱམས་པས། ཇི་ལྟར་བསིལ་དང་ཞིམ་དང་འཇམ་པ་དང༌། །


ཡངས་པའི་ཆུ་ནི་སྤྲིན་ཆེན་ལས་ཐོན་པ། །


ས་ལ་བ་ཚྭ་ལ་སོགས་གནས་འབྲེལ་བས། །


ཤིན་ཏུ་མང་བའི་རོ་ནི་འབྱུང་བ་ཡིན། །


དེ་བཞིན་འཕགས་ལམ་ཡན་ལག་བརྒྱད་ཆུའི་ཆར། །


རབ་ཡངས་བརྩེ་སྤྲིན་སྙིང་པོ་ལས་ཐོན་པ། །


འགྲོ་བའི་རྒྱུད་ཀྱི་གནས་ཀྱི་དབྱེ་བ་ཡིས། །


རྣམ་པ་མང་པོའི་རོ་དང་ལྡན་པར་འགྱུར། །


ཞེས་གསུངས། དེ་བཞིན་སྔགས་ཀྱི་ཡི་གེ་ལའང༌། སངས་རྒྱས་ཀྱི་གསུང་ཡིན་ན་ལེགས་སྦྱར་ཁོ་ན་ཡིན་པའི་ངེས་པ་མེད་དེ་ལྷ་ཀླུ་མི་སོགས་སྐད་སྣ་ཚོགས་པར་བྱིན་གྱིས་བརླབས་པའི་སྔགས་ཡོད་པས། ལེགས་སྦྱར་ཁོ་ནར་མ་ངེས་ཏེ། དྲི་མེད་འོད་ལས། ཀུན་མཁྱེན་ལམ་དོན་གཉེར་བ་རྣམས་ལ་སྒྲ་དང་སྒྲ་མིན་རྣམ་དཔྱོད་ཆེན་པོ་མེད། །


སྣ་ཚོགས་ཡུལ་སྐད་ངན་པ་ཡིས་ཀྱང་ཆེན་པོ་རྣམས་ཀྱི་ལམ་ལ་རྟག་ཏུ་འཇུག །


སེམས་ཅན་རྣམས་ཀྱི་མོས་པའི་སེམས་ཀྱི་དབང་གིས་ཐམས་ཅད་མཁྱེན་པའི་གསུང་མཆོག་ལ། །


བརྡའ་སྤྲོད་པ་དང་ཀླུས་བཀོད་སྒྲ་བརྩེགས་རྩོད་པ་དོན་གཉེར་རྣམས་ཀྱིས་དེ་ལས་གཞན། །


སྒྲ་ཉམས་པ་དང་ཡུལ་གྱི་སྐད་ལས་ཀྱང༌། །


རྣལ་འབྱོར་ལྡན་པས་དོན་ནི་འཛིན་བྱེད་དེ། །


ཆུ་ལ་འོ་མ་ངེས་པར་ཞུགས་པ་དེ། །


ངང་པས་རབ་ཏུ་ཕྱུང་སྟེ་འཐུང་བར་བྱེད། །


དོན་དམ་དེ་ཉིད་ཡུལ་ལ་རྟག་ཏུ་ནི། །


ཆེན་པོ་དག་རྣམས་ཚིག་ལ་རྟོན་པ་མིན། །


ཡུལ་གྱི་སྐད་རྣམས་ཀྱིས་ནི་དོན་ཤེས་ན། །


བསྟན་བཅོས་སྒྲ་དག་གིས་ནི་ཅི་ཞིག་བྱ། །


གང་ཞིག་ཟུར་ཆག་སྒྲ་དང་སྒྲ་གྱུར་པ། །


བརྗོད་པ་དེ་ཉིད་ཡེ་ཤེས་མ་ཡིན་ཞིང༌། །


གང་ཞིག་འགྲོ་བ་དག་ལས་ཉི་ཚེ་བ། དེ་ནི་ཐམས་ཅད་མཁྱེན་པའི་གསུང་མ་ཡིན། །


ཞེས་དང༌། བསྡུས་རྒྱུད་ཡེ་ཤེས་ལེའུ་ལས། དུད་འགྲོ་ཡི་དྭགས་ལྷ་མིན་རྣམས་དང་ལྟོ་འཕྱེ་ལྷ་མི་འཕགས་པ་བོད་ལ་སོགས་རྣམས་ལ། །


བྱུང་དང་འབྱུང་འགྱུར་ད་ལྟར་བྱུང་བ་རྣམ་པ་གསུམ་དང་རྟག་ཏུ་ལྡན་པའི་ཆོས་གསུངས་ཤིང༌། །


རང་རང་སྐད་གཞན་རྣམས་ཀྱིས་སྲིད་གསུམ་མ་ཚང་མེད་པ་ལམ་ལ་ཡང་དག་འགོད་བྱེད་པ། །


འདི་ནི་བདེ་ཉམས་འབྲས་བུ་སྟེར་བ་ཐམས་ཅད་མཁྱེན་པའི་གསུང་སྟེ་ལྷ་ཡི་སྐད་ཀྱི་མིན། །


ཞེས་གསུངས། དཔེར་ན་ལེགས་སྦྱར་ལ་ཡི་གེ་མང་པོ་བརྩེགས་པ་མེད་ཀྱང༌། དུས་འཁོར་ལ་རྣམ་བཅུ་དབང་ལྡན་གྱི་སྔགས་སོགས་དང༌། རྙིང་མའི་ཚེ་བདག་ལ་ཨྱེ་ལྟ་བུ་སོགས་ཤིན་ཏུ་མང་ཞིང༌། བརྟན་དོན་ཚེའི་སྒོ་ནས་ཨཱོཾ་ལ་རིང་ཆ་བཏགས་པ། སྒྲ་བསྒྱུར་ཏེ་ཀྲོ་དྷ་ལ་ཀྲོ་ཏ་སོགས་སུ་འབོད་པ་སོགས་སྒྲ་ཉམས་སྣ་ཚོགས་པ་ནི་མན་ངག་ཅན་གྱི་སྔགས་ཀྱི་སྒྱུར་སོ་གང་ཞིག་རྣོ་བའི་གནད་དང་ལྡན་པ་ཡིན་ཏེ། འདི་འདྲ་མཐའ་དག་ཕྱོགས་རེའི་དཔྱད་པས་ཤེས་མི་ནུས་ཏེ། དཔེར་ན་མཚན་བརྗོད་ཐིག་ལེ་སྟོང་པ་ཡིག་བརྒྱའི་སྐད་དོད་དང༌། ཥ་ཊ་དྲུག་གི་སྐད་དོད་ལ། ཐིག་སྟོང་ཡིག་དྲུག་གི་མཚོན་བྱེད་དབྱུག་པའི་རྣམ་པ་དྲུག་འདུས་པའི་ཨེ་ཡིག་ཏུ་གྲུབ་པ་དེ་ཡིན་ལ། ཥ་ཊ་ཤ་ཏར་བསྒྱུར་ན་བརྒྱ་ཡི་སྐད་དོད་དེ། ཡི་གེ་བརྒྱའམ་ལ་བརྒྱ་ཡིས་བོན་དུའང་རུང་བ་ལྟ་བུ། བརྒྱ་དང་དྲུག་ཁྱད་ཆེ་ཡང་དོན་ལ་མི་འགལ་བ་ལྟ་བུ་འདི་འདྲ་ཕལ་གྱི་བློ་ངོར་མི་འཐད་ཀྱང་མཁས་པ་ལ་ཆེས་མཛེས་གསུངས། རྙིང་མའི་སྔགས་ཕལ་ཆེར་བོད་སྐད་ཡིན་པས་འདི་ལ་ཐེ་ཚོམ་ཟ་འདུག་ཀྱང༌། གསར་རྒྱུད་ཕྱག་རྡོར་གསང་བ་མངོན་བསྟན་གྱི་རྒྱུད་སོགས་ནའང་དེ་འདྲ་བོད་སྐད་ཀྱི་སྔགས་མང་དུ་ཡོད་ལ། ཀྱེ་རྡོ་རྗེའི་རྡོ་རྗེའི་གླུ་སོགས་རྒྱུད་ཕལ་མོ་ཆེའི་སྔགས་སམ་གླུ་རྣམས་ཀྱང་ལེགས་སྦྱར་ཁོ་ན་མིན་པར་ཟུར་ཆག་སོགས་དུ་མ་ཡོད། དེའི་ཕྱིར་མཁའ་འགྲོ་གསང་བའི་བརྡའ་དང་ལྷ་ཀླུ་གནོད་སྦྱིན་རྣམས་དང༌། མི་ཡི་སྐད་ཀྱི་བྱེ་བྲག་ལེགས་སྦྱར་ཟུར་ཆག་སོགས་བཞི་དང༌། བོད་སོགས་ཡུལ་སོ་སོའི་སྐད་དུ་བྱིན་གྱིས་བརླབ་པ་ཡོད་དེ། ཆོས་རྣམས་ཀྱང་ངེས་ཚིག་སྣ་ཚོགས་ཀྱིས་མ་བསྟན་ན། སྐད་རིགས་གཅིག་གིས་ཡུལ་གཅིག་གི་སྟོན་པར་འགྱུར་གྱི་ཡུལ་ཐམས་ཅད་དུ་སྟོན་མི་ནུས་ཀྱི། ངེས་ཚིག་སོ་སོ་ཡང་དག་རིགས་པ་ཐོབ་པའི་སངས་རྒྱས་བྱང་སེམས་རྣམས་ཀྱིས་སྐད་སྣ་ཚོགས་ཀྱིས་སྟོན་པ་ནི། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །


གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌། །


འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །


ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །


ཞེས་གསུངས་པ་བཞིན་ནོ། །


དེ་བཞིན་དུ་བཟླ་བྱའི་སྔགས་ཀྱང་ལེགས་སྦྱར་ཁོ་ནར་བྱིན་གྱིས་རློབ་ཀྱི་གཞན་པའི་སྐད་ལ་བྱིན་བརླབ་མི་ནུས་པ་མ་ཡིན་ཏེ་གང་ལའང་བརླབ་ནུས་སོ། །


དེའི་ཕྱིར་རྙིང་རྒྱུད་རྣམས་སུ་རྒྱ་སྐད་དུ་བྱིན་གྱིས་རློབ་པའི་སྔགས་སོར་བཞག་པའང་ཡོད། ཤམ་བུ་སོགས་དང་སྔགས་དངོས་ལའང་བོད་སྐད་དུ་བྱས་པ་ཡོད་དེ། དེ་དག་རྣོ་མྱུར་ཁྱད་དུ་འཕགས་པར་སངས་རྒྱས་ལས་མི་གཞན་པའི་པདྨ་འབྱུང་གནས་སོགས་ཀྱིས་དགོངས་ནས་བསྟན་པ་ཡིན་ལ། དེ་ལྟར་བཟླས་ན་བསླུ་བ་མེད་པ་ནི། པུ་ཏྲ་བྷ་དྲའི་སྔགས་ཞང་ཞུང་གི་སྐད་དུ་ཡོད་པ་བསམ་ཡས་སུ་གཏེར་དུ་སྦས། ཕྱིས་ཁ་ཅིག་གིས་བཏོན་པའི་ཚེ་ལོ་ཙཱ་རིན་བཟང་གིས་ལས་སྦྱོར་མཛད་པས་རྒྱ་སྐད་ཀྱི་སྔགས་ཀྱིས་མ་གྲུབ་ལ། ཞང་ཞུང་གི་སྐད་ལྟར་གྱི་སྔགས་ཀྱིས་དགྲ་ཐུལ་བས་པད་འབྱུང་དུས་གསུམ་མཁྱེན་པ་ཡིན་ནོ་ཞེས་བསྔགས་པར་ས་སྐྱའི་མགོན་པོད་སོགས་སུ་གསུངས་པས་མཚོན་ནས་ཤེས་སོ། །


དེས་ན་དབྱིག་གཉེན་གྱིས། དམ་ཆོས་ཚུལ་ལ་ཚད་མ་ཐུབ་རྣམས་ཡིན། །


ཞེས་གསུངས་པ་ལྟར། ཆོས་དང་གང་ཟག་གི་ཚད་འཛིན་འདི་ཤིན་ཏུ་དཀའ། རང་ཐེ་ཚོམ་མི་ཟ་བའི་ཆོས་ཞིག་ལ་ཡིད་གཏད། གཞན་ལ་སྒྲོ་སྐུར་མི་བྱ་བར་བཏང་སྙོམས་སུ་བཞག་ན་ལེགས་ཏེ། མགོན་པོ་བྱམས་པས། ཡིད་ཀྱི་ཉེས་པ་རང་བཞིན་གདུག་པ་སྟེ། །


མི་རིགས་པ་ཡི་གཟུགས་ལའང་མི་རིགས་ན། །


ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། །


དེ་བས་བཏང་སྙོམས་བཞག་ལེགས་ཉེས་པ་མེད། །


ཅེས་གསུངས། ངེས་པར་ཟོག་པོས་ཆོས་ལ་བསླད་བཏང་ནས་བསྟན་པའི་ཚིག་དང་དོན་དཀྲུགས་པ་མཐོང་ན་བསྟན་པ་ལ་གཅེས་སྤྲས་ཀྱིས་མ་དག་པ་སུན་འབྱིན་པར་གནང་བ་ཡིན་ཡང༌། སྔར་ཡོད་ཀྱི་ཆོས་འདི་དག་ལ་ཧ་ཅང་དག་མ་དག་གི་དཔྱད་ར་དང་བརྗོད་པ་མང་བ་ལ་དགོས་པ་ཆེར་མ་མཐོང་ངོ༌། །


དེ་ལྟར་གསར་རྙིང་གྲུབ་མཐའི་ཆགས་སྡང་གིས་ རྙིང་ཆོས་མི་དག་པར་སྨྲ་བའི་ཚུལ་རྣམས་ལེགས་པར་བརྟགས་ཏེ་ཐེ་ཚོམ་བཅད་ནས། ད་ནི་གསར་མ་ལས་ཆེ་བ་དྲུག་གི་ཁྱད་པར་དུ་འཕགས་པའི་ཚུལ་སྔོན་གྱི་མཁས་གྲུབ་དག་གིས་གསུངས་པའི་དོན་བརྗོད་པར་བྱ་སྟེ། དེ་ཡང་སྨྲ་བའི་སེང་ཆེན་རོང་ཟོམ་པ་ཆོས་ཀྱི་བཟང་པོའི་ཞལ་སྔ་ནས། སྤྱན་འདྲེན་པ་པོ་ཡོན་བདག་གི་ཆེ་བ། སྔ་འགྱུར་པའི་ཡོན་བདག་འཕགས་པ་རིགས་གསུམ་མགོན་པོའི་རྣམ་འཕྲུལ་ཆོས་རྒྱལ་མེས་དཔོན་རྣམ་གསུམ་ཡིན་པས་ཕྱི་འགྱུར་གྱི་ཡོན་བདག་དང་མི་འདྲ། གང་དུ་བསྒྱུར་བའི་གནས་ཀྱང༌། སྔོན་སྤྲུལ་པའི་གཙུག་ལག་ཁང་བསམ་ཡས་སོགས་ཆོས་འཁོར་སྟོད་སྨད་ཡིན་པས་ད་ལྟའི་གྲོང་དགོན་ཕག་ཕུག་དང་མི་འདྲ། སྒྱུར་བྱེད་ཀྱི་ལོ་ཙཱའང༌། སྔོན་སྒྲ་སྒྱུར་བཻ་རོ་ཙཱ་ན་དང་སྐ་ཅོག་ཞང་གསུམ་རྨ་གཉགས་གནུབས་སོགས་སྤྲུལ་པའི་ལོ་ཙཱ་བས་བསྒྱུར་པའི་ཆོས་ཡིན། ད་ལྟ་བརྡ་སྤྲོད་གཞུང་དུ་མ་རེ་ཤེས་པ་ལ་ལོ་ཙཱར་བཏགས། དབྱར་མང་ཡུལ་དུ་བསྡད། དགུན་བལ་ཡུལ་དུ་ཡུག་རེ་ཕྱིན་ནས་བསྒྱུར་བ་དང་མི་འདྲ། པཎྜི་ཏའི་ཁྱད་པར་ཡང༌། སྔོན་ཞི་བ་འཚོ། སངས་རྒྱས་གསང་བ། པད་འབྱུང༌། བི་མ་ལ་སོགས་སངས་རྒྱས་དང་ས་ཆེན་པོ་ལ་བཞུགས་པའི་བྱང་འཕགས་རྣམས་ཀྱིས་སྤྱན་དྲངས་པའི་ཆོས་ཡིན། ད་ལྟ་གསེར་འདོད་དུ་འཁྱམས་པ་རྣམས་དང་མི་འདྲ། ཞུ་རྟེན་གྱི་མེ་ཏོག སྔར་གསེར་ཤ་བའི་རླིད་བུ་དང་བྲེལ་གཞལ་ནས་ཞུས་པའི་ཆོས་ཡིན། ད་ལྟ་མཆན་ནས་གསེར་ཞོ་རེ་གཉིས་བཏོན་ནས་ཞུས་པ་དང་མི་འདྲ། ཆོས་ཀྱི་ཁྱད་པར་སྔོན་འཕགས་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་གྲ་མ་ཉམས་དུས་བསྒྱུར་པར་མ་ཟད།འཕགས་ཡུལ་ན་མེད་པའི་རྒྱུད་བྱང་ཆུབ་སེམས་དཔའ་དང་གྲུབ་པ་དང་རིག་འཛིན་དང་མཁའ་འགྲོ་མ་རྣམས་ཀྱིས་བཟུང་སྟེ་དག་པའི་ཞིང་ན་བཞུགས་པ་དང༌། འཛམ་གླིང་གི་བྱེ་བྲག་ཨོ་རྒྱན་དང༌། སིངྒ་ལ་ཡི་གླིང་སོགས་ནས་སློབ་དཔོན་པདྨ་དང་བི་མ་ལ་སོགས་གྲུབ་པའི་ཁྱུ་མཆོག་རྣམས་ཀྱིས་རྫུ་འཕྲུལ་གྱི་བཀོད་པས་བླངས་ནས་བསྒྱུར་པ་ཡིན། འགྱུར་ཡང་སྔོན་གྱི་ལོ་ཙཱ་བ་རྣམས་སྤྲུལ་པའི་སྐུ་ཡིན་པས་དོན་ཇི་ལྟ་བ་བཞིན་དུ་གཏན་ལ་ཕེབས་པས་གོ་སླ་ཞིང་བྱིངས་འཇལ་བ་ལ་རླབས་ཆེ། ཕྱིས་ཀྱི་ལོ་ཙཱ་བ་རྣམས་ཀྱིས་དོན་བསྒྱུར་མ་ནུས་པར་རྒྱ་དཔེའི་གོ་རིམ་ལྟར་སྒྲ་བསྒྱུར་བྱས་པས་ཚིག་གྲིམ་ལ་གོ་དཀའ། བྱིངས་མཇལ་བ་ལ་རླབས་ཆུང་བས་མི་འདྲ་བ་ཡིན་གསུངས། འདི་དག་རྙིང་མ་པས་རང་བསྟོད་ཡིན་སྙམ་ན་མ་ཡིན་ཏེ། དོན་ལ་གནས་པའི་ཆེ་བ་ཡང་དག་པ་ཡིན་ནོ། །


ཇི་ལྟར་ན། ལོ་པཎ་གདན་འཛོམས་སུ་བྱས་ནས་ཡིད་ཆེས་ཁུངས་བཙུན་གྱི་ཆོས་དག་ཐེར་དུ་བཏབ་སྟེ་བསྒྱུར་བ་དེ་འདྲ་གསར་འགྱུར་ལ་མེད་དེ། དང་པོ་སྤྱན་འདྲེན་པ་པོ་ཡོན་བདག་གི་ཆེ་བ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་འདྲ་བའི་མངའ་དབང་ཆེན་པོ། རྒྱ་དཀར་ནག་ཞང་ཞུང་སོགས་ཀྱི་པཎ་གྲུབ་སྡུད་ནུས་པ་ཕྱིས་སུ་ཇི་ལྟར་བྱུང་སྟེ་མ་བྱུང་ངོ༌། །


འདི་རྒྱལ་པོ་མངའ་ཐང་ཆེ་བ་ཡིན་དུ་ཆུག་ན་ཆོས་ཀྱི་ཆེ་བར་མི་འགྱུར་སྙམ་ན། རྒྱལ་པོ་མངའ་ཐང་ཆེན་པོས་མཐའ་བཞིའི་མཁས་གྲུབ་སྡུད་པའི་སྒོ་ནས་སྤེལ་བའི་ཆོས་ཡིན་པས་གསར་འགྱུར་ལས་ཡིད་ཆེས་ཁུངས་བཙུན་གྱི་ཆེ་བ་ངེས་པར་ཡིན་ཏེ། ཕྱིས་འགྱུར་ལའང་གདན་འདྲེན་པ་ལྷ་བླ་མ་ལྟ་བུ་དང༌། པཎྜི་ཏ་ཇོ་བོ་ཆེན་པོ་ལྟ་བུ་སོགས་ཡོད་མོད་ཀྱི། དེ་དུས་གསར་འགྱུར་ཕྲན་ཚེགས་རེ་ལས་སྔ་དུས་ལྟར་མ་བྱུང་ན། དེ་ལས་གཞན་པའི་ལོ་ཙཱ་བ་རྒྱ་གར་དུ་རྐང་པས་ཕྱིན་པ་རེ་ཟུང་གི་ལྟ་ཅི་སྨྲོས། དེ་དག་གསར་མའི་ལོ་པཎ་ཁྱད་གསོད་མིན་ཏེ། བདག་ཉིད་ཆེན་པོ་དེ་དག་ཀྱང་བསྟན་འགྲོའི་ཕན་བདེའི་བྱེད་པོ་དམ་པ་ཡིན་མོད། ཆོས་ཀྱི་ཁུངས་སྔ་འགྱུར་པ་འཕགས་ཚུལ་བསྟན་པ་ཡིན་ནོ། །


གཉིས་པ་གང་དུ་བསྒྱུར་པའི་གནས་ཕྱག་བཞེས་གཙུག་ལག་ཁང་གི་ཆེ་བ། སྔོན་གྱི་དུས་སུ་གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝས་གངས་ཅན་གྱི་མི་དང་མི་མིན་ནག་ཕྱོགས་འབྱུང་པོའི་ཚོགས་རྣམས་ནུས་པའི་མཐུས་ཚར་བཅད། དཀར་ཕྱོགས་ཀྱི་ལྷ་མ་སྲིན་སྡེ་བརྒྱད་རྣམས་དབང་དུ་བསྡུས་ཤིང་བྲན་དུ་བཀོལ་ཏེ་རྒྱལ་ཆེན་བཞི་སོགས་ཀྱིས་ལས་དཔོན་བྱས་ནས་བཞེངས་ཤིང༌། ཁྱད་པར་ལྷ་ཀླུ་གནོད་སྦྱིན་མི་ལ་སོགས་པའི་གནས་ཐ་དད་པ་ནས་རིག་པ་འཛིན་པ་དང་མཁའ་འགྲོའི་ཚོགས་ཀྱིས་བཟུང་བའི་རྒྱུད་སྡེ་མཐའ་ཡས་པའི་གླེགས་བམ་རྣམས་སྤྱན་དྲངས་ཤིང་བཞུགས་སུ་གསོལ་བ་དང༌། རབ་ཏུ་གནས་པའི་མེ་ཏོག་འཐོར་བ་སོགས་ཀྱི་ཚེ་ངོ་མཚར་བའི་བཀོད་པ་བསམ་གྱིས་མི་ཁྱབ་པ་ལྷ་མི་ཀུན་གྱི་མིག་གི་བདུད་རྩིར་གྲུབ་པ་དང༌། སྔགས་བདག་སྲུང་མའི་ཚོགས་ཀྱིས་བཀའ་ཡི་གཉེར་ཁ་མཛད་པ་སོགས་ཨོ་རྒྱན་ཧེ་རུ་ཀའི་ལྷ་ཁང་དང་རྣམ་དབྱེར་མེད་པར་ཡོངས་ལ་གྲགས་ཤིང་གྲུབ་པའི་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་སོགས་ཆོས་འཁོར་རྣམ་གསུམ་སྟེ། ཕྱིས་འགྱུར་གྱི་སྐབས་སུ་ཐོ་ལིང་གསེར་ཁང་སོགས་ཅི་རིགས་ཡོད་མོད་ཀྱི་སྔ་མ་དང་འགྲན་བཟོད་པ་ནི་འགའ་ཡང་མ་དམིགས་པའི་ཕྱིར་རོ། །


དེས་ན་དེ་འདྲའི་གཙུག་ལག་ཁང་བཀའ་གཉན་ཞིང་ཟིལ་ཆེ་བ་དང༌། གཙོ་བོར་རྒྱ་དཔེའི་དན་དཔང་དང་ལོ་པཎ་མཁས་གྲུབ་དུ་མ་བཞུགས་པའི་དྲུང་ཡིན་པས་རང་བཟོའི་ཚིག་བསླད་ཕྲ་མོ་ཙམ་ཡང་གཞུག་མི་ནུས་པའི་ཕྱིར། དེར་བསྒྱུར་བའི་ཆོས་རྣམས་བསྲེགས་བཅད་བརྡར་བའི་གསེར་བཞིན་ཚད་མར་འོས་པ་ནི་སྔ་འགྱུར་གྱི་ཆེ་བ་ཡང་དག་པ་ཡིན་ནོ། །


གསུམ་པ་སྒྲ་སྒྱུར་ལོ་ཙཱ་བའི་ཆེ་བ། ས་བཅུའི་དབང་ཕྱུག་འཕགས་པ་ཀུན་ཏུ་བཟང་པོ་ཉིད་མི་ཡི་ཚུལ་བཟུང་བ་རྣམ་སྣང་ལོ་ཙཱ་བ་ཆེན་པོ་སོགས་ཆོས་ཀྱི་གཏིང་དཔོག་པ། དགོངས་པའི་རྩལ་རྫོགས་པ། གྲུབ་པའི་རྟགས་མཚན་མངོན་དུ་འཆང་བ་རྗེ་འབངས་ཉེར་ལྔ་སོགས་དམ་པ་མང་པོ་འདུས་པ་ཡིན་ཏེ། སྒྲ་སྒྱུར་བརྒྱ་རྩ་བརྒྱད་སོགས་འཛོམས་ནས་དང་པོ་གཞུང་བོད་སྐད་དུ་བསྒྱུར། དེའི་ཚིག་དོན་ལ་པཎ་ཆེན་རྣམས་དཔང་པོར་བྱས་ནས་ཞུས་དག་བྱས།དེ་ནས་འཆད་ཉན་གྱིས་གཏན་ལ་ཕབ་པ་དེ་འདྲའི་ལོ་ཙཱ་ཕྱིས་སུ་སུ་ཡང་དཀོན་ཏེ་རྔོག་ལོ་ཙཱས་བསྔགས་པ་གོང་བརྗོད་ལྟར་རོ། །


དེ་ལྟར་ལོ་པཎ་མཁས་གྲུབ་འཛོམས་ནས་དག་ཐེར་ཕུད་པའི་ཆོས་ཡིན་པས་ཆོས་ཀྱི་ཆེ་བ་དངོས་སུ་འགྲོའོ། །


བཞི་པ་པཎྜི་ཏའི་ཆེ་བ། གསར་འགྱུར་ཕལ་ལ་རྒྱ་དཔེ་ལས་ལོ་ཙཱ་བས་སྐད་དོད་བསྒྱུར་བ་མང་ལ། ཕལ་ཆེར་པཎྜི་ཏ་ལས་ཐོས་ནས་འགྱུར་བ་ཡིན་ཞིང་པཎྜི་ཏ་དེ་དག་ཀྱང་ཚད་ལྡན་ཡིན་མོད་ཀྱི། སྔ་འགྱུར་དུས་ཀྱི་པཎ་གྲུབ་ལྟ་བུ་ཆེས་དཀོན་ཏེ། བདག་ཉིད་ཆེན་པོ་ས་པཎ་གྱིས། སྡོམ་བརྩོན་དམ་པ་དཔལ་ལྡན་ཞི་བ་འཚོ། །

བརྟུལ་ཞུགས་གྲུབ་པ་པདྨ་འབྱུང་གནས་དཔལ། ། བློ་གསལ་དབང་པོ་པདྨའི་ངང་ཚུལ་ཅན། ། རྩོད་པའི་དུས་ཀྱི་རྒྱལ་བ་གཉིས་པ་ཡིན། ། ཞེས་གསུངས་པ་ལྟར། མཁན་ཆེན་ཞི་འཚོ་ལྟ་བུའི་སྡོམ་བརྩོན་ཆེན་པོ་ཤིང་རྟའི་སྲོལ་འབྱེད་ཀྱི་སློབ་དཔོན་ཡོངས་སུ་གྲགས་པ་རྒྱ་གར་ནའང་དཀོན་པར་རྗེ་ཙོང་ཁ་པ་ཆེན་པོས་ཀྱང་ཆེད་དུ་བསྔགས། གྲུབ་པའི་དབང་ཕྱུག་པདྨ་འབྱུང་གནས་ནི་འཕགས་ཡུལ་གྱི་གྲུབ་ཐོབ་སྐར་ཚོགས་ལྟ་བུའི་དབུས་ན་ཟླ་བ་ལྟར་འཕགས་པར་ཡོངས་སུ་གྲགས་ཤིང༌། འཕགས་བོད་འགྲོ་ལྡིང་སོགས་སུ་གྲུབ་པའི་རྟགས་མཚན་བསམ་གྱིས་མི་ཁྱབ་པ་མངོན་དུ་བསྟན་པའི་ལོ་རྒྱུས་དེང་སང་ཡང་ཉམས་པ་མེད་པར་ཡོངས་ལ་གྲགས་པ་ཉིད་ཡིན་ལ། པཎ་ཆེན་བི་མ་མི་ཏྲ་ནི། མཁས་ཤིང་གྲུབ་པའི་ཁྱུ་མཆོག་ཡིན་པར་རྒྱ་བོད་ཀུན་ཏུ་གྲགས་ཤིང་འཕོ་ཆེན་འཇའ་ལུས་འཆི་མེད་རྡོ་རྗེའི་སྐུ་བརྙེས་ཏེ་ད་ལྟའང་རྒྱ་ནག་རི་བོ་རྩེ་ལྔར་བཞུགས། དེས་མཚོན་ནས་སངས་རྒྱས་གསང་བ། ཛི་ན་མི་ཏྲ་སོགས་རྒྱ་གར་ན་ཡོངས་སུ་གྲགས་པ། ཕྱིས་ཀྱི་རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱིས་ཚད་མར་འཛིན་པ་ཤ་སྟག་ཡིན་ལ། དེ་འདྲ་རེ་ཟུང་ཙམ་མིན་པར་པཎ་གྲུབ་མང་པོ་དུས་གཅིག་ཞལ་འཛོམས་ནས་མདོ་སྔགས་ཀྱི་ཆོས་བསྒྱུར་ཞུས་གཏན་ལ་ཕབ་པ་དེ་འདྲ་ཕྱིས་སུ་གསར་འགྱུར་ལ་ཇི་ལྟར་བྱུང༌། དེས་ན་སྒྱུར་བྱེད་པཎ་གྲུབ་ཁྱད་འཕགས་མང་པོ་དཔང་པོར་བཞུགས་བཞིན་ཆོས་རྣམས་བསླད་མེད་གསེར་ཞུན་མ་ལྟ་བུ་མ་ནོར་བར་བསྒྱུར་པ་ནི་སྔ་འགྱུར་པའི་ཆོས་ཀྱི་ཆེ་བ་ཡིན་ནོ། ། དེ་ལྟར་པན་གྲུབ་ཁྱད་འཕགས་དེ་རྣམས་དབང་བཅུའི་གོ་འཕང་བརྙེས་པས་བྱེ་མ་གསེར་དང་རྡེའུ་གཡུ་རུ་བསྒྱུར་ནུས་པས། གསེར་དང་བོང་བ་མཉམ་ཞིང་ནོར་གཙོ་བོར་མི་བྱེད་པ། བསྟན་འགྲོའི་དོན་གྱི་ཐུགས་ཅན། སྨོན་ལམ་དང་ཐུགས་བསྐྱེད་ཀྱིས་གངས་ཅན་མུན་པའི་སྨག་རུམ་འདུལ་བའི་ཕྲིན་ལས་ཅན། རྒྱལ་དང་རྒྱལ་བའི་སྲས་པོ་རྣམས་མཁས་གྲུབ་ཀྱི་ཚུལ་དུ་བྱོན་པ་ཡིན་པ་ནི་སྔར་དུས་འཁོར་གྱི་ལུང་དང༌། འཇམ་དཔལ་རྩ་རྒྱུད་ཀྱིས་རྒྱལ་པོ་མི་ཡི་ལྷ་ཞེས་ཆོས་རྒྱལ་ལུང་བསྟན་པའི་གསུང་གིས་གྲུབ་བོ། ། ལྔ་པ་ཕྱག་རྟེན་མེ་ཏོག་གི་ཆེ་བ། ཆོས་ཀྱི་རྒྱལ་པོས་གསེར་ཕྱེ་བྲེ་ལ་གཞལ། གསེར་གྱི་ཤ་བའི་རླིད་བུ་བཀང་བ་ལྟ་བུ་འབྱོར་པའི་མངའ་ཐང་ཆེན་པོས། ལོ་པཎ་འདི་སྙེད་ཅིག་བོད་དུ་གདན་འཛོམས་པར་བྱས་པ་འདི་ཉིད་དོ། ། འདི་ནོར་གྱི་ཆེ་བ་ཙམ་ཡིན་ལ་ཆོས་ཀྱི་ཆེ་བར་མི་འགྱུར་བས། གསར་མ་ཁ་ཅིག་གིས་རང་ལུགས་ལ་དམ་པའི་ཆོས་དཔྱད་གསུམ་གྱིས་དག་པ་གསེར་ཞུན་མ་ལྟ་བུའི་ཆེ་བ་བརྗོད་མོད། དཔྱད་གསུམ་གྱིས་དག་པའི་གསེར་ཞུན་ལྟ་བུ་དེ་ཁྱེད་ཅག་མགོ་རྒོད་པས་རྙེད་པ་ཡིན་ན་དེ་ལྟར་ཡིན་དུ་ཆུག་རུང༌། ཆོས་དེ་ཆོས་རྒྱལ་ཆེན་པོའི་སྨོན་ལམ་ཐུགས་བསྐྱེད་མངའ་དབང་གིས་བྱུང་བ་ཁྱེད་ཅག་གིས་མ་གོ་བར་ཟད་དོ། །འོན་ཀྱང་ནོར་གྱི་འབྱོར་པ་དེ་ལྟ་བུ་མེད་ན། ཇོ་བོ་རྗེ་བོད་དུ་གདན་འདྲེན་འདོད་ཀྱིས་གསེར་བཙལ་བས་ལྷ་བླ་མ་ཡེ་ཤེས་འོད་གར་ལོག་གི་བཙོན་ཞབས་སུ་འདས་དགོས་པ་བྱུང་བའི་དཔེ་ལྟར། བསམ་པ་ཆེ་ཡང་ལག་ཏུ་མི་ལོན་མོད། ཆོས་ཀྱི་རྒྱལ་པོའི་མངའ་དབང་ཆེན་པོས། ཆོས་ཀྱི་སྡེ་འཛུགས་པའི་ཕྱི་གཙུག་ལག་ཁང༌། ནང་སྐུ་གསུང་ཐུགས་ཀྱི་རྟེན། བསྟན་པའི་བདག་པོ་ལོ་པཎ་མང་པོའི་ལམ་རྒྱགས་དང༌། འཚོ་བའི་ཡོ་བྱད་དང༌། ཞབས་འབྲིང་བའི་སྐྱེ་བོ་དང་བཅས་པའི་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པའི་མཐུ་ལས། ལོ་པཎ་མཁས་གྲུབ་ཞལ་འཛོམས་ནས་ཆོས་རྣམ་དག་འགྱུར་བ་ཡིན་པས་འདི་ཡང་ཆེ་བར་ཅིས་མི་འགྱུར་ཏེ། ཆོས་འབྱུང་བའི་ཡན་ལག་ཡིན་པས་སོ། །འདི་ལ་ལྟོས་ནས་གསེར་ཆོས་ཟེར་བ་དང༌། རྒྱ་གར་དུ་བགྲོད་ནས་དཀའ་བས་བཙལ་བའི་ཆོས་ཞེས་སམ། པཎ་གྲུབ་ཀྱི་གདམས་ངག་ཆིག་བརྒྱུད་མ་ཞེས་སོགས་སུ་འབོད་པ་གཞན་ཆོས་ཡིན་པ་དང་ཟབ་པ་དང་རྙེད་དཀའ་བ་ཡིན་པ་བདེན་ཀྱང༌། ཆོས་རྒྱལ་ཀྱི་སྐུ་དུས་ལྟ་བུའི་ཡོན་ཕུལ་བ་དང༌། བཻ་རོ་ལྟ་བུའི་དཀའ་བ་དཔྱད་པ་དང༌། རྒྱ་གར་གྱི་པཎ་ཆེན་སྤྲུལ་པའི་སྐུ་མཆོག་རྣམས་ལས་དངོས་སུ་བླངས་པ་ལྟ་བུ་ཤིན་ཏུ་དཀོན་ནོ། དེས་ན་འདིའང་ཆེ་བ་ཡང་དག་པ་ཡིན་ཏེ། གཞན་ལ་ཆེ་བ་ཡོད་མོད་ཀྱི་དེ་དང་མཚུང་པའི་ཆེ་བ་མེད་དོ། ། དྲུག་པ་བསྒྱུར་བྱ་ཆོས་ཀྱི་ཆེ་བ། མདོ་རྒྱུད་ཟབ་མོ་ཇི་སྙེད་འདི་སྔ་འགྱུར་པའི་དུས་སུ་བྱུང་བ་ཡིན་ལ། ཕྱིས་སུ་གཞུང་རེ་ཟུང་གི་འགྱུར་འཕྲོ་བསྒྱུར་པ་ཡོད་ཀྱང༌། སྔར་ལྟར་རྒྱ་ཆེ་བ་བསྒྱུར་མ་ནུས་ཏེ། བྱེ་བྲག་བཤད་མཛོད་ཆེན་པོ་སྔར་མ་བསྒྱུར་བར་ལོ་ཙཱ་བ་བཟང་ངན་བསྟན་ཕྱིར་རྒྱ་དཔེ་བསམ་ཡས་སུ་བཞག་པ་ཡིན་མོད། ཕྱིས་སུ་སུས་ཀྱང་བསྒྱུར་པ་འདུག་གམ། དེ་བཞིན་རྒྱུད་འབུམ་ལྔ་དང༌། གཞན་ཡང་མདོ་རྒྱུད་བོད་དུ་མ་འགྱུར་བ་ཆེས་མང་པོ་རྒྱ་གར་དུ་ཡོད་ན། ཞིང་གཞན་དང་མཁའ་འགྲོའི་གསང་མཛོད་ན་ལྟ་ཅི་སྨོས་ཏེ། དེ་དག་བསྒྱུར་ནུས་པའི་སྟོབས་འབྱོར་དང་ནུས་མཐུ་བློ་གྲོས་བྱུང་ན་བསྒྱུར་རིགས་ཀྱང་སུས་ཀྱང་བསྒྱུར་མ་ནུས་པ་དེར་ཟད། ཁྱད་པར་ནང་རྒྱུད་སྡེ་གསུམ་འདི་ནི་གསར་རྙིང་གཉིས་ཀར་ཐུན་མོང་དུ་གྲགས་པའི་རྒྱུད་རྣམས་ཀྱིས་མཚོན་པའི་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོ་ལྟ་བུའི་དགོངས་པའི་མཐིལ། མན་ངག་གི་གནད། ངེས་པའི་དོན། རྒྱལ་བ་ཡོངས་ཀྱི་དགོངས་པའི་ཞེ་ཕུག་ཡིན་པས། རྒྱ་གར་དུའང་གྲུབ་མཆོག་ཉུང་ཤས་ཀྱི་ཐུགས་ལ་ཅི་རིགས་མངའ་ཡང་ཤིན་ཏུ་གསང་བའི་ཟབ་ཆོས་ཡིན་པས་ཕལ་པ་སུས་ཀྱང་རྙེད་པར་དཀའ་བ་ཡིན་མོད། པད་འབྱུང་དང་བི་མ་ལ་སོགས་གྲུབ་པའི་འཁོར་ལོས་སྒྱུར་བ་ཆེན་པོ་རྣམས་ཀྱིས་རང་དབང་དུ་བླངས་ཏེ་ཡོན་ལ་ལྟ་བ་མེད་པའི་སྙིང་རྗེའི་ཐུགས་ཀྱིས་བོད་ཀྱི་སྐལ་བར་གནང་བ་ཡིན་ནའང༌། ཆོས་དང་གང་ཟག་གི་བར་དུ་བདུད་ཀྱིས་འབྱེད་པའི་སྦྱོར་བ་བྱུང་ནས་རྩོད་པ་ཅན་དུ་བྱས་ཏེ། གསར་མ་པ་རྣམས་ལ་ཐེ་ཚོམ་དུ་སོང༌། རྙིང་མ་པའི་ཁུད་པའི་ཆོས་སྐལ་དུ་ཐོབ་པས། སྔར་རིག་འཛིན་གྱི་ས་ལ་བྱ་ཁྱུ་འཕུར་བ་ལྟར་གཤེགས་པ། རྗེ་འབངས་ཉེར་ལྔ། ཡེར་བའི་གྲུབ་ཆེན་བརྒྱད་བཅུ། སོ་ཟུར་གནུབས་སོགས་གྲུབ་པའི་འཁོར་ལོས་སྒྱུར་བ་ཆེས་མང་པོ་བྱོན། དེང་སང་ཡང་སྐལ་ལྡན་རེ་ཟུང་གི་སྤྱོད་ཡུལ་དུ་རང་ནུས་དང་བསྟུན་པའི་ཉམས་ལེན་གྱི་རྒྱུན་མ་ནུབ་ཙམ་དུ་བཞུགས་ཀྱང༌།དེང་སང་ནི་ཟབ་མོའི་ཆོས་མཛོད་དེ་བཞག་ནས། རྟོག་གེའི་ཟེར་སྒྲོས་ལྷུར་ལེན་པ་དང༌། གཏེར་ཆོས་གསར་པ་འདོན་རྒྱུ་ཉབ་ཉོབ་ཙམ་དོན་དུ་གཉེར་བ་མང་ཞིང༌། ནང་རྒྱུད་སྡེ་གསུམ་གྱི་གྲུབ་མཐའི་གནད་གསང་ཤེས་འདོད་ཀྱིས་འཆད་ཉན་དང་བསྒོམ་སྒྲུབ་ཀྱིས་མཚོན་བྱ་བ་བྱེད་མཁན་ཉུང་སྟེ། ཐུ་ཀྭན་རིན་པོ་ཆེས། མདོ་སྒྱུ་སེམས་གསུམ་གར་ཡོད་མི་ཤེས་སོགས་གསུངས་པའི་ཐོག་ཏུ་བབས་ཏེ། འདི་བདེན་པའི་གསུངས། གཞན་བསྐུལ་འདེབས་པ་ཡིན་པར་གོ ནང་རྒྱུད་འདི་ཡི་བསྟན་དོན་ཕྲ་མོ་རེ་ལ་ངེས་ཤེས་སྐྱེས་ནའང༌། སྔགས་རྒྱུད་རྣམས་ཀྱི་རིམ་གཉིས་ཀྱི་གནད་ལ་ངེས་ཤེས་ཁྱད་འཕགས་རེས་ཐེ་ཚོམ་གཅོད་ནུས་པ་ཡིན་པས། བདེ་གསང་སོགས་ཆོས་རྣམ་དག་ཡིན་ན་དེའི་མན་ངག་འདི་ན་གསལ་བས་འདི་ཆོས་རྣམ་དག་ཡིན་པར་མ་ཟད། ཆོས་ཀྱི་སྙིང་པོ་ཡིན་པར་རིགས་པས་ངེས་ནུས་པའི་ཕྱིར་ཆོས་ཀྱི་ཆེ་བ་འདི་འདྲ་གསར་མ་ལ་མེད་དེ། ཅིའི་ཕྱིར་ན། བདེ་གསང་སོགས་ཀྱི་རྒྱུད་དང་དེའི་འཆད་ཉན། བསྐྱེད་རྫོགས་ཀྱི་ཉམས་ལེན་ཡོད་མོད་ཀྱང་རྙིང་མའི་རྒྱུད་རྣམས་ཀྱི་དགོངས་གཞི་བསླང་མ་ནུས་ན་དེ་དག་ཚོགས་བཤད་ཙམ་ལས། སློབ་བཤད་ཐུན་མིན་གྱི་འཆད་པ་དང་ཉམས་ལེན་དུ་མི་འགྱུར་བས། ཟབ་མོའི་གནད་སྔ་འགྱུར་གྱི་རྒྱུད་ལུང་མན་ངག་ལ་ལྟོས་ནས་ཤེས་དགོས་ཏེ། སངས་རྒྱས་ལ་ཉེ་རིང་གི་འདུ་ཤེས་མི་མངའ་མོད། གདུལ་བྱ་རྣམས་ཀྱི་སྣོད་དང་སྦྱར་ནས་མདོ་དང་རྒྱུད་དང༌། རྒྱུད་ཀྱི་དགོངས་པ་སྦས་པ་དང་མ་སྦས་པའི་རིམ་པས་སྟོན་པར་མཛད་པའི་ཕྱིར།རྡོ་རྗེ་སྙིང་འགྲེལ་ལས། རྒྱུད་ནི་རྒྱུད་གཞན་གྱིས་ཤེས་བྱ། ། ཞེས་སོགས་གསུངས་པས་དུས་ཀྱི་འཁོར་ལོའི་རྒྱུད་གཞན་གྱིས་སྦས་པ་མངོན་དུ་སྟོན་པའི་སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་འབྱེད་པ་ཞེས་གསུངས་པ་ལྟར་ཡིན་པའི་ངེས་ཤེས་རྙེད་རྒྱུ་ཡོད་པ་དེ་བཞིན། ནང་རྒྱུད་སྡེ་གསུམ་འདི་ཡང་རྒྱུད་ཀུན་གྱི་དགོངས་པའི་མཐིལ་ཡིན་ཏེ། མདོ་ཙམ་བརྗོད་ན། སྔགས་རྒྱུད་ཀྱི་ཉམས་ལེན་མཐར་ཐུག་དབང་བཞི་པའི་ཡེ་ཤེས་ནི། རིག་སྟོང་གཉུག་མ་བདེ་བ་ཆེན་པོ་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་ཡིན་ཀྱང༌། དེ་རྒྱུད་གཞན་ན་སྦས་པའི་ཕྱིར། གསར་མ་པ་རྣམས་ཀྱིས། འགྱུར་བདེ་དང་སྟོང་རྐྱང་སྦྱར་བའི་འདུས་བྱས་ཀྱི་སྤྱོད་ཡུལ་ཞིག་ལས། འདུས་མ་བྱས་པའི་རང་བྱུང་གི་ཡེ་ཤེས་སམ། སྐད་ཅིག་མའི་ཆ་ལས་འདས་པའི་འགྱུར་མེད་ཀྱི་བདེ་བ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཟུང་འཇུག་དོན་གྱི་ལྷན་སྐྱེས་ཇི་བཞིན་གཏན་ལ་དབབ་མ་ནུས་པའི་ཕྱིར། དེ་དག་དུས་ཀྱི་འཁོར་ལོ་ན་མ་སྦས་ཀྱང༌། ད་དུང་སྔར་གྱི་ཞེན་པས་ཇི་བཞིན་ངེས་པ་དཀོན་ལ། དབང་པོ་གཉིས་སྦྱོར་གྱི་བདེ་བ་མི་རྟག་པ་འགྱུར་བ་དེ་ཡིན།བདེ་བ་ཆེན་པོ་མི་འགྱུར་རྟག་པ་ཡིན་ཞེས་གསུངས་པ་སོགས་ཅི་ཕྱིར་སེམས་འགྲེལ་སྐོར་གསུམ་དང༌། གྲུབ་པ་སྡེ་བདུན་རྡོ་རྗེའི་དོ་ཧ་སོགས་ནའང་དེ་བཞིན་གསལ་མོད། རྫོགས་ཆེན་ལུགས་ལྟར་མན་ངག་གི་ངོ་སྤྲོད་ཐེབས་པས། སྔགས་ཀྱི་བདེན་པ་དབྱེར་མེད་ཟུང་འཇུག་གི་དོན་སློང་མ་ནུས་ན། གསལ་བདེ་རིག་པའི་ཡེ་ཤེས་ཞེས་སྨྲོས་པ་ན། དེ་འདྲ་ལ་རྟག་པ་ཞིག་ག་ལ་ཡོད་སྙམ་དུ། འདུས་བྱས་བདེ་བ་དང་འདུས་མ་བྱས་སྟོང་རྐྱང་གཉིས་ལྷན་ཅིག་གསར་དུ་སྦྱར་བ་ལ་ལྷན་སྐྱེས་སུ་འདོད་པ་དང༌། རྒྱུད་དང་མན་ངག་གི་དགོངས་པ་སྒྲ་ཇི་བཞིན་ངེས་མ་ནུས་པ་ནི། སོ་སོའི་ཡིག་འཇོག་གིས་དན་དཔང་བྱེད་ཆོག་པ་འདི་བྱུང་བས་རྙིང་མའི་ལུགས་ཀྱི་རིག་སྟོང་དབྱེར་མེད། འོད་གསལ་བའི་སེམས་དང༌། འཁོར་ལོ་ཐ་མའི་མདོའི་བདེ་གཤེགས་སྙིང་པོ་གདོད་ནས་རྣམ་དག་སྐུ་དང་ཡེ་ཤེས་ཉིད་དང་འདུ་འབྲལ་མེད་པ་རྟག་པ་ཆེན་པོ་ཇི་བཞིན་འཛིན་མི་ནུས་པར་དགོངས་པ་ཅན་དང་སྒྲ་ཇི་བཞིན་མིན་པར་འདོད་པ་དེ་བྱུང་བ་ཡིན་ནོ། ། དེ་བཞིན་དུ་བསྐྱེད་རིམ་གྱི་ལྟ་བ་སྣང་སྲིད་ཡེ་སངས་རྒྱས་པའི་ཚུལ་དང༌། ཐབས་ལམ་གྱི་རྩ་བ་ལུས་ཐབས་ཀྱི་རྒྱུད་ཡིན་པས་དེ་ལ་གནད་དུ་བསྣུན་ན་རང་བཞིན་འོད་གསལ་འཆར་ཚུལ་ལའང་མི་ཤིགས་དྭངས་མ་གསུམ་ལྡན་གྱི་ཐིག་ལེ་ཉིད་འོད་གསལ་འདུས་མ་བྱས་པའི་ལྷུན་གྲུབ་ཀྱི་སྐུ་དང་ཡེ་ཤེས་སུ་ཁས་ལེན་མི་ནུས་བཞིན། དབུ་མར་སྲོག་གཞུག་པའི་བདག་བྱིན་རླབས་ཀྱི་རིམ་པ་བསྒོམས་པས་གཟོད་ཅིག་ཡིད་ལྷ་སྐུར་སྨིན་པ་ལ་བློ་རྩེ་གཏད་ནས།འཁོར་ལོ་ཐ་མའི་མདོ་ལས་ལམ་ལྔ་བྲལ་བྱེད་ཀྱི་རྒྱུ་དང་འབྲས་བུ་ཆོས་སྐུ་བྲལ་འབྲས་སུ་གསུངས་པ་དང༌། ཡེ་ཤེས་རྡོ་རྗེ་ཀུན་བཏུས་སོགས་སྔགས་རྒྱུད་ལས་ཀྱང་འོད་གསལ་བའི་སེམས་གདོད་ནས་རྣམ་དག་ལ་སྒྲིབ་བྱེད་གློ་བུར་གྱི་རླུང་རྟོག་ཐབས་ཀྱིས་བཀག་པས་ཟུང་འཇུག་དོན་གྱི་སངས་རྒྱས་བྲལ་འབྲས་སུ་དངོས་སུ་གསུངས་པ་ཡོད་བཞིན། དེ་དག་གི་དགོངས་དོན་ཇི་བཞིན་སློང་མ་ནུས་པར། སངས་རྒྱས་ཀྱི་གཉུག་སེམས་སམ། མི་ཤིགས་པའི་ཐིག་ལེའམ། གཟུགས་སྐུའི་ཉེར་ལེན་གྱི་རླུང་འོད་ཟེར་ལྔ་པ་སོགས་ཐབས་ཀྱིས་སྦྱངས་ནས་གཟོད་སངས་རྒྱས་སུ་འགྲུབ་པར་སྨྲ་བའི་གཞུང་འཛུགས་པའི་གནད་དེ་ཡིན་ནོ། །འདི་དག་སྣང་ཚུལ་ལ་དེ་ལྟར་བརྗོད་པ་ཙམ་ལ་འགལ་བ་མེད་མོད། གནས་ཚུལ་ལའང་གདོད་ནས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་སེམས་ཅན་རྣམས་ལ་ཆོས་ཉིད་ཀྱི་ངོ་བོར་ཡེ་ནས་རང་ཆས་སུ་མེད་ན། གཉུག་སེམས་འོད་གསལ་དང་མི་ཤིགས་པའི་ཐེག་ལེ་སོགས་ཀྱང་མ་དག་པའི་ཆར་གཏོགས་པར་འགྱུར་ན། ཐབས་ཀྱི་ལམ་གྱིས་དག་པ་དབུ་མའི་ཐིག་ལེ་ལ་གནད་དུ་བསྣུན་པ་དོན་མེད་པར་འགྱུར་བ་སོགས་སྐྱོན་མཐའ་ཡས་པ་ཡོད་མོད། ཉུང་ངུས་བརྗོད་པས་ཐེ་ཚོམ་ཆོད་དཀའ་བས་དཔྱད་པའི་སྙིང་པོ་ཙམ་ལས་མ་སྨྲོས་སོ། ། གསར་མའི་ནང་ནའང་དུས་འཁོར་གྱི་མན་ངག་ལ་བསྟེན་པ་འགའ་ཞིག་ནི་རྙིང་མའི་ཁས་ལེན་ལྟར། རང་བཞིན་འོད་གསལ་གྱི་སེམས་སམ་བདེ་གཤེགས་སྙིང་པོ་རྡོ་རྗེ་ཅན་གྱི་སེམས་ནི་སངས་རྒྱས་སུ་ཞལ་གྱིས་བཞེས་པ་ཡོད་དེ། ལམ་དེ་ཚུལ་བཞིན་སྒོམ་པ་རྣམས་ལ་གྲུབ་ཐོབ་དུ་མ་བྱུང་ངོ༌། ། འོན་ཀྱང་རྙིང་མས་ངོ་བོ་སྟོང་པར་གཏན་ལ་འབེབས་པ་སོགས་གོ་བདེ་ཞིང་ཡིད་ཆེས་སྐྱེ་སླ་བ་ཡོད། དེས་ན་ཆོས་ཀྱི་ཆེ་བ་འདི་ནི་གཞན་ལ་མེད་ཅིང་སྔ་འགྱུར་གྱི་ཆོས་ལ་ཡོད་པའི་ཁྱད་པར་འབྱེད་རུང༌། བདེ་གསང་སོགས་སྔགས་རྒྱུད་ཀྱི་དགོངས་པ་ཇི་བཞིན་བསླངས་ན་ནི། འདི་དག་བསྐྱེད་པ་མ་ཧཱ་ཡོ་གའི་རྒྱུད་ཡིན་པས་རྒྱུད་ལ་བཟང་ངན་མེད་མོད། མན་ངག་གི་གནད་སྤངས་པའི་རྒྱུད་འཛིན་པ་པོ་རྣམས་ལ་ལྟོས་ནས་མན་ངག་མ་སྦས་པའི་རྒྱུད་རྣམས་སྦས་པ་རྣམས་ལས་ཆེས་ཆེ་བར་འགྲུབ་པ་ཡིན་ནོ། །


དེའི་ཕྱིར་གསང་སྔགས་སྔ་འགྱུར་གྱི་ཆོས་སྡེ་རིན་པོ་ཆེ་རྣམས་ནི་ས་གསུམ་ན་རྙེད་པར་དཀའ་བས། ཡིད་བཞིན་གྱི་ནོར་བུའི་གཏེར་ལས་ཀྱང་གཅེས་སྤྲས་ཀྱི་སྒོ་ནས་ཆོས་སྤྱོད་བཅུའི་ཚུལ་གྱིས་ཅི་ནུས་སུ་འཛིན་དགོས་པ་ཡིན་པས་གང་ཟག་སྐལ་བར་རབ་ཏུ་གྱུར་པ་རྣམས་ཀྱིས་དེ་ལྟར་རྟོགས་པར་འཚལ་ལོ། །

རྒྱལ་བསྟན་ལྗོངས་འདིར་འདྲེན་པ་མེས་དབོན་གསུམ། །

བསྟན་པའི་རྒྱལ་མཚན་སྒྲེང་མཛད་མཁན་སློབ་ཆོས། ། བསྟན་པ་ཡུན་དུ་སྐྱོང་བ་བསྟན་འཛིན་ཚོགས། ། འདི་རྣམས་བོད་ལ་བཀའ་དྲིན་འགྲན་ཟླ་བྲལ། ། གངས་ལྗོངས་སྨྲ་བའི་སྒོ་འབྱེད་སམ་བྷོ་ཊ། ། མདོ་སྔགས་བསྟན་པའི་སྣང་བྱེད་སྐ་ཅོག་ཞང༌། ། བཅུ་ཕྲག་རིགས་ལམ་གསལ་བྱེད་མཁས་དབང་ཚོགས། ། འདི་དག་བོད་ཡུལ་ཆོས་ཀྱི་ཉི་མ་ཡིན། ། དེ་ཕྱིར་མདོ་སྔགས་རིག་གནས་བཅས་པ་ཡི། ། ཤིང་རྟའི་ལམ་སྲོལ་སྔ་འགྱུར་པ་ཡིས་ཕྱེས། ། དེ་ཡི་རྩ་ལག་རིས་བྲལ་དམ་པས་སྤེལ། ། དེང་སང་བར་དུ་བསྟན་པའི་མངའ་ཐང་རྒྱས། ། དེ་ལྟ་ནའང་ནུ་ཞོས་འགྲངས་པ་ཡི། ། ཕྲུ་གུ་ཚོགས་ཀྱིས་མ་ལ་འཁུ་བ་ལྟར། ། བློ་ཞན་བྱས་པ་མི་བཟོད་འགའ་ཞིག་གིས། ། རང་ཆེ་འབྱིན་ཞིང་བསྟན་རྙིང་དམན་པར་འཛིན། ། ཀྱེ་མ་ཧོ། རྒྱལ་བསྟན་ཆུ་གཏེར་ཟབ་མོའི་ཀློང་བརྒལ་ནས། ། མདོ་སྔགས་རྒྱུད་སྡེའི་ཆོས་ཀྱི་སྙིང་པོ་ནི། ། འགྲན་ཟླ་མེད་པའི་མཁས་གྲུབ་མཆོག་རྣམས་ཀྱི། ། དྲིན་ལས་སྔ་འགྱུར་པ་ལ་མཆིས་མོད་ཀྱི། ། སོ་སོའི་གྲུབ་མཐའི་ཟབ་གནད་མ་ཕིགས་པའི། ། བློ་ཆུང་རྣམས་ཀྱིས་བལྟས་ན་རྙིང་མའི་ཆོས། ། ཕལ་དང་མི་འདྲ་སྒེར་ཆོས་མང་བའི་ཕྱིར། ། ཡང་དག་ཡིན་མིན་སོམ་ཉིའི་གཟེབ་ཏུ་ཆུད། ། རྒྱ་ཆེའི་ཆོས་མཛོད་རྟོགས་ཤིང་ཟབ་མོའི་གནད། ། ཁོང་དུ་ཆུད་པའི་བློ་ལྡན་འགས་བལྟས་ན། ། ཆོས་སྒོ་གྲངས་མེད་ཀུན་གྱི་མཐར་ཐུག་གི། ། ཟབ་གནད་སྟོན་ཕྱིར་ཀུན་གྱི་རྩེ་མོར་མཐོང༌། ། ལེགས་པར་བསམས་ན་སྔ་འགྱུར་དུས་ཀྱི་ནི། ། བསྟན་འཛིན་རྣམས་ཀྱི་བཀའ་དྲིན་འགྲན་བྲལ་ཅིང༌། ། བསྟན་པ་རྒྱ་མཚོ་བསིལ་ལྡན་ལྗོངས་སུ་ཁྱབ། ། བསྟན་ཞུགས་ཀུན་ཀྱང་དེ་ཡི་དྲིན་ལ་བསྟེན། ། དེ་ལྟ་མོད་ཀྱི་སྡེ་སྣོད་གསུམ་གྱི་ཆོས། ། སྔ་འགྱུར་ཡིན་ཡང་འདི་ལ་རྩོད་པ་མེད། ། ཆོས་ཟབ་རྡོ་རྗེ་ཐེག་པ་ནང་རྒྱུད་གསུམ། ། འཕགས་ཡུལ་ཕལ་ལའང་ཡོངས་སུ་མ་གྲགས་མོད། ། རྒྱལ་བ་ཉིད་དང་མཚུངས་པའི་པཎ་གྲུབ་ཀྱི། ། དྲིན་ལས་བོད་ལྗོངས་སྐལ་བར་བཞག་ནའང༌། ། ཟབ་གནད་མི་ཤེས་ཕྱོགས་རེའི་མིག་ཅན་གྱིས། ། འདི་དག་རྙིང་མའི་ཆོས་ཞེས་ཐེ་ཚོམ་གྱི། ། གཞི་བྱས་ཕྲག་དོག་ཚིག་ངན་བདུད་ཀྱིས་བསྒྲགས། ། ནོར་བུའི་གཏེར་ཆེན་རྙིང་མའི་སྒེར་སྐལ་གྱུར། ། རྡོ་རྗེ་ཐེག་པའི་དགོངས་དོན་ཆེས་ཟབ་པའི། ། དགོངས་པ་དམར་འབྱིན་མན་ངག་སྙིང་པོའི་གཞུང༌། ། འདི་རྣམས་ཡིན་ཡང་སྐལ་བས་མ་འཆུན་པའི། ། སྔགས་འཛིན་རྣམས་ལ་ས་འོག་གཏེར་བཞིན་གྱུར། ། ཡང་དག་ལམ་བཟང་མཐོང་བའི་ཤེས་རབ་ཅན། ། ཡོད་ན་གསར་རྒྱུད་རྣམས་ཀྱི་དགོངས་པའི་མཐའ། ། ཇི་བཞིན་ངེས་པ་འདི་ལ་རག་ལས་ཏེ། ། རྒྱུད་ལས་རྒྱུད་ཀྱི་མན་ངག་ལྟ་བུ་ཡིན། ། འདི་དག་སོ་སྐྱེ་མཁས་པའི་བློ་གྲོས་ཀྱིས། ། དཔྱད་པས་གསར་དུ་རྙེད་པའི་བསྟན་བཅོས་དང༌། ། རྟོག་གེའི་རང་བཟོས་བཅོས་པ་མ་ཡིན་ཏེ། ། རྒྱལ་བ་ཉིད་ཀྱིས་རྡོ་རྗེ་ཐེག་པའི་རྒྱུད། ། གཞན་དུ་སྦས་པ་འདིར་ནི་མངོན་བསྟན་ཕྱིར། ། རྙེད་དཀའི་ཆོས་མཆོག་འདི་རྣམས་ལེགས་བཟུང་ན། ། ཟབ་ཅིང་རྟོགས་པར་དཀའ་བ་ཡིན་མོད་ཀྱི། ། རྟོགས་ན་དོན་ཆེ་འདི་དང་མཚུངས་གཞན་མེད། །

ལེགས་ལེགས་འགྲིགས་འགྲིགས་འདྲ་བའི་ཁས་ལེན་འགའ། ། རྟོགས་སླ་ཡིན་ཡིན་འདྲ་ཡང་ཕུགས་བརྟགས་ན། ། བྱིས་པ་མགུ་བར་བྱེད་པའི་ངང་ཚུལ་ལས། ། རིགས་ཁུར་མི་བཟོད་བྱེ་མའི་ཆར་པ་འདྲ། ། མཐར་ཐུག་དཔྱོད་པའི་རིགས་པས་གྲུབ་པ་ཡི། ། ཟབ་དོན་རྡོ་རྗེའི་གསང་གནད་འདི་དག་ལ། ། ངེས་པ་སྐྱེས་ན་ནམ་མཁའ་ཇི་སྲིད་དུ། ། ཕ་རོལ་རྒོལ་བས་ནམ་ཡང་བསྐྱོད་མི་ནུས། ། སྔ་འགྱུར་ཆོས་མཛོད་ནོར་བུའི་གླིང་སྐྱེས་ཀྱང༌། ། ནོར་སྐལ་ཆད་འགའ་གཞན་ཟེར་འཆིང་བུ་ལེན། ། རང་གི་ཆོས་ལ་ཐེ་ཚོམ་ཟ་བྱེད་པ། ། ལྷ་སྐལ་ཆད་པས་འབྱུང་པོ་སྒྲུབ་དང་མཚུངས། ། ཀུན་རྟོག་འཕེལ་བའི་སྣ་མང་མི་འཚོལ་ཞིང༌། ། བརྒྱུད་པའི་མན་ངག་བདུད་རྩིའི་བཅུད་མཆོག་ལ། ། རང་ནུས་ཇི་བཞིན་སྤྱོད་པས་ངོམས་པར་འགྱུར། ། དེ་ལྟར་བརྗོད་པ་འདི་ལ་གཞན་དག་གིས། ། རང་ཞེན་རང་བསྟོད་ཆེ་བ་ཡིན་སྙམ་ན། ། རྟོན་པ་བཞི་དང་ལྡན་པའི་བློ་གྲོས་ཀྱི། ། ལྟ་བའི་གནད་དང་ཉམས་ལེན་མན་ངག་གཞུང༌། ། ཆོས་ཀྱི་ཆིངས་དང་བསླུ་མེད་རིགས་པའི་ལམ། ། ཐམས་ཅད་རིང་མོ་ཞིག་ཏུ་རྟོག་གྱིས་དང༌། ། དེ་ནས་ཐེ་ཚོམ་མུན་པ་དྭངས་པ་ཡི། ། ངེས་ཤེས་ཉིན་མོར་བྱེད་པ་བཞིན་དུ་འཆར། ། དེ་ལྟར་མཐོང་ནས་སྙིགས་མ་ལྔ་བདོའི་དུས། ། བསྟན་ཞབས་སྐྱེས་པའི་ཆོས་སྨྲའི་ཁུར་འཛིན་བདག ། རྣམ་བྱང་ཕྱོགས་ཀྱི་ཡོན་ཏན་ཆ་ཕྲ་ཞིང༌། ། ལས་ཉོན་སྡུག་བསྔལ་བརྒྱ་ཡིས་མནར་མོད་ཀྱི། ། བསྟན་པ་འདི་ལ་གུས་པ་རྩེ་གཅིག་པས། ། ནམ་ནམ་ཞོར་ཞོར་ཇི་ལྟར་འབད་པ་ཡིས། ། སྔ་འགྱུར་བསྟན་ལ་ཇི་ཕན་བརྗོད་པར་བྱས། ། དེ་དག་ཕ་ཡི་ཁ་ཕོར་གཙང་ཞེན་ལྟར། ། ཞེན་པས་མ་ཡིན་ངེས་པ་སྐྱེས་ལས་ཡིན། ། གྲུབ་མཐའ་མི་མཐུན་གཞན་ལ་སྡང་བ་ཡིས། ། སུན་འབྱིན་མ་ཡིན་ཐེག་དོན་གསལ་བྱེད་ཡིན། ། དེ་ལྟར་རྒྱལ་བ་ཉིད་དང་རྒྱལ་བའི་སྲས། ། དངོས་བྱོན་སྔ་འགྱུར་དམ་པ་མཆོག་རྣམས་ལ། ། བཀའ་དྲིན་བྱས་པ་ལེགས་པར་གཟོ་བ་དང༌། ། ཐེག་མཆོག་ཆོས་ལ་གུས་པ་བསྐྱེད་པའི་ཕྱིར། ། ཆལ་ཆོལ་སྨྲ་བའི་ངེས་པ་ཚེ་རབས་བརྒྱར། ། རོ་འཛིན་རལ་གྲིས་འཐག་པའི་ལས་ངན་ཁུར། ། མི་ལེན་ཆོས་མཆོག་སྨྲ་བ་པདྨའི་ལྗགས། ། སྐྱེ་བ་ཀུན་ཏུ་ཐོབ་སྙམ་སྤྲོ་བ་སྐྱེས། ། འོན་ཀྱང་བདག་འདྲ་སོ་སྐྱེ་དམན་པ་ཡི། ། བློ་ཡི་ནུས་པས་ཟབ་དོན་མ་རྟོགས་ནས། ། ཅུང་ཟད་ཉེས་པར་བཤད་པ་མཆིས་སྲིད་ན། ། རྩ་གསུམ་ལྷ་དང་སྲུང་མའི་ཚོགས་ལ་བཤགས། ། དད་པའི་སེམས་དང་བརྒྱུད་པའི་མན་ངག་མཐུས། ། མ་ནོར་ལེགས་པར་བཤད་པའི་ཆ་གང་མཆིས། ། དེ་ཡི་དགེ་བས་སྐྱེ་བ་ཐམས་ཅད་ཀུན། ། ཟབ་དོན་རྡོ་རྗེའི་གསུང་ལ་དད་གྱུར་ཅིག ། མ་འོངས་སྔ་འགྱུར་བསྟན་ཞབས་སྐྱེས་རྣམས་ཀྱང༌། ། བརྒྱུད་པའི་མན་ངག་ལྡན་བྱས་རང་ལུགས་ཀྱི། ། ཁས་ལེན་རྣམས་ལས་ཅུང་ཟད་མི་འདའ་བར། ། དད་ཅིང་སྤྲོ་བའི་སེམས་ཀྱིས་བཟུང་བྱས་ན། ། དམ་པ་རྣམས་ཀྱི་ཐུགས་རྗེ་ཡོངས་འཛིན་ཅིང༌། ། ཚེ་རབས་ཀུན་ཏུ་ཐེག་མཆོག་ཆོས་ཀྱི་འབྱོར། ། སྨྲ་བ་རབ་ཡངས་པདྨའི་ལྗགས་ཐོབ་ནས། ། རྒྱལ་བའི་ཆོས་མཛོད་སྨྲ་བའི་དབང་པོར་འགྱུར། ། ཞེས་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་གདམས་པར་མཛད་པ་འདི་རང་ལུགས་སྔ་འགྱུར་པ་རྣམས་ཀྱིས་གོ་དགོས་པའི་གནད་ཆེན་དུ་མཐོང་ནས་ཀུན་མཁྱེན་བླ་མའི་ཕྱག་བྲིས་ཟིན་ཐུན་ལས་མདོར་བསྡུས་ཙམ་ཞལ་བཤུས་ནས་སླར་འདི་ཉིད་དུ་བཀོད་པ་ཡིན་ནོ། ། ཆེ་བ་དེ་ལྡན་གྱི་གསང་སྔགས་སྔ་འགྱུར་བ་དེ་ལ། རིང་རྒྱུད་བཀའ་མ། ཉེ་རྒྱུད་གཏེར་མ། ཟབ་མོ་དག་སྣང་སྟེ་བརྒྱུད་པའི་ཁྱད་པར་གསུམ་དུ་བཞུགས་པ་ལས། ཕྱི་མ་གཉིས་ཀྱི་ལོ་རྒྱུས་ནི་རྗེ་བླ་མས་མཛད་པའི་གཏེར་བརྒྱའི་རྣམ་ཐར་བཻཌཱུརྱའི་ཕྲེང་བར་ཤིན་ཏུ་ཁུངས་བཙུན་ཞལ་གསལ་དུ་བཞུགས་པས་དེར་རྟོགས་པར་བྱ་ལ་འདིར་ཡི་གེས་འཇིགས་ནས་མ་སྤྲོས་སོ། ། ཆེ་བ་དེ་ལྡན་གྱི་གསང་སྔགས་སྔ་འགྱུར་པའི་རིང་བརྒྱུད་བཀའ་མའི་སྐོར།

འདིར་འཆད་པར་བྱ་བ་ནི་རིང་བརྒྱུད་བཀའ་མའི་སྐོར་ཏེ། དེ་ལའང་ཕྱི་རྒྱུད་དང་ནང་རྒྱུད་གཉིས་ལས།

ཕྱི་བྱ་སྤྱོད་རྣལ་འབྱོར་གྱི་སྐོར་རྣམས་ནི། སློབ་དཔོན་སངས་རྒྱས་གསང་བ་གངས་ཏི་སེར་ཕེབས་པ་བཙད་པོས་སྤྱན་འདྲེན་དུ་དབས་མཉྫུ་ཤྲཱི་སོགས་བཏང་ཡང༌། རྗེ་བཙུན་འཇམ་དཔལ་གྱིས་མ་གནང་བས་དངོས་སུ་མ་བྱོན་པར་ཀྲི་ཡོག་སྡེ་གསུམ་གྱི་འཆད་ཉན་མཛད། ཉིད་ཀྱི་འགྲེལ་པ་རྣམས་གནང་བ་བཅས་ལོ་ཙཱ་བ་རྣམས་ཀྱིས་ཁྱེར་འོངས་ནས་བཙད་པོ་ལ་ཕུལ། སློབ་མ་རྣམས་ལའང་བཤད་པས་དར་བར་གྱུར། དེའང་དཔུང་བཟང་དང༌། གསང་བ་སྤྱི་རྒྱུད་དང༌། བསམ་གཏན་ཕྱི་མ་ལ་སོགས་པ་དང༌། སྤྱོད་པའི་རྒྱུད་ཀྱིའང་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལ་སློབ་དཔོན་སངས་རྒྱས་གསང་བའི་བསྡུས་དོན་གྱི་འགྲེལ་པ་དང༌། སངས་རྒྱས་གསང་བའི་གསུང་ལོ་ཙཱ་བས་ལེགས་པར་བཟུང་སྟེ་ཡི་གེར་བྱས་པ་དང༌། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་འགྲེལ་ཞིག་ཀྱང་འགྱུར། རྣལ་འབྱོར་གྱི་རྒྱུད་ལ་འཕགས་ཡུལ་དུ་བཀའ་སྲོལ་གསུམ་དུ་གྲགས་པའི་ཡ་གྱལ་དོན་ལ་མཁས་པ་སངས་རྒྱས་གསང་བའི་ལུགས་བཅས་དུས་དེར་ཉན་བཤད་སོགས་ཀྱི་རྒྱུན་ཆེར་བྱུང་ནའང༌། ཕྱིས་འདིར་བསྟན་པའི་འཕེལ་འགྲིབ་སོགས་ཀྱི་རྐྱེན་ལས་དེང་སང་རང་རྐང་ཚུགས་པའི་བཤད་རྒྱུན་སོགས་ཆེར་མི་བཞུགས། ནང་པ་ཐབས་ཀྱི་རྒྱུད་རྣལ་འབྱོར་ཆེན་པོ་ལ་བསྐྱེད་རྫོགས་རྣམ་པ་གསུམ་ལས།དང་པོ་མ་ཧཱ་ཡོ་ག་ལའང་རྩ་བར་གྱུར་པ་རྒྱུད་སྡེ་དང༌། ཟབ་པ་སྒྲུབ་སྡེ་གཉིས་ཀྱི་དང་པོ་ལ། ཏནྟྲ་སྡེ་བཅོ་བརྒྱད་ཀྱི་རྩ་བ་ལྟ་བུར་གྱུར་པ་སྒྱུ་འཕྲུལ་གསང་བ་སྙིང་པོའི་སྐོར་རྣམས་སློབ་དཔོན་བི་མ་ལས་རྨ་གཉགས་གཉིས་ལ་བཤད་ཅིང་བསྒྱུར། རྨས་གཙུག་རུ་རིན་ཆེན་གཞོན་ནུ་དང༌། གྱེ་རེ་མཆོག་སྐྱོང་གཉིས་ལ་བཤད། དེ་གཉིས་ཀས་ཞང་རྒྱལ་བའི་ཡོན་ཏན་དང༌། དར་རྗེ་དཔལ་གྱི་གྲགས་པ་ལ་བཤད་ནས་བརྒྱུད་པ་དང༌། ཡང་སློབ་དཔོན་པདྨས་གཉགས་དྲི་མེད་ཟླ་ཤར་ལ་བཤད་ཅིང་མན་ངག་ལྟ་བའི་ཕྲེང་བའང་བསྟན། ཡང་བཻ་རོ་དང་ནམ་སྙིང་གིས་ཤྲཱི་སེང་དང་ཧཱུྃ་ཀར་སོ་སོ་ལས་གསན་པའི་རྒྱུན་ཡང་གཉགས་ལ་བབས། གཉགས་ཀྱིས་སོག་པོ་དཔལ་ཡེ་ལ་བཤད། དེ་དང་ཞང་གཉིས་ཀས་གནུབས་སངས་རྒྱས་ཡེ་ཤེས་ལ་བཤད་དོ། ། གཞན་ཡང་སློབ་དཔོན་སངས་རྒྱས་གསང་བས་སྒྱུ་འཕྲུལ་ལམ་རྣམ་བཀོད། ལམ་རིམ་ཆེ་ཆུང༌། ཞི་བ་དྲ་ཆེན་དྲ་ཆུང༌། ཁྲོ་བོ་དམ་པའི་རྒྱན་སོགས་སྒྱུ་འཕྲུལ་སྙིང་པོའི་སྐོར་མང་དུ་བསྒྱུར་ནས་སྐྱེས་སུ་གནང་བ་དང༌། བཻ་རོས་ཁམས་འོང་དུ་བྱམས་ཆེན་གྱི་གཙུག་ལག་ཁང་དུ་ཉི་སེང་གི་རྒྱ་ཆེར་འགྲེལ་ལ་བསྒྱུར་བཤད་མཛད། གནུབས་ཆེན་ནས་རིམ་པར་བརྒྱུད་དེ་ཟུར་མེས་དབོན་གསུམ་ལ་བཀའ་བབས་ཏེ་ཟུར་ལུགས་སུ་གྲགས་པ་དང༌། སྒྲོ་ཕུག་པའི་སློབ་མ་འཛམ་སྟོན་འགྲོ་བའི་མགོན་པོ་ལས་ཀཿདམ་པ་བདེ་གཤེགས་ཀྱིས་གསན་པའི་རྒྱུན་ཕྱིས་ནས་དབུས་སུ་ཡར་འཕེལ་བ་ལ་སྒྱུ་འཕྲུལ་ཁམས་ལུགས་སུ་གྲགས་པ་དང༌། རོང་ཟོམ་ཆོས་བཟང་ལ་པདྨ་བཻ་རོ་སོགས་ཀྱི་བརྒྱུད་པའི་བཀའ་བབས་པས། སྙིང་འགྲེལ་དཀོན་མཆོག་འགྲེལ་དུ་གྲགས་པ་མཛད་པ་རོང་ལུགས། ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་ཕྱོགས་བཅུའི་མུན་སེལ་མ་ཧཱའི་ཨ་ཏིར་བཀྲལ་པ་དང༌། རོག་ཤེས་རབ་འོད་ལ་སོ་ཟུར་སྐྱོར་ལུགས་སོགས་མང་དུ་འདུས་ཤིང་དེ་ལས་རོག་ལུགས་སུ་གྲགས་པ་བྱུང༌། ཕྱིས་གསར་མའི་འགོས་སོགས་ཀྱིས་དགག་པ་བྱ་བ་ལ་བཅོམ་ལྡན་འདས་རིག་པའི་རལ་གྲིས་སློབ་དཔོན་ཆེན་པོའི་ཕྱག་དཔེ་རྒྱ་དཔེ་དངོས་རྙེད་ནས་ཐར་པ་ལོ་ཙཱ་ལ་བསྒྱུར་བར་བསྐུལ་ཞིང་གསང་སྙིང་སྒྲུབ་པ་རྒྱན་གྱི་མེ་ཏོག་མཛད་ནས་སྤེལ་བ་སོགས་ཀྱིས་ཕྱིས་ཀྱི་རྟོག་གེ་པ་རྣམས་ལའང་རྩོད་མེད་དུ་གྱུར་ཅིང༌། ལུགས་སྲོལ་ཀུན་གྱི་ནང་ནས་ཁྱད་པར་དུ་འཕགས་པ་དཔལ་ལྡན་ཟུར་པའི་བཀའ་སྲོལ་ཕྱིས་ཉག་ཕྲར་གྱུར་པ་ན། ལོ་ཆེན་བཻ་རོ་ཡབ་སྲས་སྔ་འགྱུར་བསྟན་བའི་མེ་རོ་སློང་བ་ལ་བསམ་བཞིན་དུ་སྐྱེ་བ་བཞེས་པ་སྨིན་གཏེར་སྐུ་མཆེད་ལས། གཏེར་ཆེན་རིན་པོ་ཆེས་རྒྱུད་རྒྱལ་འདི་ཉིད་ཀྱི་གཙོས་སྔ་འགྱུར་བཀའ་མའི་ཆོས་སྐོར་རྣམས་འབད་རྩོལ་དུ་མས་གསན་ཅིང་སོ་སོའི་སྒྲུབ་ཐབས་དཀྱིལ་ཆོག་གི་ཡིག་ཆ་ཁྱད་པར་ཅན་དུ་མ་མཛད་ཅིང༌། སྒྱུ་འཕྲུལ་ཞི་ཁྲོ་ལའང་སྒྲུབ་དཀྱིལ་ཉུང་ལ་གསལ་བར་མཛད་ནས་དེ་དག་གི་ལག་ལེན་དང་སྒྲུབ་མཆོད་ཀྱི་རྒྱུན་བཙུགས། ལོ་ཆེན་དྷརྨཱ་ཤྲཱིས་རྒྱུད་རྒྱལ་གསང་བ་སྙིང་པོའི་སྤྱི་དོན་གསང་བདག་ཞལ་ལུང༌།འབྲུ་འགྲེལ་གསང་བདག་དགོངས་རྒྱན་གཉིས་མཛད། དེ་དག་གི་ཞལ་སློབ་རབ་འབྱམས་པ་ཉེར་གཅིག་བྱུང་བར་གྲགས་པའི་ནང་ཚན་རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས་ཀྱི་ཟིན་བྲིས་རིན་ཆེན་ཕྲེང་བ། ཕྱིས་ཀཿཐོག་མ་ཧཱ་པཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱི་སྤྱི་དོན་ལེགས་བཤད་རོལ་མཚོ་སོགས་ལ་བརྟེན་ཏེ་བཤད་རྒྱུན་ཁྱད་པར་དུ་འཕགས་པ་ད་ལྟའི་བར་དུ་བྱུང་བས་བསྟན་པའི་མེ་རོ་རྨང་ནས་གསོས་པ་ཡིན་ནོ། ། དེ་བཞིན་དུ་ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པའི་རྡོ་རྗེས་ཀྱང་གསང་ཆེན་རྒྱུད་སྡེའི་མངའ་བདག་མཁན་ཆེན་པདྨ་བཛྲ་སོགས་ལས་བཤད་རྒྱུན་གསན་ཅིང་སྙིང་པོའི་སྤྱི་དོན་འོད་གསལ་སྙིང་པོར་གཏན་ལ་ཕབ་པ་སོགས་ལ་བརྟེན་ནས་རྗེ་དབོན་མཁས་པ་ཆེན་པོ་གུ་ཎའི་ཞབས་ཀྱིས་རྒྱ་ཆེར་སྤེལ་བའི་བཀའ་དྲིན་ལས་དེང་སང་ཕྱོགས་བཅུའི་མུན་སེལ་གྱི་བཤད་སྲོལ་ཆེར་དར་ཞིང༌། ཀཿཐོག་པ་ནམ་མཁའ་རྡོ་རྗེའི་མཆན་འགྲེལ་ལ་བརྟེན་ནས་རྒྱ་འགྲེལ་རིན་ཆེན་སྤར་ཁབ་དང༌། རོང་ཟོམ་དཀོན་མཆོག་འགྲེལ། གཡུང་འགྲེལ་གསལ་བྱེད་མེ་ལོང་སོགས་ཀྱི་བཤད་ལུང་གི་རྒྱུན་ད་ལྟའི་བར་མ་ཆད་པར་བཞུགས་པར་སྣང་ཞིང་ཕལ་ཆེར་བདག་གིས་ཀྱང་ཐོས་སོ། ། གཞན་ཡང་བསྟན་པ་སྔ་དར་གྱི་སྐབས་དེར། ཐུགས་རྒྱུད་གསང་བ་འདུས་པ་རྡོ་རྗེ་བཞད་པའི་ལུགས་གཉིས་ལོ་ཙཱ་བ་ལྕེ་བཀྲ་ཤིས་ཀྱིས་བསྒྱུར་ནས་བཤད་པ་དང༌། སངས་རྒྱས་མཉམ་སྦྱོར་སོགས་ཀྱང་བཤད་སྒྲུབ་ཀྱི་སྲོལ་དར་བར་མཛད་དོ། ། གཉིས་པ་ཟབ་པ་སྒྲུབ་སྡེའི་སྐོར་ནི། སྤྱིར་སློབ་དཔོན་ཤཱནྟིཾ་གརྦྷས་གནུབས་ཆེན་སོགས་ལ་བརྒྱུད་པའི་གཤེད་སྐོར། སློབ་དཔོན་ཧཱུྃ་ཀ་རས་དགེ་སློང་ནམ་མཁའི་སྙིང་པོ་ལ་བསྩལ་པའི་ཡང་དག སློབ་དཔོན་བི་མ་ལས་གཉགས་ལ་བསྟན་པའི་བདུད་རྩི། ཨོ་རྒྱན་ཆེན་པོས་ལས་ཅན་སོ་སོ་ལ་བསྩལ་པའི་རྟ་མགྲིན་དང་ཕུར་པ་སོགས་ཀྱིས་མཚོན་རྒྱུད་དང་གདམས་པའི་བཀའ་སྲོལ་མཐའ་ཡས་པ་བྱུང་ཞིང༌། བྱེ་བྲག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་མཛོད་ཟབ་མོའི་ཐེག་པ་འདི་ལ་འཕགས་བོད་དུ་བཀའ་བབས་པའི་མཁས་གྲུབ་མང་པོ་བཞུགས་མོད་ཀྱི། ཐམས་ཅད་ཀྱི་དབུས་ན་མཆོག་ཏུ་འཕགས་ཤིང་འགྲན་ཟླ་དང་བྲལ་བའི་བཀའ་སྲོལ་ལ། རྒྱ་གར་གྱི་པཎ་གྲུབ་བཞི་བོད་ཀྱི་བཞི་སྟེ་བརྒྱད་དུ་ཡོད་པ་ལས། དང་པོ་བཞི་ནི།ཡི་དམ་ལྷས་དབང་བསྐུར་ཐོབ་པ་སློབ་དཔོན་དགའ་རབ་རྡོ་རྗེ། བཀའ་རྒྱུད་རྟགས་ཀྱི་གླེགས་བམ་གྱི་དབང་བསྐུར་ཐོབ་པ་སྐལ་ལྡན་རྒྱལ་པོ་ཛཿ། རང་རིག་པ་རྩལ་གྱི་དབང་བསྐུར་ཐོབ་པ་གུ་རུ་པདྨ་སམ་བྷ་ཝ། དགེ་བའི་བཤེས་གཉེན་གྱིས་དབང་བསྐུར་ནས་ཐོབ་པ་པཎ་ཆེན་བི་མ་མི་ཏྲ་དང་བཞིའོ། ། བོད་དུ་དབང་གི་ཆུ་བོ་བཞིའི་མགོ་བོ་ནི། པད་འབྱུང༌། བི་མ། ནམ་སྙིང༌། བཻ་རོ་བཞི་སྟེ། དེ་ཡང་གསང་བདག་ཕྱག་ན་རྡོ་རྗེའི་སྤྲུལ་པ་གུ་རུ་པདྨ་འབྱུང་གནས་ལ།རྒྱ་གར་གྱི་བཀའ་བབ་གསུམ་པོའི་དབང་གི་ཆུ་བོ་ཡང་འདུས་ཤིང༌། བོད་དུ་རྗེ་བཙུན་རིག་འཛིན་ཆེན་པོ་དེ་ཉིད་ཀྱིས་བསམ་ཡས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་དུ་དཔལ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་རྗེ་འབངས་ཐུགས་ཀྱི་སྲས་དགུར་དབང་བསྐུར་བའི་ཚེ་མངའ་བདག་རྒྱལ་པོའི་མེ་ཏོག་དབུས་སུ་བབ་པ་སོགས་སོ་སོའི་རིགས་ཀྱི་དཀྱིལ་འཁོར་བསྒྲུབས་པས་ཞལ་མཐོང་ཞིང་དངོས་གྲུབ་ཐོབ་ནས་རྫུ་འཕྲུལ་སྣ་ཚོགས་སྟོན་པར་མཛད་དོ། །དེ་དག་གི་བཀའ་ཡང་གཉགས་ཛྙཱ་ན་ལ་བབས་སོ། ། ཡང་འཕོ་ཆེན་རྡོ་རྗེའི་སྐུ་བརྙེས་པའི་སློབ་དཔོན་བི་མ་མི་ཏྲས་ཡར་ལུང་མཆོང་གི་ཡོང་རྫོང་དུ། གསང་བ་མཆོག་གི་དཀྱིལ་འཁོར་བཞེངས་ནས་ཞང་གི་བནྡེ་ཛྙཱ་ན་ལ་དབང་བསྐུར་མཚན་དྲི་མེད་ཟླ་ཤར་དུ་བཏགས་ནས་གྲུབ་པ་ཐོབ། ལྷ་སྲས་རལ་པ་ཅན་གྱི་ཕྱག་རྒྱས་བཏབ་པ་དབང་གི་ཆུ་བོ་གཅིག་གོ །ཡང་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྤྲུལ་པ་ལོ་ཆེན་བཻ་རོ་ཙཱ་ནས་རྒྱ་གར་དུ་སློབ་དཔོན་དགའ་རབ་རྡོ་རྗེ་དངོས་དང༌། དེའི་སློབ་མ་འཇམ་དཔལ་གྱི་ཞལ་དངོས་སུ་མཐོང་བ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གཉིས་ལས་དབང་ཐོབ་ཅིང་བཻ་རོ་ཙཱ་ནས་རྒྱལ་མོ་གཡུ་སྒྲ་ལ་བསྐུར། དེས་ཡར་ལུང་ཤེར་གྱི་བྲག་ཕུག་ཏུ་ཞང་ཛྙཱ་ན་ལ་དབང་བསྐུར་བའོ། ། ཡང་ཉི་ཟླ་རྟོད་ལ་གནོན་པར་ནུས་ཤིང་མི་སློབ་པའི་ཟུང་འཇུག་གི་གོ་འཕང་མངོན་དུ་བརྙེས་པའི་གནུབས་སྟོན་ནམ་མཁའི་སྙིང་པོས་རྒྱ་གར་གྱི་ཡུལ་གསེར་བྲག་བྱ་ཁྱུང་ཚལ་དུ་བཛྲ་ཧཱུྃ་ཀ་ར་ལ་དབང་ནོས་ནས་གཉལ་གྱི་དགེ་རི་རུ་མར་མེ་དགུ་པ་བཞེངས་ནས་ཞང་ལ་དབང་བསྐུར་བ་ཡིན་ནོ། །


དེ་ལྟར་སློབ་དཔོན་བཞི་པོ་དེ་དག་གི་དབང་གི་ཆུ་བོ་བཞི་ཀ་གཅིག་ཏུ་འདུས་པ་ཞང་ཛྙཱ་ན་ཀུ་མ་ར་དེ་ཉིད་ཀྱིས་གྲའི་མན་ཁང་དང་སོག་པོ་ལྷ་དཔལ་དང༌། གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་དབང་བསྐུར། སངས་རྒྱས་ཡེ་ཤེས་ཀྱིས་གནུབས་ཡོན་ཏན་རྒྱ་མཚོ་སོགས་གཙང་གི་མི་བཞི་ལ་བསྐུར། དེའི་ནང་ནས་བཀའ་ཐམས་ཅད་བབས་པའི་མཆོག་གནུབས་ཡོན་ཏན་རྒྱ་མཚོ་གསང་མཚན་གཏེར་བཞད་རྩལ་ལ་སྔོན་གྱི་དབང་བཀའ་བཞིའི་སྟེང་དུ་ཕྱིས་དྷ་ན་དྷ་ལའི་དབང་བཀའ་དང་ལྔ་འདུས་ཤིང༌། དེ་ལས་རིམ་པར་གྲུབ་ཐོབ་དངོས་གྲུབ་ཀྱི་བར་དུ་བརྒྱུད་ནས་མངའ་བདག་ཉང་རལ་པ་ཅན་གྱིས་གསན། འདི་ནི་ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་གི་སྐྱེ་འཕྲེང་བཅུ་དྲུག་པ་ཡིན་པས་བཀའ་མའི་དབང་བརྒྱུད་དུ་མ་ཟད་བདེ་གཤེགས་འདུས་པའི་ཆོས་གཏེར་གྱི་བཀའ་བབས་པས་ཆོས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་ཡིན་ལ། དེ་ནས་རིམ་པར་བརྒྱུད་དེ་ཆོས་ཀྱི་རྒྱལ་པོའི་སྤྲུལ་པ་མངའ་རིས་པཎ་ཆེན་པདྨ་དབང་གི་རྒྱལ་པོ་སོགས་མཁས་གྲུབ་བརྙེས་པའི་རྡོ་རྗེ་སློབ་དཔོན་ཟམ་མ་ཆད་པ་ལས་རིམ་པར་བརྒྱུད་ནས། ཆོས་རྒྱལ་ཆེན་པོ་འབྲས་བུ་མཐར་ཕྱིན་པའི་ཡེ་ཤེས་ཀྱི་རོལ་གར་གངས་ཅན་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་ངོ་མཚར་བཀའ་བབས་བདུན་གྱི་བདག་ཉིད་པདྨ་འོད་གསལ་མདོ་སྔགས་གླིང་པས་གསན་ཅིང༌། ཁྱད་པར་དུ་གྲུབ་པའི་རིག་འཛིན་བརྒྱད་དང་གུ་རུ་མཚན་བརྒྱད་དབྱེར་མེད་པའི་དཔལ་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་གྱི་བདག་པོ་རྣམས་ལས། ལམ་འདིའི་སྨིན་གྲོལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་རྒྱ་མཚོ་ལྟ་བུ་དངོས་སུ་གསན་ཅིང་ཡོངས་སུ་རྫོགས་པའི་བཀའ་བབས། དམ་པ་དེ་ཉིད་དང་ལོ་ཆེན་བཻ་རོ་བསམ་བཞིན་སྲིད་པར་རྗེས་སུ་ཆགས་པའི་རང་གཟུགས་ཀུན་མཁྱེན་པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གཉིས་ཆར་ལས། རྗེ་བཙུན་འཇམ་པའི་རྡོ་རྗེ་ངུར་སྨྲིག་གར་གྱི་རོལ་པ་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་རྣམས་དང་མཁྱེན་རྟོགས་ཐ་མི་དད་ཅིང་ངོ་མཚར་བའི་སྙན་པས་ཕྱོགས་ཀུན་ཏུ་ཁྱབ་པའི་ཀུན་མཁྱེན་བླ་མ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེའམ་ཆེ་མཆོག་དགྱེས་པ་རྩལ་གྱིས་ཉེ་བརྒྱུད་དང་རིང་བརྒྱུད་ཀྱི་སྨིན་གྲོལ་རྒྱབ་རྟེན་བཤད་བཀའ་དམར་ཁྲིད་དང་བཅས་ཡོངས་རྫོགས་གསན་ཅིང་ཐུགས་ཉམས་སུ་བཞེས་ནས་དོན་བརྒྱུད་ཀྱི་རྒྱལ་ས་ཟིན་པར་མཛད། དམ་པ་དེ་ཉིད་ལ་ཁོ་བོ་ཅག་གིས་གསོལ་བ་བཏབ་པ་ལ་བརྟེན་ནས་རྒྱ་བོད་ཀྱི་མཁས་པ་མི་བཞིའི་དགོངས་པ་གཅིག་ཏུ་དྲིལ་བ་དཔལ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་སྤྱི་དོན་རྣམ་པར་བཤད་པ་དངོས་གྲུབ་སྙིང་པོ་ཞེས་དུས་གསུམ་དུ་འབྱུང་བར་དཀའ་བ་ཨུ་དུམྦཱ་ར་ལྟ་བུའི་བསྟན་བཅོས་མཛད་ནས་སྙིགས་མའི་དུས་མཐའ་འདིར་ཆེས་གསལ་བར་མཛད་པ་ཡིན་ནོ། ། དེ་བཞིན་དུ་གྲུབ་པའི་སློབ་དཔོན་ཆེན་པོ་རྡོ་རྗེ་ཧཱུྃ་ཀ་རས་རྒྱུད་ལས་ལུང་དུ་བཏུས་པ་ཡང་དག་གྲུབ་པ་ལ། རིག་འཛིན་གྱི་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝཱས་མ་ཚང་བ་ཁ་བསྐངས་ཤིང་མན་ངག་གིས་འཁྲུགས་བསྡེབས་ནས་གསང་བའི་ཏིག་འགྲེལ་དུ་མཛད་པ་དགེ་སློང་ནམ་མཁའི་སྙིང་པོས་བསྒྱུར་ཅིང་བསམ་ཡས་མཆིམས་ཕུ་རུ་རྗེ་འབངས་བདུན་ལ་དབང་དང་མན་ངག་རྫོགས་པར་གནང་ནས་རེ་ཞིག་བོད་འབངས་སུ་ལའང་མི་སྤེལ་བའི་བཀའ་རྒྱས་བཏབ་པའི་ཡང་དག་གསང་འགྲེལ་ཆེན་མོའང་ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་ཀྱིས་ཉེ་བརྒྱུད་དུ་གསན་ནས་བོད་ཆེན་པོའི་ལྗོངས་འདིར་ཚིག་དང་དོན་གྱི་སྒོ་ནས་མི་ནུབ་པར་མཛད་པ་ལ། ཀུན་མཁྱེན་བློ་གྲོས་མཐའ་ཡས་ཀྱིས་བསྙེན་སྒྲུབ་ཀྱི་ཡིག་ཆ་ལག་ལེན་སྒྲུབ་མཆོད་སོགས་ཀྱི་རྒྱུན་སྤེལ་བར་མཛད་པ་དང༌། འཇམ་དཔལ་དགྱེས་པས་ཡང་དག་གྲུབ་པའི་ཚིག་འགྲེལ་མདོར་བསྡུས་དང༌། རྣམ་བཤད་གསང་འགྲེལ་ཆེན་མོའི་དོན་བསྡུས་རབ་གསལ་གཉིས་མཛད་ནས་ཆེས་གསལ་བར་མཛད།རྡོ་རྗེ་ཕུར་པ་རྩ་བའི་དུམ་བུའི་རྒྱུད་ཀྱི་བཤད་བཀའ་འང་ཉེ་བརྒྱུད་དུ་ཕེབས་པ་ལ་རྡོ་རྗེ་འཆང་བློ་གྲོས་མཐའ་ཡས་ཀྱིས་འགྲེལ་པ་དཔལ་ཆེན་དགྱེས་པའི་ཞལ་ལུང་བསྩལ་ནས་གསལ་བར་མཛད། གཞན་ཡང་གུ་རུ་རིན་པོ་ཆེས་མཛད་པའི་མན་ངག་ལྟ་བའི་ཕྲེང་བ་སོགས་ཉེ་བརྒྱུད་ཁྱད་འཕགས་བྱོན་པ་རྣམས་ལའང་རྣམ་འགྲེལ་ཁྲིད་ཡིག་སོགས་གསལ་བྱེད་ཀྱི་ཡི་གེ་ཁྱད་འཕགས་དང་བཅས་གདམས་མཛོད་སྤྲུལ་པའི་གླེགས་བམ་དུ་བཀའ་བསྡུ་མཛད་པ་དང༌། རྣམ་འཇོམས་ཁྲོ་བོ་དཀར་ནག་འཁོན་ལུགས་ཡང་ཕུར་གཙོར་གྱུར་སྔ་འགྱུར་བཀའ་མའི་སྐོར་ལ་གསལ་བྱེད་ཀྱི་ཡིག་ཆ་དང་བཀའ་བསྡུ་མཛད། ཁྱད་པར་གུ་རུ་རིན་པོ་ཆེས་བཀའ་བབས་ལས་ཅན་ཉེར་གཅིག་ལ་མནོག་ཆོས་སུ་སྩལ་པ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཚོམ་བུ་ཉེར་གཅིག་ཏུ་སྒྲུབ་པས་མཚོན། སྤྱི་བྱེ་བྲག་གི་སྒྲུབ་བཀའ་མཐའ་ཡས་པ་ཞིག་རིང་བརྒྱུད་དང་ཉེ་བརྒྱུད་དང་ཡང་གཏེར་དང་རྗེས་དྲན་སོགས་ཀྱི་སྒོ་ནས་གཏན་ལ་ཕབ་ཅིང་གསལ་བྱེད་ཀྱི་ཡིག་ཆ་བཅས་རིན་པོ་ཆེ་གཏེར་གྱི་མཛོད་སོགས་སུ་བཀའ་ཡི་བསྡུ་བ་མཛད་པས་དུས་ཀྱི་མཐར་ཡང་ཉམས་པ་མེད་པར་རྒྱལ་དབང་པདྨའི་ཕྲིན་ལས་ཉིན་མོ་བཞིན་དུ་གསལ་བར་གྱུར་ཏོ། ། གཞན་ཡང་སྔ་འགྱུར་གྱི་སྐབས་སུ་གུ་རུ་རིན་པོ་ཆེ་དངོས་ལས་གདམས་པ་ནོད་ཅིང་ཡོ་ག་གསུམ་གྱི་སྒོ་ནས་དངོས་གྲུབ་བརྙེས་པ་རྗེ་འབངས་ཉི་ཤུ་རྩ་ལྔ། ཡེར་བའི་གྲུབ་ཆེན་བརྒྱད་ཅུ། ཆུ་བོ་རིའི་སྒོམ་ཆེན་བརྒྱ་རྩ་བརྒྱད། ཡང་རྫོང་གི་སྔགས་པ་སུམ་ཅུ། ཤེལ་བྲག་གི་རྟོགས་ལྡན་ང་ལྔ། མཁའ་འགྲོ་མ་ཉི་ཤུ་རྩ་ལྔ། རྣལ་འབྱོར་མ་བདུན་སོགས་དང༌།ཨ་མེས་བྱང་ཆུབ་འདྲེ་བཀོལ། རྒྱུས་བྱང་ཆུབ་གཞོན་ནུ། རོག་བན་ནམ་མཁའ་ཡེ་ཤེས། ཉང་དེ་བཞིན་གཤེགས་པ། སྤང་རྗེ་བཙན་ཁྲོམ། ཤ་མི་གོ་ཆ། ངབ་མི་དང་ངབ་འབྲེ། ལྕེ་རྒྱ་མཚོ་གྲགས། འབྲེ་ཤེས་རབ་གྲགས། རླང་ཁམ་པ་གོ་ཆ་སོགས་ནམ་མཁའ་ལ་བྱ་བཞིན་འགྲོ་བ། ཆུ་ལ་བྱེའུ་ཟུལ་གྱིས་འགྲོ་བ། རི་བྲག་ལ་ཐོགས་མེད་དུ་གཤེགས་པ། ལུས་ལྷའི་དཀྱིལ་འཁོར་དུ་སྐྱེ་བོ་མང་པོ་ལ་སྟོན་ནུས་པ། ལུས་དེ་ཉིད་ཀྱིས་ཟུང་འཇུག་གི་གོ་འཕང་བརྙེས་པ་བགྲང་གིས་མི་ལང་བར་བྱོན་པ་ཡིན་ནོ། ། ༈ གཉིས་པ་རྫོགས་པ་ལུང་ཨ་ནུ་ཡོ་ག་ཀུན་འདུས་རིག་པའི་མདོ་སོགས་ཀྱི་མན་ངག་ཚོགས་ཆེན་འདུས་པ་ཡན་ལག་དང་བཅས་པའི་སྐོར་རྣམས་ནི། མདོ་ལུང་གི་མཁན་པོ་ཆོས་རྒྱལ་སྐྱོང༌། མདོ་མཁན་དྷརྨ་བོདྷི། བལ་པོ་བ་སུ་དྷ་ར། བྲུ་ཤའི་སློབ་དཔོན་ཆེ་བཙན་སྐྱེས་ཏེ། རྒྱ་བལ་བྲུ་ཤའི་མཁས་པ་བཞི་ལས་གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་གསན་ཏེ་གངས་ཅན་གྱི་ལྗོངས་འདིར་དར་བར་མཛད་པ་སྟེ་ལོ་རྒྱུས་ཞིབ་པར་འོག་ཏུ་གསལ་ལོ། ། ༈ གསུམ་པ་ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ། ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ་དང་གསུམ་དུ་བཞུགས་པ་ལས། དང་པོ་སེམས་ཀློང་གི་སྡེ་གཉིས་ནི། མཁས་པ་བཻ་རོ་ཙཱ་ནའི་བཀའ་དྲིན་ལས་བྱོན་པ་ཡིན་ཏེ། དེ་ཡང༌། ཡུལ་ཉང་ཆབ་དང་གཙང་ཆབ་འཛོམས་པའི་འགྲམ་དུ། ཡབ་པ་གོར་རྡོ་རྗེ་རྒྱལ་པོ་དང༌། ཡུམ་བསྲུན་བཟའ་སྒྲོན་སྐྱིད་གཉིས་ཀྱི་སྲས། པ་གོར་གན་འཇགས་ཐང་ཏ་ཞེས་པ་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྤྲུལ་པ། སྒྲ་བསྒྱུར་སུམ་བརྒྱ་དྲུག་ཅུ་མ་བསླབས་པར་མཁྱེན་པ། མངོན་ཤེས་ཐོགས་པ་མེད་པར་མངའ་ཞིང་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་ནུས་པ་ཞིག་ཡོད་པ་དེ་ལོ་བརྒྱད་ནས་རྗེ་ཡི་སྤྱན་སྔར་བོས་ཏེ་ཕྱི་ནང་གི་བློན་པོ་ལོ་གསུམ། རྗེའི་གསོལ་ཇ་པ་ལོ་གསུམ་བྱས་ཏེ་ལོ་བཅོ་ལྔ་ལོན་པ་ན། རྩང་ཐེ་ལེན་དྲའི་བུ་ལེགས་སྒྲུབ་བྱ་བ་དང་གཉིས་རྗེ་ཡི་བཀས་བསྐུལ་ནས་རྒྱུ་འབྲས་ལས་འདས་པའི་ཆོས་འཚོལ་དུ་བཏང་བས། དིལ་ཤི་དིལ་ཆད་ཀྱི་དཀའ་བ་ཆེན་པོ་བཅུ་དྲུག་དཔྱད་ནས་རྒྱ་གར་འཕགས་པའི་ཡུལ་དུ་བརྟོལ། དྷ་ཧེ་ནཱའི་འདུ་ཁང་གི་སྤྲུལ་པའི་ཀེའུ་ཚང་གོང་མར་རིག་འཛིན་དགའ་རབ་རྡོ་རྗེ་དང༌། ཀེའུ་ཚང་བར་མར་སློབ་དཔོན་འཇམ་དཔལ་བཤེས་གཉེན་མཇལ་ཏེ་སོ་སོར་གསེར་ཕྱེ་དང་གསེར་གྱི་པ་ཏྲ་ཕུལ་ནས། མན་ངག་ཞུས་པས་དབང་བསྐུར་བྱིན་གྱིས་རླབས། མན་ངག་གི་ཆོས་རྣམས་རྫོགས་པར་སློབ་དཔོན་ཤྲཱི་སིདྷ་ལ་ཉོན་ཅིག་པར་ལུང་བསྟན། ཀེའུ་ཚང་འོག་མར་སློབ་དཔོན་ཤྲཱི་སིང་ཧ་བཞུགས་པ་མཇལ་ནས་གསེར་སྲང་སྟོང་གི་མཎྜལ་ཕུལ་ནས་རྩོལ་མེད་ཨ་ཏིའི་ཆོས་ཞུས་པས། སློབ་དཔོན་གྱིས་བོད་དུ་རྩོལ་མེད་ཀྱི་བསྟན་པ་དར་བའི་དུས་ལ་བབས་པར་དགོངས་ནས། རྡོ་རྗེ་གདན་དུ་མན་ངག་གི་རྒྱུད་རྣམས་པཎྜི་ཏ་དང་རྒྱལ་པོས་རྒྱ་རུ་སྤྲོད་ཀྱིས་བཏབ་སྟེ་སྦས་ཡོད་པ་རྣམས་རྫུ་འཕྲུལ་གྱིས་བླངས་ནས་གཞན་གྱིས་མི་རྟོགས་པའི་ཐབས་དང་རྟེན་འབྲེལ་མཛད་ནས་སེམས་སྡེ་བཅོ་བརྒྱད་གཏད་རྒྱ་དཔེ་དང་བཅས་པ་རྫོགས་པར་གནང་བས་ལེགས་སྒྲུབ་ཚིམས་ནས་སྔོན་དུ་བྱོན་པས་ལམ་དུ་གཅན་འཕྲང་བས་བཀྲོངས། བཻ་རོ་མ་ཚིམས་ཏེ་ད་དུང་བཞུགས་པས། རྒྱུད་སྡེ་དྲུག་བཅུའི་དབང་དང་འབྲས་བུ་རང་ཆས་སུ་སྟོན་པ་ཀློང་དཀར་ནག་ཁྲ་གསུམ་རྣམས་བསྟན་པས་རང་གྲོལ་མངོན་སུམ་དུ་ངོ་འཕྲོད། མངོན་སུམ་གཉིས་ཀྱིས་ཚད་ལ་ཕེབས། བརྡ་ཕྲད་རང་གྲོལ་གྱི་ཕྱོགས་མེད་ཀློང་དུ་རང་གྲོལ། ཐིག་ལེ་དྲུག་གི་རྣམ་རྟོག་གི་སྤྲོས་པ་ཆོད། ཆེ་བ་ལྔའི་རང་སེམས་དོན་མངོན་དུ་གྱུར་ཏེ། སྣང་སྲིད་ཟིལ་གྱིས་ནོན། འཁོར་འདས་གཉིས་སུས་མེད་པར་དགོངས་པ་བདེ་བ་ཆེན་པོ་མངོན་དུ་གྱུར་ཏེ་གཏང་རག་ཕུལ། སློབ་དཔོན་གྱིས་ཀྱང༌། རྒྱུད་ལུང་མན་ངག་རྫོགས་པའི་བཻ་རོ་ཁྱོད། །མངའ་རིས་བོད་དུ་བསྟན་པ་བསྒྲག་རེ་རན། །ཞེས་སོགས་བོད་དུ་བསྟན་པ་སྤེལ་ཅིག་པར་བསྐུལ་ཞིང༌། གདམས་ངག་བཙལ་ལུགས་གསུམ། སྦྱིན་པའི་གནས་བཞི། མི་སྦྱིན་པའི་གནས་བཞི་རྣམས་གསུངས། འདི་རྣམས་ཡེ་ཤེས་ཀྱི་སྐུ་ཡིན་ཡང་རུང་སྟེ་སྐྱེ་འཆི་མེད་པའི་ཟུང་འཇུག་གི་སྐུས་མཁའ་ཁྱབ་ཏུ་བཞུགས་པའི་ཕྱིར་དུས་སྔ་ཕྱི་སོགས་སོ་སྐྱེ་ལྟར་མི་བསམ་སྟེ་དཔེར་ན་འཕགས་པ་ཀླུས་དཔལ་ལྡན་ཟླ་བ་རྗེས་སུ་བཟུང་བ་ལྟ་བུ་སྟེ་མཆོག་གཟིགས་རྣམས་ཀྱི་སྤྱོད་ཡུལ་ཡིན་པས་སོ། ། དེར་བཻ་རོས་རྐང་མགྱོགས་བསྒྲུབས་ནས་བོད་དུ་བྱོན་པའི་ལམ་དུ་ལི་བཟའ་ཚུལ་ཁྲིམས་སྒྲོན་མ་རྗེས་སུ་བཟུང༌། དེ་ནས་བསམ་ཡས་བྱོན་ཏེ་བཙད་པོའི་དབུའི་མཆོད་གནས་སུ་བཀུར་ཏེ། ཉིན་མོར་རྗེ་བློན་ཐུན་མོང་བ་རྣམས་ལ་མཚན་ཉིད་རྒྱུ་ཡི་ཐེག་པ་དང་གསང་སྔགས་ཐུན་མོང་བའི་སྐོར་རྣམས་གསུངས། ནུབ་མོར་མངའ་བདག་གཅིག་པུ་ལ་རྫོགས་པ་ཆེན་པོའི་སྐོར་རྣམས་ལྐོག་ཆོས་སུ་གསུངས་པས།སེམས་སྡེ་སྔ་འགྱུར་ལྔ་བསྒྱུར་ཟིན་པ་དང༌། རྒྱ་གར་བའི་ཕྲ་མ་དང༌། བཙུན་མོ་དང་བློན་པོ་ཆོས་ལ་གནག་པའི་དབང་གིས་སློབ་དཔོན་ཉིད་རྒྱ་མོ་ཚ་བའི་རོང་དུ་བྱོན་དགོས་བྱུང༌། དེར་དགེ་སློང་པུརྣར་འཁྲུངས་པའི་དུས་ཀྱི་སྔོན་རབས་གསལ་བས་རིམ་གྱིས་ཡུལ་གྱི་རྒྱལ་བློན་འབངས་རྣམས་དད་ནས་ཀུན་གྱི་མཆོད་གནས་སུ་བཀུར། རྩང་ལེགས་སྒྲུབ་ཀྱི་སྐྱེ་བ་རྒྱལ་བུ་གཡུ་སྒྲ་སོགས་ལ་ཉིན་པར་རྒྱུ་མཚན་ཉིད་དང་སྔགས་ཕྱི་པའི་ཆོས་རྣམས་གསུངས། སྲོད་ལ་གསང་སྔགས་ནང་གི་ཆོས་རྣམས་གསུངས། ནམ་གུང་ལ་གཡུ་སྒྲ་སོགས་འཁོར་ཐུན་མིན་རྣམས་ལ་མན་ངག་གི་ཆོས་རྣམས་གསུངས་པས་གཡུ་སྒྲས་ཚར་རེ་རེས་ཁོང་དུ་ཆུད་པར་གྱུར་ཀྱང༌། ད་དུང་ཐུགས་མ་ཚིམས་ནས་ནན་གྱིས་གསོལ་བ་བཏབ་པས་དབང་གི་ཆུ་བོ་བདུན་རྫོགས་སུ་བསྐུར་ནས་མན་ངག་གཏད་རྒྱ་དང་བཅས་པ་སྩལ་པས་དགོངས་པ་རྗེ་དང་མཉམ་པར་གྱུར་ཏོ། ། དེའི་ཚེ་བསམ་ཡས་ན་པཎ་ཆཻན་བི་མ་ལ་སྤྱན་དྲངས་ཏེ་བཞུགས་པའི་སྤྱན་སྔར་གཡུ་སྒྲ་ཆོས་གཏུགས་སུ་བྱོན་པས་ཆོས་ཀྱི་ཆེ་བ་འདོན་ཆེད་ཤེས་རབ་དང་རྫུ་འཕྲུལ་གཉིས་ཀ་བི་མ་ལས་གཡུ་སྒྲ་ལྷག་པའི་ཚུལ་བསྟན་པས་བོད་ཀྱི་རྗེ་བློན་རྣམས་དད་ནས་བཻ་རོ་སྤྱུགས་པ་ལ་འགྱོད་པ་སྐྱེས། དེར་གཡུ་སྒྲས་ལམ་དུ། སྤང་སངས་རྒྱས་མགོན་པོ། རྒྱ་བློ་གྲོས་གཞོན་ནུ། སྦས་རྡོ་རྗེ་རྒྱལ་མཚན་སོགས་ལ་གདམས་པ་བཏབ་པས་རྟོགས་གྲོལ་དུས་མཉམ་དུ་གྱུར།དེར་རྗེ་ཨུ་པ་དེ་ཤ་ཐང་ཟང་དཔལ་གྱི་རྡོ་རྗེ། གླང་དཔལ་གྱི་སྙིང་པོ་གསུམ་སྤྱན་འདྲེན་དུ་སླེབས་པ་བཞིན་བཻ་རོ་ཡབ་སྲས་སླར་དབུས་སུ་བྱོན་ནས་གཉགས་ཛྙཱ་ན་ཀུ་མ་ར་སོགས་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཏེ་སྐལ་ལྡན་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད་ནས་སླར་ཚ་བ་རོང་དུ་ཕེབས་ཏེ་སྣོད་ལྡན་དུ་མ་སྨིན་གྲོལ་མཛད། ཁམས་འོད་དུ་བྱམས་ཆེན་གྱི་གཙུག་ལག་ཁང་དུ། བི་མ་ལ་སོགས་པའི་པཎྜི་ཏ་གསུམ་སྤྱན་དྲངས། བཻ་རོས་ལོ་ཙཱ་མཛད་ནས་རྒྱུད་སྡེའི་ཆོས་མང་དུ་བསྒྱུར། ཡང་བཻ་རོ། སྤང༌། སྦས་གསུམ་དགོངས་པ་ལྷན་དུ་བཞུགས་མཛད་ནས་འཁོར་ཐུན་མིན་རྣམས་ལ་ཨ་ཏི་ཡོ་གའི་རྒྱུད་མན་ངག་དཔག་ཏུ་མེད་པ་གསུངས། སླར་ཡང་དབུས་སུ་བྱོན་ནས་བསམ་ཡས་ཧས་པོ་རིའི་ཁ་ལ་བཞུགས་ནས་གདུལ་བྱའི་བློ་རིགས་དང་མཐུན་པའི་དྲང་ངེས་རྒྱུ་འབྲས་ཐུན་མོང་ཐུན་མིན་གྱི་ཆོས་བཀའ་མང་དུ་གསུངས། མཐར་ལི་ཟ་ཚུལ་ཁྲིམས་སྒྲོན་གྱིས་སྤྱན་དྲངས་ཏེ་ནམ་མཁའ་ལ་གློག་འཁྱུག་པ་ལྟར་ལི་ཡུལ་དུ་བྱོན་ནས་དེར་གདུལ་བྱ་མང་པོའི་དོན་མཛད་ཅིང༌། ཡུན་གྱིས་དགོངས་པ་ལ་བཞུགས་ནས་ལྕང་ར་སྨུག་པོར་རྣམ་པར་སྣང་མཛད་ཀྱི་རྡོ་སྐུ་རང་བྱོན་གཅིག་བཞུགས་པའི་ཐུགས་ཀར་དབྱེར་མེད་དུ་འདྲེས་ནས་ཕུང་པོ་ལྷག་མེད་དུ་སངས་རྒྱས་པར་གྱུར་ཏོ། ། འདིར་རྣམ་ཐར་འདྲ་འབག་ཆེན་མོའི་དགོངས་པ་ལྟར་བཀོད་པ་ཡིན་གྱི་གཞན་རྡོ་རྗེ་ཟམ་པའི་ལོ་རྒྱུས་སོགས་འདྲ་མིན་རྒྱས་བསྡུས་ཅི་རིགས་འབྱུང་བ་དེ་དང་དེར་བལྟ་བར་བྱའོ། ། དེ་ནས་གཉགས་ཀྱིས་སོག་པོ་དཔལ་ཡེ་ལ་གནང༌། དེས་གནུབས་ཆེན་ཡབ་སྲས་ནས་རིམ་པར་ཟུར་མེས་དབོན་སོགས་ལ་བརྒྱུད་པ་ལ་སེམས་སྡེ་ཉང་ལུགས་སུ་གྲགས། ཡང་ཁམས་ཀྱི་གླང་ཐང་སྒྲོལ་མ་བྱོན་པའི་མཁས་པ་ཆེན་པོ་ཨ་རོ་ཡེ་ཤེས་འབྱུང་གནས་ལ་བཻ་རོ་དང་གཉགས་གཉིས་ཀས་གདམས་པ་བསྟན་ཞིང་འདིས་རྫོགས་ཆེན་སེམས་སྡེའི་བསྟན་བཅོས་ཆེན་པོ་ཐེག་ཆེན་རྣལ་འབྱོར་བྱ་བ་མཛད་པ་ཕྱི་མ་པཎ་ཆེན་ཇོ་བོ་རྗེས་གཟིགས་ཚེ་ཚིག་དོན་གྱི་ཆ་ཕུན་སུམ་ཚོགས་པ་གངས་རིའི་ཁྲོད་ན་འགྲན་ཟླ་དང་བྲལ་བའི་བསྟན་བཅོས་སུ་བསྔགས་པར་མཛད། དེས་ཡ་ཟི་བོན་སྟོན་གྲུ་གུ་ཀློག་འབྱུང་སོགས་ལ་བརྒྱུད་པ་ལ་ཁམས་ལུགས་ཞེས་གྲགས། ཡང་ཨ་རོ་ནས་བོན་ཅོག་གཉིས་ལ་གནང༌། དེ་གཉིས་ཀས་ཀུན་མཁྱེན་རོང་ཟོམ་པ་ཆེན་པོ་ལ་བཤད། དེ་ལས་བརྒྱུད་པ་ལ་རོང་ལུགས་སུ་གྲགས། གཞན་ཡང་བརྒྱུད་ཚུལ་མི་འདྲ་བ་མང་དུ་ཡོད་དོ། ། ཡང་བཻ་རོའི་སློབ་མ་སྤང་མི་ཕམ་མགོན་པོའི་སློབ་བརྒྱུད་ལ་འཇའ་ལུས་འགྲུབ་པ་ཤ་སྟག་བྱུང་སྟེ། དེ་ཡང་སྤང་མི་ཕམ་མགོན་པོ་བྱ་བ་ལོ་བརྒྱད་བཅུ་རྩ་ལྔ་ལོན་པ་སྔར་གཞོན་པའི་དུས་སུ་ཆོས་མ་འགྲུབ་ཅིང༌། རྒས་ཏེ་འཁོར་དང་གཉེན་འདུན་གྱིས་སྡང་བ་ཞིག་ལ། ཀློང་དགུ་བམ་པོ་ཉི་ཁྲིའི་བཅུད་ཕྱུང་བ་རྡོ་རྗེ་ཟམ་པའི་མན་ངག་རྣམས་གནང་ཞིང༌། རྒས་ཆེས་པས་ལུས་ཀྱི་ཟུངས་མ་ཐུབ་པར་སྒོམ་ཐག་དང་སྒོམ་རྟེན་བཅས་ལུས་གནད་འཆར་བཅུག གདམས་པ་ཡིད་ལ་བཟུང་བདེ་བའི་ཕྱིར་ཚུལ་ཤིང་ལག་ཏུ་གཏད་དེ་སྒོམ་བཅུག་པས་སྐྱེ་བ་མེད་པའི་དོན་རྟོགས། དགའ་ཆེས་ཏེ་སློབ་དཔོན་གྱི་མགུལ་བ་ནས་འཁྱུད་ནས་ཞག་གཅིག་བར་མ་བཏང༌།དེར་རྩེ་གཅིག་ཏུ་ཉམས་སུ་བླངས་པས་ལོ་ལྔ་བརྒྱ་ན་ཕུང་པོ་ལྷག་མེད་དུ་གཤེགས། དེས་ཡུལ་དབུ་རུ་ངན་ལམ་རལ་གསུམ་པ། རྟེན་དགེ་སློང་མིང་བྱང་ཆུབ་རྒྱལ་མཚན་བྱ་བ་ལོ་དྲུག་ཅུ་ལོན་པ་ཞིག་ལ་གདམས་པ་བཏབ་ནས་ཝ་སེངྒེ་བྲག་ལ་སྒོམ་དུ་བཅུག་པས། ལོ་བརྒྱ་དང་བདུན་ཅུ་རྩ་གཉིས་ལོན་ཚེ་ཕུང་པོ་ལྷག་མེད་དུ་གཤེགས། དེས་མདོ་ཁམས་སྟོང་པ་རྟེན་དགེ་སློང་ཟ་ངམ་རིན་ཆེན་དབྱིག་བྱ་བ་ལ་གདམས་པ་བཏབ་ཅིང༌། དེ་བྲག་དེ་ཉིད་དུ་བསྒོམས་པས། ལོ་བརྒྱ་དང་ཞེ་བཞི་ལོན་ཚེ་ལྷག་མེད་དུ་གཤེགས། དེས་ཡར་ལུང་འཕྱོས་པ་རྟེན་དགེ་སློང་ཁུ་འགྱུར་གསལ་བའི་མཆོག་ཅེས་པ་ལོ་ལྔ་བཅུ་རྩ་བདུན་ལོན་པ་ཞིག་ལ་གདམས་ནས་གནས་དེར་བསྒོམས་པས། ལོ་བརྒྱ་དང་བཅུ་བདུན་ལོན་ཚེ་ལྷག་མེད་དུ་གཤེགས། དེ་ལྟར་དཔོན་སློབ་གསུམ་ཀ་ཝ་སེངྒེ་བྲག་ཅེས་བྱ་བར་སྦྲུལ་ལོ་གཅིག་གི་ཐོག་སྐུ་འཇའ་ཚོན་ནམ་ན་བུན་ཡལ་བ་བཞིན་དུ་གཤེགས་སོ། ། ཁུ་འགྱུར་གྱིས་ཉང་གཡུ་འབྲུག་སྟོད་པ་དགེ་སློང་བྱང་ཆུབ་གྲགས་པ་ལོ་བཞི་བཅུ་རྩ་བཞི་ལོན་པ་ཞིག་ལ་གདམས་པ་སྩལ་པས། ཁོང་ཡར་ལོག་སྟེ་བསམ་ཡས་མཆིམས་ཕུ། ཕུག་པོ་ཆེ་དང་ཡང་རྫོང་རྣམས་སུ་བསྒོམས་ནས། རང་གི་སློབ་མ་དང་ཡང་སློབ་ལ་འབྱུང་བཞི་ཟད་པར་གྱི་སྤྲུལ་བསྒྱུར་སྣ་ཚོགས་པ་བསྟན་ནས། འབྱུང་བའི་སྙིགས་མ་དྭངས་ནས་དྭངས་མ་ཡལ་བའི་བར་དུ་དེ་ལྟར་འོང་བ་ཡིན། ཤེས་རབ་ཀྱིས་བསྒོམ་རྒྱུ་མེད་པའི་དོན་མཐོང་ཡང་བརྡ་ལ་ཡེངས་པ་མེད་པར་བསྐྱངས་ན་དེ་ལྟར་དུ་རང་དབང་ཐོབ་པ་ལ་ཚེགས་མེད་དེ། མ་ཡེངས་པར་སྐྱོང་བ་གལ་ཆེ་བ་ཡིན་གསུངས། མཐར་གཙང་རྒྱ་མ་ཉེ་དུ་ཁའི་ཕུང་པོ་རི་བོ་ཆེ་ལ་ད་ལྟ་འདུག་འཕྲོར་རི་ཟུར་ནས་ཡར་སྐུ་ལུས་སྤྲིན་ཆད་པ་བཞིན་ལྷག་མེད་དུ་གཤེགས། དེས་དབུ་རུ་ཞའི་ཉང་ཤེས་རབ་འབྱུང་གནས་བྱ་བའི་དགེ་སློང་བགྲེས་པོ་ཞིག་ལ་གདམས་པ་བཏབ་པས། དེས་ཀྱང་ཟད་པར་གྱི་སྐྱེ་མཆེད་ལ་དབང་བསྒྱུར་པའི་སྤྲུལ་བསྒྱུར་སྣ་ཚོགས་བསྟན་མཐར། ཕུག་པོ་ཆེ་ལྷ་རིའི་རྩེ་མོ་ན་ཡོད་པའི་ཤུག་པ་རྐང་གཅིག་ལ་ན་བཟའ་དང་ཕྲེང་བ་ཀ་པཱ་ལ་རྣམས་གཟར་ནས་སྐུ་ནམ་མཁའ་ལ་འཇའ་ཚོན་དེངས་པ་བཞིན་སོང་ངོ༌། །


འདི་རྣམས་ནི་རང་བཞིན་རྫོགས་པ་ཆེན་པོ་གཞི་ཀ་དག་ཁྲེགས་ཆོད་ཀྱི་ལམ་མཐར་ཕྱིན་པས་ལུས་རྡུལ་ཕྲན་དུ་དེངས་ཤིང་སེམས་ཆོས་ཉིད་ཀྱི་ཀློང་དུ་གྲོལ་བས་མི་སློབ་པའི་ཟུང་འཇུག་མངོན་དུ་མཛད་པ་ཡིན་གྱི་ཐུན་མོང་གི་གྲུབ་པ་ལྟར་ལུས་མི་སྣང་བར་གྱུར་པ་ཙམ་ནི་མ་ཡིན་ནོ། ། དེས་ཡུལ་ལོ་མོ་པ་རྟེན་དགེ་བསྙེན་མཚན་ཡེ་ཤེས་བྱང་ཆུབ་བམ་སློབ་དཔོན་སྦ་སྒོམ་དུ་གྲགས་པ་ལ་གདམས་པ་བཏབ་པས་རྟོགས་པ་ཁྱད་པར་ཅན་མངའ། རྡོ་ལ་འདམ་རྫབ་ལྟར་མཛད་པ། བྲག་ལ་སྐུ་སྤར་འདེབས་པ་སོགས་གྲུབ་པའི་རྟགས་མཚན་མངོན་དུ་བརྙེས། དགུང་ལོ་དགུ་བཅུ་རྩ་བརྒྱད་ལོན་པའི་ཚེ་བསྙུན་མེད་པར་གཤེགས། ཇོ་མོ་གང་མོས་ཕྱི་རོལ་གྱི་མི་རྣམས་ལ་པུར་མཇལ་མ་བཏང་བར་མཆོད་ཁང་དུ་མེར་སྦྱངས་པས་འོད་རྫ་མ་ཙམ་ནམ་མཁར་འགྲོ་བ་ཕྱི་རོལ་གྱི་མི་ཀུན་གྱིས་མཐོང༌། ཤུལ་དུ་གདུང་རུས་གཅིག་ཀྱང་མ་བྱུང་ངོ༌། ། དེས་འཛིང་དྷརྨ་བོ་དྷི་ལ་གདམས་པ་ཡིན་ཏེ། འདི་ནི་ཡབ་ཡར་ལུང་ཐང་ཆུང་བཙད་པོའི་བུ་ཆེ་བ་བཀྲ་ཤིས་གཡུང་དྲུང་ཞེས་ཕྱིས་རབ་ཏུ་བྱུང་ཞིང་རྡོ་རྗེ་ཕུར་པའི་སྒོ་ནས་གྲུབ་པ་ཐོབ་པ་དེ་དང༌། ཡུམ་མཚར་དགུ་སྐྱིད་དེ་གཉིས་ཀྱི་སྲས་སུ་ཆུ་ཕོ་འབྲུག་གི་ལོ་ལ་འཁྲུངས།འདི་རྗེ་བཙུན་མི་ལའི་བཅུ་གསུམ་པ་དེ་ཡིན། ལོ་བཅུ་དྲུག་ལོན་པའི་ཚེ་དམ་པ་རྒྱ་གར་དང་མཇལ། ཟླ་བ་བཅུ་དྲུག་ཕྱག་ཕྱིར་འབྲང་གདམས་ངག་ཕྲན་ཚེགས་མང་དུ་ཐོབ། དམ་པས་རྡོ་རྗེ་ཟམ་པ་དང་མཇལ་བར་ལུང་བསྟན་ཅིང་བྱིན་གྱིས་བརླབས། དེ་ནས་དབུས་སུ་བྱོན་ནས་གསན་པ་ཅི་རིགས་མཛད། སོ་ལྔ་ལོན་ཚེ་སློབ་དཔོན་སྦ་སྒོམ་དང་མཇལ། རིམ་གྱིས་ཡོན་ཏན་ཅན་དུ་ཤེས་ནས་གདམས་པ་གནང་བར་ཞུས་པས། ང་ལ་མན་ངག་རྡོ་རྗེ་ཟམ་པ་ཞེས་བྱ་བ་སྐད་ཅིག་མར་དོན་རྟོགས་ནས་ཚེ་གཅིག་ལུས་གཅིག་ལ་ཕུང་པོ་ལྷག་མེད་དུ་སངས་རྒྱས་པའི་བརྒྱུད་པ་བྲེང་མ་ཆད་པ་ཞིག་ཡོང༌། དེ་གོང་ཕན་ཆད་སུ་ལའང་མ་སྨྲས་པ་ཡིན།ད་ཁྱོད་ལ་སྦྱིན་ནོ་གསུངས་ནས་རིམ་བཞིན་གྲོལ་ལམ་གྱི་དབང་བཞི་རྫོགས་པར་བསྐུར། གདམས་ངག་མ་ལུས་པ་གནང༌། ཕྱིས་ཀྱང་བྱིན་རླབས་ལན་བཞི་ཙམ་ཞུས། ཞབས་ཏོག་འབུལ་ཆེན་ལན་ལྔ་ཙམ་བསྐྱལ། སློབ་དཔོན་གྱི་སྣང་བ་འདི་ཀུན་རྫུན་མའི་ཆོས་ཅན་ཡིན་གསུངས་ནས་ངོ་མཚར་བའི་རྫུ་འཕྲུལ་དུ་མ་ཡང་བསྟན་ཅིང་གདམས་ངག་གཞན་ཡང་མང་དུ་གནང༌། གཞན་གྲུབ་ཆེན་ཡུ་མོ་བ། དྭགས་པོ་ལྷ་རྗེ། མ་ལབ་སྒྲོན། ཁམས་པ་ལུང་པ་སོགས་གསར་རྙིང་རིས་མེད་ཀྱི་མཁས་གྲུབ་དུ་མ་ལས་གདམས་ངག་རྒྱ་མཚོ་ལྟ་བུ་གསན་ཅིང་དེ་དག་ཏུ་དཀའ་ཐུབ་མཛད་པའི་ཚུལ་ཡང༌། ཕུག་པོ་ཆེར་རྡོ་རྗེ་ཟམ་པ་ཞུས་ནས་བདུད་རྩིའི་དཀའ་ཐུབ་མཛད་པས་རིམས་ཀྱིས་རྫི་མ་ནུས། གནུབས་ཤོད་པོ་ཆེའི་དྲུང་དུ་བླ་མའི་བྲན་གྱི་དཀའ་ཐུབ་བྱས་པ་གར་ཕྱིན་དུ་བླ་མའི་ཐུགས་ལ་འདོགས། དམ་པ་རྒྱ་གར་གྱི་དྲུང་དུ་རྟོག་དཔྱོད་ཀྱི་དཀའ་ཐུབ་མཛད་པས་ཆོས་ཐམས་ཅད་ལ་རང་བྱན་ཚུད། སྐྱིད་ལུང་དུ་ཕུར་པའི་བཟླས་པ་ལ་དཀའ་ཐུབ་བྱས་པས་འཇིག་རྟེན་ལྷ་འདྲེས་ཅི་སྨྲས་ཉན། ཇོ་བོ་བཀའ་གདམས་པའི་ས་རུ་ཞི་དུལ་གྱི་དཀའ་ཐུབ་བྱས་པས་གར་ཕྱིན་དུ་གཞན་གྱིས་བྱམས། ཡི་གེ་བཞི་ལ་མི་སྡོད་པ་གསུམ་གྱི་དཀའ་ཐུབ་བྱས་པས་བདེ་དྲོད་འབར་ནས་གཙང་དུ་གཅེར་བུ་ལོ་ལྔ་བྱས། དེ་ལ་ངེས་ཤེས་སྐྱེས་ནས་ཕག་མོ་མངོན་འབྱུང་ལ་སྒྲུབ་པའི་དཀའ་ཐུབ་བྱས་པས་མགུར་མོའི་ནུབ་ཕྱོགས་སུ་རྗེ་བཙུན་མའི་ཞལ་གཟིགས། བརྡ་མང་པོ་གནང༌། གནུབས་ཡུལ་རོང་དུ་རྨི་ལམ་སྦྱངས་པས་སྣང་བ་ཐམས་ཅད་རྨི་ལམ་དུ་ཤེས། གཞོ་སྟོད་ཏི་སྒྲོའི་ཤེལ་ཕུག་ཏུ་ཁྲོ་བོ་བདུད་རྩི་འཁྱིལ་བའི་ཞལ་མཐོང༌། མི་མ་ཡིན་གྱི་བསྙེན་བཀུར་ཆེར་བྱས། ལྷ་ཟུར་དུ་བཅུད་ལེན་གྱི་བསྒྲུབས་པ་བྱས་པས་ཚེ་དཔག་མེད་ཞལ་མཐོང༌། ཆོས་མང་པོའི་རྣམ་གཞག་རྒྱུད་ལ་ཤར། ཨོ་དཀར་བྲག་ཏུ་སྒྲུབ་པ་མཛད་པས་བདེ་མཆོག་ཡབ་ཡུམ་ཞལ་གཟིགས། ལན་གཅིག་འགྲོ་འདོད་པ་ཞིག་བྱུང་ནས། མོན་མགར་གྲོང་མོ་ཆེ་བའི་མདུན་དུ་བྱོན་ནས། ཆུའི་རྫིང་མོ་ཞིག་ལ་ཐུབ་ཆོད་དུ་མཆོངས་པས། འཁྱགས་ཆག་ནས་ཆུར་བྱིང༌། སྐྱེངས་པའི་རྣམ་རྟོག་ཅིག་ཤར་ཙ་ན། ཆུ་ལ་རླངས་པ་ནམ་མཁའ་མི་མཐོང་བ་ཙམ་བྱུང༌། མི་རྣམས་ངོ་མཚར་སྐྱེས་ནས་དགུན་གྲང་བདོ་བ་ལ་དེ་ཙམ་ཚུགས་པ། ལྕགས་བསྲེགས་ཆུ་ལ་བཙུད་པ་འདྲ་བྱུང་ཟེར། རང་འཁྱགས་པའི་རྣམ་པ་ནི་བྱུང་གསུངས། གྲོགས་ཀྱང་ཨ་ཙ་ར་སྟག་ཤམ་ཅན་སོགས་རྣལ་འབྱོར་གྱི་དབང་པོ་ཤ་སྟག་དང་འགྲོགས་ཤིང་སྣང་བ་ལ་ཐོག་རྫིས་ཤིན་ཏུ་ཆེ་བས། དགུན་འཁྱགས་པའི་རུམ། དབྱར་ཆུ་བོའི་གཞུང༌། མ་ངེས་པའི་གཡང་རོང་ཟབ་མོར་མཆོང་བ་དང་མགོ་བརྡབ་པ། མཚོན་བརྡེག་སོགས་སྤྱོད་པ་ཚན་པོ་ཆེ་མ་བྱས་པ་མེད་པས་དཔའ་བོ་འཛེང་ཆུང་བར་གྲགས། སོ་མང་བཙན་ལ་ཕྱག་རྒྱ་ཆེན་པོ་བཏབ་པས་འཁྲུལ་སྣང་ཡེ་ཤེས་སུ་གནས་འགྱུར། རི་ཁྲོད་རླུང་ཆུང་པ་དང་དངུལ་མོ་རྒྱ་ལེ་ལྕམ་ལ་ཡི་གེ་བཞི་པ་དང་རྫོགས་ཆེན་བཏབ་པས་འཁྲུལ་ཞིག་ཆེན་པོ་གྱུར་ཏེ་མཐར་ཕུང་པོ་ལྷག་མེད་དུ་དེངས། མ་ཇོ་དད་ཅན་དང༌། ཁམས་པ་སྙིང་རུས་ཅན་ཞིག་ལ་རྡོ་རྗེ་ཟམ་པ་བསྟན་པས་ནམ་མཁའ་དང་མཁའ་འགྲོའི་འཆི་ལུགས་ཀྱིས་ཕུང་པོ་ལྷག་མེད་དུ་སོང༌། རས་པ་སྒོམ་སྟག་ཤོ་རས། རྒྱ་རས། རླུང་རས་སོགས་ལ་གདམས་པ་བཏབ་པ་ཙམ་གྱིས་བདེ་དྲོད་འབར། དེ་བཞིན་དུ་ཆོས་ཉིད་བསྟན་པ་ཙམ་གྱིས་རྟོགས་གྲོལ་དུ་སོང་བ་ཤིན་ཏུ་མང༌། རྫུ་འཕྲུལ་གྱི་བཀོད་པ་རྒྱ་མཚོ་ལྟ་བུ་ལ་དབང་འབྱོར་པས་རེས་སྐུ་ལུས་འཇའ་རུ་འཁྱིལ། རེས་ཞབས་ས་ལ་མི་རེག་པར་གཤེགས། སྣང་སེམས་རོ་གཅིག་ཏུ་འདྲེས་པས་བྲག་གཡང་ལ་བྱ་ལྟར་ལྡིང་བ་དང༌། ཐག་རིང་པོའི་ས་ཡང་ཡུད་ཙམ་ལ་འཁོར་ཞིང༌། གཞན་གྱི་སེམས་ཤེས་པ་སོགས་མངོན་པར་ཤེས་པ་ཐོགས་མེད་དུ་མངའ་བས་མ་འོངས་པ་ཐམས་ཅད་ལུང་སྟོན་པས་མཚོན་ངོ་མཚར་བའི་རྣམ་ཐར་བསམ་གྱིས་མི་ཁྱབ་ཅིང་མན་ངག་རྡོ་རྗེ་ཟམ་པ་གཙོ་བོར་གྱུར་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་བདུད་རྩིས་སྐལ་བ་དང་ལྡན་པའི་རེ་བ་ཡོངས་སུ་བསྐངས་ནས། རེ་ཞིག་ན། ངས་ལོ་མང་པོ་ལོན་ཏེ་ང་ལའང་ཏིག་པོ་བཤད་རྒྱུ་མེད་གསུངས།དེ་ནི་རྟོག་དཔྱོད་ལ་འཛིན་པ་དག་ནས་དགོངས་པ་ཟད་སར་འཁྱོལ་བའི་རྟགས་ཡིན། དེར་འཁོར་རྣམས་ཀྱིས་དགེ་རྩ་ཞིག་མཛད་པར་ཞུས་པས། འདུས་བྱས་ཀྱི་དགེ་རྩ་ལ་ཐུགས་མི་གཏོད། བཅུད་ལེན་ཞིག་མཛད་པར་ཞུས་པས་ཀྱང༌། བཅུད་ལེན་བྱས་ན་ལོ་བཅུ་ཙམ་ཚེ་བསྲིང་ནུས་ཏེ། དུས་ངན་ལ་ཚེ་རིང་བས་དགོས་པ་མེད་གསུངས་ནས། དགུང་གྲངས་བརྒྱ་དང་བཅུ་བདུན་ལོན་པས་ས་ཕོ་བྱི་བའི་ལོ་ལ་སྐུ་གཤེགས། པུར་སྦྱངས་པས་ནམ་མཁར་འཇས་གང༌། མཆོད་རྟེན་དང་རིང་བསྲེལ་ཡང་མང་དུ་བྱོན། འདི་ནི་ཚོགས་པ་བསྐྱངས་པས་སྙིགས་མ་འཇའ་ལུས་སུ་མ་དེངས་ཀྱང༌། དོན་གྱི་ཀ་དག་ཆོས་ཟད་ཀྱི་ས་ལ་མྱ་ངན་ལས་འདས་པའི་རྟགས་མཐའ་དག་ཚང་ཞིང་སློབ་མ་ཡང༌། འཛེང་ཇོ་སྲས། སློབ་དཔོན་ཀུན་བཟང༌། ཉང་དྷརྨ་སེདྷ། གསེར་ལུང་པ། དུ་རྡོ་རྗེ་རྒྱལ་མཚན། གཟིག་ཡེ་ཤེས་དབང་པོ། གཡག་སྟོན་ཟླ་བ་འོད་ཟེར། སྐྱེ་ཚེ་ཡེ་ཤེས་དབང་ཕྱུག་སོགས་མཁས་པ་དང་གྲུབ་པའི་ཡོན་ཏན་གྱིས་མཐོ་ཞིང༌། བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ངེས་གསང་སྙིང་པོའི་བསྟན་པའི་གསལ་བྱེད་ཆེན་པོར་གྱུར་པའི་བཤེས་གཉེན་ཆེས་མང་ངོ༌། ། དེ་ལྟར་འཛེང་ཡབ་སྲས་རྣམས་ཀྱི་བཀའ་དྲིན་ལས་མན་ངག་རྡོ་རྗེ་ཟམ་པའི་སྐོར་རྣམས་བཤད་སྒྲུབ་གཉིས་ཀའི་སྒོ་ནས་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཏེ་ད་ལྟའི་དུས་ཀྱང་སྨིན་གྲོལ་གྱི་རྒྱུན་མ་ཉམས་པར་བཞུགས་སོ། །


གསུམ་པ་མན་ངག་སྡེའི་མཆོག་ཏུ་ཟབ་པ་སྙིང་ཐིག་གི་སྐོར་ལའང༌། སྤྱིར་སློབ་དཔོན་ཆེན་པོ་བི་མ་ལ་ནས་བརྒྱུད་པ་དང༌། ཤྲཱི་སེང་ཧས་པདྨ་འབྱུང་གནས་ལ་གསུངས་ཤིང་དེ་ལས་བརྒྱུད་པ་དང༌། བཻ་རོ་ཙཱ་ནས་སློབ་དཔོན་ཤྲཱི་སེང་ལས་གསན་ཏེ་བརྒྱུད་པ་དང་གསུམ་དུ་བྱུང་བ་ལས་ཕྱི་མ་གཉིས་ནི་ཟབ་གཏེར་ཁོ་ན་ལས་བྱུང་བ་ཡིན་པས་ལོ་རྒྱུས་རྣམས་གཏེར་འབྱུང་དག་ཏུ་གསལ། བི་མའི་བརྒྱུད་པ་རྣམས་བཀའ་གཏེར་གཉིས་སུ་བྱུང་བ་སྟེ། དེ་ཡང་ཉང་བན་ཏིང་འཛིན་བཟང་པོ་བྱ་བ་ལོ་བདུན་དང་ཟླ་བ་བདུན་དུ་ཏིང་ངེ་འཛིན་ཐུན་གཅིག་གི་གནས་ཤིང་ཤའི་སྤྱན་རྣམ་པར་དག་པས་གླིང་བཞི་དུས་གཅིག་ལ་གཟིགས་པ་ཞིག་བཞུགས་པ་དེས་ལུང་བསྟན་ཞིང་བསྐུལ་བས། ལྷ་བཙད་པོས་ལོ་ཙཱ་མཁས་པ་སྐ་ཅོག་རྨ་གསུམ་གསེར་ཕྱེ་བྲེ་དགུ་དང་གསེར་གྱི་པ་ཏྲ་བཞི་བཞིའི་སྐྱེས་དང་བཅས་པ་བརྫངས་ནས། འཕགས་ཡུལ་སེར་སྐྱའི་གྲོང་ཁྱེར་ནས། མགོན་པོ་བྱམས་པའི་སྤྲུལ་པ་ཆོས་སྐྱོང་བའི་རྒྱལ་པོ་ཨིནྡྲ་བོ་དྷིའི་མཆོད་གནས་པཎ་ཆེན་ལྔ་བརྒྱའི་གཙུག་རྒྱན་འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པའི་སློབ་དཔོན་བི་མ་མི་ཏྲ་སྤྱན་དྲངས་པར་རྒྱ་གར་པས་ཕྲག་དོག་གི་དབྱེན་བཅོས་པས་བོད་རྣམས་ཐེ་ཚོམ་དུ་གྱུར་པ་ལ་ངོ་མཚར་བའི་ཆོ་འཕྲུལ་གྱིས་དད་པར་མཛད། རྒྱུ་འབྲས་ཀྱི་ཆོས་སྤྱི་དང༌།བྱེ་བྲག་གཡུ་སྒྲས་ལོ་ཙཱ་མཛད་ནས་སེམས་སྡེ་ཕྱི་འགྱུར་བཅུ་གསུམ་བསྒྱུར། ཐུན་མིན་གསང་བ་སྙིང་ཐིག་གི་སྐོར་རྣམས་མངའ་བདག་དང་སྲས་མུ་ནེ་བཙན་པོ་ཉང་བན་སྐ་ཅོག་གཉིས་དང་ལྔ་ལ་ལྐོག་ཆོས་སུ་གནང་ཞིང༌། མཆོག་ཏུ་ཟབ་པའི་གདམས་ངག་གི་དཔེ་རྣམས་བོད་ཡིག་ཏུ་བསྒྱུར་ནས་མཆིམས་ཕུའི་ཀེ་གོང་དུ་ཕྱི་རབས་བསྟན་པའི་བཙས་སུ་གཏེར་དུ་སྦས་ནས་སློབ་དཔོན་ཉིད་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ཏེ་གནས་དེར་ཐུབ་བསྟན་ཇི་ཙམ་གནས་ཀྱི་བར་སྐུ་ལུས་དེ་ཉིད་ཀྱིས་བཞུགས་ནས། ལྗོངས་འདིར་སྤྲུལ་པ་རེ་ལོ་བརྒྱ་བརྒྱ་ན་འབྱོན་ཅིང་གསང་བ་སྙིང་ཐིག་གི་བསྟན་པ་སྤེལ་བ་ཞལ་གྱིས་བཞེས་སོ། །


བི་མ་ལ་རྒྱ་ནག་ཏུ་གཤེགས་ནས་ལོ་ལྔ་བཅུ་རྩ་ལྔ་ན་ཉང་བན་ཏིང་འཛིན་བཟང་པོ་ཟག་པ་ཟད་པའི་ཕུང་པོར་གྱུར། རྡོ་རྗེ་ལེགས་པས་ཁམས་སུ་སེར་བ་ཕབ་པའི་ནས་རྔ་མོའི་རྒྱལ་ཁབ་ལྔ་བརྒྱ་ཕུལ་བ་ལ་བརྟེན་ནས་དབུ་རུ་ཞྭའི་ལྷ་ཁང་བཞེངས། གདམས་ངག་གི་དཔེ་རྣམས་ཀེའུ་ཚང་རིམ་གསུམ་གྱི་སྒོའི་ཀ་བའི་ཁོང་དུ་སྦས། སྙན་བརྒྱུད་རྣམས་འབྲོ་རིན་ཆེན་འབར་ལ་བཤད་དོ། ། ཉང་བན་འོད་དུ་དེངས་ནས་ལོ་བརྒྱ་འདས་པ་ན། དབུ་རུ་གཞོའི་ལྡང་མ་བ་དགེ་མཆོག་གི་བུ་པཎ་ཆཻན་བི་མ་ལའི་རྣམ་འཕྲུལ་གནས་བརྟན་ལྡང་མ་བ་ལྷུན་གྱི་རྒྱལ་མཚན་ཞེས། རྟེན་སྔགས་བཙུན་ཅོ་བྲེག་གི་ཚུལ་གྱིས་དབུ་རུ་ཞྭའི་ལྷ་ཁང་གི་གནས་བརྟན་ཏེ་དཀོར་གཉེར་དཀྱུས་མའི་རྣམ་པར་ཡུན་རིང་དུ་བཞུགས་པ་ལ་ཞྭའི་མགོན་པོས་ལུང་བསྟན་ནས་སྔར་སྦས་པའི་གཏེར་རྣམས་ཕྱུང་ཞིང༌། འབྲོའི་སློབ་མ་དབས་བློ་གྲོས་དབང་ཕྱུག་ལས་ཚིག་བརྒྱུད་ཀྱང་མཉན་ནས་ཆོས་ཉིད་ཡིད་དཔྱོད་དུ་མ་ལུས་པར་ཉམས་སུ་བླངས། མན་ངག་རྙེད་ནས་ལོ་བཅོ་ལྔ་པར་བཤད་རྒྱུད་བཞག་པའི་སྣོད་འཚོལ་དུ་བྱོན་པས་ཉང་སྟོད་ནས་ལྕེ་བཙུན་སེང་གེ་དབང་ཕྱུག་རྙེད་ནས་གདམས་པ་རིམ་པ་བདུན་བཏབ། དེ་དང་ཉེ་བར་ཁ་རག་གི་བལ་པོ་སྒོམ་ཆུང་ལའང་བཏབ་པས་ཁོང་ཡང་དེས་གྲོལ། ལྕེ་བཙུན་ལ་དཔེ་རྣམས་ཁྲའི་ཟླ་བ་ལ་སྐྱོལ་ཅིག་གསུངས།དེ་ནས་མི་རིང་བར་སྐུ་གཤེགས་པས་ནམ་མཁར་འཇས་ཁེངས། སྐུ་གདུང་དང་རིང་བསྲེལ་དཔག་ཏུ་མེད་པ་བྱོན་པ་སོགས་ཕུང་པོ་ལྷག་བཅས་ཀྱི་མངོན་པར་བྱང་ཆུབ་པའི་ཡེ་ཤེས་མངོན་དུ་མཛད། ཕྱིས་ལྕེ་བཙུན་གྱིས་འབུལ་བ་ཤིན་ཏུ་མང་པོ་ཁྱེར་ནས་བྱོན་པས་སྙེ་ཐང་དུ་མལ་གྲོའི་ཉང་བཀའ་གདམས་པ་དང་འཕྲད། དེས་གནས་བརྟན་གཤེགས་པའི་གཏམ་བཤད་པས། འབུལ་བ་རྣམས་དགེ་འདུན་པ་ལ་ཕུལ། དེར་ཉང་བཀའ་གདམས་པས་ལྕེ་བཙུན་ལ་གདམས་ངག་ཡོད་པར་ཤེས་ནས་ཞུས་པས་སློབ་དཔོན་གྱིས་སྣོད་ལྡན་དུ་མཁྱེན་པས་བསྩལ། དེས་གཞོའི་ཏི་སྒྲོའི་བྲག་ཏུ་ལོ་གཉིས་བསྒོམས་པས་ཕུང་པོ་ལྷག་མེད་དུ་གཤེགས། དེ་ལ་ལྕེ་བཙུན་ཆེན་པོ་ནི། ཡུལ་ཉང་རོ་གཉན་ཚོའི་ལྕེ་ཐུབ་པའི་དབང་པོའི་སྲས་གཞོན་ནུ་ནས་མང་དུ་ཐོས་པའི་ནོར་གྱིས་ཕྱུག་པ་ཞིག་ཡིན། རི་གཟར་རྒོད་པོ་ལུང་དུ་གནས་བརྟན་ལྡང་མ་བ་དང་མཇལ་ཞིང་ཁ་རག་ཏུ་གདམས་པ་རྫོགས་པར་ཐོབ། སློབ་དཔོན་གཤེགས་ནས་གཏེར་དཔེ་རྙིང་པ་རྣམས། ལང་གྲོ་འཆད་པ་སྟག་འདྲ་དང༌། འོ་ཡུག་དང་བྱར་གྱི་ཕུ་སྟེ་གཏེར་ཁ་གསུམ་དུ་སྦས། འོ་ཡུག་ནས་ཤངས་མན་ཆོད་ཀྱི་རི་རྒྱུད་རྣམས་ལ་འཕོ་ཞིང་བསྒོམས་པའི་ཚེ། རྨི་ལམ་དུ་ཨ་ཙ་ར་གཅིག་བྱུང་ནས། བདག་ནི་བི་མ་མི་ཏྲ་མཁས་པ་སྟེ། ། སྐལ་ལྡན་སྙིང་པོའི་ཡང་བཅུད་དོན་འདོད་ན། ། མཆིམས་ཕུ་བྲག་དམར་ཀེ་གོང་ཡར་འདེབས་ལ། ། གསང་བ་སྙིང་ཏིག་སྙིང་དང་འདྲ་བ་ཡོད། ། དེ་དག་ཁྱེར་ལ་འོ་ཡུག་ཕྱི་གོང་དུ། ། སུས་ཀྱང་མཐོང་བ་མེད་པ་ལོ་བདུན་སྒོམས། ། ཟག་བཅས་ཕུང་པོ་སྣང་བ་མ་ཡིན་ནོ། ། ཞེས་ལུང་བསྟན་པས་མཆིམས་ཕུར་བྱོན་ཏེ་ཟབ་པ་པོད་བཞིའི་གཏེར་དཔེ་རྣམས་གཏེར་སྲུང་གི་དངོས་སུ་སྤྲད་པ་ཁྱེར་ནས་འོ་ཡུག་ཕྱི་གོང་རྫིའི་ར་བར་བཞུགས་པའི་ཚེ་བི་མ་ལ་དངོས་སུ་བྱོན་ནས་ཟླ་བ་ཕྱེད་དུ་བཞུགས་ཤིང་དབང་ཁྲིད་གདམས་པ་མཐའ་དག་རྫོགས་པར་གནང༌། དེ་ནས་ལྕེ་བཙུན་གྱིས་ལོ་བདུན་བསྒོམས་པས་ཕུང་པོ་ལྷག་མེད་གྲུབ། སྤྲུལ་པའི་སྐུ་ཞང་སྟོན་ལ་གདམས་ངག་རྫོགས་པར་བྱིན་ནས། དགུང་གྲངས་བརྒྱ་དང་ཉེར་ལྔ་བཞེས་པའི་སྟོན་ཟླ་ར་བའི་ཚེས་བཅུ་ལ་འོ་ཡུག་ཕྱི་གོང་རྫའི་ར་བར། ཨོ་རྒྱན་གྱི་ཌཱ་ཀིའི་གཙོ་མོ་དཔལ་གྱི་བློ་གྲོས་མ་སོགས་ཡེ་ཤེས་དང་ལས་དང་འཇིག་རྟེན་གྱི་མཁའ་འགྲོ་མ་སྤྲིན་བཞིན་དུ་གཏིབས་ནས་ཚོགས་ཀྱི་འཁོར་ལོའི་འདུ་བ་ལ་ལོངས་སྤྱོད་པའི་ཚེ། ལྕེ་བཙུན་ཆེན་པོ་ཉིད་དབྱིངས་ཀ་དག་གི་ཟང་ཐལ་གྱི་ཏིང་ངེ་འཛིན་ལ་བཞུགས་ནས་སྐུ་མི་སྣང་བའི་འོད་ཀྱི་རང་བཞིན་དུ་གྱུར་ཏོ། །དེའི་ཚེ་མཁའ་འགྲོ་མ་རྣམས་ཀྱིས། ཀྱེ་མ་ཀྱི་ཧུད་ཀྱེ་མ་བློང༌། ། སོགས་གདུང་ཚིག་བཏོན་པས་ལྷུན་གྲུབ་རིག་རྩལ་གྱི་ཏིང་ངེ་འཛིན་ལ་འཕོས་པའི་དེ་མ་ཐག་པར་ཡེ་ཤེས་ཀྱི་སྐུ་མངོན་དུ་སྣང་བར་མཛད་ནས་ཆོས་ཉིད་རྡོ་རྗེའི་རང་སྒྲས་འདས་རྗེས་གདམས་པའི་སྙིང་པོ་སྩལ་པ་རེ་ཞིག་ཌཱ་ཀི་རྣམས་ཀྱི་ཕྱག་ཏུ་བཟུང་བ། ཕྱིས་སྙིགས་མ་ལྔ་བདོའི་དུས་འདིར་དར་བ་ལུང་བསྟན་པ་བཞིན། སློབ་དཔོན་འཇམ་དཔལ་བཤེས་གཉེན་དང༌། པཎ་ཆེན་བི་མ་ལའི་ཡེ་ཤེས་ཟུང་དུ་འཇུག་པའི་རྣམ་འཕྲུལ་ས་གསུམ་ན་འགྲན་ཟླ་དང་བྲལ་བའི་གྲུབ་པའི་སློབ་དཔོན་ཆེན་པོ་བཀའ་བབས་བདུན་གྱི་གསང་མཛོད་འཆང་བ་འོད་གསལ་སྤྲུལ་པའི་རྡོ་རྗེས་ཆུ་མོ་ཡོས་ཀྱི་ལོ་སྣྲོན་ཟླའི་ཡར་ཚེས་བརྒྱད་ཀྱི་ཉིན་རྗེས་སུ་དྲན་པའི་ཆོ་འཕྲུལ་གྱིས་གཏན་ལ་དབབ་པ་ལྕེ་བཙུན་ཟབ་ཏིག་ཏུ་གྲགས་པ་འདིའོ། ། གཏེར་སྦས་པའི་ལོ་སུམ་ཅུ་ན་རོང་སྣར་མདའི་ལྕེ་སྒོམ་ནག་པོས་འོ་ཡུག་གི་གཏེར་བཏོན། དེ་བཞིན་དུ་ལང་གྲོ་འཆད་པ་སྟག་འདྲ་ནས་ཤངས་པ་རས་པས་ཀྱང་བཏོན་ནས་སོ་སོས་ཉམས་སུ་བླངས་ཤིང་གཞན་ལའང་རྒྱ་ཆེར་བཤད་དོ།།དེ་ལ་ཞང་སྟོན་བཀྲ་ཤིས་རྡོ་རྗེ་ནི། ཡུལ་ཡར་འབྲོག་སྒང་གི་སྒྲུབ་མཚོ་བླ་དོ་ཞེས་པར་ཡབ་ཞང་སྲས་རྡོ་རྗེ་དངོས་གྲུབ་དང༌།ཡུམ་ཞུ་མོ་ཉེ་རེ་ལྕམ་གྱི་སྲས་སུ་མེ་མོ་གླང་གི་ལོ་ལ་འཁྲུངས། དགུང་ལོ་བཅུ་གཅིག་པར་ལྕེ་སྒོམ་ནག་པོ་ལས་གདམས་ངག་མང་དུ་གསན། དེ་ནས་ཉེར་གཅིག་བར་དུ་མཁས་གྲུབ་ཀྱི་བླ་མ་དུ་མ་ལས། སྡེ་སྣོད་རྒྱུད་སྡེ་གསར་རྙིང་ཀུན་ལ་སྦྱངས་པས་མཁྱེན་རབ་ཀྱི་པདྨོ་རྒྱས། ཉང་སྟོད་ཁུ་ཡུལ་ན་ཡོད་པའི་ཚེ། ནམ་མཁའ་ལས། བླ་མ་དང་ཐུགས་རྗེ་ཆེན་པོ། སྒྲོལ་མ་སོགས་ཀྱི་ཞལ་མཐོང་ཞིང༌། ཀྱེ་ཀྱེ། ཨེ་མ། ཚེ་གཅིག་གིས་སངས་རྒྱས་པའི་མན་ངག་རྫོགས་པ་ཆེན་པོ་གསང་བ་བླ་ན་མེད་པའི་སྐོར་བྲག་སེངྒེ་དང་འདྲ་བ་ལ་ཡོད་ཀྱིས་ཐོན་ལ། སེམས་ཅན་དཔག་ཏུ་མེད་པའི་དོན་གྱིས་ཤིག་ཅེས་ལུང་བསྟན་ཐོབ། དམ་ཅན་མི་དཀར་ཞྭ་དཀར་ཅན་དུ་བྱས་ནས་དངོས་གྲུབ་བྱིན་གྱིས་འདེང་ཟེར་ནས་ཁྲིད། ཉང་སྨད་པ་ཚབ་ཏུ་ལྷ་གསོལ་བ་རྣམས་ཀྱིས་བཞེས་པ་དྲངས། སྟག་ཐབས་སུ་ཁང་སྟོང་ཞིག་ཏུ་ཉལ་བས་འདིར་མི་རུང་ཟེར། བྲག་ཕུག་ཅིག་ཏུ་བྱོན་ཙ་ན་ཁང་སྟོང་དེ་འགྱེལ། ཁོའི་སྤྲུལ་པས་བཟའ་བཏུང་བྱིན། འོ་ཡུག་མདའ་ན་འཁྲུགས་པ་ཆེན་པོ་ཡོད་པའང་རྡོ་རྗེ་ལེགས་པས་བསྒྲིབས་ནས་དམག་གིས་མ་མཐོང༌། བྱར་གྱི་ཕུའི་བྲག་སེངྒེ་འདྲ་བའི་རྩེར་སླེབ་ཚེ་ཁོ་སྟོར།ལམ་མ་རྙེད་ནས་གཟིགས་པས་བྲག་ཕུག་ཁ་བྱང་བསྟན་སྒོ་རྩྭས་འགགས་པ་ཞིག་མཐོང་ནས་དེར་བྱོན་པས་ནང་ན་དཀྱིལ་འཁོར་ཞིག་འདུག་པ་དེ་བསལ་བས་དང་པོར་སྦལ་སྦྲུལ་ཤིག་ཤིག་སྣང༌། དེ་ནས་ཁ་བྱང་རྙེད་དུས་མི་དཀར་དེས་སྒྲོན་མེ་བཏེགས། དར་ཅིག་ན་གདངས་དང་སྐད་ཤིན་ཏུ་མི་བསྲུན་པ་ཞིག་བྱུང༌། ཁོས་བརྡ་སྦྱར་བས། ངས་ཨ་ཅེ་ཁྲིད་ནས་འོང་གི་ཟེར་བའི་མོད། ཨེ་ཀ་ཛ་ཊི་སྤྱན་ཁྲག་ཏུ་ཁོལ་བ། མཆེ་བ་གཙིགས་ཤིང་བལྟར་མི་བཟོད་པ་ཙམ་བྱུང༌། ཁོས་འདི་ནི་ལུང་བསྟན་པ་དེ་ཡིན་ནོ་བྱས་པས། དེར་ན་རེ། ང་ནི་ཨེ་ཀ་ཛ་ཊི་ཡིན། །ཚོགས་འཁོར་བརྒྱ་དང་རྩ་བརྒྱད་ཐོངས། །ལོ་གསུམ་བར་དུ་མ་བཤད་ཅིང༌། །གསུངས་ནས་བཞུད་དོ། །དེར་བྲག་ཕུག་གི་སྒོ་ནས་གཡུ་གཉིས་རྙེད་པ་ལ་རྒྱུ་བྱས་ནས་ཚོགས་འཁོར་རྣམས་བཏང། ལོ་ཉེར་ལྔ་པ་ལ་དབུས་སུ་བྱོན། མཆིམས་ཕུ་ནས་བི་མའི་ཆོས་གཏེར་ཡང་ཐོན། བི་མ་དངོས་དང་མཇལ་ནས་རྗེས་གནང་ཐོབ། སླར་ཤང་རྟ་ནག་ཏུ་བྱོན་པའི་ཟམ་ཁར་ལྕེ་བཙུན་ཆེན་པོ་དང་མཇལ། གསང་བ་སྙིང་ཐིག་གི་གདམས་པ་རྫོགས་པར་ཐོབ། སྐུ་ན་མཐོན་པོར་སོང་ནས་བརྒྱུད་འཛིན་དུ་སྲས་ཉི་འབུམ་དང་ཟླ་འབུམ་གཉིས་བསྐྲུན། ངས་ཚོགས་པ་མ་བསྐྱངས་ན་ཕུང་པོ་ལྷག་མེད་འོང་བ་ཡིན་གསུངས། ལུས་ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་ལ་དབང་ཐོབ་པས་རེས་འགའ་རྒྱལ་བ་རིགས་ལྔར་གསལ། སྐུ་ལུས་ལ་གྲིབ་མ་མི་མངའ། རྫོགས་ཆེན་ནམ་གསུང་ལ་འཇའ་གུར་འཁྱིལ་བ་སོགས་ངོ་མཚར་བའི་ལྟས་མང་པོ་ཡོད། དགུང་གྲངས་དོན་གཅིག་པ་མེ་ཕག་ས་ག་ཟླ་བའི་ཉེར་གཉིས་ལ་ཤར་ཕྱོགས་ཀྱི་མཁའ་ལ་སྒྲ་ཆེན་པོ་བདུན་གྲགས་ཤིང༌། ས་གཡོ་བ་དང༌།འཇའ་དང༌། འོད་དང༌། སིལ་སྙན་གྱི་སྒྲ་དང༌། དྲི་ཞིམ་གྱི་ངད་སོགས་གདོད་མའི་ས་ལ་མངོན་པར་བྱང་ཆུབ་པའི་རྟགས་རྣམས་བསྟན་ཏེ་གཤེགས་སོ། ། དེའི་ཕྱི་ནུབ་པུར་སྦྱངས་པས་གདུང་ཆེན་ལྔ་དང༌། རིང་བསྲེལ་ཁ་དོག་ལྔ་པ་སྐུ་ལྔའི་རྒྱལ་ཚབ་ཏུ་བྱོན། འཇའ་གུར་དང་མེ་ཏོག་གི་ཆར་ལ་སོགས་པས་འགྲོ་བ་མང་པོ་དད་པའི་གནས་ལ་སྦྱར་ཞིང་དེར་གནས་པ་རྣམས་རང་བཞིན་གྱིས་བསམ་གཏན་ལ་གནས་པའང་འབྱུང་ངོ༌། ། དེ་ལྟར་གོང་སྨོས་གཏེར་སྟོན་ལྔས་སྤྱན་དྲངས་པ་བཅས་བཀའ་གཏེར་ཕྱོགས་སྡོམ་སྙིང་ཏིག་ཆེན་མོ་འདི་ལ། རྒྱུད་བཅུ་བདུན། བཀའ་སྲུང་ཁྲོས་མའི་རྒྱུད་དང་བཅོ་བརྒྱད་སོ་སོའི་དགོངས་འགྲེལ་དང་བཅས་པ། མན་ངག་གི་ཡི་གེ་བརྒྱ་བཅུ་དགུ་ཟབ་པ་པོད་བཞི་བཅས་ཕྱོགས་སྡོམ་པོད་བདུན་ཙམ་བཞུགས་པ་ལ།དེང་སང༌། རྒྱུད་ཡོངས་རྫོགས། ཟབ་པ་པོད་བཞི། མན་ངག་གི་ཡི་གེ་ཐོར་བུ་བཞུགས་པ་ཡིན་ནོ། །


དེའི་སློབ་མ་སྒྲ་ཐལ་འགྱུར་ནས་ཕྱག་རྡོར་སྤྲུལ་པ་བཛྲ་ཕ་ལར་ལུང་བསྟན་པའི་རང་སྲས་ཉི་མ་འབུམ་ནི། ཡུམ་རྒྱལ་མོ་གཡུང་དེའི་སྲས་སུ་འཁྲུངས། ལོ་ལྔ་ནས་རིམ་པར་ཡབ་ལས་གསང་བ་སྙིང་ཏིག་གི་དབང་ཁྲིད་གདམས་པ་རྣམས་ཉམས་འོག་ཏུ་ཆུད་པར་མཛད། བཅུ་པ་ལ་ཆེ་འདོན་བྱས་པའི་སྐབས་རྒྱུད་བཅུ་བདུན་ལ་བཤད་པ་མཛད་པས་བུ་སློབ་ཀུན་ངོ་མཚར་སྐྱེས།ཉི་ཤུའི་བར་དུ་སྒྲུབ་པ་ཁོ་ན་མཛད། དེ་ནས་རྗེས་ཐོབ་སྒྱུ་མ་ལྟ་བུ་དང་འགྲོགས་ནས་ས་སྐྱའི་གྲགས་རྒྱལ་སོགས་མཁས་གྲུབ་ཀྱི་བླ་མ་མང་པོ་བསྟེན་ནས་མདོ་རྒྱུད་ཀུན་ལ་ཐོས་བསམ་ཕྱོགས་མེད་མཛད། ཚིག་དོན་ཆེན་མོ་བྱ་བའི་བསྟན་བཅོས་ཀྱང་མཛད་ནས་ལྔ་བཅུ་རྩ་དྲུག་པར་གཤེགས། པུར་སྦྱངས་པས་གདུང་རིགས་ལྔ་བྱོན་འཇའ་ཚོན་གྱི་གུར་ཕུབ། ཆོ་འཕྲུལ་ཟླ་བ་ལ་ཁུག་ཆོས་མེ་ཏོག་སྐྱེས་པ་སོགས་བྱུང་ངོ༌། །

དེའི་སློབ་མ་ཆོས་བདག་གུ་རུ་ཇོ་འབེར་ནི། གཅུང་པོ་ཟླ་འབུམ་གྱི་སྲས་སུ་འཁྲུངས། ལོ་བརྒྱད་ནས་ཤེས་རབ་མེ་ལྟར་འབར། བཅོ་བརྒྱད་ཀྱི་བར་དུ་ཁུ་བོ་ཉི་འབུམ་དང་འགྲོགས་ནས་གསང་བ་སྙིང་ཐིག་གི་གདམས་པ་རྣམས་རྫོགས་པར་མཛད་ཅིང་བསམ་བསྒོམ་གྱིས་གཏན་ལ་ཕབ། བཅུ་དགུ་ནས་སུམ་ཅུ་རྩ་དྲུག་བར་རྗེ་ས་པཎ་ཁྲོ་ཕུ་ལོ་ཙཱ་བ་སོགས་རིས་མེད་བཤེས་གཉེན་དུ་མ་ལས་སྡེ་སྣོད་རྒྱུད་སྡེ་དང་བཅས་རྒྱ་ཆེར་གསན་པས་བློ་རྣོ་ཞིང་ཐོས་པ་མང་བར་གྲགས། ཚེ་དཔག་མེད་དང༌། སྤྱན་རས་གཟིགས། ཕྱག་ན་རྡོ་རྗེ་སོགས་ཀྱི་ཞལ་གཟིགས་ཤིང་བྱིན་གྱིས་བརླབས། མཁྱེན་རབ་དང་ཐུགས་རྗེ་ཚད་མེད་པས་འགྲོ་བ་འདྲེན་པའི་དེད་དཔོན་དུ་གྱུར་ནས་དྲུག་བཅུ་པ་ལ་གཤེགས།ཞག་བདུན་དུ་འཇའི་དྲྭ་བས་འབྲེལ། སྐུ་གདུང་ལ་ཨོཾ་ཨཱཿཧཱུྃ་དང་རིང་བསྲེལ་མང་དུ་བྱོན་ཏོ། །


དེའི་སློབ་མ་འཁྲུལ་ཞིག་སེངྒེ་རྒྱབ་པ་ནི། གཡོ་རུ་གྲའི་ཕུ་གང་ཕྲེང་གི་གྲོང་དུ་ངོ་མཚར་བའི་ལྟས་དང་བཅས་འཁྲུངས། ལོ་དགུ་ནས་རིགས་སད་དེ་དག་སྣང་དང་མོས་གུས། འཁོར་བ་ལ་སྐྱོ་བ་ཚད་མེད་པ་སྐྱེས། འཕགས་པ་ཐུགས་རྗེ་ཆེན་པོས་ཞལ་བསྟན་ནས། ཚེ་གཅིག་གིས་གྲོལ་བ་སྙིང་ཏིག་གི་དོན་སྒོམས་ཤིག་གསུངས། དེ་ནས་བཟུང་སྙིང་རྗེ་ཕྱོགས་མེད་དུ་རྒྱས་ནས་འགྲོ་བ་ཀུན་ལ་བུ་གཅིག་པའི་མ་ལྟར་བརྩེ། བཅོ་བརྒྱད་ལ་སྣང་བ་བདེན་མེད་དུ་རྟོགས་ནས་སྨྱོན་པ་ཁྲོག་ལངས་པ་ལྟ་བུར་གྱུར། ཉེར་དགུ་ལ་མཁན་པོའི་ལེའུ་སྒང་བ་ལས་རབ་ཏུ་བྱུང་ཞིང་མཁས་གྲུབ་དུ་མ་ལས་གསང་སྔགས་གསར་རྙིང་གི་ཆོས་མང་དུ་གསན། ཁྱད་པར་གུ་རུ་ཇོ་འབེར་ལས་རྫོགས་ཆེན་ཐོས་པས་རྟོགས་པ་ཐོད་རྒལ་དུ་སྐྱེས། སྒྲུབ་པ་སྙིང་པོར་མཛད་པས་དགོངས་པ་ཀ་དག་གི་སར་གཤེགས། སྐལ་ལྡན་མང་པོ་སྨིན་གྲོལ་ལ་བཀོད་ནས་དྲུག་ཅུ་རྩ་བཞི་པར་ཐེག་པ་མཆོག་གི་འབྲས་བུ་ཐོབ་པའི་རྟགས་རྣམས་མངོན་དུ་བསྟན་ནས་གཤེགས། དེའི་སློབ་མ་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་འཕྲུལ་གྲུབ་ཆེན་མེ་ལོང་རྡོ་རྗེ་ནི། སྒྲགས་ཕུར་རྣལ་འབྱོར་པ་བསམ་ཡེ་དང་ཡུམ་འབར་མ་གཉིས་ཀྱི་སྲས་སུ་འཁྲུངས། ལོ་དགུ་ནས་གྲུབ་ཐོབ་ཟྭ་ལུང་པ་ལས་རབ་ཏུ་བྱུང༌། བརྒྱད་སྟོང་པ་བརྒྱ་ཚར་བསྒྲགས་པས་གནས་ལུགས་ཀྱི་དོན་རྟོགས། ཟང་མཚོར་བསྒོམས་པས་ཉམས་འབར་ཞིང་མངོན་ཤེས་ཕྲ་མོ་ཤར། དེ་ནས་ཕྱོགས་མེད་དུ་འགྲིམས་ཏེ། མཚུར་ཕུའི་དོ་བོ་རས་པ་སོགས་བླ་མ་མང་དུ་བསྟེན་ཅིང་སྒྲུབ་གནས་མང་པོར་དཀའ་ཐུབ་ཀྱི་འཕྲང་ལ་བཅུན་ནས་གདམས་ངག་རྣམས་ཉམས་སུ་བླངས། བཅོ་བརྒྱད་པར་སེངྒེ་རྒྱབ་པ་སངས་རྒྱས་དབོན་པོ་ལས་མན་ངག་སྙིང་ཐིག་གི་སྐོར་རྣམས་ཐོབ། བསྒོམས་པས་སྔོན་འགྲོའི་སྐབས་ཞག་དྲུག་ཏུ་ཉིན་མཚན་མེད་པར་རྡོ་རྗེ་སེམས་དཔའ་ཞལ་མཐོང༌། དངོས་གཞིའི་སྐབས་རྨི་ལ་མ་དུ་བརྒྱུད་པའི་བླ་མ་རྣམས་མཇལ་ཞིང་བྱིན་གྱིས་རླབས། གཞན་ཡང་ཀུན་བཟང་རྡོར་སེམས་པད་འབྱུང་བི་མ་བདེ་མཆོག་རྟ་ཕག་སོགས་རྩ་གསུམ་རབ་འབྱམས་ལྷའི་ཞལ་མཐོང༌། དོང་ལུང་དུ་ཡེ་ཤེས་ཌཱ་ཀིས་སྐྱེ་རྒྱུན་ཆོད་པར་ལུང་བསྟན། རྨི་ལམ་དུ་རྡོ་རྗེ་སེམས་དཔས་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་བསྐུར་ཞིང་བརྡ་དོན་ངོ་སྤྲད། བརྟུལ་ཞུགས་ཤིན་ཏུ་ཆེ་བས་གསང་སྔགས་ཀྱི་དམ་ཚིགས་ཇི་བཞིན་པར་སྤྱོད་ནུས། ནམ་མཁའ་ལ་བྱ་ལྟར་འཕུར་བ། བྲག་ལ་འདམ་ལྟར་བྱེད་པ་སོགས་གྲུབ་པའི་རྟགས་མཚན་མངོན་དུ་མངའ། ཚེ་ཚད་སུམ་ཅུ་རྩ་བདུན་ཡིན་པ་ལ། སློབ་དཔོན་ཀུན་དགས་གསོལ་བ་ཐེབས་པས་དྲུག་ཅུ་རྩ་གཅིག་བར་བཞུགས་ནས་གཤེགས། སྐུ་ལྔ་ཐོབ་རྟགས་གདུང་རིགས་ལྔ་སོགས་རྒྱུད་ནས་ཇི་སྐད་བཤད་པ་བཞིན་བྱོན། དེའི་སློབ་མ་ཐལ་འགྱུར་ནས་དགེ་སློང་དཔལ་ལྡན་དུ་ལུང་བསྟན་ཅིང་པཎ་ཆེན་བི་མ་ལའི་རྣམ་འཕྲུལ་རིག་འཛིན་ཀུ་མཱ་རཱ་ཛ་ནི། གཡོ་རུ་འོན་གྱི་ནང་བར་གསར་རྫིང་ཁར་འཁྲུངས། ཆུང་ངུ་ནས་འཕགས་པའི་ནོར་གྱིས་འབྱོར་ཞིང་ཀློག་ཡིག་མ་བསླབས་པར་མཁྱེན། ལོ་དགུ་པར་དགེ་བསྙེན་དང་བཅུ་གཉིས་པར་ཕག་མོ་གྲུར་རབ་ཏུ་བྱུང༌། ཡིག་དྲུག་བཟླས་པས་འཕགས་པའི་ཞལ་མཐོང༌། ངར་ཕུག་ཏུ་མེ་ལོང་ལས་ཕྱག་ཆེན་གྱི་ཁྲིད་ཞུས་པས་སེམས་ངོ་འཕྲོད། ཚེས་བཅུར་ཨོ་རྒྱན་ཆེན་པོ་དང་མཇལ། ཨེ་མ་རིགས་ཀྱི་བུ། རྟག་ཏུ་ཆོས་གྱིས་ཤིག་གསུངས། གྲུབ་ཆེན་ཨོ་རྒྱན་པ་སོགས་ལས་གདམས་ངག་མང་དུ་ཞུས། སླར་ལྷོ་བྲག་མཁར་ཆུར་མེ་ལོང་ལས་གསང་བ་སྙིང་ཏིག་གི་དབང་ཁྲིད་གདམས་པ་བཅས་རྫོགས་པར་ཞུས། དབང་གྲལ་དུ་མགོན་པོ་ཕྱག་བཞི། ཨེ་ཀ་ཛ་ཊི། ལས་ཀྱི་མ་མོ་ཁྲག་རལ་ཅན་རྣམས་གཟིགས། ལོ་བརྒྱད་ཀྱི་བར་དུ་བླ་མ་འདུ་འབྲལ་མེད་པར་བསྟེན། སྙུག་ཚལ་སྦུག་ཏུ་རྡོ་རྗེ་ཕག་མོས་ཞལ་བསྟན།དེ་ནས་བཟུང་ཤེས་རབ་ཕྱོགས་མེད་དུ་རྒྱས། ཙཱ་རི་རྙིང་མའི་གཡུ་མཚོའི་འགྲམ་ན། གཅིག་པུར་ཟླ་བ་བརྒྱད་བཞུགས་པས། དང་པོར་ཆོ་འཕྲུལ་ཆེན་པོ་བྱུང་ཡང་གཤིས་ཐོག་ཏུ་རོ་སྙོམ་པས་གཞི་བདག་དབང་དུ་འདུས་ནས་ཁང་པར་གདན་དྲངས་ནས་བསྙེན་བཀུར་བྱས། ཛམ་བྷ་ལས་ནོར་བུ་བྱིན། མཚོ་ནང་དུ་འོད་ལྔའི་ལྦུ་བ་སེལ་པོ་ཙམ་ཐིམ་འགྲོ་བ་གཟིགས། ཐུགས་ངེས་འབྱུང་སྐྱོ་ཤས་ཀྱི་རྒྱུད་བརླན་པས་རྟག་པར་དབེན་པའི་རི་བོ་འབའ་ཞིག་ཏུ་སྒྲུབ་པ་སྙིང་པོར་མཛད་ཅིང་གཞན་ཡང་དེ་ལ་བསྐུལ། བྱང་ཆུབ་ཀྱི་སེམས་འབྱོངས་པས་འགྲོ་བ་མཐའ་དག་ལ་ཕན་པ་ལྷུར་ལེན་ཅིང༌། འཇིགས་པས་ཉེན་པ་རྣམས་ལ་སྒོ་དུ་མ་ནས་སྐྱབས་ཀྱི་སྦྱིན་པ་སྩལ། སྔགས་བདག་གཟའ་དང་དམ་ཅན་རྣམས་ཀྱིས་བཀའ་ཉན་ཅིང་མི་དང་མི་ལབ་པ་པ་བཞིན་དུ་ཡོད། མངོན་པར་ཤེས་པས་གདུལ་བྱའི་བསམ་པ་མཁྱེན་པས་འདུལ་ལུགས་ལ་མཁས་ཤིང་གཞན་རྒྱུད་བྱིན་གྱིས་རླབས་པའི་ནུས་པ་ཁྱད་པར་ཅན་མངའ། མཐར་དགུང་ལོ་བདུན་ཅུ་རྩ་བརྒྱད་བཞེས་པ་ཆུ་ལུག་སྟོན་ཟླ་འབྲིང་པོའི་ཉེར་ལྔར་ངོ་མཚར་བའི་ལྟས་དང་བཅས་གཤེགས་པར་ཉེ་གནས་སྒོམ་དར་སོགས་ཀྱིས་མོས་གུས་ཀྱི་གདུང་བ་བྱས་པས་སླར་བཞེངས་ཏེ་ཞལ་འཛུམ་པ་དང་བཅས། ཁྱེད་རྣམས་མྱ་ངན་མ་བྱེད། ང་འཆི་བ་མིན་གསུངས་ནས་ཞལ་གདམས་དང་ཞལ་ཏ་ཅི་རིགས་མཛད། ཞག་བཅུ་གསུམ་སྐུ་ཚེ་སླར་ལ་བསྲིངས་ནས་ཟླ་བ་ཕྱི་མའི་ཚེས་བདུན་གྱི་ཉིན། ཁྱེད་རྣམས་ཆོས་ཀྱི་ཞུན་མཐར་མ་ཆོད་པ་ཡོད་ན་བླ་མ་ཀུན་མཁྱེན་པའི་དྲུང་དུ་སོང༌། ཁ་ཏ་མང་པོ་སྔར་ནས་བྱས་ཟིན། ཅལ་ཅོལ་མ་སྨྲ་གསུངས་ནས། དྲང་སྲོང་ཙོག་པུའི་བཞུགས་སྟངས་དང་ཆོས་སྐུའི་གཟིགས་སྟངས་ཀྱི་ངང་ལས་འཛུམ་པར་མཛད་དེ། ཚེས་བརྒྱད་ཀྱི་ཐོ་རངས་ཁར་གདོད་མའི་གྲོང་ཁྱེར་དུ་གཤེགས། པུར་སྦྱངས་པས་དབུ་ཐོད་རིལ་པོར་བྱོན་པའི་ནང་ནས་རིགས་ལྔའི་ཚོམ་དཀྱིལ་དང༌། སྙན་གོང་གཡས་ན་རྗེ་བཙུན་མའི་སྐུ་མཐིང་ཀ་ཚོན་གང་བ། གདུང་རིགས་ལྔ་དང་རིང་བསྲེལ་མང་དུ་བྱོན་ནོ། ། དེ་ཉིད་ཀྱི་སློབ་མའི་གཙོ་བོ་ནི་རྒྱལ་དབང་རང་བྱུང་རྡོ་རྗེ་དང༌། ཀུན་མཁྱེན་དྲི་མེད་འོད་ཟེར་གཉིས་ལས། སྔ་མ་ནི། འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དུ་བྱོན་པ་སྟེ། ཆོས་ཀྱི་དབྱིངས་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་རྡོ་རྗེའི་གླུས་བསྐུལ་ནས་སེམས་ཅན་རྣམས་ལ་ཚད་མེད་པའི་ཐུགས་རྗེས་གཟིགས་ཏེ་ཞིང་འདིར་སྲིད་པའི་མྱུ་གུ་བཟུང༌།སྔོན་གནས་རྗེས་སུ་དྲན་པ་ལ་སྒྲིབ་བྱེད་སྐྲའི་རྩེ་མོ་ཙམ་ཡང་མེད་པས་མངལ་གྱི་དྲི་མས་གཏན་ནས་མ་གོས་པ་འཕགས་ཡུལ་ན་ཐུབ་པ་ཆེན་པོ་དང༌། བོད་འདིར་སྐྱེས་བུ་ཆེན་པོ་འདི་ལས་མ་བྱུང་བར་གྲགས། གོང་མ་ཆེན་པོ་སོགས་ཆེ་དགུས་མཆོད་ཅིང་རྒྱ་བོད་གཉིས་ཀར་སངས་རྒྱས་བསྟན་པའི་སྲོག་ཤིང་ཆེན་པོར་བཞུགས། བི་མ་མི་ཏྲ་རང་གི་མཛོད་སྤུར་ཐིམ་པ་གཟིགས་པའི་མོད་ལ་གསང་བ་སྙིང་ཏིག་གི་དགོངས་པ་ཇི་ལྟ་བ་བཞིན་མངོན་དུ་གྱུར་ཏེ། ཉིད་ཀྱི་གསུངས་ལས། ཡི་གེ་རྣམས་ལ་བལྟས་པའི་རྟོག་དཔྱོད་མིན། ། བདག་ནི་བི་མ་ལ་ཡིས་བྱིན་གྱིས་བརླབས། ། ཀརྨའི་ཡང་དགོན་དབེན་པར་འདུག་པའི་ཚེ། ། ནམ་ལངས་དུས་མཐར་ཤར་གྱི་ཕྱོགས་རོལ་ནས། ། ལྟ་བས་མི་ངོམས་འོད་ཀྱིས་མཛེས་པ་ནི། ། མངོན་སུམ་ལྟར་སྣང་བདག་གི་མཛོད་སྤུར་ཐིམ། ། དེ་ནས་འབད་མེད་གནད་འདི་ཐམས་ཅད་གོ །ཞེས་གསུངས་པ་བཞིན་ལ་འོན་ཀྱང་སྔགས་ལ་རང་གར་འཇུག་པའི་ལོག་རྟོག་སེལ་སླད་རིག་འཛིན་ཀུ་མཱ་རཱ་ཛ་ལས་རྫོགས་པར་གསན། འདི་ཨོ་རྒྱན་ཆེན་པོ་ནས་བརྒྱུད་པ་ཞིག་ཡོད་ཐང་བ་ལ་དགོངས་པའི་ཚེ་ཨོ་རྒྱན་སངས་རྒྱས་གཉིས་པས་ཞལ་གཟིགས་ཤིང་མན་ངག་མཁའ་འགྲོ་སྙིང་ཐིག་གི་དོན་བརྒྱུད་ཐོབ། ཚིག་བརྒྱུད་རྣམས་ཤོའི་རྒྱལ་སྲས་ལེགས་པ་ལས་གསན་ཅིང་སྐལ་བ་དང་ལྡན་པའི་སློབ་མའི་ཚོགས་ལ་རྩལ་དུ་བཏོན་ནས་གསུངས། བཀའ་ལས། ཆོས་ཟབ་མོ་འདི་ལྟ་བུ་ནུབ་པར་ཕངས་པས་གཡུང་སྟོན་གྱིས་གཙང་ཡེ་རྒྱལ་བས་ཁམས་ཀོང༌།ཡེ་ཤེས་རྒྱལ་མཚན་པས་ཧོར་དང་རྒྱ་ནག སྤྲུལ་སྐུ་བས་དབུས་སུ་དར་བར་གྱིས་ཞེས་སྨན་ལུང་བ་ཤཱཀྱ་གཞོན་སོགས་ལ་རྗེས་སུ་གདམས་པས། ས་ལ་གནས་པའི་བྱང་སེམས་ཀྱིས། །རྒྱ་མཚོའི་བར་དུ་སྤེལ་བར་བྱེད། ། ཅེས་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ནས་ལུང་བསྟན་པའི་བདེན་དོན་མངོན་དུ་གྱུར། ཀུན་ཏུ་བཟང་པོ་ཐུགས་ཀྱི་ཀློང་ནས་རང་གསལ་བའི་དགོངས་པའི་གཏེར་མཛོད་ཆེན་པོ་ལ་དབང་བསྒྱུར་ནས་ཀརྨ་སྙིང་ཐིག་ཅེས་གྲགས་པའི་གདམས་པའང་བྱུང་སྟེ་ད་ལྟའི་བར་དུ་རྒྱུན་ཆགས་པར་བཞུགས་པ་ཡིན་ནོ། ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་རམ་ཀློང་ཆེན་རབ་འབྱམས་བཟང་པོ་ནི། ཐལ་འགྱུར་ལས། དེ་འོག་བློ་གྲོས་མཆོག་གིས་འཛིན། །ཞེས་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མི་མངའ་བའི་དོན་དང༌། ཚུལ་ཁྲིམས་བློ་གྲོས་ཞེས་མཚན་གྱི་ཚིག་སྒྲས་ཀྱང་གསལ་བར་བསྟན་པ་སྟེ། དམ་པ་འདི་ནི་ངོ་བོ་རྒྱལ་བ་ཀུན་དང་རྣམ་དབྱེར་མ་མཆིས་ཀྱང་གནས་སྐབས་གདུལ་བྱའི་སྣང་ངོར། རིགས་ནི་སད་མི་མི་བདུན་གྱི་ནང་ཚན་པདྨ་གསུང་གི་བཀའ་བབས་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་དབོན་རབས་ཉེར་ལྔ་པ་བདུད་རྩིའི་བཅུད་ལེན་གྲུབ་པས་མི་ཡུལ་ན་ལོ་བརྒྱ་དང་ལྔ་བཞུགས་པ་སློབ་དཔོན་ལྷ་སྲུང་ཞེས་པའི་སྲས་སློབ་དཔོན་བསྟན་སྲུང་དང༌། ཡུམ་ནི་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་སོགས་སྐྱེས་ཆེན་དུ་མ་བྱོན་པའི་བརྒྱུད་པ་འབྲོམ་བཟའ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་ས་སྤྲེལ་དབོ་ཟླའི་ཚེས་བཅུར་གཡོ་རུ་གྲྭའི་ཕུ་སྟོད་གྲོང་ཞེས་པར་སྐུར་འཁྲུངས། སྐུ་འཁྲུངས་མ་ཐག་ནམ་གྲུ་རེ་མ་ཏིས་གཟུགས་དངོས་སུ་བསྟན་ནས་སྲུང་བ་དང༌། གསུང་བྱེ་ཚེ་དད་པ་དང་སྙིང་རྗེ་བློ་གྲོས་ཀྱི་མཐུ་སོགས་སྐྱེས་ཐོབ་ཀྱི་ཡོན་ཏན་མཐའ་ཡས་ཤིང་འཕགས་ཆེན་བྱང་ཆུབ་སེམས་དཔའི་རྣམ་ཐར་སྒྲིབ་མེད་དུ་གསལ། ལོ་ལྔ་ནས་འབྲི་ཀློག་བརྡའ་བསྟན་པ་ཙམ་གྱིས་ཚེགས་མེད་པར་མཁྱེན། བདུན་ནས་བཟུང་ཡབ་ལས། བཀའ་བརྒྱད་བདེར་གཤེགས་འདུས་པ། རྟ་མགྲིན། ཕུར་པ། གུ་རུ་ཞི་དྲག་རྣམས་ཀྱི་དབང་ལུང་མན་ངག་ཕྱག་བཞེས་དང་བཅས་པ་དང་སྨན་རྩིས་ལ་སོགས་པའང་གསན་ཅིང་ཀུན་ཆུབ་པར་མཛད།དགུ་པ་ལ་གྲྭ་ཕྱི་ཚོང་འདུས་སུ་ཉི་ཁྲི་དང་བརྒྱད་སྟོང་པ་བརྒྱ་ཚར་སྒྲོགས་པས་ཚིག་དོན་ཐུགས་སུ་ཆུད། བཅུ་གཉིས་པ་ལ་བསམ་ཡས་སུ་མཁན་པོ་བསམ་འགྲུབ་རིན་ཆེན་དང༌། སློབ་དཔོན་ཀུན་དགའ་འོད་ཟེར་ལས་རབ་ཏུ་བྱུང༌། མཚན་ཚུལ་ཁྲིམས་བློ་གྲོས་སུ་གསོལ།འདུལ་བ་ལ་སྦྱངས་ཤིང༌། བཅུ་བཞི་ལ་བཤད་གསར་མཛད་པས་མཁས་པའི་གྲགས་པ་ཐོན། བཅུ་དགུ་པ་ལ་གསང་ཕུ་ནེའུ་ཐོག་ཏུ་སློབ་དཔོན་བཙན་དགོན་པ་དང༌། ཁྱད་པར་བླ་བྲང་བ་ཆོས་དཔལ་རྒྱལ་མཚན་པ་དང༌། ཆོས་གྲགས་གཉིས་པར་གྲགས་པ་གཞོན་ནུ་རིན་ཆེན་གཉིས་གཙོ་བོར་བསྟེན་ཅིང༌། ཕར་ཚད་ཀྱི་གཞུང་འགྲེལ་མཐའ་དག་གསན་ནས་ཚིག་དོན་རྣམས་ལ་མཁས་པར་སྦྱངས། སློབ་དཔོན་གཞོན་ནུ་རྒྱལ་པོ་ལས་དབུ་མ་རྩ་འཇུག་སོགས་ཀྱི་གཞུང་འགྲེལ་མན་ངག་དཔང་ལོ་བློ་གྲོས་བསྟན་པ་ལས་མངོན་པ་དང་ཏིང་འཛིན་རྒྱལ་པོ་སོགས་ཟབ་མོ་མདོ་ལྔའི་བཤད་པ་དང་སྒྲ་དང་སྙན་ངག་མངོན་བརྗོད་ཟློས་གར་སོགས་ཐ་སྙད་ཀྱི་གཙུག་ལག་རྣམས་ཀྱང་གསན་ཅིང༌། དེ་དག་གི་ཚིག་དོན་མཐའ་དག་ལོ་གསུམ་ལ་ཀུན་ཆུབ་པར་གྱུར་ཏེ། ལུང་རིགས་སྨྲ་བའི་སྡེ་རྣམས་སུ་གྲྭ་སྐོར་མཛད་པས། གཞུང་ཚོགས་ཀྱི་རྒྱ། མཁྱེན་རབ་ཀྱི་རྩལ། རིགས་པའི་རྣམ་འགྱུར་ཀུན་ལ་ཐོགས་པ་མི་མངའ་བས། འགྲན་ཟླ་དང་བྲལ་བར་ཐམས་ཅད་ཀྱིས་བསྔགས་པའི་ཡུལ་དུ་མཐུན་སྣང་གྲུབ་པས། བསམ་ཡས་ལུང་མང་པ་ཞེས་པའི་མཚན་གྱི་རྔ་གསང་ཐ་གྲུར་ཁྱབ། དེ་དག་གི་སྔ་ཕྱི་ཅི་རིགས་པར་དན་ཕག་པ་གཞོན་ནུ་དོན་གྲུབ་ལས། མདོ་སྒྱུ་སེམས་ཕྱོགས་ཀྱི་དབང་ཁྲིད་བཤད་བཀའ་ཐམས་ཅད་དང༌། གསང་འདུས་སྦྱོང་རྒྱུད་ལ་སོགས་པ། སློབ་དཔོན་བཀྲ་ཤིས་རིན་ཆེན་ལས་བདེ་མཆོག་དང་ལམ་འབྲས། སྦྱོར་དྲུག ཞི་བྱེད། རྫོགས་ཆེན་སེམས་ཕྱོགས་ཀྱི་སྐོར་སློབ་དཔོན་རྡོ་རྗེ་གཞོན་ནུ་ལས་སྤྱོད་འཇུག་དང༌། བསླབ་བཏུས། བསྟན་རིམ་ལ་སོགས་པ། མྱོས་མཐིང་མ་བ་སངས་རྒྱས་གྲགས་འོད་ལས། བཀའ་བརྒྱད་བདེ་གཤེགས་འདུས་པ་སོགས་གསང་སྔགས་གཏེར་མ་མང་པོ་དང༌། རྙིང་མ་རྒྱུད་འབུམ་གྱིས་གཙོས་མང་དག་གསན་པས་སྔ་འགྱུར་རྡོ་རྗེ་ཐེག་པའི་གྲུབ་མཐའ་ཆེན་པོར་གཅིག་ཏུ་འཇུག་པའི་རྟེན་འབྲེལ་ཤར། ཕྱིས་སྒྱུ་འཕྲུལ་གསང་སྙིང་ལ་སྙིང་ཏིག་དང་མཐུན་པའི་ཊཱི་ཀ་ཕྱོགས་བཅུའི་མུན་པ་ཐམས་ཅད་རྣམ་པར་སེལ་བ་ཉི་ཟླའི་སྤྲིན་གྱི་སྣང་བ་དང༌། སྤྱིའི་ཁོག་དབུབ་གཉིས་མཛད། གཞན་ཡང་ཆོས་རྗེ་རང་བྱུང་རྡོ་རྗེ། ས་སྐྱའི་བླ་མ་བདག་ཉིད་ཆེན་པོ།སློབ་དཔོན་དབང་ཡེ། བླ་མ་འཇམ་དབྱངས་པ། རིན་པོ་ཆེ་ཁྲོ་ཕུ་པ། ཁང་དམར་པ། བླ་མ་ཚོང་འདུས་པ། ཟ་ལུང་རིན་པོ་ཆེ། ཤུག་གསེབ་རི་པ་སོགས་ཡོངས་འཛིན་ཉི་ཤུ་ལྷག་ཙམ་ལས་གསང་སྔགས་གསར་རྙིང་གི་དབང་བཀའ་རྗེས་གནང༌། མདོ་སྔགས་ཀྱི་གཞུང་ཆེ་ཆུང་མང་པོའི་བཤད་བཀའ་ཟབ་ཁྲིད་གདམས་ངག་རྩིས་སོགས་ཐ་སྙད་ཀྱི་ཕྱག་ཁྲིད་སོགས་ཀྱིས་མཚོན་མདོར་ན་གངས་ཅན་གྱི་ལྗོངས་འདིར་བཞུགས་སོ་ཅོག་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཤེས་བྱའི་ཆོས་ཚུལ་མཐའ་དག་གསན་ཅིང་ཐུགས་སུ་ཆུད་པར་མཛད། གསང་ཕུར་སྡེ་སྣོད་ཀྱི་གསན་པ་མཛད་སྐབས་དེ་རྣམས་སུ་མི་གཡོ་བ། འཇམ་དཔལ་དབྱངས་ཅན་མ། ཕག་མོ་ཤེས་རབ་གསལ་བྱེད་རྣམས་ཀྱི་བསྙེན་སྒྲུབ་མཛད་པས་ཐམས་ཅད་ཀྱིས་ཞལ་གཟིགས་ཤིང༌། ཁྱད་པར་ལྷ་མོ་དབྱངས་ཅན་མས་ཕྱག་མཐིལ་དུ་བཞག་ནས་གླིང་བཞི་རི་རབ་དང་བཅས་པ་ཞག་བདུན་གྱི་བར་དུ་བསྟན་ཅིང་ལུང་བསྟན་ཐོབ་པས་ཐོགས་པ་མེད་པའི་བློ་གྲོས་ཀྱི་མཐུ་ཐོབ། གསང་ཕུར་བཞུགས་སྐབས། ཁམས་པའི་ཆགས་སྡང་གི་རྩོད་པས་ཐུགས་ཕྱུང་སྟེ་དབུར་སྟོད་རྒྱ་མ་ལྕོག་ལའི་བྲག་ཕུག་ཏུ་ཟླ་བ་བརྒྱད་མུན་པའི་རྣལ་འབྱོར་གྱིས་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། དེའི་ཚེ་རྗེ་བཙུན་འཕགས་མ་མཛེས་སྡུག་མཚུངས་པ་མེད་པའི་ཡེ་ཤེས་ཀྱི་སྐུས་རིན་པོ་ཆེའི་ཅོ་པཎ་ཉིད་ཀྱི་དབུ་ལ་བཅིངས་ཏེ། རྟག་ཏུ་བྱིན་གྱིས་རློབ་ཅིང་དངོས་གྲུབ་སྩོལ་བར་དབུགས་དབྱུང་ཐོབ། དགུང་ལོ་ཉེར་བདུན་པ་ལ་ཡི་དམ་ལྷས་ལུང་བསྟན་པ་ལྟར་བླ་མ་རིག་འཛིན་ཆེན་པོ་ཀུ་མཱ་རཱ་ཛའི་སྤྱན་སྔར་ཕེབས། ཡར་སྟོད་སྐྱམ་གྱི་ཕུར་བཞུགས་པ་དང་མཇལ། མདང་ལྷ་ཡི་བྱ་ཡིན་ཟེར་བའི་བྱ་ཡ་མཚན་ཅན་གཅིག་ལ་བྱ་བྲན་མང་པོའི་ཚོགས་ཀྱིས་བསྐོར་བ་བྱུང་ནས་ངའི་དཔེ་ཆ་རྣམས་ཕྱོགས་མཚམས་ཐམས་ཅད་དུ་ཁྱེར་བ་རྨིས་པས་ངའི་ཆོས་ཀྱི་བརྒྱུད་པ་འཛིན་པར་འདུག་གསུངས་དགྱེས་པར་མཛད། སྤྱིར་དབང་དང་གདམས་ངག་མང་དུ་གསན། ཁྱད་པར་གསང་བ་བླ་མེད་གྱི་དབང་དང་གདམས་པ་རྣམས་ཉམས་ཁྲིད་དུ་གསན་ནས་ཟས་གོས་གནས་མལ་སོགས་ཀྱིས་བཀའ་སྤྱད་ལ་མི་ཞུམ་པའི་སྙིང་སྟོབས་ཀྱིས་ཉམས་ལེན་ཆིག་སྒྲིལ་དུ་མཛད་པས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་ཉམས་རྟོགས་མཐར་ཕྱིན། གཞན་ཡང་དེ་དག་གི་རྒྱུད་འགྲེལ་གདམས་ངག་ཕྲན་ཚེགས་དང་བཅས་པ་རྣམས་ཀྱང་རྫོགས་པར་གསན་ཅིང་གདམས་པའི་གཏད་རྒྱ་དང་བཅས་རྒྱལ་ཚབ་ཏུ་དབང་བསྐུར། མཆིམས་ཕུ་ལ་སོགས་པའི་དབེན་གནས་རྣམས་སུ་ལོ་གསུམ་མའི་དམ་བཅས་མཚོན་ལོ་བདུན་དུ་ཟབ་ལམ་གྱི་སྒྲུབ་པ་ལ་ནན་ཏན་དུ་མཛད། སྐབས་འགར་བླ་མའི་དྲུང་དུ་བསྙེན་ནས་ཉམས་རྟོགས་ཀྱི་མཐའ་རྒྱ་ལེགས་པར་བཅད་པ་ལས། གནས་ལུགས་ཟབ་མོའི་ལྟ་བའི་གནད། སྒོམ་པ་ཏིང་ངེ་འཛིན་གྱི་དྲོད་རྟགས། ཤེས་བྱ་རབ་འབྱམས་ལ་ཐོགས་མེད་ཀྱི་མཁྱེན་པ། སྲི་ཞུའི་སྤྱོད་ལམ་བསྟེན་ཚུལ། འཁོར་གསུམ་ཡོངས་དག་གི་འབུལ་བ་ལན་གྲངས་སོགས་སྒོ་དུ་མ་ནས་མཉེས་པ་བསྒྲུབས་པས་ཐུགས་ཀྱི་སྲས་གཅིག་པུར་གྱུར།མཆིམས་ཕུར་སྒྲུབ་པ་མཛད་སྐབས། གུ་རུ་ཞི་དྲག རྡོར་སེམས། དཔལ་ཆེན་གཙོ་འཁོར། རྗེ་བཙུན་སྒྲོལ་མ་སོགས་རྩ་གསུམ་གྱི་ལྷག་པའི་ལྷ་རབ་འབྱམས་ཀྱིས་ཞལ་གཟིགས། མ་མགོན་གཟའ་རྡོར་སོགས་དམ་ཅན་རྣམས་ཀྱིས་ཕྲིན་ལས་སྒྲུབ་པར་དམ་ནོས། ཁྱད་པར་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་དང་ཆོས་ཀྱི་བསྒྲོ་བ་མི་དང་མི་ལབ་པ་བཞིན་དུ་གྱུར། ལྷ་སར་ཇོ་ཤཱཀ་མཆེད་ལ་མཆོད་འབུལ་དང་གསོལ་འདེབས་མཛད་པས། ཇོ་བོའི་མཛོད་སྤུ་ནས་འོད་ཟེར་འཕྲོས་པ་རང་གི་མཛོད་སྤུར་ཐིམ་པའི་རྐྱེན་གྱིས། རྒྱ་གར་བྱ་རྒོད་ཕུང་རི་དང་ལི་ཡུལ་གྱི་བཀོད་པ་དང༌། དེར་པཎྜི་ཏར་འཁྲུངས་པའི་སྔོན་གནས་རྗེས་དྲན་དང༌། དེ་དུས་གསན་བསམ་མཛད་པའི་ཆོས་རྣམས་ཐུགས་ལ་རང་ཤར་དུ་གྱུར་པས་སྔོན་ལས་ཀྱང་མཁྱེན་རབ་རྒྱས་པར་གྱུར། ཡོས་ཀྱི་ལོར་མཆིམས་ཕུ་རི་མོ་ཅན་དུ་སྐལ་ལྡན་འགའ་ལ་སྙིང་ཐིག་གི་དབང་ལུང་ཁྲིད་བཀའ་ཐོག་མར་གསུངས་ཤིང༌། དེ་དང་འབྲེལ་བར་སྔར་སྲོག་སྒྲུབ་མས་གླེགས་བམ་ཕུལ་བའི་བརྡ་དང༌། རྣལ་འབྱོར་པ་འོད་ཟེར་གོ་ཆ་སོགས་ཀྱི་གསོལ་བ་བཏབ་པའི་ངོར། སྐལ་ལྡན་གྱི་རྣལ་འབྱོར་ཕོ་མོ་བརྒྱད་ལ་མཁའ་འགྲོ་སྙིང་ཐིག་གི་ཆོས་བཀའ་ཡང་གསར་དུ་ཕྱེས་པས། དེའི་ཚེ་ཨོ་རྒྱན་ཡབ་ཡུམ་གྱིས་དབང་བསྐུར་ཞིང་གདམས་པ་གཏད། མཚན་ཨོ་རྒྱན་དྲི་མེད་འོད་ཟེར་དང་རྡོ་རྗེ་གཟི་བརྗིད་དུ་གསོལ། ལས་འབྲེལ་རྩལ་གྱི་འོག་ཏུ་ལོངས་སྐུའི་ཞིང་ཉུལ་བར་གསུངས་པ་དེར་ངོས་འཛིན་གནང༌། རྡོ་རྗེ་ཕག་མོའི་ཡེ་ཤེས་དངོས་སུ་ཕབ་པས་གདམས་པའི་གནད་བསྟན། དམ་ཅན་ཆོས་སྐྱོང་རྣམས་ཀྱིས་དངོས་སུ་སྟངས་ཕུལ་ཞིང་གཏོར་མ་ལེན་པ་སོགས་ངོ་མཚར་བའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དེར་འདུས་ཀུན་གྱི་སྤྱོད་ཡུལ་དུ་གྱུར་པ་དང༌། རྣལ་འབྱོར་པ་རྣམས་གཉིད་ལས་འདས་པའི་འོད་གསལ་འཁོར་ཡུག་ཏུ་འབྱམས་པ་སོགས་ཞིབ་པར་མཐོང་སྣང་འོད་ཀྱི་དྲྭ་བ་དང༌། གཏེར་འབྱུང་ལོ་རྒྱུས་ཆེན་མོ་སོགས་ལས་གསལ་བ་ལྟར་དང༌། དེ་ནས་གཡུ་སྒྲོན་མས་བསྐུལ་ནས་གངས་རི་ཐོད་དཀར་ཨོ་རྒྱན་རྫོང་འོད་ཟེར་སྤྲིན་གྱི་སྐྱེད་མོས་ཚལ་དུ་བྱོན།རྣལ་འབྱོར་པ་འོད་ཟེར་གོ་ཆས་གསོལ་བ་བཏབ་པའི་ངོར། ཀུན་ཏུ་བཟང་པོ་དགོངས་པའི་ཀློང་ནས་རང་འཁྲུངས་པའི་ཟབ་མོ་དགོངས་གཏེར་དུ་གྲགས་པ་ཀུན་གྱི་ནང་ནས་མཆོག་དང་རབ་ཏུ་གྱུར་པ་མཁའ་འགྲོ་ཡང་ཏིག་གི་ཆོས་སྐོར་གཏན་ལ་ཕབ། སློབ་དཔོན་བི་མ་ལས་ཞལ་གཟིགས་ནས། ངའི་སྙིང་ཐིག་འདིའི་དོན་བསྡུས་སྙིང་པོའི་བཅུད་ཕྱུང་ནས། ཀུ་མཱའ་རཱ་ཛའི་སྐྱེ་བ་ད་ལྟའི་སློབ་མ་གཞོན་ནུ་སངས་རྒྱས་ལ་སྟོན། དེས་ཀྱང་སྣ་རྩེར་ཨ་ཡིག་གི་མཚན་པའི་གཞོན་ནུའི་མིང་ཅན་བདུན་འབྱུང་བས་འཛིན་སྤེལ་བྱེད་པར་ལུང་བསྟན་ཅིང་རྗེས་སུ་བསྐུལ་བས་ཡང་ཏིག་ཡིད་བཞིན་ནོར་བུ་ཆོས་སྡེ་སུམ་ཅུ་རྩ་ལྔ་པར་གདམས། དེ་ལས་ཀྱང་ཟབ་པའི་གནད་བསྡུས་པ་ཟབ་མོ་ཡང་ཏིག་སོགས་དང༌། རྒྱ་ཆེ་བརྒྱུད་ཀྱི་དགོངས་པ་གསལ་བར་བྱེད་པའི་བསྟན་བཅོས་མཛོད་ཆེན་བདུན། ངལ་གསོ་སྐོར་གསུམ་སོགས་གསུང་རབ་ཀྱི་རྩོམ་པ་ཕལ་ཆེར་ཡང་གནས་འདིར་གནང༌། སྔགས་བདག་གཟའ་དང་དམ་ཅན་སོགས་ཀྱིས་དངོས་སུ་ཤོག་ལས་དང་སྣག་འདུལ་ཚུན་གྱི་ཅི་བགྱིས་ལས་སྒྲུབ། སྐབས་འདི་ནས་ལྷུན་གྲུབ་འོད་གསལ་གྱི་སྣང་བ་ཚད་ལ་ཕེབས་པས་སྣང་སྤྱོད་ཡེ་ཤེས་ཀྱི་རོལ་པར་ཤར་ཏེ་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོ་དང་མཉམ་པ་ཉིད་དུ་ལོངས་སྤྱོད། ལྷ་རེང་བྲག་ཏུ་ཞི་ཁྲོའི་སྐོང་ཆོག་མཛད་པས་ཞི་ཁྲོའི་ལྷ་ཚོགས་ནམ་མཁར་བཞུགས་པ་དེར་འཚོགས་ཀུན་གྱིས་མཐོང༌།རྒྱ་མའི་གནས་སུ་སྤྱན་དྲངས་དགེ་བའི་བཤེས་གཉེན་མང་དུ་འདུས་པ་ལ་སྙིང་ཐིག་གི་དབང་ཁྲིད་གསུངས། ཁེངས་པའི་བློ་ཅན་མང་པོས་བརྒལ་བརྟག་ཞུས་པ་རྣམས་ལུང་རིགས་ཟབ་མོས་སྤཽབས་པ་བཅོམ་སྟེ་དད་པའི་གནས་ལ་བཀོད། སྒོམ་པ་ཀུན་རིན་གྱིས་འབྲི་གུང་དུ་སྤྱན་དྲངས། གྲོགས་ཨོ་རྒྱན་གྱི་དགོན་པ་ཕུལ་དད་པས་བསྙེན་ཅིང་གདམས་པ་དུ་མས་ཐར་པའི་ལམ་བསྟན། བི་མས་ལུང་བསྟན་པ་བཞིན་ཞྭ་ཡི་ལྷ་ཁང་ཞིག་གསོ་མཛད་དུས། དབུ་རྩེའི་ཐད་ནས་གསེར་འགུ་ཙེ་གང་བཏོན་ནས་གཙུག་ལག་ཁང་གི་ཆ་རྐྱེན་དང་རྟེན་གྱི་ན་བཟར་གསོལ། གཏེར་མང་དུ་འདུག་པ་ལས་སྒྲུབ་ཐབས་ཟབ་པ་འགའ་ཞིག་བཞེས། དམ་ཅན་བྱིས་པར་བརྫུས་ནས་བཟོ་བོ་རྣམས་ཀྱི་གྲོགས་བྱས། རྡོ་རིང་ཆེན་མོ་གཉིས་འགྱེལ་བ་ཐབས་གང་གིས་ཀྱང་སློང་མ་ནུས་པར་ཆོས་རྗེ་ཉིད་ཀྱིས་བདེན་སྟོབས་བརྗོད་ནས་སྐུ་ཆོས་ཀྱི་གཡབ་མོ་མཛད་པས་མོད་ལ་སློང༌། ས་རྡོ་བསལ་དུས་འཐོན་པའི་མནན་པ་རྣམས་སླར་གནོན་པར་བརྩམས་པ་ན་ཐུག་ཆོམ་གྱི་སྒྲ་དང་ས་རྡོའི་ཆར་ཕབ། འཐོར་རླུང་དྲག་པོ་དང་བཅས་ཏེ་མནན་ཐོད་རྣམས་ཕན་ཚུན་རྡེབ་ཅིང་མཁར་འཕག་སྟེ་ཡར་གྲབ་ཀྱི་ཆོ་འཕྲུལ་མི་བཟད་པས་འཁོར་རྣམས་ཅི་བྱ་རྟོལ་བྲལ་དུ་གྱུར་ཚེ་དྲག་ཤུལ་གྱི་ཏིང་ངེ་འཛིན་དང་ལྟ་སྟངས་ཀྱིས་བཀུག་ནས་ཞབས་འོག་ཏུ་བཙུད་པས་ཆོ་འཕྲུལ་རྣམས་མོད་ལ་ཞི། མནན་པ་རྣམས་ཕྲ་མེན་མཆོད་རྟེན་གྱི་འོག་ཏུ་མནན། རབ་གནས་ཀྱི་སྐབས་སུ་སྐུ་ཡི་བཀོད་པ་དུ་མ་བསྟན། སངས་རྒྱས་དང་བྱང་སེམས་ནམ་མཁའ་གང་བས་ཤིས་བརྗོད་ཀྱི་མེ་ཏོག་འཐོར་བ་དང༌། ཁྱད་པར་མགོན་པོ་བྱམས་པས་ཕྱག་མཛུབ་གདེངས་ནས། ཁྱོད་སྐྱེ་བ་གཉིས་འདས་པའི་འོག་ཏུ་པདྨ་བརྩེགས་པའི་ཞིང་དུ་རྒྱལ་བ་རི་རབ་མར་མེའི་རྒྱལ་མཚན་ཞེས་བྱ་བར་འགྱུར་རོ། ། ཞེས་ལུང་བསྟན་པ་གཟིགས། ཚེས་བཅུའི་མཆོད་པ་མཛད་ཚེ་གུ་རུ་མཁའ་འགྲོའི་འཁོར་དང་བཅས་པ་དངོས་སུ་བྱོན་ནས་བྱིན་གྱིས་བརླབས། ཏི་སྒྲོའི་མཁའ་འགྲོ་མ་རྣམས་ཀྱིས་བུམ་ཐང་དུ་འབྱོན་པར་ལུང་བསྟན། གནས་དེར་ཞི་ཁྲོའི་བསྐང་བཤགས་ཡུན་རིང་མཛད། མི་མི་ཐར་བའི་བྲག་གཡང་གཟར་པོ་ལ་རྒྱལ་མཚན་དང་བ་དན་བཙུགས། དེ་དག་ཏུ་འགྲོ་བ་མང་པོ་རྗེས་སུ་བཟུང་ནས་ཐར་པའི་ལམ་དུ་རིགས་སད་པར་མཛད། ཕྱིར་ལམ་ལྷ་སར་བྱོན་དུས་ཡར་ཀླུངས་པས་ཐོ་འཚམ་པར་བརྩམས་པ་ན་མི་སྣང་བའི་རྫུ་འཕྲུལ་གྱིས་ངན་པ་དེ་དག་དམུས་ལོང་དུ་གྱུར། ཇོ་བོ་ལ་མཆོད་ཅིང་གསོལ་བ་བཏབ་པའི་ཚེ་སྐུ་ལས་འོད་ཟེར་འཕྲོས་པའི་སྟེང་གི་ནམ་མཁར་སངས་རྒྱས་བྱང་སེམས་གྲངས་མེད་པ་བཞུགས་པས་བྱིན་གྱིས་བརླབས་པ་དང༌། དམ་ཅན་མང་པོ་བྲན་བཞིན་དུ་དམ་ནོད། ཤུག་གསེབ་དུ་ཕེབས་དུས་ས་ཕག་གི་འཁྲུགས་པས་བོད་མི་བདེ་བའི་མཚན་མ་གཟིགས་ནས་ལྷོ་མོན་དུ་ཐེགས་པར་ཕྱོགས། མཁའ་རི་སོགས་གཞི་བདག་རྣམས་ཀྱིས་ཕོ་མ་ནས་བསུས། ལ་ཡག་མན་ཐང་གནས་སུ་མཁན་ཆེན་པས་དབུས་སྐལ་ལྡན་དུ་མས་གུས་པར་མཆོད་ཅིང་ཟབ་ལམ་གྱི་གདམས་པས་སྨིན་པར་མཛད། བུམ་ཐང་དང་རྔ་ལོང་སོགས་མཐའ་འཁོབ་མུན་པའི་གླིང་དུ་ཆོས་ཀྱི་སྒྲོན་མེ་སྦར།ཐར་འདོད་འབུམ་ཕྲག་ཙམ་འཚོགས་པ་ལ་ཐར་པའི་གླིང་དུ་མིང་བཏགས་ནས་རེ་ཞིག་བཞུགས། སླར་ལྷོ་བྲག་གི་ཆེ་དགུས་སྤྱན་དྲངས། ལ་ཡག་ལྷ་ལུང་དང་མན་ཐང་གནས་སུ་དགེ་འདུན་གཙོ་བོར་གྱུར་པའི་འདུས་པ་སྟོང་ཕྲག་ལོངས་པ་ལ་གསང་བ་སྙིང་ཐིག་གི་གདམས་ཁྲིད་སྤྱི་དང༌། ཁྱད་པར་མཁན་ཆེན་པ་ལ་གདམས་པའི་བཀའ་སྲོལ་རྫོགས་པར་གནང་ནས་བསྟན་པ་གཉེར་དུ་གཏད། ཡར་འབྲོག་ཏུ་ཁྲི་དཔོན་རྡོ་རྗེ་རྒྱལ་མཚན་པས་དད་པས་མཆོད་ཅིང་ཆོས་འཁོར་རྒྱ་ཆེར་བསྐོར། མཁྱེན་རྟོགས་དང་ཕྲིན་ལས་ཀྱིས་ཕག་གྲུ་ཏཱ་སི་བྱང་ཆུབ་རྒྱལ་མཚན་ཡང་ཆེས་དད་པར་གྱུར་ནས་བོད་ཤིང་སྒོ་ཅན་གྱི་བདག་པོ་སེངྒེ་རྐང་པ་བརྒྱད་པའི་སྤྱི་བོར་ཞབས་སེན་ལེགས་པར་བཀོད་ནས། ཉིས་སྟོང་དུ་ལོངས་པའི་འདུས་པ་ལ་ཡང་གསང་བླ་ན་མེད་ཀྱི་ཆོས་འཁོར་བསྐོར། ས་སྐྱའི་བླ་མ་དམ་པ་དང༌། གསང་ཕུའི་གྲགས་བཟང་གིས་ལྟ་གྲུབ་ཀྱི་གནད་ལ་ཐེ་ཚོམ་གཅོད་པའི་དྲི་ཡིག་ཕུལ་བ་ཆོས་དང་མཐུན་པའི་ལན་གྱིས་གུས་ཤིང་རངས་པར་མཛད། སྐྱི་ཤོད་གསང་མདར་གླིང་སྟོད་སློབ་དཔོན་ཡོན་རྒྱམ་པ་སོགས་འདུས་པའི་བསྙེན་བཀུར་དང༌། ཆོས་ཀྱི་དྲི་བ་མང་དུ་བྱས་པ་ལུང་རིགས་དང་འབྲེལ་བའི་ལན་གྱིས་ཁེངས་པ་བསྙིལ། གསེར་སྲང་བཅུ་སོགས་ཆོས་དང་ཟང་ཟིང་གི་སྦྱིན་པས་ཚིམ་པར་མཛད། ལྷ་སར་བྱོན་དགེ་འདུན་མང་པོའི་སེར་ཕྲེང་གིས་བསུས། ལྷ་ར་གཉིས་ཀྱི་བར་དུ་ཆོས་ཀྱི་ཁྲི་བརྩེགས་པའི་སྟེང་ནས་སེམས་བསྐྱེད་སོགས་ཆོས་འཁོར་རྒྱ་ཆེར་བསྐོར།ཁེངས་པའི་བློ་ཅན་མང་པོ་ལུང་རིགས་ཀྱིས་བཏུལ་ནས་དད་པའི་གནས་ལ་བཀོད་པས་ཀུན་མཁྱེན་ཆོས་རྗེ་ཞེས་པའི་མཚན་གྱི་རྣ་ལུང་དཔྱངས། གནས་རྟེན་རྣམས་མཆོད་ཅིང་བཤད་སྒྲུབ་གྱི་སྡེ་མང་པོར་ཚོགས་གསོག་རྒྱ་ཆེར་སྤེལ་ནས་བསྟན་འགྲོའི་ཕན་བདེ་རྒྱས་པའི་རྒྱུར་བསྔོས། སྙེ་ཕུ་ཤུག་གསེབ་ཏུ་ཕེབས་སྐལ་ལྡན་འདུས་པ་སྟོང་ཕྲག་བརྒལ་བ་ཟབ་ལམ་རྫོགས་པ་ཆེན་པོར་སྨིན་པར་མཛད་ནས་དབུར་སྟོད་དུ་སྤྱན་དྲངས། མཁར་བ་རིར་སི་ཏུ་ཤཱཀྱ་བཟང་པོས་མཆོད། དབང་དང་གདམས་པ་དུ་མས་བྱིན་གྱིས་བརླབས། དབྱར་བཞུགས་ཀྱི་ཕོག་ཕུལ་ནས་གྲོག་ཨོ་རྒྱན་གྱི་དགོན་པའི་ཕུའི་རྫ་འདབས་ནས་མདའི་བྲག་རྩ་ཡན་གང་བའི་ཆོས་ཉན་འབྲི་གུང་པའི་མཁན་སློབ་སོགས་ཆོས་འཆད་ཀྱི་སློབ་དཔོན་བཞི་བཅུ་ཙམ་དང་མི་ཆེན་སྐྱ་བཙུན་མང་པོས་མཚོན་འདུས་པ་སུམ་སྟོང་དུ་ལོངས་པ་ལ་འོད་གསལ་རྡོ་རྗེ་སྙིང་པོའི་དབང་ཁྲིད་རྒྱབ་ཆོས་བཅས་གསུངས་ཤིང་ཡོ་བྱད་དུ་མའི་འགྱེད་ཆེན་གྱིས་ཀྱང་ཚིམ་པར་མཛད། སླར་ཡང་གཞན་དོན་ནུས་པ་བརྒྱ་ཕྲག་བརྒལ་བ་ལ་དབང་གོང་མ་སོགས་ཐུན་མོང་མིན་པའི་གདམས་པ་དང་རྒྱུད་འགྲེལ་མན་ངག་རྣམས་མཐའ་རྒྱས་སུ་སྩལ། ཆོས་འཐོན་པའི་ཚོགས་འཁོར་གྱི་ཚེ། རང་རེ་དཔོན་སློབ་ཆོས་འཁོར་བསྐོར་ནས་ཚོགས་མཆོད་བྱེད་པ་ད་རེས་ཙམ་དུ་གདའ། ཁྱེད་རྣམས་ཀྱིས་ཚེ་འདི་བློས་ཐོངས་ལ་ཟབ་མོའི་ལམ་གྱིས་གཏན་བདེའི་སྙིང་པོ་ལོངས་པར་གྱིས་ཤིག་ཅེས་ཞལ་བཀོད་ཀྱང་ནན་ཏན་དུ་མཛད། ཞྭ་ལྷ་ཁང་དུ་མཆོད་ཅིང་སྨོན་ལམ་མཛད། དེར་ཁྲོམ་ཆོས་གསུང་དུས་མེ་ཏོག་གི་ཆར་ངོ་མཚར་བ་བབས།བསམ་ཡས་དུང་གཏོང་དྲུག་གི་སྤྱན་འདྲེན་ལ་བརྟེན་རྒྱ་མར་དད་ཅན་དུ་མས་མཆོད་ཅིང་གདམས་པའང་ཅི་རིགས་བསྩལ་ནས་མཆིམས་ཕུ་དཔལ་གྱི་ནགས་ཁྲོད་དུ་ཕེབས། དེར་ཆོས་ཉན་པ་མང་དུ་འདུས་པ་ལ་གསང་བ་བླ་མེད་ཀྱི་ཁྲིད་ཚུགས། ཚོགས་པ་ཆེས་བས་སྤྲོས་མེད་ཀྱི་དབང་ཞག་དུ་མར་སྦྲེལ་བ་ཚེས་བཅུ་དྲུག་གི་བར་གསུངས་ནས་རེ་ཞིག་སྐུ་དངོས་ཀྱི་གདུལ་བྱ་དེ་ཙམ་དུ་དགོངས་ནས། ད་ནི་མི་སྡོད་པདྨ་ལས་འབྲེལ་རྩལ། ། འཆི་མེད་བདེ་ཆེན་བཙན་ས་འཛིན་དུ་འགྲོ། ། གཡུལ་ལས་རྣམ་པར་རྒྱལ་བའི་ལྷ་དབང་དང༌། ། རྒྱ་མཚོར་དོན་ཡོངས་གྲུབ་པའི་ཚོང་པ་དང༌། ། བསམ་གཏན་གྲུབ་པའི་དགའ་བས་ཆེ་ལྷག་གོ །ཞེས་སོགས་ཀྱི་ཞལ་ཆེམས་གསུངས་པ་བཞིན་དགུང་ལོ་ལྔ་བཅུ་རྩ་དྲུག་བཞེས་པ་ཆུ་མོ་ཡོས་ཀྱི་ལོ་རྒྱལ་ཟླའི་ཚེས་བཅོ་བརྒྱད་ཀྱི་གྲོ་ཁར་ཆོས་སྐུའི་བཞུགས་སྟངས་ཀྱིས་གདོད་མའི་ཟད་སར་གཤེགས་སོ། ། དེ་ནས་བཟུང་སྐུ་གདུང་ཞག་ཉེར་ལྔའི་བར་བཞུགས་རིང་ལ་རྡུལ་བྲལ་གྱི་ནམ་མཁར་འཇའ་ཚོན་གྱི་གུར་དང་མེ་ཏོག་གི་ཆར་སོགས། ངོ་མཚར་བའི་ལྟས་རྒྱུན་ཆགས་པར་གནས་པ་དང༌། རྒྱལ་དང་ཆོ་འཕྲུལ་གཉིས་ཀར་ས་དྲོས། འཁྱགས་ཞུ། སེ་བའི་མེ་ཏོག་རྒྱས། གདུང་བཞུ་བའི་ཚེའང་ས་ལན་གསུམ་དུ་གཡོས་ཤིང་སྒྲ་ཆེན་པོ་བདུན་གྲགས། ཐུགས་ལྗགས་སྤྱན་གསུམ་མེས་མ་རྨས་པ་དང་རིགས་ལྔའི་གདུང་དང་རིང་བསྲེལ་གྲངས་མེད་པ་བྱོན། ནང་རྟེན་སྐུ་འབག་དང༌། ཕྱི་རྟེན་བྱང་ཆེན་མཆོད་རྟེན་ཡང་གནས་དེར་བསྒྲུབས་སོ། ། སློབ་མ་ཡང་དུས་མཉམ་གྱི་སྐྱེས་ཆེན་ཕལ་མོ་ཆེས་གསང་བ་སྙིང་ཐིག་གི་ཆོས་འདི་དང་འབྲེལ་བའི་མན་ངག་ཅི་རིགས་པ་མ་གསན་པ་མེད་པ་ལྟ་བུ་དང༌། དབང་ལུང་རྫོགས་པར་ཐོབ་པ་ནི་སྟོང་ཕྲག་མང་པོ་དང༌། དབང་ཁྲིད་ཙམ་ཐོབ་པ་ནི་བགྲང་བའི་ཡུལ་ལས་འདས་ཤིང༌། ཉམས་མྱོང་དྲོད་ཚད་ཐོབ་པའང་ཤིན་ཏུ་མང་བས་ལྗོངས་འདིའི་རི་སུལ་ཐམས་ཅད་རྫོགས་པ་ཆེན་པོའི་རྣལ་འབྱོར་གྱིས་ཁྱབ་པར་མཛད་དོ། །དེ་ལས་གཙོ་བོར་གྱུར་པ་ནི། མཁས་གྲུབ་ཁྱབ་བརྡལ་ལྷུན་གྲུབ། ཞོག་ཐར་གླིང་པ་མཁས་གྲུབ་བདེ་ལེགས་རྒྱ་མཚོ། མཁས་གྲུབ་ཆོས་ཀྱི་གྲགས་པ་སྟེ་གྲགས་པ་ཐོན་པའི་མཁས་གྲུབ་གསུམ། འདན་སྒོམ་ཆོས་གྲགས་བཟང་པོ་རྒྱལ་སྲས་བཟོད་པ་གྲགས། བླ་མ་དཔལ་མཆོག ཤུག་གསེབ་པ་ཡེ་ཤེས་རབ་འབྱམས། གཞོན་ནུ་སངས་རྒྱས་ཏེ་ཐུགས་སྲས་ལྔ། ལྷུན་བདེ་རབ་འབྱམས་པ་སྤྲུལ་སྐུ་དཔལ་འབྱོར་རྒྱ་མཚོ། སློབ་དཔོན་སངས་རྒྱས་ཀུན་དགའ། སློབ་དཔོན་བློ་གྲོས་བཟང་པོ། སྟག་མགོ་བྱ་བྲལ་ཆོས་རྗེ་བཀྲ་ཤིས་འབྱུང་གནས་ཏེ་བསྟན་པ་སྤེལ་བའི་བཤེས་གཉེན་བཞི། ཕ་རྒོད་རྟོགས་ལྡན་རྒྱལ་པོ། རྣལ་འབྱོར་པ་འོད་ཟེར་གོ་ཆ། རིག་འཛིན་གུ་རུ་བ་འོད་གསལ་རང་གྲོལ། བྱ་བཏང་བསོད་ནམས་འོད་ཟེར་ཏེ་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་བཞི་རྣམས་དང༌། གཞན་ཡང་འཁྲུལ་ཞིག་སངས་རྒྱས་དབོན་པོ། གྲོགས་ཨོ་རྒྱན་ཆོས་རྗེ། གླུ་མཁན་བསོད་ནམས་སེང་གེ། གྲགས་པ་དཔལ། སངས་རྒྱས་དཔལ་རིན་སོགས་ཕྲིན་ལས་ཀྱི་རྒྱུན་རྒྱ་ཆེར་སྤེལ་བར་མཛད་པ་མང༌། ཕྱིས་ཀྱང་འབྲི་གུང་ཟུར་པ་རིན་ཆེན་ཕུན་ཚོགས། སྨིན་གླིང་གཏེར་ཆེན་རིག་འཛིན་འགྱུར་མེད་རྡོ་རྗེ། གཡོ་རུ་རྫོགས་ཆེན་པ་མཁྱེན་བརྩེའི་འོད་ཟེར། ཁོ་བོའི་བླ་མ་རྡོ་རྗེ་གཟི་བརྗིད་སོགས་ལ་ཡེ་ཤེས་ཀྱི་སྐུ་དངོས་སུ་བསྟན་ཅིང་ཉེ་བརྒྱུད་གདམས་པས་རྗེས་སུ་བཟུང་བས་དོན་གྱི་རྒྱལ་ཚབ་ཆེན་པོར་གྲུབ་པ་ཡིན་ནོ། ། དེ་ལས་མཁས་གྲུབ་ཁྱབ་བརྡལ་ལྷུན་གྲུབ་ནི། ལྷོ་བྲག་ཏུ་ཡབ་དཔལ་འདྲེན་དང༌། ཡུམ་བསམ་འགྲུབ་སྐྱིད་ཀྱི་སྲས་སུ་འཁྲུངས། ཆུང་ངུ་ནས་དམ་པའི་རིགས་སད་ཅིང་ལོ་ལྔ་ནས་འབྲི་ཀློག་མཁྱེན། ལྷ་ལུང་སྟན་གཅིག་ལྡེར་རབ་ཏུ་བྱུང་ཞིང༌། ཆོས་ལུང་མཁན་ཆེན་བསོད་ནམས་གྲགས་པ་ལས་བསྙེན་པར་རྫོགས། རྒྱལ་སྲས་ཐོགས་མེད། འཇམ་དབྱངས་ལེགས་ལྡན་པ་སོགས་ཡོངས་འཛིན་མཁས་གྲུབ་དུ་མ་ལས་མདོ་སྔགས་གསར་རྙིང་རིག་གནས་དང་བཅས་ཀུན་གསན་ཅིང་ཆུབ་པར་མཛད་ནས་ལུང་རིགས་སྨྲ་བའི་སྡེ་རྣམས་སུ་གྲྭ་སྐོར་མཛད་པས་མཁས་པའི་གྲགས་པ་ཐོན། ལྷ་ལུང་ཇོ་གདན་པའི་མཁན་པོ་མཛད་ཅིང་བསྡུ་བ་བཞིས་བསྟན་འགྲོའི་དོན་རླབས་པོ་ཆེ་སྒྲུབ། ཀུན་མཁྱེན་ཆེན་པོ་ལྷོ་མོན་དུ་ཕེབས་དུས་མན་ཐང་གནས་སུ་སྤྱན་དྲངས་ཤིང་མཉེས་པ་གསུམ་གྱིས་བསྙེན་ནས་གསང་བ་བླ་མེད་ཀྱི་དབང་ཁྲིད་སོགས་གདམས་པ་མང་དུ་གསན་ནས་ལྷ་ལུང་ཟེ་མཁར་དུ་ལོ་ལྔར་ཉམས་ལེན་སྙིང་པོར་མཛད་པས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་རྟོགས་པ་མཐར་ཕྱིན། ཡི་དམ་གྱི་ལྷ་དུ་མའི་ཞལ་གཟིགས། དམ་ཅན་ཆོས་སྐྱོང་རྣམས་ཀྱིས་དངོས་སུ་བཀའ་ནོད་ཅིང་ཕྲིན་ལས་སྒྲུབ་པ་བྱུང༌། དུས་གསུམ་སྒྲིབ་མེད་དུ་གཟིགས་པས་ལྐོག་གྱུར་གྱི་ཆོས་རྣམས་ལུང་དུ་སྟོན་པ་སོགས་ཀྱིས་འགྲོ་བ་མཐའ་དག་དད་པར་མཛད། ཕྱིས་ཀུན་མཁྱེན་ཆེན་པོ་མོན་ནས་སྤྱན་འདྲེན་པའི་གཙོ་བོའང་མཛད་ནས་ལྷོ་བྲག་ཏུ་གུས་པས་མཆོད་ཅིང་ཆོས་འཁོར་རྒྱ་ཆེར་བསྐོར་བར་བསྐུལ། ཁྱད་པར་མཁའ་འགྲོ་སྙིང་ཏིག་གསན་ཅིང་སྔར་གསན་པ་རྣམས་ཀྱང་ཞུ་ཏིག་མཛད། ཆོས་རྗེ་ཤིན་ཏུ་མཉེས་པས་གདམས་པའི་གཏད་རྒྱ་བཅས་རྒྱལ་ཚབ་ཏུ་དབང་བསྐུར་བ་བཞིན་གསང་ཆེན་རྫོགས་པ་ཆེན་པོ་ཆོས་རྗེའི་བཀའ་སྲོལ་ཉིད་བཤད་སྒྲུབ་ཀྱི་སྙིང་པོར་མཛད་པས། སྤྲུལ་སྐུ་གྲགས་འོད། གཏེར་ཆེན་རྡོར་གླིང་སོགས་ཟླ་བྲལ་སྐྱེས་མཆོག་དུ་མས་མཚོན་སློབ་ཚོགས་མཐའ་ཡས་པ་སྨིན་གྲོལ་མཛད་ནས་དགུང་གྲངས་གོ་བདུན་པ་ལ་གཟུགས་སྐུ་བསྡུས་ཤིང་གདུང་སྦྱང་བའི་ཚེའང་གདུང་དང་རིང་བསྲེལ་མང་དུ་བྱོན་པ་སོགས་ངོ་མཚར་བའི་ཆོ་འཕྲུལ་ཆེན་པོས་འགྲོ་བ་མཐའ་དག་དད་པར་མཛད་དོ། ། རྒྱལ་སྲས་སྤྲུལ་སྐུ་གྲགས་པ་འོད་ཟེར་ནི། མཁའ་འགྲོ་སྙིང་ཏིག་གི་ཞུ་ལེན་གསེར་ཕྲེང་ལས་ལུང་བསྟན་པ་ལྟར། ཀུན་མཁྱེན་ཆེན་པོ་ཉིད་ལྷུན་གྲུབ་འོད་གསལ་ཚད་ཕེབས་ཀྱི་སྣང་བ་ལོངས་སྐུའི་ཞིང་ཉུལ་བ་ལས་འགྲོ་བ་འདུལ་པའི་སྤྲུལ་སྐུ་སྲས་ཀྱི་ཚུལ་དུ་ཤར་བ་སྟེ། ཡུམ་མོན་མོ་སྐྱིད་པ་ཡགས་ཀྱི་སྲས་སུ་མེ་ཕོ་སྤྲེའུ་ལོ་ལ་འཁྲུངས། ཆུང་ངུ་ནས་དམ་པའི་བག་ཆགས་སད་ཅིང་ཡུམ་ལ་གྲོས་འདེབས་ཀྱི་མགུར་དང་འདུས་པ་རྣམས་ལ་བརྡས་ཆོས་སྟོན་པར་མཛད། སྔགས་སྲུང་མ་དང་དྲང་སྲོང་ཆེན་པོས་སྲི་ཞུ་སྒྲུབ་པ་ཀུན་གྱི་མཐོང་སྣང་དུ་གྲུབ། ཆོས་རྗེས་ལུང་བསྟན་པ་བཞིན་དགུང་གྲངས་ལྔ་པར་མཁས་གྲུབ་ཁྱབ་བརྡལ་ལྷུན་གྲུབ་ཀྱིས་ལྷ་ལུང་ཟེར་ཁར་དུ་གདན་དྲངས་ནས་ཆོས་དང་ཟང་ཟིང་གི་སྲི་ཞུས་བསྐྱངས། དགུང་ལོ་བརྒྱད་པར་མཁན་ཆེན་དེ་ཉིད་ལས་རབ་ཏུ་བྱུང་ཞིང་གསར་རྙིང་གི་ཆོས་བཀའ་མཐའ་ཡས་པ་དང༌། ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོའི་དབང་ཁྲིད་མན་ངག་སོགས་ཆོས་རྗེའི་བཀའ་སྲོལ་མཐའ་དག་གསན་ཅིང་ཆུབ་པར་མཛད། དགུང་གྲངས་དགུ་པར་ཆོས་རྗེའི་བུ་སློབ་ཡོན་བདག་རྣམས་ཀྱིས་དབུས་སུ་སྤྱན་དྲངས་ཤིང་གུས་པས་མཆོད། གཡག་སྡེ་པཎ་ཆེན་གྱིས་ཀྱང་གུས་པས་ཞབས་ལ་བཏུད་ཅིང་སྐྱེས་ཐོབ་ཀྱི་བློ་གྲོས་རྨད་དུ་བྱུང་བར་ཆེད་དུ་བརྗོད་པས་ཀྱང་བསྔགས། དེ་དག་ཏུ་མཆོག་ཕལ་གྱི་འགྲོ་བ་མཐའ་དག་ལ་སྐལ་བ་དང་འཚམས་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ནས་ལྷོ་རྒྱུད་དུ་ཕེབས། ཡར་འབྲོག་ཁྲི་དཔོན་རྡོར་རྒྱལ་བ་སོགས་འགྲོ་བ་མང་པོ་སྨིན་གྲོལ་ལ་བཀོད་ནས་ལྷ་ལུང་སོགས་བརྒྱུད་རིམ་བཞིན་མོན་དུ་བྱོན། གླང་མ་མཐིལ་གྱི་སྒྲུབ་སྡེ་བཏབ། བུམ་ཐང་རྡ་ལོང་མན་ལོག་སོགས་མཐའ་འཁོབ་ཀྱི་ཞིང་རྣམས་སུ་འོད་གསལ་རྡོ་རྗེ་སྙིང་པོའི་སྒྲོན་མེ་སྦར་བས་སྐལ་ལྡན་མཐའ་ཡས་པའི་དོན་མཛད་ནས། སླར་ཡང་བོད་ཀྱི་གདན་ས་རྣམས་ཀྱི་ཕྲིན་ལས་ཆེར་བསྐྱངས། ཁྱད་པར་ཐེག་མཆོག་རྫོགས་པ་ཆེན་པོའི་བཀའ་སྲོལ་རྣམས་དར་རྒྱས་སུ་མཛད་པས། རང་སྲས་སྐུ་མཆེད། འཁྲུལ་ཞིག་སངས་རྒྱས་དབོན་པོ་སོགས་རྒྱུད་པ་ཟིན་ངེས་ཀྱི་བུ་ཆེན་མཁས་གྲུབ་མང་པོ་དང༌། ཀུན་མཁྱེན་ཆེན་པོའི་དངོས་སློབ་རྣམས་ཀྱིས་ཀྱང་ཆོས་ཀྱི་བདུད་རྩི་ཅི་ཐོབ་ཏུ་ནོད་པས་མཚོན་བརྒྱུད་འཛིན་གྱིས་ཕྱོགས་ཀུན་ཏུ་ཁྱབ་པར་མཛད་ནས་དགུང་གྲངས་ང་བཞི་པ་ལ་སྐལ་ལྡན་བྱམས་པ་ལྡིང་དུ་ཞི་བར་གཤེགས། གདུང་སྦྱངས་པས་ལྷ་སྐུ་དང་རིང་བསྲེལ་མང་དུ་འཕེལ། འཇའ་ཚོན་གྱི་གུར་ཁྱིམ་སོགས་ངོ་མཚར་བའི་ལྟས་ཀྱིས་ཀྱང་རྗེས་འཇུག་རྣམས་དད་པའི་གནས་ལ་བཀོད་དོ། ། འཁྲུལ་ཞིག་སངས་རྒྱས་དབོན་པོ་ཤེས་རབ་རྒྱ་མཚོ་ནི། བསམ་ཡས་སེམས་བསྐྱེད་གླིང་གི་འདབས་སུ་འཁྲུངས། ཆུང་ངུ་ནས་རིགས་སད་ཅིང་བཅོས་མིན་གྱི་ངེས་འབྱུང་ཐུགས་ལ་འཁྲུངས། དགུང་ལོ་བདུན་པར་རབ་ཏུ་བྱུང་ནས་བསམ་ཡས་ཚོགས་སྡེར་བཞུགས། བར་སྐབས་མཛེ་གྲིབ་ཀྱིས་ཐུགས་རབ་མ་གསལ་བར་འཇམ་དཀར་གྱི་བསྙེན་སྒྲུབ་མཛད་པས་བྱིན་གྱིས་བརླབས་པའི་རྟགས་མཚན་དང་བཅས་ཤེས་རབ་ཀྱི་རྩལ་བྱེ་སྔ་ཕྱི་ཅི་རིགས་པར། ཆོས་རྗེ་རང་བྱུང་རྡོ་རྗེ། བླ་ཆེན་བསོད་རྒྱལ། རྒྱལ་སྲས་ཐོགས་མེད། བོ་དོང་ཕྱོགས་རྒྱལ། མཁས་པ་བུ་སྟོན། ཆོས་ལུང་མཁན་རབས་བཞི་སོགས་བཤེས་གཉེན་ལྔ་བཅུ་ལྷག་ཙམ་བསྟེན་ནས་མདོ་སྔགས་གསར་རྙིང་གི་དབང་ཁྲིད་བཤད་བཀའ་མཐའ་ཡས་པ་གསན་ཅིང་མཁྱེན་པར་མཛད་པས་མཁས་པའི་གྲགས་པ་ཐོན། གཞུང་གི་རི་བོར་ཀུན་མཁྱེན་ཆོས་རྗེ་མཇལ་བས་རྫོགས་ཆེན་གསང་སྐོར་སོགས་བཀའ་གཏེར་གྱི་དབང་ཁྲིད་མང་པོ་དང་བླང་དོར་གྱི་ཞལ་བསྒོས་རྟེན་གསུམ་གྱི་གནང་སྦྱིན་སོགས་རྒྱ་ཆེར་སྩལ་ཅིང་དོན་གྱི་རྒྱལ་ཚབ་ཏུ་དབང་བསྐུར། སླར་ཡང་ཐོས་བསམ་ཅི་རིགས་དང་དབེན་གནས་རྣམས་སུ་སྒྲུབ་པ་མཛད་པས་སྒོམ་བྱུང་གི་ཤེས་རབ་ཀློང་ནས་རྡོལ། སླར་ཡང་ཀུན་མཁྱེན་ཆེན་པོ་འབྲི་གུང་ནས་སྤྱན་དྲངས་ཏེ་མཆིམས་ཕུར་སྙིང་ཐིག་གི་དབང་ཁྲིད་གསན་སྐབས་ཁྲེགས་ཆོད་ཀྱི་ལམ་རྫོགས་མཚམས་ཆོས་རྗེ་ཞི་བར་གཤེགས་པས་སྐུ་གདུང་གི་ཞབས་ཏོག་དང་ཕྱི་ནང་གི་རྟེན་རྣམས་སྒྲུབ། གྲོགས་ལྷུན་གྲུབ་གླིང་དུ་བླ་མ་ཨོ་རྒྱན་པ་ལས་ཆོས་རྗེའི་བཀའ་སྲོལ་རྣམས་རྫོགས་པར་གསན། གནས་དེར་རྡོ་རྗེ་ཕག་མོས་རྗེས་སུ་བཟུང༌།དབུར་སྨད་སོགས་ཀྱི་རི་ཁྲོད་རྣམས་སུ་སྒོམ་སྒྲུབ་སྙིང་པོར་མཛད་བཞིན་མཆིམས་ཕུར་བྱོན་ནས་གུ་རུ་འོད་གསལ་རང་གྲོལ་ལས་གསང་བ་སྙིང་ཐིག་གི་གདམས་པ་མཐའ་དག་གསན་པ་དང་སྒོམ་སྒྲུབ་སྤེལ་མ་ལོ་དྲུག་ཏུ་མཛད། ལྷོ་བྲག་ནས་རྒྱལ་སྲས་སྤྲུལ་སྐུ་རིན་པོ་ཆེ་ཕེབས་པ་གུས་པས་མཇལ་ཞིང༌། འདི་བ་ཆོས་ཀྱི་བདག་པོར་ལུང་གིས་ཟིན་པའི་ཕྱིར་ཆོས་རྗེའི་བཀའ་སྲོལ་མཐའ་དག་བསྐྱར་ནས་གསན་ཏེ་བརྒྱུད་པའི་གཙོ་བོའང་འདི་ཉིད་མཛད། ཆོས་སྒོ་རིས་སུ་མ་ཆད་པ་ལ་དབང་འབྱོར་ཡང་ཆོས་རྗེ་ཀུན་མཁྱེན་པའི་བཀའ་སྲོལ་ཉིད་བཤད་སྒྲུབ་ཀྱི་མཐིལ་དུ་མཛད་པས་གླིང་སྨད་པ་ཤེས་རབ་དཔལ་ལྡན་སོགས་མཁས་གྲུབ་ཀྱི་བུ་སློབ་མཐའ་ཡས་པ་དང༌། ཁྱད་པར་ཀུན་མཁྱེན་ཟླ་གྲགས། བྱ་བཏང་གྲགས་རྒྱལ་སོགས་སྙིང་པོའི་བསྟན་འཛིན་ཁྱད་པར་དུ་འཕགས་པ་དུ་མ་བསྐྲུན་པས་མཚོན་དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ནམ་མཁའ་དང་མཉམ་པའི་ངང་ནས་ཆུ་མིག་དཔལ་གྱི་རི་བོར་ཐེག་པ་མཆོག་གི་འབྲས་བུ་བརྙེས་པའི་རྟགས་རྣམས་མངོན་དུ་བསྟན་ནས་གཤེགས་སོ། །


རྒྱལ་སྲས་ཀུན་མཁྱེན་ཟླ་བ་གྲགས་པ་ནི། སྤྲུལ་སྐུ་གྲགས་པ་འོད་ཟེར་གྱིས་མ་ཅིག་རྒྱན་འབུམ་ལས་རྒྱར་བཞེས་པ་ལས། སྲས་གཉིས་འཁྲུངས་པའི་ཆེ་བ་ཉི་མ་འོད་ཟེར་ནི་དབུ་རུ་བྱང་ཕྱོགས་ཀྱི་བུ་སློབ་རྣམས་ཀྱི་མགོན་དུ་སྤྱན་དྲངས་ཤིང་འདན་སྒོམ་ཆོས་གྲགས་བཟང་པོར་བླ་མར་བསྟེན་ནས་ཡབ་ཆོས་རྣམས་ཐོས་བསམ་སྒོམ་གསུམ་གྱིས་གཏན་ལ་ཕབ་ནས་ཕྱོགས་དེར་ཕྲིན་ལས་བསྐྱངས་པས་སྲས་ཆོས་དབྱིངས་གྲགས་པ་སྐུ་མཆེད་སོགས་གདུང་དང་ཆོས་ཀྱི་ཕྲིན་ལས་ཆེར་བྱུང༌།གཅུང་ཟླ་བ་གྲགས་པ་ནི། ལུང་ཟིན་གྱིས་སྲས་ཡིན་ཏེ་གྲྭའི་སྐལ་ལྡན་བྱམས་པ་ལྡིང་དུ་འཁྲུངས། ཆུང་ངུ་ནས་དམ་པའི་མཚན་ཉིད་གསལ་ཞིང་དགུང་ལོ་ལྔ་པར་འབྲི་ཀློག་སྒྲུབ་ཕྲིན་སོགས་ཚེགས་མེད་པར་མཁྱེན། ཡབ་ལས་རྫོགས་པ་ཆེན་པོའི་དབང་ཁྲིད་ཆོས་བཀའ་རྣམས་གསན། རྩེས་ཐང་གི་ཆོས་གྲྭར་རབ་ཏུ་བྱུང་ཞིང་མཁན་ཆེན་བསོད་ནམས་བཟང་པོ་ལས་བསྙེན་པར་རྫོགས། སློབ་དཔོན་རྒྱལ་བཟང་བ། འཇམ་དབྱངས་ཙོང་ཁ་པ། མཁན་ཆེན་སེངྒེ་དཔལ་སོགས་མཁས་གྲུབ་མང་པོ་བསྟེན་ནས་ཐོས་བསམ་གྱི་སྒྲོ་འདོགས་བཅད་དེ་ཐམས་ཅད་མཁྱེན་པའི་གནས་ལ་བདག་གིར་མཛད། ཁྱད་པར་འཁྲུལ་ཞིག་སངས་རྒྱས་དབོན་པོ་ལས་ཀུན་མཁྱེན་ཆོས་རྗེའི་བཀའ་སྲོལ་གྱི་དབང་ཁྲིད་མན་ངག་མཐའ་དག་བུམ་པ་གང་བྱོར་གསན་ནས་བསམ་སྒོམ་གྱིས་གཏན་ལ་ཕབ། ཤུག་གསེབ་པ་ཡེ་ཤེས་རབ་འབྱམས་ལས་གཏེར་སྟོན་ནས་ལེགས་ལྡན་བར་བརྒྱུད་པའི་བཀའ་སྲོལ་ཡང་གསན་ནས་དགུང་གྲངས་བཅོ་བརྒྱད་པ་ནས་བརྩམས་སྐལ་ལྡན་འདུས་པ་རྣམས་ལ་སྙིང་ཐིག་རྣམ་གཉིས་ཀྱི་དུས་ཁྲིད་བསྟར་ཆགས་སུ་གསུངས། དབུས་གཡོར་ལྷོ་མོན་ཡུལ་གྱི་མཐར་ཐུག་བར་ཞབས་ཀྱིས་བཅགས་ནས་མཆོག་ཕལ་གྱི་འགྲོ་བ་མཐའ་ཡས་པ་རྗེས་སུ་བཟུང་ཞིང་བུམ་ཐང་བསམ་གཏན་གླིང་གི་སྒྲུབ་སྡེ་བཏབ། སྒྲུབ་མཚོ་པདྨ་གླིང་དུ་ལོ་སྒྲུབ་དང༌། ཆོས་རྗེ་བྲག་ཏུ་ལོ་གསུམ་གྱིས་མཚོན་སྒྲུབ་གནས་རྣམས་སུ་འོད་གསལ་སྙིང་པོའི་ཉམས་བཞེས་གཙོ་བོར་མཛད་པས་ཉམས་རྟོགས་མཐར་ཕྱིན། ལྷག་པའི་ལྷ་དུ་མའི་ཞལ་གཟིགས། ལས་ཅན་མང་པོས་རྟ་མགྲིན་གྱི་སྐུར་མཐོང་བའང་མང་དུ་བྱུང༌། ཐོགས་པ་མེད་པའི་མངོན་ཤེས་ཀྱི་ལྐོག་གྱུར་རྣམས་ལུང་སྟོན། ཆོས་བཀའ་ནམ་གསུང་གི་དུས་འཇའ་འོད་སོགས་ངོ་མཚར་བའི་ལྟས་མང་པོ་བརྒྱུད་མར་འོངས། གང་དུ་འབྱོན་བཞུགས་མཛད་པའི་ས་དེར་ལོ་ལེགས་ནད་མེད་པ་སོགས་གདུལ་བྱ་མཐའ་དག་ཕན་བདེ་ལ་འགོད་པའི་ཕྲིན་ལས་མཐའ་ཡས་པ་མངའ་བས་རྒྱ་གར་ཤར་ཕྱོགས་ཀྱི་རྒྱལ་པོ་ཆེན་པོ་གཉིས་སོགས་མཐའ་དབུས་ཀྱི་མི་ཆེན་རྣམས་དང༌། གཏེར་ཆེན་རཏྣ་གླིང་པ། མགོན་པོ་རིན་ཆེན། སྤྲུལ་སྐུ་རྡོ་རྗེ་སེང་གེ། བྱམས་གླིང་པཎ་ཆེན། གླང་སྨད་ཁྲི་པ་སོགས་མཁས་བཙུན་གྲུབ་ཐོབ་ཆེས་མང་བ་དང༌། གསུང་སྒྲོས་ཚུལ་བཞིན་སྐྱོང་བའི་བུ་ཆེན་གྲུབ་ཐོབ་ཀུན་བཟང་རྡོ་རྗེ། མཚུངས་མེད་ཤེས་རབ་བཟང་པོ། བླ་མ་མཐུ་ཆེན་སོགས་ཀྱིས་མཚོན་མཐའ་ཡས་པའི་གདུལ་བྱ་རྒྱ་མཚོ་སྨིན་གྲོལ་ལ་བཀོད་ནས། དགུང་གྲངས་བཞི་བཅུ་པ་ལ་བུམ་ཐང་བསམ་གཏན་གླིང་དུ་ངོ་མཚར་བའི་ཆོས་འཕྲུལ་མངོན་པར་འདུ་མཛད་ནས་གདོད་མའི་གྲོལ་སར་གཤེགས། གདུང་སྦྱངས་པས་རྣལ་འབྱོར་མའི་སྐུ་དང་རིང་བསྲེལ་མང་དུ་བྱོན་ནོ། །


གྲུབ་ཆེན་ཀུན་བཟང་རྡོ་རྗེ་ནི། ལྷོ་མོན་མན་ལོག་ཏུ་འཁྲུངས། ཆུང་ནས་སྲིད་བདེ་འཁྲུལ་བར་ཤེས་པའི་ངེས་འབྱུང་དང༌། རྒྱུུ་འབྲས་ཡིད་ཆེས་ཀྱི་དད་པ་བརྟན་པོ་བཅོས་མིན་དུ་འཁྲུངས་ཤིང་དམ་པ་འགའ་ལས་ཆོས་བཀའ་ཅི་རིགས་གསན་ཏེ་དེ་དག་གི་ཉམས་ལེན་གཡེལ་མེད་གནང་བས་སྐྱེ་བོ་ཐམས་ཅད་དད་ཅིང་བསྔགས་པའི་གནས་སུ་གྱུར། དེའི་ཚེ་རྒྱལ་སྲས་ཀུན་མཁྱེན་པ་ལྷོ་མོན་དུ་ཕེབས་པ་མཇལ་ཞིང༌། མཉེས་པ་གསུམ་གྱིས་ལོ་བདུན་དུ་བསྟན་ནས་ཀུན་མཁྱེན་ཆོས་རྗེའི་བཀའ་སྲོལ་གྱི་དབང་ཁྲིད་ལུང་མན་ངག་ཕྲིན་ལས་ཕྱག་བཞེས་དང་བཅས་པ་གསན་ཅིང་བསམ་སྒོམ་གྱིས་གཏན་ལ་ཕབ། ཐར་པ་གླིང་སྐུ་རྗེས་བྲག་སོགས་དབེན་པ་ཁོ་ནར་འདུ་འཛིའི་གཡེང་བ་ཐམས་ཅད་བཅད་ནས་དཀའ་སྤྱད་ཀྱི་ཉམས་བཞེས་སྙིང་པོར་མཛད་པས་རང་དོན་ཉམས་རྟོགས་མཐར་ཕྱིན། གཞན་དོན་གདུལ་བྱ་ཕན་བདེར་འགོད་པའི་ཕྲིན་ལས་ལ་མངའ་འབྱོར་བས། འབྲི་གུང་ཟུར་པ་སོགས་ཆེན་པོ་དུ་མས་ཀྱང་ཞབས་ལ་བཏུད། ཁྱད་པར་ཆོས་རྗེ་ཀུན་དགའ་རྒྱལ་མཚན། ལྕང་ལུང་པ་གཞོན་བློ་སོགས་མཁས་གྲུབ་ཀྱི་བཤེས་གཉེན་དུ་མས་མཚོན་གདུལ་བྱ་མཐའ་ཡས་པ་རྗེས་སུ་བཟུང་བ་སོགས་དམ་པའི་རྣམ་ཐར་གསེར་བཞིན་གསལ་བའི་ངང་ནས་བུམ་ཐང་གི་དབེན་པར་ངོ་མཚར་བའི་ལྟས་དང་བཅས་ཆོས་སྐུ་ཞི་བའི་དབྱིངས་སུ་གཤེགས་སོ། ། ཆོས་རྗེ་ཀུན་དགའ་རྒྱལ་མཚན་དཔལ་བཟང་ནི། མོན་མཐར་མ་སང་ཨ་བ་སྤུན་བརྒྱད་ཀྱི་རིགས་སུ་མེ་སྦྲུལ་ལོར་འཁྲུངས་པ་དང་དུས་མཚུངས་ཆུ་མིག་གསར་དུ་རྡོལ་སྔོན་གནས་རྗེས་སུ་དྲན་ཞིང་བྲག་ལོགས་ལ་སོར་མོས་ཡིག་དྲུག་འདམ་ལ་བྲིས་པ་བཞིན་ཤར་བ་སོགས་དམ་པའི་མཚན་ཉིད་གསལ། དགུང་གྲངས་བཅུ་བཞི་པར་དབུས་སུ་བྱོན་ནས་སྤྱན་སྔ་ཆོས་ཀྱི་གྲགས་པ་ལས་རབ་ཏུ་བྱུང༌། མཁན་ཆེན་དེ་ཉིད་ཀྱིས་གཙོས་བཤེས་གཉེན་དུ་མ་ལས་མདོ་སྔགས་ཐ་སྙད་བཅས་གསན་བསམ་གྱི་སྒྲོ་འདོགས་ཆོད་པར་མཛད་ནས་བཀྲ་ཤིས་དགེ་འཕེལ། ཉི་སྡེ། ལྷུན་གྲུབ་ཆོས་སྡེ་སོགས་བཟུང་ཞིང་ཕྲིན་ལས་ཆེར་བསྐྱངས་པའི་སྐབས་སྔར་གྱི་ཐོས་བསམ་དང་ཆོས་འཆད་རྣམས་ཕྱིའི་ཤུན་པ་ཙམ་དུ་དགོངས་ནས་གྲུབ་ཆེན་ཀུན་བཟང་རྡོ་རྗེ་ལས་སྙིང་ཐིག་ཡ་བཞི་སོགས་ཀུན་མཁྱེན་ཆེན་པོའི་བཀའ་སྲོལ་གྱི་གདམས་པ་ཆ་ལག་བཅས་གསན་ནས་ཉམས་བཞེས་སྙིང་པོར་མཛད་པས་ཉམས་རྟོགས་ཕུན་སུམ་ཚོགས་པ་འཁྲུངས་ཤིང་ཐུགས་དམ་འཆད་སྤེལ་གྱི་སྙིང་པོ་མཛད། གཞན་ཡང་གདུལ་བྱའི་བློ་དང་འཚམ་པར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་གཙོས་ཆོས་སྒོ་མཐའ་ཡས་པ་གསུངས་པས། འབྲི་གུང་རིན་ཆེན་ཕུན་ཚོགས་སོགས་ཆེ་བཙུན་མཁས་པའི་བཤེས་གཉེན་མང་པོ་དང༌། སྤྲུལ་སྐུ་སྣ་ཚོགས་རང་གྲོལ། རྫོགས་ཆེན་པ་བསོད་ནམས་རིན་ཆེན་སོགས་སྙིང་པོའི་བསྟན་འཛིན་མང་དུ་བསྐྲུན། སྐུ་ཚེའི་སྨད་ལ་གནས་ནང་དང་ཡངས་པ་ཅན་གྱི་གདན་ས་མཛད་པས་མཚོན་གཞན་ཕན་གྱི་ཕྲིན་ལས་ཕུན་སུམ་ཚོགས་པའི་ངང་ནས་བདུན་ཅུ་རྩ་གཉིས་པ་ལ་གཤེགས།སྤྲུལ་སྐུ་སྣ་ཚོགས་རང་གྲོལ་ནི། གཏེར་ཆེན་རཏྣ་གླིང་པའི་སྐུའི་སྐྱེ་བ་དེ་མ་ཐག་པ་སྟེ། ལྷོ་བྲག་མན་ཐང་དུ་ཤིང་སྟག་ལ་འཁྲུངས། ཆུང་ངུ་ནས་དམ་པའི་རྣམ་ཐར་གསལ། ལྷ་ལུང་མཁན་ཆེན་ལས་རབ་ཏུ་བྱུང་ཞིང་སྤཽས་ཁང་པ་ལས་བསྙེན་པར་རྫོགས། གཏེར་ཆེན་པདྨ་གླིང་པ་སོགས་ཡོངས་འཛིན་དྲུག་ཅུ་ཙམ་ལས་བཀའ་གདམས་ས་རྙིང་དྭགས་ཤངས་ཞི་གཅོད་ཇོ་ཞལ་བོ་དོང་སོགས་ཡོངས་སུ་གྲགས་པའི་ཆོས་བཀའ་མཐའ་དག་གསན། ཁྱད་པར་མཚུངས་མེད་ཀུན་དགའ་རྒྱལ་མཚན།མཁས་གྲུབ་མ་ཏི་དྷྭ་ཛ་སོགས་ལས་ཀུན་མཁྱེན་ཆེན་པོའི་བཀའ་སྲོལ་མཐའ་དག་དོན་གཉེར་ཆེན་པོས་གསན་ཅིང་བསམ་སྒོམ་གྱིས་གཏན་ལ་ཕབ། འཆིམས་ཕུ་ཤེལ་བྲག་སོགས་སྒྲུབ་གནས་དུ་མར་ཉམས་བཞེས་སྙིང་པོར་མཛད་པས་རྫོགས་པ་ཆེན་པོའི་ལྟ་སྒོམ་འབྲས་བུའི་དྲོད་ཚད་མཐར་ཕྱིན། ལྷག་པའི་ལྷ་དུ་མའི་ཞལ་གཟིགས་ཤིང་ལུང་བསྟན། ཆོས་བརྒྱད་ཀྱི་འཆིང་བས་མ་གོས་པའི་ཕྲིན་ལས་ལྷུན་གྲུབ་ཏུ་ཤར་ཏེ་གྲྭ་དར་རྒྱས་ཆོས་ལྡིང་གི་རི་ཁྲོད་བཏབ། ཐར་པ་དོན་གཉེར་གྱི་ཚོགས་པའང་བརྒྱར་ལོངས་པ་འདུས། ཕྱོགས་ཀྱི་དད་ལྡན་རྣམས་ཀྱི་ངོར་དབུས་གཙང་ལྷོ་མོན་ཀུན་ཏུ་ཞབས་ཀྱིས་བཅགས་ཤིང་ཆོས་བཀའ་རིས་སུ་མ་ཆད་པའི་འཁོར་ལོ་བར་མེད་དུ་བསྐོར་བས། ཞྭ་དམར་པ་དཀོན་མཆོག་འབངས། འབྲི་གུང་ཟུར་པ། སྣང་རྩེ་གཏེར་ཆེན། དཔལ་ཁང་ལོ་ཙཱ་བ། གྲུབ་ཆེན་ཀུན་བཟང་དཔལ་འབྱོར། ཤ་མི་དཔལ་འབྱོར་རྒྱ་མཚོ། རྒྱལ་དབང་བསྟན་འཛིན་གྲགས་པ་སོགས་ཆེ་བཙུན་གཏེར་འབྱིན་མཁས་གྲུབ་མང་པོས་མཚོན་བརྒྱུད་འཛིན་གྱི་སློབ་མས་དབུས་གཙང་མངའ་རིས་ཁམས་ཀོང་ལྷོ་མོན་ཡུལ་གྱི་མཐའ་ཚུན་ཁྱབ་པར་མཛད་ནས་དགུང་གྲངས་དོན་བདུན་པ་ལ་གཡོ་རུ་ཁྲ་འབྲུག་གི་གཙུག་ལག་ཁང་གི་ཉེ་འདབས་སུ་ངོ་མཚར་བའི་ལྟས་བཅས་གཤེགས་སོ། །


སྤྲུལ་སྐུ་བསྟན་འཛིན་གྲགས་པ་ནི། མེ་ཕོ་སྤྲེའུ་ལོ་ལ་མོན་དུ་འཁྲུངས། གཏེར་ཆེན་པདྨ་གླིང་པའི་བག་ཆགས་གསལ་བར་སད་པས། དགུང་ལོ་བཞི་པར་གཏེར་སྲས་རྣམས་ཀྱིས་བུམ་ཐང་དུ་སྤྱན་དྲངས་ནས་རང་རང་གི་གདན་སར་ཆོས་དང་ཟང་ཟིང་གི་སྲི་ཞུས་མཆོད། བཅུ་གཉིས་པ་ལ་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་གྱིས་དབུས་སུ་སྤྱན་དྲངས་ཤིང་ཀུན་མཁྱེན་ཆེན་པོ་དང་པད་གླིང་གཏེར་སྐོར་རྣམས་ཀྱི་གཙོས་གསར་རྙིང་གི་ཆོས་བཀའ་མཐའ་དག་བུམ་པ་བུམ་པ་གང་འབྱོར་སྩལ་ཅིང༌། ཕྱིས་དགོན་གནས་རྟེན་གསུམ་བཅས་ཕོག་ནས་གདན་སར་དབང་བསྐུར། གཞན་ཡང་སྣང་རྩེ་གཏེར་ཆེན། རྗེ་བཙུན་གྲོལ་མཆོག ཐུགས་སྲས་ཟླ་བ། གྲུབ་པ་ཀུན་འདུས་སོགས་ལས་གསན་པ་མཐའ་ཡས་པ་མཛད་ཅིང་འཆིམས་ཕུ་སོགས་སུ་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ལམ་ལ་ཉམས་བཞེས་སྙིང་པོར་མཛད་པས་ལྟ་དགོངས་ཚད་རྫོགས། ཡི་དམ་གྱི་ལྷ་དུ་མས་རྗེས་སུ་བཟུང་ཞིང་ལུང་བསྟན་པ་ཐོབ། བྱང་བདག་དབང་པོའི་སྡེ་སོགས་ཆེ་བཙུན་མཁས་གྲུབ་དུ་མས་མཚོན་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་མཛད། རིགས་སྲས་པདྨ་ཕྲིན་ལས་ལ་བཀའ་བསྒོས་ཏེ་སྒང་སྟེང་གསང་སྔགས་ཆོས་གླིང་བཏབ། སྤྲུལ་སྐུ་མདོ་སྔགས་བསྟན་འཛིན་གདན་སར་སྤྱན་དྲངས་ཤིང་དབང་ལུང་མན་ངག་མཐའ་རྒྱས་སུ་སྩལ་ནས་བསྟན་པའི་བདག་པོར་མངའ་གསོལ་བས་མཚོན་འཁོར་ལོ་གསུམ་གྱི་ཕྲིན་ལས་རྨད་དུ་བྱུང་བའི་ངང་ནས་དྲུག་ཅུ་རེ་གཉིས་པ་ལ་དར་རྒྱས་ཆོས་ལྡིང་གི་དབེན་པར་ངོ་མཚར་བའི་ལྟས་དང་བཅས་ཏེ་གཤེགས་སོ། །

འདིའི་སྐྱེ་བ་དེ་མ་ཐག་པ་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་ལ་ལྷ་ལུང་གི་གདན་ས་ལྔ་པ་རིན་པོ་ཆེས་སྩལ་པ་ནས་བཟུང་དེང་སང་གི་བར་སྐྱེ་སྤྲུལ་བར་མ་ཆད་དུ་བྱོན་པ་ལྷོ་བྲག་ལྷ་ལུང་གི་གདན་སར་བཞུགས་ནས་སྙིང་པོའི་བསྟན་ལ་བྱ་བ་ཆེར་མཛད་དོ། ། མཁས་གྲུབ་མདོ་སྔགས་བསྟན་འཛིན་ནི། གཡོ་རུ་དོལ་དུ་ཡབ་མྱོས་རྡོ་རྗེ་ཚེ་དབང་དང༌། ཡུམ་བསོད་ནམས་བུ་ཁྲིད་ཀྱི་སྲས་སུ་མེ་ཕོ་བྱི་བའི་ལོ་ལ་འཁྲུངས། རྗེ་སྣ་ཚོགས་རང་གྲོལ་གྱི་སྔོན་རབས་གསལ་བས་མཚོན་དམ་པའི་བག་ཆགས་སད། དགུང་ལོ་དྲུག་པར་གོང་མའི་གདན་སར་སྤྱན་དྲངས། ཞྭ་དམར་དཀོན་མཆོག་འབངས་ལས་དགེ་བསྙེན་དང་རྒྱལ་དབང་བསྟན་འཛིན་གྲགས་པ་ལས་རབ་ཏུ་བྱུང༌། དམ་པ་དེ་ཉིད་ལས་ཀུན་མཁྱེན་ཀློང་ཆེན་པ་དང་པད་གླིང་གི་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་ཁྲིད་ལུང་མན་ངག་ཕྱག་བཞེས་དང་བཅས་པ་མཐའ་རྒྱས་སུ་གསན། གཞན་ཡང༌། རྒྱལ་དབང་ཀརྨ་པ། ས་སྐྱ་ཁྲི་ཆེན། ཐུགས་སྲས་ཀུན་དགའ་གྲགས་པ། གྲུབ་ཆེན་ཀུན་དགའ་རྡོ་རྗེ། བྱང་བདག་དབང་པོའི་སྡེ། འབུམ་རམས་པ་ཐར་པ་རྒྱལ་མཚན་སོགས་བཤེས་གཉེན་དུ་མ་ལས་གསར་རྙིང་གི་དབང་ཁྲིད་བཤད་བཀའ་ཕལ་མོ་ཆེ་དང་སྒྲ་ཚད་བཟོ་གསོ་ནང་རིགས་ཡན་ལག་དང་བཅས་པ་ནན་ཏན་ཆེན་པོས་གསན་ཅིང་ཐུགས་སུ་ཆུད་པར་མཛད། དགུང་ལོ་ཉེར་ལྔ་པ་ལ་ཀརྨ་པ་དགུ་པ་མཁྱེན་པས་ཐུགས་ཕྲོགས་ཏེ། སྒར་ཆེན་གྱི་འབེལ་གཏམ་གླིང་བར་བཀས་བསྐུལ་བ་ལས་ལོ་གསུམ་དུ་མདོ་སྔགས་རིག་གནས་ལོ་རྒྱུས་དང་བཅས་པའི་གསུང་རབ་འབེལ་མཆིད་ཀྱིས་འཆད་པ་དང༌། རྩོད་ངག་གིས་རྒོལ་ཅིང་ལན་འདོན་པ་སོགས་གང་ལའང་ཐོགས་པ་མེད་པའི་རྣམ་དཔྱོད་ཀྱིས་བློ་ལྡན་རྣམས་ཀྱིས་བསྔགས་པའི་གནས་སུ་གྱུར། སྐབས་གཞན་དུ་གདན་ས་ཕན་ཚུན་དང་མཆིམས་ཕུ་མཁར་ཆུ་སོགས་དབེན་གནས་དུ་མར་ཡི་དམ་གྱི་བསྙེན་སྒྲུབ་དང༌། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་ལ་སྙིང་པོར་མཛད་པས་བསྐྱེད་རྫོགས་ཟབ་མོའི་ཉམས་རྟོགས་མཐར་ཕྱིན། གུ་རུ་རིན་པོ་ཆེ་དང༌། རྗེ་བཙུན་སྒྲོལ་མ་སོགས་ཡི་དམ་དུ་མའི་ཞལ་གཟིགས་ཤིང་དབུགས་དབྱུང་བ་ཐོབ། ལྷོ་དབུས་ཀྱི་གདན་ས་དང་དད་པའི་ཞིང་དུ་མར་སྒྲུབ་ཆེན་སྒྲུབ་ཕྲན་དང༌། དབང་ཁྲིད་ལུང་གསུམ་དུས་དང་དུས་མེད་དུ་གསུངས་པས། རིགས་སྲས་གསང་བདག་ཆེན་པོ། རྫོགས་ཆེན་པ་ནམ་མཁའ་འབྲུག་སྒྲ། མངའ་བདག་བསྟན་འཛིན་ཆོས་དབང༌།སྤ་གྲོ་ཆོས་དབང་ལྷུན་གྲུབ། རྦ་ཁ་སྤྲུལ་སྐུ་རིག་འཛིན་རྒྱ་མཚོ། མང་ཐོས་དམ་ཆོས་བཟང་པོ་སོགས་བཀའ་སྲོལ་སྐྱོང་བ་དུ་མ་དང༌། ལུང་རིགས་སྨྲ་བའི་སྟོན་ཆེན། ཐ་སྙད་འཛིན་པའི་མཁས་པ། སྒོམ་ཉམས་ཅན་གྱི་རྣལ་འབྱོར་ཕོ་མོ་སོགས་དམ་པའི་ཆོས་ཀྱིས་བསྡུས་པའི་བུ་སློབ་དབུས་གཙང་ལྷོ་མོན་གྱི་ཕྱོགས་ཐམས་ཅད་ཁྱབ་པ་དང༌། ས་སྐྱོང་སྐུ་རབས་པ་སོགས་མི་ཆེན་རྣམས་ཀྱིས་ཀྱང་བཏུད། ལྐོག་གྱུར་གྱི་གནས་ལུང་བསྟན་པ་རྣམས་ཀྱང་ཇི་ལྟ་བ་བཞིན་མངོན་དུ་གྱུར་པས་བླང་དོར་གྱི་མིག་ཕྱེ། ལྷོ་བྲག་བཀྲ་ཤིས་སྒང་དུ་ངང་ཚུགས་ཅན་གྱི་འདུས་སྡེ་བཏབ་པ་དང་སྐུ་གསུང་ཐུགས་རྟེན་གྲངས་མང་བཞེངས། ཆོས་འཁོར་རྣམ་གསུམ་ལ་མཆོད་འབུལ་སྨོན་ལམ་རྒྱ་ཆེར་མཛད་པས་མཚོན་འཁོར་ལོ་གསུམ་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས་ནས་མཐར། ཁྱད་པར་རྒྱུད་འཛིན་བུ་ལ་དབང་ལུང་དང༌། ། མན་ངག་ཁྲིད་ལུང་མང་པོ་བར་མེད་བཤད། ། གསང་ཆེན་བསྟན་པ་འཛིན་པའི་རྟེན་འབྲེལ་འགྲིགས། ། ད་ནི་བྱ་བ་ཟིན་གྱིས་འགྱོད་པ་མེད། ། འཆི་བར་དགའ་བའི་མདོ་སྔགས་བསྟན་འཛིན་ང༌། ། གདོད་མའི་ས་ལ་གཏན་སྲིད་འཛིན་དུ་འགྲོ། ། ཞེས་སོགས་དོན་བསྡུས་ཞལ་གདམས་བསྩལ་ནས་དགུང་གྲངས་ང་གསུམ་པར་དར་རྒྱས་ཆོས་ལྡིང་དུ་ངོ་མཚར་བའི་ཆོ་འཕྲུལ་དང་བཅས་ཏེ་སྤྲུལ་པ་བསྡུས། དེས་རང་སྲས་གསང་བདག་ཕྲིན་ལས་ལྷུན་གྲུབ། དེ་ལས་གཏེར་ཆེན་རིན་པོ་ཆེས་གསན་ཏེ་ཡབ་སྲས་དམ་པ་འདི་གཉིས་ཀྱི་རྣམ་ཐར་ས་བོན་ཙམ་འོག་ཏུ་གསལ་ལོ། ། ཡང་ཆོས་རྗེ་རང་བྱུང་བ་ནས་བརྒྱུད་པའི་མན་ངག་རྣམས་ནི། དེ་ཉིད་ནས་སྨན་ལུང་པ་ཤཱཀྱ་གཞོན། སྤྲོ་ལུང་པ་ཀུན་དགའ་སྨཽན་ལམ། རིན་པོ་ཆེ་ཤཀ་འབུམ། མཚུར་ཕུ་པ་དོན་གྲུབ་འོད་ཟེར། ལོ་ཆེན་བསོད་ནམས་རྒྱ་མཚོ། སྨན་ཆུ་ཁ་པ་ནམ་མཁའ་རིན་ཆེན། སྣང་རྩེ་གཏེར་ཆེན་གར་དབང་ཞིག་པོ་གླིང་པ། མཁས་གྲུབ་སོག་བཟློག་པ་བློ་གྲོས་རྒྱལ་མཚན། གང་ར་ལོ་ཆེན་གཞན་ཕན་རྡོ་རྗེ། བོན་ལུང་བ་ཚུལ་ཁྲིམས་རྒྱལ་མཚན། ཡབ་རྗེ་གསང་བདག་ཆེན་པོ་ལས་གཏེར་ཆེན་གྱིས་གསན་ཏོ། །དེ་ནས་སྲས་སློབ་བརྒྱུད་པའི་ཁྱད་པར་མང་ཡང་གཙོ་བོར་གྱུར་པ་གཏེར་ཆེན་ནས། བི་མའི་རྣམ་འཕྲུལ་རྒྱལ་སྲས་རིན་ཆེན་རྣམ་རྒྱལ། གཡུ་སྒྲའི་རྣམ་འཕྲུལ་མཁན་ཆེན་བསྟན་འཛིན་རྡོ་རྗེ། ཁྲི་ཆེན་འགྱུར་མེད་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་མ་ཕྲིན་ལས་ཆོས་སྒྲོན་ལས། ཀློང་ཆེན་གཉིས་པ་རྡོ་རྗེ་གཟི་བརྗིད་རྩལ་གྱིས་གསན། དེ་ལས་ཀུན་མཁྱེན་པདྨ་གར་དབང་གིས་གསན་ནས། སྙིང་ཐིག་མ་བུའི་བཀའ་སྲོལ་མཐའ་དག་གཅིག་ཏུ་དྲིལ་བའི་ཁྲིད་ཡིག་དང་འཆད་སྤེལ་སྒོམ་གྲྭ་འཛུགས་པ་སོགས་ཕྲིན་ལས་ཆེར་བསྐྱངས་པ་ཡིན་ནོ། ། ཡང་ཉེ་བརྒྱུད་ཐུན་མོང་མ་ཡིན་པའི་ལུགས་ལྟར་ན། ཀུན་མཁྱེན་ཆེན་པོ་ནས་གཡོ་རུ་རྫོགས་ཆེན་པ་ཀུན་མཁྱེན་འཇིགས་མེད་གླིང་པ་ལ་བརྒྱུད་དེ། འདི་ནི་པཎ་ཆེན་བི་མ་ལ། འཇམ་མགོན་ཁྲི་ལྡེ། རྒྱལ་སྲས་ལྷ་རྗེ་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་ཟློས་གར་ཏེ། གུ་རུ་ཆོས་དབང་སོགས་ཀྱི་གཏེར་ལུང་ལས་གསལ་བ་ལྟར། འཕྱང་རྒྱས་སྲོང་བཙན་བང་སོའི་ལྷོ་ཕྱོགས་དཔལ་རི་དགོན་གྱི་ཉེ་འདབས་སུ་སྐྱེ་བའི་མྱུ་གུ་བཟུང༌། ཆུང་ངུ་ནས་གཏེར་ཆེན་ཆོས་རྗེ་གླིང་པའི་སྔོན་རབས་གསལ་བར་སད། དགུང་གྲངས་དྲུག་པ་ནས་དཔལ་རིའི་ཆོས་གྲྭར་ཞུགས། མཚོ་རྒྱལ་སྤྲུལ་སྐུ་ལ་གཙུག་ཕུད་ཕུལ་བས་མཚན་པདྨ་མཁྱེན་བརྩེའི་འོད་ཟེར་དུ་གསོལ། སྔ་ཕྱི་ཅི་རིགས་པར་སྨིན་གཏེར་སྐུ་མཆེད་ཀྱི་དངོས་སློབ་ཀོང་པོ་ཐང་འབྲོག་སྤྲུལ་སྐུ་པདྨ་རིག་འཛིན། རིག་འཛིན་ཐུགས་མཆོག་རྡོ་རྗེ། གཏེར་ཆེན་དྲི་མེད་གླིང་པ།རིགས་ཞང་སྒོམ་ཆེན་དྷརྨ་ཀིརྟི། སྨིན་གླིང་པ་གྲུབ་དབང་དཔལ་མགོན། ལྕགས་ཟམ་པ་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། གནས་བརྟན་ཀུན་བཟང་འོད་ཟེར། གནས་གསར་པ་ཀུན་དགའ་ལེགས་འབྱུང༌། མོན་རྫ་དཀར་བླ་མ་དར་རྒྱས་སོགས་ཡོངས་འཛིན་དུ་མ་ལས་སྨིན་གླིང་ནས་བརྒྱུད་པའི་མདོ་དང་སྒྱུ་འཕྲུལ་སོགས་སྔ་འགྱུར་བཀའ་གཏེར་གཙཽར་གྱུར་གསན་སྦྱངས་ཅི་རིགས་མཛད་ཅིང་གཙོ་བོར་སྙིང་པོའི་སྒྲུབ་པ་ལ་ཐུགས་གཞོལ་བས། དགུང་ལོ་ཉེར་བརྒྱད་པའི་ཆོ་འཕྲུལ་ཆེན་པོ་ནས་བརྩམས། རང་དགོན་དཔལ་རིའི་སྒོམ་ཁང་ཐིག་ལེ་ཉག་གཅིག་ཏུ་ལོ་གསུམ་གྱི་དམ་བཅའ་བརྟན་པོས། གྲོལ་ཏིག་གཙོ་བོར་གྱུར་པའི་ལྷག་པའི་ལྷ་རབ་འབྱམས་ཀྱི་བསྙེན་སྒྲུབ་མཛད་པས་རྣམ་སྨིན་རིག་འཛིན་གྱི་ལྡང་ཚད་བརྙེས། རྩ་རླུང་ཐིག་ལེའི་རྣལ་འབྱོར་ལ་དབང་འབྱོར་པས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་ཁམས་ཡི་གེའི་སྤྲིན་དུ་གྲོལ་བས་སྣང་བ་དཔེ་ཆར་ཤར་ཏེ་ཆོས་ཐམས་ཅད་མ་བསླབས་པར་ཤེས་པའི་པཎྜི་ཏར་གྱུར། ཨོ་རྒྱན་ཆེན་པོ་དང་འཇམ་དཔལ་བཤེས་གཉེན་གྱིས་བྱིན་གྱིས་བརླབས་པ་ལ་བརྟེན་ཧེ་རུ་ཀའི་རྟགས་ཀྱིས་བརྗིད་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱངས། ཁྱད་པར་འོད་གསལ་གྱི་སྣང་ཆར་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་འདབས་སུ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མས། ཀློང་བྱང་མཁའ་འགྲོའི་བརྡའ་རིས་མངོན་དུ་སྩལ་པ་ལ་བརྟེན། བཀའ་འདུས་རྫོགས་པ་ཆེན་པོའི་ཆོས་མཛོད་ལ་དབང་འབྱོར། དེ་འཕྲལ་བསམ་ཡས་མཆིམས་ཕུར་བྱོན་ནས་གསང་ཆེན་མེ་ཏོག་ཕུག་ཏུ་ལོ་གསུམ་སྙིང་པོ་དོན་གྱི་སྒྲུབ་པ་ལ་གཞོལ་སྐབས་སྤྱིར་དག་སྣང་མཐའ་ཡས་པ་དང༌། ལྷག་པར་ཀུན་མཁྱེན་ཆེན་པོའི་ཡེ་ཤེས་ཀྱི་སྐུས་ལན་གསུམ་དུ་རྗེས་སུ་བཟུང་ཞིང་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཕོས་པ་ལ་བརྟེན་འཕགས་ལམ་དོན་གྱི་ཡེ་ཤེས་རྫོགས་པ་ཆེན་པོའི་བདེན་པ་མཐོང༌། ཐུགས་གཏེར་ཆེན་མོའང་གཏན་ལ་ཕབ་སྟེ་ཀློང་ཆེན་སྙིང་གི་ཐིག་ལེར་མཚན་གསོལ་ནས་སྐལ་ལྡན་བཅོ་ལྔ་ལ་ཆོས་སྒོ་ཐོག་མར་ཕྱེས།རྩེ་ལེ་ཆེན་པོའི་ཡེ་ཤེས་ཀྱི་སྐུས་བརྡ་བསྟན་པ་བཞིན་དོན་མཁར་ཕུར་ཚེ་རིང་ལྗོངས་ཀྱི་རི་ཁྲོད་རྟེན་དང་བརྟེན་པར་བཅས་པ་གསར་དུ་བསྐྲུན། ཕྱོགས་འདུས་ཀྱི་སྐལ་ལྡན་རྣམས་ལ་སྙིང་ཐིག་གསར་རྙིང་གཙོ་བོར་གྱུར་པའི་ཆོས་འཁོར་བར་མེད་དུ་བསྐོར། རླང་དཔལ་སེང་གི་བྱིན་གྱིས་བརླབས་ཤིང་གདམས་པ་སྩལ་པ་ལ་བརྟེན་རྡོ་རྗེ་ཕུར་པའི་བཀའ་བསྡུ་མཛད། བྱང་ཐེག་གླིང་དུ་ཞི་ཁྲོ། དཔལ་རིར་འདུས་མདོའི་སྒྲུབ་མཆོད་གསར་འཛུགས་གནང༌། ཆོས་འཁོར་རྣམ་གསུམ་ལ་ཁྲི་མཆོད། བསམ་ཡས་བྱང་ཆུབ་ཆེན་མོར་གསེར་གྱི་འཁོར་ལོ་ཕུལ། རྒྱལ་བ་བྱམས་པའི་དངུལ་སྐུ། གསེར་དངུལ་སོགས་ཀྱིས་སྔ་འགྱུར་རྒྱུད་འབུམ་སོགས་བཞེངས་པ་དང༌། འཆི་ངེས་ཀྱི་སྲོག་བསླུ་གྲངས་མང་སོགས་འདུས་བྱས་ཀྱི་དགེ་རྩའང་མཐའ་ཡས་པར་སྒྲུབ། ནུས་པས་བོད་ཕུང་བར་བྱེད་པའི་མཐའ་དམག་གདུག་པ་ཅན་ཚར་བཅད། ཁྱད་པར་བསྟན་པ་ཡུན་དུ་གནས་པར་བྱ་བའི་ཕྱིར་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་བཀོད་པ་བསྟན་པ་ཡོངས་ཀྱི་ལམ་རིམ་ཡོན་ཏན་རིན་པོ་ཆེའི་མཛོད་རྩ་འགྲེལ་གྱིས་མཚོན་ཕུལ་དུ་བྱུང་བའི་བཀའ་རྩོམ་ཐུགས་གཏེར་ཕྱོགས་བསྡོམས་པོད་ཆེན་དགུར་ལོངས་པ་སོགས་འཁོར་ལོ་གསུམ་གྱི་ཕྲིན་ལས་ནམ་མཁའ་དང་མཉམ་པའི་ངང་ནས་དགུང་གྲགས་བདུན་བཅུར་སོན་པ་ས་རྟ་དབྱུག་ཟླའི་ཚེས་གསུམ་གྱི་ཉིན་ངོ་མཚར་བའི་ལྟས་དང་བཅས་པདྨ་འོད་དུ་གཤེགས་ཏེ་སྐུའི་སྐྱེ་བ་དེ་མ་ཐག་པ་ནི་རྗེ་བླ་མ་འཇིགས་མེད་མཁྱེན་བརྩེའི་ཟློས་གར་རོ། ། དམ་པ་དེ་ཉིད་ཀྱི་གསུང་གི་བདུད་རྩི་བཞེས་པའི་སློབ་ཚོགས་མཐའ་ཡས་ཀྱང་གཙོ་བོར། དཔལ་ལྡན་ས་སྐྱ་པ་བདག་ཆེན་ངག་དབང་དཔལ་ལྡན་ཆོས་སྐྱོང་སྐུ་མཆེད། རྒྱལ་བ་འབྲི་གུང་པའི་སྤྲུལ་སྐུ་རྣམ་གཉིས། རྡོར་བྲག་རིག་འཛིན་མཆོག་སྤྲུལ། ལྷོ་བྲག་གསུང་སྤྲུལ་དང་ཐུགས་སྲས། བོ་དོང་པ་སྦྱོར་ར་སྤྲུལ་སྐུ། དགའ་ལྡན་ཤར་བྱང་རྣམ་གཉིས། མོན་མཚོ་སྣ་དགོན་རྩེ་སྤྲུལ་སྐུ། རྫོགས་སྤྲུལ་ངེས་དོན་བསྟན་བཟང༌། ཞེ་ཆེན་རིག་འཛིན་དཔལ་འབྱོར་རྒྱ་མཚོ།ཀཿཐོག་དགེ་ཕྱག་རྣམ་གཉིས་སོགས་གསར་རྙིང་སྐྱེས་ཆེན་མཐའ་ཡས་པ་དང༌། ཁྱད་པར་ནང་ཐུགས་ཀྱི་སྲས་གཅིག་གྲུབ་དབང་འཇིགས་མེད་ཕྲིན་ལས་འོད་ཟེར། འཇིགས་མེད་རྒྱལ་བའི་མྱུ་གུ། མོན་གྲུབ་དབང་འཇིགས་མེད་ཀུན་གྲོལ། ལ་སྟོད་ཆོས་རྗེ་བྲག་ཕུག་པ། འབར་ཆུང་འཇིགས་མེད་གོ་ཆ་སོགས་ངེས་གསང་སྙིང་པོའི་གྲུབ་མཐའ་འཁྱོང་ངེས་ཆེས་མང་དུ་བྱོན།དེ་ཡི་ནང་ནས་མཆོག་ཏུ་གྱུར་པ་རྡོ་གྲུབ་ཆེན་རིན་པོ་ཆེ་ནི། བླ་མ་དགོངས་འདུས་ནས་ལུང་བསྟན་པ་ལྟར་ཤིང་མོ་གླང་གི་ལོ་ལ་རྡོ་ཁོག་ཏུ་འཁྲུངས། ཟེ་ཆེན་རབ་འབྱམས་གཉིས་པ་ལ་གཙུག་ཕུད་ཕུལ་བས་མཚན་ཀུན་བཟང་གཞན་ཕན་དུ་གསོལ། དམ་པ་དེ་ཉིད་དང༌། ཀཿཐོག་ཞིང་སྐྱོང༌། རྫོགས་སྤྲུལ་གསུམ་པ། དཔལ་ཡུལ་ཀརྨ་བཀྲ་ཤིས་སོགས་ཡོངས་འཛིན་ཉི་ཤུ་བསྟེན་ནས་གསན་སྦྱངས་མཛད། གངས་ཁྲོད་དུ་ལོ་བདུན་སོགས་སྙིང་པོའི་སྒྲུབ་པ་མཛད་པས་གྲུབ་པའི་ས་མཐོར་གཤེགས། ཁྱད་པར་རིག་འཛིན་འཇིགས་མེད་གླིང་པས་ཐུགས་གཏེར་རྒྱ་མཚོའི་རྩ་བའི་ཆོས་བདག་ཏུ་ངོས་འཛིན་གནང་ནས་དོན་གྱི་བསྟན་པ་གཏད་པས། ཡང་གསང་རྫོགས་པ་ཆེན་པོ་ཀུན་མཁྱེན་ཡབ་སྲས་ཀྱི་བཞེད་པའི་གྲུབ་མཐའི་རྐང་བཟུང་ནས་སྙིང་ཐིག་གསར་རྙིང་དང༌། རྒྱུད་འབུམ་རིན་པོ་ཆེའི་བཀླག་ལུང་སོགས་ཀྱིས་མཚོན་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བས་ཀཿརྫོགས་ཞེ་གསུམ་གྱི་བླ་སྤྲུལ་རྣམས་ཀྱིས་གཙོས་མདོ་ཁམས་རྒྱ་སོག་རྒྱལ་རོང་ཡན་གྱི་སློབ་ཚོགས་མཐའ་ཡས།ཁྱད་པར་རིག་འཛིན་གྲུབ་ཐོབ་ཡོངས་ཀྱི་སྤྱི་དཔལ་མཁྱེན་རྩེ་ཡེ་ཤེས་རྡོ་རྗེ། གཟུང་འཛིན་འཁྲུལ་སྣང་གི་བདེན་འཛིན་ཞིག་པའི་རྫོགས་ཆེན་པ་མི་འགྱུར་ནམ་མཁའི་རྡོ་རྗེ། སྔ་འགྱུར་བསྟན་པའི་ཉི་མ་ལོ་ཆེན་བཻ་རོའི་རྣམ་འཕྲུལ་རྒྱལ་སྲས་རིག་པའི་རྡོ་རྗེ་སོགས་ཁྱད་འཕགས་མང་དུ་བྱོན། དེ་ལས་རྒྱལ་སྲས་གཞན་ཕན་མཐའ་ཡས་ནི། སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་རྣམ་འཕྲུལ་དུ་ལུང་གིས་ཟིན་ཅིང༌། གྲུབ་དབང་བྱང་ཆུབ་རྡོ་རྗེ། འཇིགས་མེད་རྒྱལ་བའི་མྱུ་གུ་མི་འགྱུར་ནམ་མཁའི་རྡོ་རྗེ། སེང་ཕྲུག་པདྨ་བཀྲ་ཤིས། སྨིན་གླིང་ཁྲི་མཁན་གཙོར་གྱུར་གསར་རྙིང་རིས་མེད་ཀྱི་སྐྱེས་ཆེན་དུ་མ་བསྟེན་ནས་གསན་བསམ་གྱི་སྒྲོ་འདོགས་བཅད། སྟོད་ཀྱི་གངས་ཏི་སེ་ནས། སྨད་རྒྱ་ནག་གླང་ཆེན་འགྱིང་རི་ཡན་གྱི་སྒྲུབ་གནས་རྣམས་སུ་སྒྲུབ་པ་ཉམས་སུ་བཞེས་པས་འགྲན་ཟླ་དང་བྲལ་བའི་མཁས་གྲུབ་ཆེན་པོར་གྱུར། བླ་མས་ལུང་བསྟན་པ་བཞིན་དུ་དཔལ་གྱི་སེང་གེ་རིའི་ཆོས་གྲྭར་བཞུགས་ནས་བཤད་སྒྲུབ་ཀྱི་ཕྲིན་ལས་མཁའ་དང་མཉམ། མཁན་ཆེན་པདྨ་དམ་ཆོས་འོད་ཟེར་སོགས་བརྒྱུད་པ་ཟིན་ངེས་ཀྱི་སློབ་མ་མང་དུ་བསྐྲུན། ཁྱད་པར་སྨིན་གླིང་ཁྲི་ཆེན་སངས་རྒྱས་ཀུན་དགའ་དང༌། པད་སྤྲུལ་པདྨ་དབང་རྒྱལ་ཟུང་གིས་རྗེས་སུ་བསྐུལ་བ་བཞིན། སྔ་འགྱུར་བཀའ་མའི་ཆོག་ཕྲིན་ཕལ་ཆེར་གྱི་གླེགས་བམ་བཀའ་བསྡུ་མཛད་ནས་སྤར་དུ་བསྒྲུབས།འདུལ་བ་གཞི་གསུམ་གྱི་ཕྱག་ལེན་རྣམ་པར་དག་པ་དང༌། སྔ་འགྱུར་བཀའ་མའི་སྒྲུབ་ཕྲིན་གྱིས་མདོ་སྨད་ཕལ་ཆེར་ཁྱབ་པ་ནི་དམ་པ་འདི་ཡབ་སྲས་ཀྱི་བཀའ་དྲིན་ལས་བྱུང༌། འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་འཇིགས་མེད་རྒྱལ་བའི་མྱུ་གུས། སེམས་དཔའ་ཆེན་པོ་ཤཱནྟ་དེ་ཝ་བསམ་བཞིན་སྲིད་པ་ཉེ་བར་བཟུང་བ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་དང༌། ཀུན་མཁྱེན་གཉིས་པ་འཇིགས་མེད་མཁྱེན་བརྩེའི་ཟློས་གར་སོགས་ལ་བསྩལ་པའི་རྒྱུན་ལས་ཐུགས་གཏེར་གྱི་ཕྲིན་ལས་ཀྱིས་ཤར་ནུབ་རྒྱ་མཚོའི་མཐའ་ཚུན་ཁྱབ་པར་གྱུར་ཏོ། ། ད་ནི་ཀུན་མཁྱེན་རོང་ཀློང་གཉིས་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པའི་རོང་ཟོམ་པ་ཆོས་ཀྱི་བཟང་པོའི་གཏམ་བརྗོད་པར་བྱ་སྟེ། འདི་ནི་སློབ་དཔོན་ཆེན་པོའི་དངོས་སློབ་ཚེ་ཡི་རིག་འཛིན་བརྙེས་པས། དགུང་ལོ་སུམ་བརྒྱ་བར་མི་ཡུལ་དུ་འགྲོ་དོན་མཛད་པའི་རོང་བན་དཔལ་གྱི་ཡོན་ཏན་གྱི་སྲས། རོང་བན་རིན་ཆེན་ཚུལ་ཁྲིམས་ཞེས་དགུང་ལོ་ཕྱེད་དང་ཉིས་བརྒྱར་བཞུགས་པའི་གྲུབ་ཐོབ་ཆེན་པོ་དེས། རྒྱུའི་དུས་ཀྱི་མངོན་བྱང་ལྔའི་ཆཽ་གས། ཕྱོགས་ཀྱི་གླང་པོའི་ཤེས་རབ། དབྱིག་གཉེན་ཞབས་ཀྱི་ཐོས་པ། ཙནྡྲ་གོ་མའི་བརྗོད་པ། ཆོས་ཀྱི་གྲགས་པའི་བརྒལ་བརྟག །སློབ་དཔོན་དཔའ་བོའི་རྩོམ་པ་སྟེ་ཕུན་སུམ་ཚོགས་པ་ལྔའི་ངོ་བོར་བྱང་ཆུབ་པའི་སྐྱེ་བའི་མྱུ་གུ་གཙང་རུ་ལག་གི་སའི་ཆ་སྣར་ལུང་རོང་དུ་བཟུང༌། པཎྜི་ཏ་སྨྲྀ་ཏི་དང༌། ཕྲ་ལ་རིང་མོའི་སྐྱེ་བར་ངོས་འཛིན། བྱིས་པའི་དུས་ཨ་ཙ་ར་བྱུང་ཚད་ལ་དགྱེས༌། སཾ་ཀྲྀ་ཏིའི་སྐད་མ་འབད་པར་མཁྱེན། སྐུ་གཞོན་ནུས་ནས་ལྷུན་གྱིས་གྲུབ་པའི་ཤེས་རབ་ཆེན་པོ་མངའ་བས་ཉང་སྨད་དུ་མགར་སྟོན་ཚུལ་ཁྲིམས་བཟང་པོ་ལས་གསན་སྦྱོང་མཛད། དེར་ཡབ་རྒྱགས་སྐྱེལ་དུ་བྱོན་པར་མཆེད་གྲོགས་དག་གིས། ཁྱོད་ཀྱི་བུ་འདི་བློ་བྲེད། ཐོ་ཅོ་ཆེ་བས་ངེད་ཅག་སུན་པར་བྱེད་ན་ད་རེས་ཕར་ཁྲིད་པ་འཐད་ཟེར། དེ་ཡབ་ཀྱིས་སློབ་དཔོན་ལ་གསོལ་ནས་ཁྲིད་དམ་ཞུས་པས། ཁྱོད་དེ་སྐད་མ་ཟེར། ཆོས་ཐམས་ཅད་ཁོས་གོ་ནས་ཡོད་གསུངས། དགུང་ལོ་བཅུ་གཅིག་པར་མཚན་ཉིད་གསན།ཆོས་བར་དུ་བྱིས་པའི་རྩེ་སར་ཡང་སློབ་དཔོན་གྱི་གསུངས་ཚད་ཤར་རེ་འོང་བས། ཆོས་ཐམས་ཅད་ཚར་རེ་གསན་པ་ཁོ་ནས་ཚིག་གཅིག་ཀྱང་མ་ནོར་བར་ཐུགས་སུ་ཆུད་པས་འཇམ་དཔལ་གྱི་སྤྲུལ་པར་གྲགས། བཅུ་གསུམ་ལོན་ཚེ་གསན་པ་རྫོགས་པ་དང་འདྲ་བར་བྱུང་ཞིང༌། ཤེས་བྱ་ཐམས་ཅད་ལ་མ་རྨོངས་པར་གྱུར། ཉིད་ཀྱི་ཞལ་ནས་ཀྱང༌། བདག་ཐོས་པ་ཆུང་བའང་མ་ཡིན་ཏེ། ཆོས་ཐམས་ཅད་མ་ཐོས་པ་མེད་དོ། །ཐོས་པ་ཆེ་བའང་མ་ཡིན་ཏེ་ཆོས་ཐམས་ཅད་ཚར་རེ་ལས་མ་ཐོས་སོ་གསུངས་སྐད། སྐྱེས་བུ་ཆེན་པོ་འདི་ནི་ཤེས་རབ་མྱུར་ལ་ཟབ་པ། རྒྱ་ཆེ་ལ་དྲི་མ་དང་བྲལ་བའི་སྤོབས་པ་མཆོག་ཏུ་དགེ་བས་རྒྱུད་དང་བསྟན་བཅོས་ལ་སོགས་པའི་རྒྱ་གཞུང་བརླིང་པོ་སྔར་མ་གཟིགས་པ་མཐའ་དག་ཚར་རེ་རེའམ་གཉིས་ཚུན་ཆད་གཟིགས་པས་ཚིག་དང་དོན་གྱི་ཆ་མཐའ་དག་ཐུགས་ལ་ཟིན་ཅིང་གཙུག་ལག་ཐམས་ཅད་ལ་ཐོགས་པ་མེད་པའི་བློ་གྲོས་རྣོ་བས། སྒྲ་དང་རྟོག་གེ་དང༌། སྙན་ངག་དང༌། སྡེབ་སྦྱོར་དང༌། དོན་དུ་འགྱུར་བའི་ཚིགས་བཅད་སོགས་བོད་དུ་འགྱུར་བའི་གཞུང་ཉི་ཚེ་བ་རེ་གཉིས་ལ་མ་ལྟོས་པར་དེ་ཉིད་སྟོན་པའི་གཞུང་ལུགས་རྒྱ་ཆེན་པོ་མང་པོའི་དོན་མཁྱེན། སྐད་ཀྱི་རིགས་ཐམས་ཅད་ལ་མ་རྨོངས་ཤིང་ཐ་ན་དུད་འགྲོའི་སྐད་དང་བརྡ་ཡི་རིམ་པའང་མཁྱེན་པར་གྲགས། བསྟན་བཅོས་བརྩམས་པ་ན་གླེགས་བམ་བསྡུ་ཞིང་གཟིགས་པ་སོགས་རྟོག་དཔྱོད་ཀྱི་སྒྲོ་འདོགས་མི་དགོས་པར། ཆོས་ཀྱི་ཚིག་དོན་ལ་ཐོགས་རྡུགས་མེད་པར་འཇུག་པའི་སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་ཞིང༌། བསྟན་བཅོས་རྣམས་ཀྱང་དོན་བཟང་པོ། ཚིག་འབྲུ་བཟང་པོ། བརྗོད་པ་མ་འདྲེས་པ་ཤ་སྟག་འབྱུང་བས་ལེགས་པར་གསུངས་པའི་བཀའ་དང་རྗེས་སུ་མཐུན་པས་མཁས་པར་གྲགས་པས་གང་གིས་ཀྱང་རྩོད་མི་ནུས། དེས་མཛད་པའི་གསང་སྔགས་ཀྱི་མན་ངག་རྣམས་ལ་སློབ་པའི་རྒྱུད་དུ་བྱུང་བའི་གང་ཟག ལུང་མ་ཐོབ་ཀྱང་ཡི་གེ་ལས་བྱུང་བ་བཞིན་སྦྱར་བ་ལས་བྱིན་རླབས་མ་བྱུང་བ་མེད་པས་བདེ་བར་གཤེགས་པའི་སྤྲུལ་པར་ཡང་གླེང༌། དུས་དེ་ཙམ་ན་རྒྱ་གར་ཤར་ནུབ་གཉིས་ན་འགྲན་ཟླ་དང་བྲལ་བ་ཤྲཱི་ནཱ་ལེནྡྲའི་མཁན་པོ་ཇོ་བོ་ཨ་ཏི་ཤས་ཀྱང༌། འདི་རྒྱ་གར་གྱི་ཨཱ་ཙཱརྱ་ནག་པོ་སྤྱོད་པ་ཚེ་འཕོས་མ་ཐག་པ་དེ་ཡིན་པས། ཁོ་བོས་ཆོས་གཏམ་ག་ལ་སྤོབས་ཤེས་རྩོད་མེད་དུ་གྲགས་པར་གསུངས། སྤྱིར་བླ་མ་མང་པོ་མདོ་སྔགས་སོ་སོའི་རྒྱུད་པ་བྲེང་ཆགས་མཐུད་པ་ཙམ་ཡོད་མོད་ཀྱི། ཁྱད་པར་སྔ་འགྱུར་རྡོ་རྗེ་ཐེག་པའི་ཆོས་སྐོར་ལས། སློབ་དཔོན་པདྨའི་གདམས་པ་རྣམས་ནི་སྣ་ནམ་རྡོ་རྗེ་བདུད་འཇོམས། མཁར་ཆེན་དཔལ་གྱི་དབང་ཕྱུག ངོམ་ཨ་ཙར་དཔལ་མེ་ཏོག སྒྲོ་རྡོ་རྗེ་གཞོན་ནུ། ཞང་ཞུང་ཡོན་ཏན་གྲགས། རོང་བན་ཡོན་ཏན། རོང་བན་ཚུལ་ཁྲིམས་རིན་ཆེན་ལས་ཉིད་ཀྱིས་གསན་ནོ། །བཻ་རོ་ཙ་ནའི་མན་ངག་རྣམས། གཡུ་སྒྲ། བླ་ཆེན་དགོངས་པ་གསལ། གྲུམ་ཤིང་གླག་ཅན། གནུབས་དཔའ་བརྟན། ཡ་ཟི་བོན་སྟོན། དེས་ཀུན་མཁྱེན་རོང་ཟོམ་ལ་བཤད་དེ་སེམས་སྡེའི་བརྒྱུད་པ་གཅིག་གོ །ཡང་ཀློང་ཐང་སྒྲོལ་མར་ཨ་རོ་ཡེ་ཤེས་འབྱུང་གནས་ཞེས་བྱ་བའི་གྲུབ་པའི་སྐྱེས་བུ་གཅིག་བྱུང་སྟེ།དེ་ལ་རྒྱ་གར་མཁས་པ་བདུན་བརྒྱུད་དང༌། རྒྱ་ཡི་སློབ་དཔོན་བདུན་བརྒྱུད་ཀྱི་གདམས་པ་མངའ་ཞིང༌། དེས་ཅོག་རོ་ཟངས་དཀར་མཛོད་ཁུར་དང༌། ཡ་ཟི་བོན་སྟོན། དེས་ཉིད་ལའོ། ། འདི་ལ་རྫོགས་ཆེན་ཁམས་ལུགས་ཞེས་ཟེར། ཡང་བི་མས་ཉང་བན་ལ་གསུངས་པ་དང༌། རྨ་གཉགས་གཉིས་ལ་གསུངས་པའི་མན་ངག་ཀྱང༌། ཁུ་བྱང་ཆུབ་འོད། ཁྱུང་པོར་དབྱིག་འོད་ལ་བརྒྱུད་ནས་རིམ་གྱིས་རོང་ཟོམ་པ་ལ་མངའ་བས་གསང་སྔགས་སྔ་འགྱུར་གྱི་བསྟན་པའི་བདག་པོ་འགྲན་ཟླ་སྤངས་པ་ཞིག་སྟེ་འདི་ཉིད་ལའང་བསྟན་པའི་ཆུ་མགོ་གཅིག་གནས་སོ།འདིས་རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་ཝརྨ་དང༌། བུདྡྷ་ཨཱ་ཀ་ར་བྷ་དྲ་དང༌། ཨ་མོ་གྷ་བཛྲ་སོགས་པཎྜི་ཏ་མང་པོའི་ལོ་ཙཱ་མཛད་ནས་ཆོས་མང་དུ་བསྒྱུར། འགྱུར་ཤིན་ཏུ་བཟང་བས་གསར་འགྱུར་གྱི་དཔེར་འོས། པཎྜི་ཏ་ཀུན་ན་རེ། དྷརྨ་བྷ་དྲ་ཁྱོད་ཀྱི་ཆོས་མང་པོ་རྩོམས་ལ་འགྲོ་བ་རྣམས་སྐྱཽངས་ཤིག ཁྱོད་ཀྱི་ཡོན་ཏན་གཞན་ལྟ་ཞོག སྒྲ་ཚད་ཀྱི་ལུགས་འདིའི་སུམ་ཆ་ཙམ་ལས་མི་ཤེས་པས་ཀྱང་ངེད་རྒྱ་གར་ནས་ཆོས་རྩོམ་ན་ཁྱོད་ཀྱི་ཅིའི་ཕྱིར་མི་བརྩམ་གསུངས། སྔོན་སྐུ་ན་ཆུང་དུས་མདོ་སྟོན་སེངྒེ་རྒྱལ་མཚན་ལས་སྔ་འགྱུར་གསན་སྐབས་མནལ་ལམ་དུ། གསང་བ་སྙིང་པོས་ཟན་བྱས། སངས་རྒྱས་མཉམ་སྦྱོར་གྱི་ཚོད་མ་བྱས་ནས་གསོལ་བ་རྨིས། དེ་སློབ་དཔོན་ལ་ཞུས་པས། ཤིན་ཏུ་ངོ་མཚར་ཆེ། ཆོས་ཐམས་ཅད་ཁོང་དུ་ཆུད་པའི་རྟགས་ཡིན། ཁྱོད་ཀྱི་འགྲེལ་བ་རེ་གྱིས་གསུངས་པས། བླ་མའི་དགོངས་པ་རྫོགས་སླད། བསླབ་པ་གསུམ་ལ་ལྟོས་པའི་མན་ངག་གསུམ་མཛད་དེ། ལྷག་པ་ཚུལ་ཁྲིམས་བསླབ་པའི་དོན་གྱི་ངེས་བརྗོད་དམ་ཚིག་མདོ་རྒྱས། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་སྟོན་པའི་འགྲེལ་བ་ཚུལ་འདི་ལ་མཆོད་བརྗོད་ཀྱི་ཚིག་ལས་མཚན་དཀོན་མཆོག་འགྲེལ་ཡང་ཟེར་མཆན་བཞི་ཡན་ལག་བཅོ་ལྔ་པ། ལྷག་པ་ཤེས་རབ་གྱི་བསླབ་པ་སྟོན་པ་རྫོགས་ཆེན་ལྟ་སྒོམ་མན་ངག སངས་རྒྱས་མཉམ་སྦྱོར། ངན་སོང་སྦྱོང་རྒྱུད། འཇིགས་བྱེད་སྨྲ་སྒོ་ལ་སོགས་པའི་འགྲེལ་པ་མང་པོ། དེ་དག་གི་ནང་ནས་ཀྱང་ཐེག་ཆེན་ཚུལ་ལ་འཇུག་པའི་བསྟན་བཅོས་སོགས་གཞུང་གཏིང་ཟབ་ལ་གོ་དོན་སློང་ཆེ་བ་བརྗོད་ཀྱིས་མི་ལང་བ་དང༌། མདོར་ན་མདོ་རྒྱུད་བསྟན་བཅོས་ཀྱི་བྱེ་བྲག་ལ་ཐུགས་སུ་མི་ཆུད་པ་བྱ་བ་ཤེས་བྱ་ལ་སྲིད་པར་མ་གྱུར་པས་ཐམས་ཅད་མཁྱེན་པའི་གནས་ལ་རང་གིར་མཛོད་དེ་ཐ་ན་འཇིག་རྟེན་པའི་ཞིང་ལས་དང་ཕྱུགས་སྐྱོང་བ་དང༌། དཀར་ཤེ་ཇི་ལྟར་སྒྲུབ་པ་ཚུན་གྱི་བསྟན་བཅོས་མཛད་པས། ཤབ་ཀྱི་ཡང་ཁྱེད་བླ་མ། མར་པ་དོ་བོ། འུ་ཡུག་པ་མདའ་སྟོན། མདོའི་ཁྱུང་པོ་ཧཱུྃ་སྙིང༌། སེ་ཁྲོམ་རྒྱ་མཚོ་འབར། མཚམས་སྟོན་གོ་ཆ། སྦང་ཀ་དར་ཆུང༌། འགོས་ལྷས་བཙས། རྒྱ་རྒྱ་ཚུལ་སོགས་བོད་རུ་བཞིའི་མཁས་པ་ཀུན་གྱི་དཔྱད་གདགས་པ་དང༌། རྩོད་པའི་བྱ་བ་ལ་མངོན་པར་ལྷགས་པས། ལུང་གི་འཐད་པ་དང་རིགས་པས་དཔྱད་བཟོད་པ་དང་གཏན་ཚིགས་དང་བླ་མས་ཉེ་བར་བསྟན་པ་དང་མི་འགལ་ཞིང༌། སྒྲ་སྐྱོན་དང་དོན་སྐྱོན་ལ་སོགས་པ་འགལ་ཟླའི་ཕྱོགས་ཐམས་ཅད་རྣམ་པར་སྤངས་པའི་མཁྱེན་རབ་ཀྱི་སྤཽབས་པས་ཚར་བཅད། བསྟན་བཅོས་རེ་མཐོང་ཞིང་དེའི་ཚིག་དོན་ལ་རོ་མྱོངས་བས་ཐམས་ཅད་ངོ་མཚར་སྐྱེས་ནས། བསྟི་སྟང་དང་རི་མོར་མཛད་ནས་བླ་མར་ཁུར་བ་ཤ་སྟག་ཡིན་པར་གྲགས། དེ་སྐད་དུ། གོ་རུབ་ལོ་ཙཱ་བ་ཞེས་མང་དུ་ཐོས་པའི་གཟུངས་འཛིན་པ་དེས་ཀྱང་དང་པོར་དཔྱས་འདོགས། བར་དུ་ཐེག་ཆེན་ཚུལ་འཇུག་གི་གླེགས་བམ་དེ་གཟིགས་པས་གུས་པ་ཆེན་པོ་སྐྱེས། ཐ་མ་ཟང་ཟིང་མང་པོའི་བསྙེན་བཀུར་དང་བཅས་ཉེས་པ་བཤགས་ཤིང་རྗེས་སུ་བཟུང་བར་གསོལ་བ་བཏབ། འཇམ་དཔལ་གསང་རྒྱུད་སོགས་ཆོས་མང་དུ་གསན། གསང་རྒྱུད་སྐབས། འོ་སྐོལ་ལ་རྒྱ་དཔེ་ཡོད་ན་འདི་ལྟར་འགྱུར་བ་ཡིན་ཏེ། རྒྱ་དཔེ་མེད་པས་ད་ལྟ་བཅོས་སུ་མེད་གསུངས་པ་རྣམས་གོ་རུབ་པས་བློ་ལ་བཟུང་སྟེ། ཕྱིས་ཇོ་བོ་ཀྲྀཥྞ་ལས་དཔེ་བྱུང་ནས་དེ་ལ་མཉན་པས་རོང་ཟོམ་པཎྜི་ཏའི་གསུངས་ཇི་ལྟ་བར་བྱུང་བས་ཤིན་ཏུ་ཡང་མོས་པ་ཐོབ་སྟེ། ཀྲིཥྞའི་རྒྱ་དཔེ་རོང་པར་ཕུལ་ནས་སླར་གསན་སྐད། གྲུབ་པའི་རྣམ་ཐར་ལ་གཞལ་ན། བྲག་ཆེན་གཟར་པོ་མེ་ལོང་ལྟ་བུའི་ངོས་ལ་རྫུ་འཕྲུལ་གྱི་སྤྱོད་པས་གཤེགས་པ་དང༌། བྲག་ལ་ཕུར་པ་འདེབས་པ། ནམ་མཁའ་ལ་འཕུར་བ། ལྷ་འདྲེ་རྣམས་བྲན་དུ་ཁོལ་བ། མངོན་པར་ཤེས་པ་རྒྱ་མཚོ་ལྟ་བུ་ལ་དབང་བསྒྱུར་པ་སོགས་མང་དུ་ཡོད་མོད་ཀྱི། འདི་ལྟ་བུའི་ལྟ་བ་མཆོག་ཏུ་གྱུར་ཅིང༌། སོ་སོ་ཡང་དག་རིག་བཞིའི་ས་ཐོབ་པ་དག་ལ་སྐྱེ་བོ་ཕལ་པ་ཡིད་བརྟན་པར་བྱེད་པའི་མངོན་རྟགས་གྱི་ན་བ་ཡི་གེའི་ལམ་དུ་འདྲེན་པ་ངོ་མཚར་བ་མ་ཡིན་ནོ། ། དེ་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ཡང༌། བདག་བསྟོད་ལ་སོགས་པའི་དྲི་མ་དང་བྲལ་ཅིང༌། གཞན་གྱི་ཆོས་ལུགས་དང་སྤྱོད་པ་དམན་ཡང་དོན་དུ་འགྱུར་ན་མ་གཏོགས་ཁྱད་གསོད་དང་ངག་རྩུབ་གཏན་ནས་མི་གསུངས། ཆོས་ལ་མོས་པ་དང་ཆོས་ཀྱི་གང་ཟག་དང༌། ཁྱད་པར་རྡོ་རྗེ་ཐེགས་པ་ལ་ཞུགས་ནས་གསང་སྔགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པར་འདོད་པ་དག་ལ་ཕན་གདགས་པའི་ཐུགས་དགོངས་ཟབ་མོ་མངའ་བས་ཕྱིན་ཅི་མ་ལོག་པའི་གདམས་པ་ནན་ཏན་དུ་འདོམས་ཤིང་ཕན་འདོགས་པར་མཛད། མངོན་པར་ཤེས་པ་དང་ལྡན་པས་གདུལ་བྱ་འདུལ་བའི་དུས་དང་ཚད་ལ་མཁས་པས་འགྲོ་བ་ཕལ་པ་རྣམས་བློ་བསྒྱུར་ཞིང༌། ཆོས་ལ་གནས་པ་རྣམས་དེའི་འགལ་ཟླར་གྱུར་པ་ལས་བློ་ལྡོག་པའི་ཕྱིར། འབྱར་ཞིང་འགྲིགས་པའི་བསྟན་བཅོས་ཞལ་སྒོ་ལས་ཕྱུང་སྟེ་ཕན་འདོགས་པ་ལ་རྟག་ཏུ་སྐྱོ་བ་མི་མངའ། ཆོས་ཀྱིས་བློ་མ་བསྒྱུར་པའི་ཐ་མལ་པ་ལའང༌། ཟང་ཟིང་གི་སྦྱིན་པས་རེ་བ་སྐོང་བ་དང༌། ལོག་སྒྲུབ་བཟོད་པས་སྙིང་རྗེའི་ཡུལ་དུ་མཛད་ནས་ཞི་བདེ་ལ་འགོད། སྡོམ་པའི་གནས་དང་ཐུགས་དམ་ལ་སྲོག་གི་དབང་པོ་ལྟར་གཅེས་སྤྲས་མཛད་ཅིང་གཞན་ཡང་དེ་ལ་འགོད་པ་སོགས་སྒོ་དུ་མ་ནས་བསྟན་པ་དང་སེམས་ཅན་གྱི་དོན་རླབས་པོ་ཆེ་མཛད་པའི་རྣམ་ཐར་རྨད་དུ་བྱུང་བ་དང་ལྡན་ཞིང་སྤྲུལ་པའི་སྐུར་རྩོད་པ་དང་བྲལ་བའི་པཎྜི་ཏ་ཆེན་པོ་དེ་ལ་གནས་སྐབས་དེ་ཙམ་ན་བྱོན་པའི་མཁས་པ་ཐམས་ཅད་ཀྱིས་མངོན་པར་བསྟོད་ཅིང་སྤྱི་བོས་བཏུད་པར་གྱུར་ལ། དགུང་ལོ་བརྒྱ་དང་བཅུ་དགུ་བཞུགས་ཏེ་བསྙུན་མེད་པར་གཤེགས་པར་གྲགས། བོད་གངས་ཅན་གྱི་ལྗོངས་འདིར་འདི་དང་མཉམ་པ་ནི་སུ་ཡང་མ་བྱུང་ངོ་ཞེས་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་ཀྱང་བསྔགས་ཤིང་ཡོངས་སུ་གྲགས་སོ། ། འདི་ལ་སྲས་བརྒྱུད་དང་སློབ་བརྒྱུད་གཉིས་ཀྱི་དང་པོ། སྲས་གཟི་བརྗིད་འབར་དང་འབུམ་འབར་གཉིས་ལས་སྲས་བརྒྱུད་ཡུན་རིང་བྱུང་བ་ཐམས་ཅད་ཀྱང་རྡོ་རྗེ་ཕུར་པའི་སྒོ་ནས་གྲུབ་པ་བརྙེས་པ་ཤ་སྟག་ཡིན། སློབ་བརྒྱུད་ནི། གོ་རུབ་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ། མར་པ་ཆོས་ཀྱི་དབང་ཕྱུག་སོགས་ལོ་ཙཱ་བ་ཆེན་པོ་བཅུ་བདུན། གཡག་རྡོ་རྗེ་འཛིན་པ་སོགས་གྲུབ་ཐོབ་ཆེན་པོ་སུམ་ཅུ་རྩ་ལྔ།མ་ཅིག་ཞ་མའི་མིང་པོ་རྗེ་འཁུན་བུ་པ་སོགས་སྒོམ་ཆེན་རྣལ་འབྱོར་གྱི་དབང་པོ་བརྒྱ་བརྒྱད་ཅུ། ཡོལ་ལྕགས་དགེ་བསྙེན་རྡོ་རྗེ་དབང་ཕྱུག་དང༌། ཡང་ཁྱེད་བླ་མ་སོགས་གདུགས་ཐོགས་ཀྱི་བཤེས་གཉེན་ལྔ་བརྒྱ་ལ་སོགས་པ་བྱོན་ཏོ།། ། ད་ནི་མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་སྤྱིའི་བབས་སོ་ཆེན་པོ་གསུམ་རྗེས་འབྲང་དང་བཅས་པའི་གཏམ་བཤད་པར་བྱ་སྟེ། དེ་ལ་གངས་རིའི་ཁྲོད་འདིར་བསྟན་པ་དང་པོ་གཉགས་ལ་བབས་ཏེ། གཉགས་ཛྙཱ་ན་ཀུ་མཱ་ར་ནི། ཡུལ་ཡར་ཀླུངས་འཕྱོས་སུ། ཡབ་གཉགས་སྟག་སྒྲ་ལྷ་སྣང་དང༌། ཡུམ་སྲུ་བཟའ་སྒྲོན་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། མགྲིན་པར་སྨེ་བ་རྡོ་རྗེ་རྒྱ་གྲམ་ཡོད། མཚན་རྒྱལ་བའི་བློ་གྲོས་སུ་བཏགས། མཁན་པོ་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་ཞིང་མདོ་སྔགས་ཀྱི་ཆོས་མང་དུ་བསྒྱུར། སློབ་དཔོན་པདྨ་འབྱུང་གནས། བི་མ་ལ། བཻ་རོ། གཡུ་སྒྲ་སྙིང་པོ་ཀུན་ལ་བསྟེན་པས། དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊཱིཀ་སྟོང་ཐུན་དང་བཅས་པ། སྙན་བརྒྱུད་གདམས་ངག་གི་ཆུ་བོ་གནད་ཡིག་དམར་ཁྲིད་དང་བཅས་པ། བྱིན་རླབས་དབང་གི་ཆུ་བོ་བསྐུར་ཐབས་ངོ་སྤྲོད་དང་བཅས་པ། ཕྱག་བཞེས་ཕྲིན་སྒྲུབ་ཀྱི་ཆུ་བོ་བསྟན་སྲུང་དྲག་སྔགས་དང་བཅས་པ་སྟེ་བཀའི་ཆུ་བོ་ཆེན་པོ་བཞི་འདུས། སློབ་དཔོན་ཆེན་པོས་བདུད་རྩི་ཡོན་ཏན་གྱི་དཀྱིལ་འཁོར་དུ་སྨིན་པར་མཛད་པས་ཤེལ་བྲག་ནས་གྲུབ་ཆུ་བཏོན། གཙོ་བོར་ཕུར་པ་ལས་མངོན་རྟགས་བརྙེས་པ་ཡིན། བཙད་པོ་ཁྲི་སྲོང་གཤེགས་རྗེས་བཙུན་མོ་ཚེ་སྤོང་བཟས་ལོ་པཎ་ཕལ་ཆེར་དབུ་འཕང་སྨད། གཉགས་ལོ་ཡར་འབྲོག་ཏུ་བཞུགས་པར། རང་གི་ཕ་སྤུན་གཉགས་དགེ་སྟོན་དགྲར་ལངས་ནས་ཐབས་སྣ་ཚོགས་པས་སྐུ་ལ་བསྡོ་བར་བརྩམས་པས་ཀོང་པོ་མཆིམས་ཡུལ་དུ་ཕེབས། དེར་ལུང་སྟོང་ཞིག་ན་ར་བདུན་འགྲོ་བ་དེད་པས། བདག་པོ་མཆིམས་བྱ་རོག་གིས་ཤེས་ནས་རྐུ་ཁག་ཕོག ར་ལ་བདུན་འཇལ་སྤྲད་ཀྱང་མ་ཉན་པར་དབེན་པ་བཤིག ལྕགས་ཀྱི་ཐོ་ལུམ་བཟུང་ནས་དེད་དེ་བཞུགས་སུ་མ་སྟེར་བས་དབུས་སུ་གཏད་ནས་བྱོན་ཙ་ན། འགྲོ་སྲས་ཆུང་ཤ་བ་ཞིག་དེད་ནས་བྱུང་བ་དང་འཕྲད། ཁོའི་རྟ་འདྲོགས། ཤ་བ་ཤོར་བས་ཁོ་ཁྲོས་ཏེ་གསོད་དུ་བྱུང་བར་འགྲོས་པའི་འདུན་པ་གཅིག་གཏད་པས་ཁོས་མ་མཐོང་བར་ཐར། དེར་ལྷ་སྲས་མུ་ནེ་བཙན་པོ་ཡུམ་དམར་རྒྱན་གྱིས་དུག་གིས་བཀྲོངས་པའི་འདད་ཀྱི་ཚོགས་དབུར་སློབ་དཔོན་བི་མ་ལ་རྒྱ་ནག་ནས་རྫུ་འཕྲུལ་གྱིས་བྱོན་པ་དང་མཇལ། གསེར་ཕྱེ་ལོང་མོ་གང་ཕུལ་བས། ལོ་ཙཱ་དཔོན་གཡོག་སྐྱིད་དམ་གསུངས་པར། ཡར་འབྲོག་སྒོང་དུ་སྐྱིད་བགྱི་རུ། ། དགེ་ལ་སྟོན་གྱིས་མ་སྟེར་རོ། ། མཆིམས་ཡུལ་སྨད་དུ་སྐྱིད་བགྱི་རུ། ། བྱ་རོག་དམྱལ་བས་མ་སྟེར་རོ། ། བོད་ཡུལ་དབུས་སུ་སྐྱིད་བགྱི་རུ། ། འགྲོ་སྲས་ཆུང་གིས་མ་སྟེར་རོ། ། ཞུས་པས། ལོ་ཙཱར་བརྙས་ན་བསྟན་ལ་གནོད་པར་དགོངས་ནས་ཕུར་པ་ཕུན་སུམ་ཚོགས་པ་དང་གཤམ་སྔོན་གཉིས་ཐུགས་ནས་ཕྱུང་སྟེ་བཤད། ལྷོ་བྲག་གཡར་ཆུ་སྣེའི་བྲག་ཕུག་ཏུ་ལོ་པཎ་ལྷན་ཅིག་པར་སེང་ཕུར་ཉེར་གཅིག་ལ་བརྟེན་ནས་བསྒྲུབས་པས་ཕུར་པ་རྣམས་ཕན་ཚུན་འཁྲོལ་བ་ཙམ་དུ་གྲུབ།དེར་གཉགས་ཀྱིས་ཏིང་ངེ་འཛིན་གྱི་ངང་ནས་ཕུར་ལ་གདེངས་ཏེ་བྱ་རོག་ལའོ་བྱས་པས། སྟོང་ཁམས་ཀྱི་བྱ་རོག་རྣམས་འདུས། སླར་མཆིམས་ཀྱི་བྱ་རོག་ལའོ་ཞེས་བསྒྲིལ་པས། མཆིམས་ནས་བྱ་རོག་ཟུང་ཞིག་བྱུང་བར་གཉགས་ཁྲོས་ནས་གཅིག་ལ་གདེངས་པའི་མོད་ལ་ཤིའོ། ། དེར་སློབ་དཔོན་གྱིས་མངོན་སྤྱོད་ཀྱི་མཐུས་བསད་པ་གྲུབ་ཀྱིས། ད་ཆོས་ཉིད་ཀྱི་མཐུས་གསོ་བ་ཨེ་གྲུབ། གསོས་ཤིག་གསུངས་པས་གཉགས་ཀྱིས་གསོ་མ་ནུས། བི་མས་བྱེ་མ་གཅིག་བཏབ་པས་མོད་ལ་བྱ་རོག་སོས་ནས་འཕུར་བར་གྱུར་ཏོ། ། རྟོགས་པས་བདག་མ་བསྒྲལ་པར། དྲག་ཤུལ་གྱི་ལས་བརྩམས་པ་གྲུབ་ཀྱང་ཉེས་པ་ཆེའོ་གསུངས་ནས་གནས་ལུང་གི་ཆོ་ག་མཛད། དེ་ནས་མཆིམས་ལྷ་གཡག་དཀར་དུ་བརྫུས་ནས་བྱུང་བ་སྔུན་ལ་བསྒྲལ།དེ་ནས་མཆིམས་བྱ་རོག བླ་སྤྱང་རབ་འབྲིང་ཐ་གསུམ། བྲན་དང་ཁོལ་པོ། འོག་རྟ་སྒོ་ཁྱི་གནག་གི་གཉེན་མཚམས་དང་བཅས་ཕུར་པ་གདེངས་ཆོག་གི་མཐུས་བསྒྲལ་ནས་རབ་བཅད།དེ་ནས་གཉགས་དགེ་སྟོན་ལ་བཏབ་པས་འདི་ལྟར་དྲག་པོ་མངོན་སྤྱོད་ཀྱི་ལས་ནི་རྣམ་པ་ཞེ་སྡང་རྡོ་རྗེའི་རྟེན་འབྲེལ་ལ་ལྷག་པར་ལྟོས་པ་ཞིག་ན། སློབ་དཔོན་བི་མའི་ཐུགས་རྗེས་གཉགས་ལ་སྙིང་རྗེ་ཆེན་པོའང་སྐྱེས། དགོངས་པ་ཆོས་ཉིད་དུ་འགྱུར་བས་ཡེ་མ་ཐེབས། དེར་བི་མས་ལས་འདི་ལ་གྲོགས་མངོན་སྤྱོད་ཀྱི་མཚན་དང་ལྡན་པ་ཞིག་རྙེད་ན་ཐེབས་གསུངས་པས་འཚོལ་དུ་བྱོན་པ་ན། སོག་པོ་བེག་རྩེ་ཞེས་པ་རྙེད་ནས་ཁོའི་མགར་བྱེད་སར་བྱོན་པས་རྒྱུ་མཚན་ཉིད་ཀྱི་ཆོས་བཤད་པས་ཉན་དུ་མ་འདོད། ཕྱི་རྒྱུད་སྡེ་གསུམ་གསུངས་པས་རེས་འགའ་ཨན་ཙམ་ཉན་ཅིང་གཞན་ཐོ་བ་ཆེམས་ཆེམས་བརྡུང༌། ནང་རྒྱུད་སྡེ་གསུམ་བཤད་ཀྱིན་ལྕགས་ཀྱི་ལྕུག་མ་སྙོད་པ་རྣམས་ཁྱུར་མིད་བྱས་པས། ཁོ་དད་དེ་ལག་ཆ་རྣམས་ཕུལ་ནས་སློབ་མར་བྱས། ལྷ་དཔལ་གྱི་ཡེ་ཤེས་སུ་མིང་སྤོས། དེ་བཞིན་དུ་འོ་བྲན་དཔལ་གྱི་གཞོན་ནུ་ཡང་ཕུར་པ་སྒྲུབ་པའི་མཚན་ལྡན་དུ་ཤེས་ནས་དཔོན་སློབ་གསུམ་ཀས་བསྒྲུབས་པས། དེ་དགེ་སྟོན་གྱིས་ཚོར་ནས་གསོད་དུ་བྱུང་བ་ལམ་བར་དུ་བྱ་ཆེན་པོ་ཞིག་འཕུར་ནས་རྟ་འདྲོགས། ཤ་ཁམས་ཁྲག་ཐིག་ཏུ་གྱུར་ཏེ་སྲུང་མས་དངོས་སུ་བསྒྲལ། སོག་པོ་དཔལ་ཡེས་དེའི་སྙིང་ཕྱུང་ནས་སློབ་དཔོན་ལ་ཕུལ། མདོར་ན་སྐྱོབ་པའི་ལྷ་བྱ་ཁྲར་སྤྲུལ་པ་དང༌། བླ་སྤྱང་བྲན་འཁོར་སོགས་སྔར་བཞིན་རབས་བཅད། འགྲོ་སྲས་ཆུང་ནེ་ཐང་དུ་རྟ་འཚོ་བའི་རྣམ་ཤེས་བཀུག་ནས་གདབ་ལས་ཀྱི་ཚར་བཅད། འགྲོ་ལྷ་སྤྱང་ཀིར་བརྫུ་བ་སོགས་སྔར་བཞིན་ཁ་དག་པར་བྱས་ནས་རབས་བཅད། མདོ་སྒྱུ་སེམས་གསུམ་ཀའི་བསྟན་པའི་བདག་པོར་གྱུར་ཅིང་ཉན་བཤད་ཀྱི་སྒོ་ནས་སློབ་མ་ཁྱད་པར་ཅན་མང་དུ་བསྐྲུན་པས་བཀའ་དྲིན་བསམ་གྱིས་མི་ཁྱབ། མཐར་སྙན་བརྒྱུད་རྡོ་རྗེ་ཟམ་པ་དང༌། མན་ངག་སྡེ་ལས་དངོས་གྲུབ་ཆེན་པོར་བརྙེས་ཏེ་སྟོང་གསལ་འོད་ཀྱི་ཕུང་པོར་གཤེགས་སོ། ། དེའི་སློབ་མའི་གཙོ་བོ། སོག་པོ་དཔལ་ཡེ། གྲ་དཔལ་སྙིང༌། ལྷ་ལུང་དཔལ་རྡོར། འོ་བྲན་དཔལ་གཞོན། གཉན་དཔལ་དབྱངས། མཚུར་ནག་ཡེ་དཔལ།ཨུ་པ་དོ་གསལ། ཐད་དཔལ་རྡོར། དགྱེ་འཕགས་ཤེ། བྷུ་སུ་ཀུ་མཆོག་སྟེ་དཔལ་བརྒྱད་དང༌།དབོན་རྒྱུད་ལས་ཀྱང་ཕྲིན་ལས་རྒྱ་ཆེར་བྱུང་ངོ༌། ། སོག་པོ་དཔལ་གྱི་ཡེ་ཤེས་ནི། ཡུལ་ཡར་འབྲོག་པ། སློབ་དཔོན་ཆེན་པོའི་དུས་དངོས་གྲུབ་བརྙེས་ཟིན་པ་གཅིག་ཐུན་མོང་བའི་སྣང་ངོར་མགར་བའི་ཚུལ་འཛིན་པ་ཞིག་ཡིན། གཉགས་ལོ་ཆེན་པོ་དེ་སངས་རྒྱས་དངོས་དང་མཚུངས་པའི་པཎ་གྲུབ་རྣམས་ལ་བསྟེན་པས་མཁྱེན་པ་ཤིན་ཏུ་རྒྱས་སྟབས། སློབ་དཔོན་རྣམས་ལས་ཀྱང་ང་རང་མཁས་སོ་སྙམ་པའི་རྟོག་པ་ལན་གསུམ་སྐྱེས་པས། སྐུ་སྲོག་ལ་བབས་པའི་དོ་གལ་ལན་གསུམ་བྱུང་བའི་སྐབས་ཤིག གཉགས་དམར་ཕ་སྤུན་གྱིས་མི་ཤ་འཁོན་དུ་བྱས་ནས་སློབ་དཔོན་བཙོན་དུ་བཟུང་བར། བླ་མའི་ཕྱིར་དུ་ལུས་སྲོག་འདོར་བའི་རྡོ་རྗེའི་དམ་ཚིག་གཉན་པོ་ལ་འཚལ་བས་བཙོན་སྲུང་གཉིས་བཀུམས། སློབ་དཔོན་བརྩོན་དོང་ནས་སྤྱན་དྲངས་པ་སོགས་སྐུ་དགྲ་ལན་གསུམ་བརྟུལ་ཅིང་ཐུགས་ལན་གསུམ་བཟུང་བས།རྡོ་རྗེ་ཕུར་པའི་དཀྱིལ་འཁོར་མངོན་སུམ་དུ་སྤྲུལ་ནས་རྗེས་སུ་བཟུང་ངོ༌། །དེས་གནུབས་ཆེན་ལ་གདམས་པའོ། ། དེ་ལ་སྔ་འགྱུར་གྱི་བསྟན་པ་བར་དུ་གནུབས་ལ་བབས་ཏེ། གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ནི། ཡབ་གནུབས་རིགས་གསལ་བའི་དབང་ཕྱུག་དང༌། ཡུམ་མཆིམས་མོ་བཀྲ་ཤིས་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། མཚན་རྡོ་རྗེ་ཁྲི་གཙུག་ཏུ་གྲགས། ལོ་བདུན་བར་འོ་བྲན་དཔལ་གཞོན་ལས་འབྲྀ་ཀློག་སྦྱངས། མཁན་པོ་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང༌། བསམ་ཡས་སུ་བལ་བོ་བ་སུ་དྷ་ར་དང་མཇལ་ནས་གདམས་ངག་འགའ་ཞིག་ཐོབ། སློབ་དཔོན་བྱོན་ཁར་བལ་ཡུལ་དུ་ཤོག་གསུངས་པས་རྒྱ་བལ་ལ་འགྲོ་འདུན་སྐྱེས། སྤྱིར་རྒྱ་གར་ལ་ལན་བདུན་བྱོན་པའི་སྔ་རེས་དང་པོ་ལོ་བཅུ་གསུམ་པ་ཡིན་པར་གྲགས། སློབ་དཔོན་པདྨས་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཐོབ་པས་དངོས་གྲུབ་བརྙེས། རེ་ཞིག་ན་ཡུལ་ཞིང་བཙོངས་པའི་རིན་གསེར་ཞོ་ལྔ་བཅུ་བྱུང་བ་བསྣམས་ཏེ་རྒྱ་བལ་དུ་བྱོན། བལ་པོ་བ་སུ་དྷ་ར། མདོ་ལུང་གི་མཁན་པོ་ཆོས་རྒྱལ་སྐྱོང༌། དྲག་སྔགས་ཀྱི་མངའ་བདག་རོམ་བུ་གུ་ཧྱ་ཙནྡྲ། བྲུ་ཤའི་མཁན་པོ་ཆེ་བཙན་སྐྱེས་སོགས་རྒྱ་གར། བལ་པོ། བྲུ་ཤའི་མཁས་པ་མང་ཞིག་བསྟེན། མདོ་དགོངས་པ་འདུས་པ་སོགས་མཁྱེན་པར་མཛད། བསམ་ཡས་སུ་ལོ་ཙཱའི་གྲར་བཞུགས་ནས་ཆོས་ཀྱང་མང་དུ་བསྒྱུར།དབེན་པ་འབའ་ཞིག་བསྟེན་དགོངས་པ་ལ། སྤྱིར་དུས་འདི་ཙམ་ན་རྒྱལ་ཁྲིམས་ཞིག་ཅིང༌། ཕྱོགས་རིས་ཀྱི་འཁྲུགས་རྩོད་དང་དར་བའི་སྐབས་སུ་གྱུར་པས་གནུབས་ཆེན་ཡབ་སྲས་ལ་འོ་བརྒྱལ་ཆེན་པོ་བྱུང༌། ཁྱད་པར་སྐུ་ཚེ་སྔ་མའི་འདུལ་ཞིང་གི་ལྷག་མ་ལུས་པ་སོགས་ཀྱིས་ཡུལ་པའི་ཁེངས་ལོག་སྔ་ཕྱི་བར་གསུམ་དུ་བྱུང་ཞིང་རིགས་སྲས་གཉིས་བཀྲོང་བས་རྒྱ་བལ་གྱི་ཡུལ་ནས་གཤེད་སྐོར་རྒྱ་མཚོ་ལྟ་བུའི་དྲག་སྔགས་རྣམས་སྤྱན་དྲངས་པ་ཡིན་ཏེ། ཇི་སྐད་དུ། བདག་འདྲ་གནུབས་ཀྱི་བན་ཆུང་ཡང༌། ། སྙིང་ནས་ཆོས་བཞིན་བྱ་སེམས་སྐྱེས། ། ཞེ་སྡང་དགྲ་བོས་བྱེད་མ་སྟེར། ། སངས་རྒྱས་བསྟན་པ་སྲུང་བའི་ཕྱིར། ། ཞེ་སྡང་དེ་མ་ཐག་ཏུ་བསྐྱེད། ། དཀར་པོའི་ཆེ་བ་འདོན་བསམས་ནས། ། ངན་སྔགས་ཡིག་སྣ་སྣ་ཚོགས་བསླབས། ། ཞེས་དང༌། བླ་མ་བཅུ་གཅིག་ཞབས་ནས་བཏེགས། ། འོན་ཀྱང་མཁས་པ་བཞི་ལ་གཏུགས། ། སློབ་དཔོན་དཔལ་གྱི་སེང་གེ་དང༌། ། རྒྱ་གར་ཁྲག་འཐུང་ནག་པོ་དང༌། ། ཕུང་བྱེད་ཤཱནྟིཾ་གརྦྷ་དང༌། ། བལ་པོ་བ་སུ་དྷ་ར་བཞི། ། མཁས་པ་བཞི་ཡི་ཐུགས་བརྟོལ་ནས། ། ཟབ་པའི་མན་ངག་ཐུགས་ལ་བཏགས། །ཞེས་སོགས་གསུངས་པ་བཞིན་ནོ། ། སྐབས་ཤིག་རྡོ་རྗེ་གདན་ལ་ཚོགས་གསོག་མཛད་པས། ནམ་མཁའི་ཀློང་ནས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཞིག་རང་གི་ཐད་ཁྲུ་གང་གིས་སར་བྱུང་སྟེ་ལན་གཉིས་སུ་མ་ཟིན། ལན་གསུམ་པའི་ཚེ་ཕྱག་གཡས་པའི་མཐེབ་སྲིན་གྱི་བར་དུ་ཆགས་པའི་མོད་ལ་དེ་ཕྱག་ན་རྡོ་རྗེ་དངོས་ཀྱི་སྐུར་གྱུར། དབང་བསྐུར།བྱིན་གྱིས་བརླབས། སངས་རྒྱས་ཡེ་ཤེས་སུ་མཚན་གྱི་ཅོད་པཎ་དཔྱངས། དབང་རྟགས་སུ་རྡོ་རྗེ་རྩེ་དགུ་འབྲལ་མེད་དུ་འཆང་བ་ད་ལྟ་རོང་བྱམས་ཆེན་གྱི་ཐུགས་ཀ་ན་ཡོད་པར་གྲགས།རྒྱ་བལ་གྱི་རུ་མཚམས་རྡོ་རྗེ་རྩེ་ལྔའི་བྲག་ཕུག་ཏུ་སློབ་དཔོན་པདྨ་ལས་ཀྱང་སྡོམ་པ་ནོད་པ་སོགས་རྒྱུད་དང་མན་ངག་མང་པོ་ཐུགས་སུ་ཆུད། དུར་ཁྲོད་སོགས་དྲག་པོའི་གནས་རྣམས་སུ་སྒྲུབ་པ་མཛད་པས། འཇམ་དཔལ་གཤིན་རྗེ་གཤེད་སོགས་ཡི་དམ་གྱི་ལྷ་དཔག་ཏུ་མེད་པས་ཞལ་གཟིགས། སྡེ་བརྒྱད་མཐུ་བོ་ཆེ་རྣམས་ཀྱིས་མཆོད་ཅིང་སྟངས་ཕུལ། དུར་ཁྲོད་ཕུང་ལུང་ནག་པོར་ཨེ་ཀ་ཙ་ཊིས་བྲམ་ཟེ་མོའི་ཐོད་པ་དངོས་གྲུབ་ཀྱི་རྫས་སུ་བྱིན། པདྨ་གར་གྱི་དབང་ཕྱུག་གི་མོན་ཁ་ཁྲའི་ཐོད་པ་དམ་ཚིག་གི་རྫས་སུ་སྤྲད། མངོན་ཤེས་དང་རྫུ་འཕྲུལ་ཐོགས་མེད་དུ་གྲུབ། སྒྲུབ་གནས་ཀྱི་མཐིལ་སྒྲགས་ཡང་རྫོང་དུ་མཛད། ཉུག་གི་རྡོ་རྗེ་སྒྲོམ་བུར་ཟླ་བ་དགུས་སེམས་ཉིད་ཀྱི་བཙན་ས་ཟིན། དྲུག་བཅུ་རེ་གཅིག་པར་སྒྲགས་སུ་ཁེངས་ལོག་བྱུང་བས་གཤིན་རྗེ་གཤེད་ཀྱི་དྲག་སྔགས་རྣོན་པོས་སྒྲགས་ཀྱི་གྲོང་ཁྱེར་སུམ་བཅུ་རྩ་བདུན་བརླགས། སླར་གནུབས་ཡུལ་རོང་དུ་བྲོས། དེར་ཡང་བཞུགས་སུུ་མ་སྟེར་ནས་སྙེ་མོ་བྱེ་མཁར་བཟུང༌། དེ་ཡང་དམག་གིས་བསྐོར་ནས་སྐུ་སྲོག་ལ་བསྡོ་བར་ཉེན་པ་ན། མཁར་གྱི་རྩེ་ནས་ལྷ་འདྲེ་གཉན་པོ་རྣམས་དབང་དུ་གསོལ་ཞིང་བདེན་པ་བདར། སྐུ་ཆོས་བརྡབས་པས་དམ་ཅན་ཆོས་སྐྱོང་དེ་རྣམས་མངོན་དུ་བྱུང་ནས། བདག་ཅག་གི་མཐུ་རྩལ་གྱིས་རི་རབ་ཐལ་བར་བརླག ཉི་ཟླ་ཆ་ལང་རྡེབ། གནམ་ས་བླ་འོག་བསྒྱུར་ནུས་ཀྱང༌། སྔོན་ཆད་ཚེ་རབས་སྔ་མའི་ལན་ཆགས་བརྡོལ་བས་གྲོགས་བྱཻད་དུ་མ་སྟེར། ད་ནི་བཀའ་བཞིན་འཚལ་ལོ་ཟེར་བས།དམ་ཅན་གྱི་སྲོག་སྙིང་དྲངས་ནས་དགྲ་རི་ལ་ཕུར་པ་གདེངས་པས་རི་ལ་མེ་མཆེད་དེ་དམག་རྣམས་བསྲེགས་ཤིང་བརླགས། དེའི་སྡིག་སྦྱང་དུ་བསམ་གཏན་མིག་གི་སྒྲོན་མ་མཛད། སོག་པོ་དཔལ་ཡེ་ལས་སྒྱུ་འཕྲུལ་དང་སེམས་ཕྱོགས་སོགས་གསན། སྒྲགས་ཡང་རྫོང་དུ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་གཞོལ། གླང་དར་མས་བསྟན་པ་བསྣུབས་པའི་ཚེ་ནུས་པའི་མཐུ་དང་རྫུ་འཕྲུལ་གྱིས་སྡིག་ཅན་སྡང་བར་བྱས་པས་དཀོན་མཆོག་སྔགས་པའི་སྐུ་ལ་མི་བསྡོ་བར་ཁས་བླངས། སླར་ཡང་ཐུགས་ཀྱིས་མ་བཟོད་ནས་དྲག་སྔགས་སྤུ་གྲི་རེག་ཆོད་མང་པོ་ཚགས་སུ་བཙུད་ནས་མངོན་སྤྱོད་ཀྱི་ཐུགས་རྗེས་མཚམས་སྦྱར་བར་དགོངས་པ་ལ། སྡིག་རྒྱལ་ལྷ་ལུང་དཔལ་རྡོར་གྱིས་བསྒྲལ་ཟིན་པས་དྲག་སྔགས་རྣམས་འཆོལ་གྱིས་དོགས་ནས་གཏེར་དུ་སྦས། མདོ་སྒྱུ་སེམས་གསུམ་གྱི་བསྟན་རྒྱུན་སློབ་ཚོགས་ལ་མི་ནུབ་པར་སྤེལ་ནས་མཐར་རང་བཞིན་རྫོགས་པ་ཆེན་པོའི་ལམ་ནས་ལྷུན་གྲུབ་འོད་ཀྱི་ཕུང་པོར་མྱ་ངན་ལས་འདས་སོ། ། འདི་ཆོས་རྒྱལ་ཁྲི་སྲོང་གི་དུས་བྱུང་ཞིང་ཚེ་ཡི་རིག་འཛིན་བརྙེས་པས་མངའ་བདག་དཔལ་འཁོར་བཙན་གྱི་བར་བཞུགས་པར་སྣང་ངོ༌། ། འདི་ལ་བརྒྱུད་འཛིན་གྱི་སློབ་བུ་སྲས་ཀྱི་དམ་པ་གཅིག ཐུགས་ཟིན་གྱི་སྲས་བཞི་དང་ལྔར་བྱུང་བ་ལས། སྲས་ཀྱི་དམ་པ་ཡོན་ཏན་རྒྱ་མཚོ་ནི། སྐྱེ་བ་སྔ་མར་ཡབ་སྲས་སུ་འབྲེལ། འདིར་གནུབས་ཁུ་ལུང་དུ་བཙས། སྐྱེ་བ་སྔ་མའི་ཕུ་བོ་རྒྱ་གར་དྷ་ན་དྷ་ལས་དབང་བསྐུར་ཞིང་མ་གཤིན་གྱི་གདམས་པ་རྣམས་བྱིན། ཤུག་ལ་ནག་པོར་གནུབས་ཆེན་དང་མཇལ། རུས་གཅིག་པ་དང་སྐལ་ལྡན་དུ་མཁྱེན་ནས་རྗེས་སུ་བཟུང༌། ལྟ་བ་སྒང་དྲིལ། གབ་པ་མངོན་ཕྱུང༌། གསང་བ་ཁོང་ལྟོ་ལྟར་ཕྱུང༌། སྟར་ག་གེགས་སེལ་གྱི་ཚུལ་ཏེ་བཞི་ཀ་ཐོབ་པས་གདམས་ངག་མཐའ་དག་རྫོགས། ཡི་དམ་གྱི་ལྷ་དུ་མས་ཞལ་བསྟན། དམ་ཅན་ཆོས་སྐྱོང་རྣམས་བྲན་དུ་ཁོལ། ཆོས་ཉིད་ཀྱི་བདེན་པ་མངོན་དུ་གྱུར་པའི་གྲུབ་པའི་རྣལ་འབྱོར་པ་ཞིག་སྟེ། འདི་ལའང་ཁེངས་ལོག་བྱུང་སྟེ་གཤེད་མ་བརྒྱས་བསྐོར་པའི་ཚེ་འབར་བ་ལྟ་སྟངས་ཀྱི་རྫུ་འཕྲུལ་མངོན་དུ་གྲུབ་པས། སྤྱན་གཡས་པ་ལས་མེ་འབར།གཡོན་པ་ནས་ཆུ་འབྲུབ་པར་སྤྲུལ་པས་གླགས་མ་རྙེད་པར་ལག་ཆ་འཆོར་བའི་ངང་ལ་བྲོས་དགོས་པ་བྱུང་ངོ། ། ཐུགས་ཟིན་གྱི་སྲས་བཞི་ནི། སོ་ཡེ་ཤེས་དབང་ཕྱུག་ལ་ལྟ་བ་སྒང་དྲིལ་ཏེ་བཤད། པ་གོར་བློ་ཆེན་འཕགས་ལ་གཞུང་འགྲེལ་ཊཱིཀ་དང་སྦྱར་ནས་བཤད། དན་ཡོན་ཏན་མཆོག་ལ་སྟར་ག་གེགས་སེལ་གྱི་ཚུལ་དུ་བཤད། སྲུ་ལེགས་པའི་སྒྲོན་མ་ལ་ཚིག་སྡེབ་སྦྱོར་ལེགས་པར་བཤད། བཞི་ཀ་ཚང་བ་ཡོན་ཏན་རྒྱ་མཚོའོ། །འདི་ལ་སྲས་ཡེ་ཤེས་རྒྱ་མཚོ་དང༌། པདྨ་དབང་རྒྱལ་གཉིས་འབྱུང༌། སྔ་མའི་སྲས་ལྷ་རྗེ་ཧཱུྃ་ཆུང་སྟེ་རྗེ་བཙུན་མི་ལ་ལ་དྲག་བསྔགས་བསྟན་མཁན་དེའོ། ། ཡོན་ཏན་རྒྱ་མཚོ་ཡབ་སྲས་ཀྱི་སློབ་མ་ཉང་ཤེས་རབ་མཆོག་བསྐྱེད་རྫོགས་གསུམ་ཀ་ལ་མཁས་ཤིང༌། རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ཞལ་གཟིགས། བྲག་ལ་རྡོ་རྗེ་བརྒྱབ་པས་འཇིམ་པ་ལྟར་སོང་བ་སོགས་གྲུབ་པ་བརྙེས་པའི་ལོ་རྒྱུས་མང༌།དེའི་སློབ་མ་ཆོས་ལུང་གི་ཉང་ཤེས་རབ་འབྱུང་གནས་བླ་མའི་ཐུགས་ཟིན་ཅིང་བསྐྱེད་རྫོགས་གསུམ་ལ་མཁས། དེ་དག་བརྒྱུད་པ་ཕལ་མོ་ཆེར་རོང་ལུགས་སམ། རུས་ལས་བཏགས་ཏེ་ཉང་ལུགས་ཀྱང་ཟེར། ཡང་གནུབས་ཡབ་སྲས་དང་སོ་ཡེ་དབང་གཉིས་ཀའི་སློབ་མ་ཉང་ཤེས་རབ་མཆོག དེའི་སློབ་མ་ཡེ་ཤེས་འབྱུང་གནས། དེའི་སློབ་མ་བདེ་གཤེགས་ཟུར་པོ་ཆེ་ནི་སྟོང་ཚབ་འཕགས་པ་རིན་པོ་ཆེ་ལའང་ཐུག་པས། གནུབས་ཆེན་དང་ཟུར་པོ་ཆེའི་བར་ལ་བླ་མ་གཅིག་ཡོད་པ་ཡིན་ནོ། ། དེ་ནས་ཐ་མ་ཟུར་ལ་བབས་ཏེ། ཕྱི་དར་གྱི་སྐབས་འདིར་ལྷ་རྗེ་འུག་བྱ་ལུང་པས་སྔ་འགྱུར་གྱི་བསྟན་པའི་རྩ་བ་བཙུགས། བདེ་གཤེགས་རྒྱལ་པོ་པས་ཡལ་ག་བརྐྱངས། གསང་བདག་སྒྲོ་ཕུག་པས་ལོ་འབྲས་རྒྱས་པར་མཛད་པས་ཟུར་མེས་དབོན་རྣམ་གསུམ་དུ་གྲགས་པ་ལས།ལྷ་རྗེ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ནི། དཔལ་ཆེན་པོ་འཇིག་རྟེན་ན་མངོན་སུམ་དུ་བྱོན་པ་ཡིན་ཏེ། ཡབ་འོད་གསལ་ལྷའི་གདུང་ལས་ཆད་པའི་ཟུར་བཟང་ཤེས་རབ་འབྱུང་གནས་དང༌། ཡུམ་ཡོན་བདག་མོ་བདེ་བ་ལྕམ་གྱི་སྲས་སུ། ཡུལ་མདོ་ཁམས་ཡང་རྫོང་ངམ་གཡར་མོ་ཞེས་པར་འཁྲུངས། ཡབ་ལ་མནལ་ལྟས་ངོ་མཚར་བ་དུ་མ་བྱུང་བས་སྤྲུལ་པའི་སྐུར་ཤེས་ནས་མཚན་ཤཱཀྱ་འབྱུང་གནས་སུ་གསོལ། ཡབ་ལས་འབྲི་ཀློག་དང་སྒྱུ་འཕྲུལ་སྐོར་གསན། བླ་ཆེན་དགོངས་པ་རབ་གསལ་ལས་ཚིག་གསུམ་རིམ་ནོད་ཀྱིས་བསྙེན་པར་རྫོགས། འདི་སྤྲུལ་པའི་སྐུར་འདུག་པས་མཚན་སྤོ་མི་དགོས་གསུངས།མེས་པོ་ཟུར་རིན་ཆེན་རྒྱ་མཚོ་ལས་སྡེ་སྣོད་གསུམ་སྔགས་ཕྱི་ནང་དང་བཅས་པ་མཁྱེན་པར་མཛོད། དེ་ནས་རྩ་རླུང་རྟ་རུ་ཞོན། གཏུམ་མོ་གོས་སུ་གྱོན། གདམས་ངག་སྐྱོ་གྲོགས་སུ་ཁྲིད། དད་པས་སྣ་དྲངས་ཏེ་མདོ་ཁམས་ཀྱི་ཆབ་བརྒལ་ནས་འདམ་དུ་སླེབས་པའི་སྤྲིན་གསེབ་ནས་ལྷ་ཕྲུག་གཉིས་ཀྱི་ལམ་བསྟན་ནས་དབུས་སུ་བྱོན། ཡར་ཀླུངས་ན་ཀྲི་ཡའི་སྒྲུབ་པ་མཛད་ཚེ་ཐེག་པ་ཆེན་པོ་གསང་བ་བླ་ན་མེད་པའི་རིགས་སད། རྨི་ལམ་དུ་ལུང་བསྟན་པ་བཞིན་ནགས་ཚལ་སུམ་སྒྲིལ་དུ་བྱོན། ཆོས་ལུང་གི་ཉང་ཡེ་ཤེས་འབྱུང་གནས་ལས་ཟུར་པའི་མེ་ཏོག་ཕོག་པའི་ལྷ་སྐལ་སྒྱུ་འཕྲུལ་དང་སེམས་ཕྱོགས་ཞུས། གཞན་ཡང༌། ལྕེ་ཤག་མཆོག ཐོ་གར་ནམ་མཁའ་ལྡེ། ཉང་སྟོད་ཀྱི་འབྲེ་ཁྲོ་ཆུང༌། ཞུ་སྟོན་བསོད་ནམས་ཤཱཀྱ། སྟོང་ཚབ་འཕགས་པ་བྱང་ཆུབ། རྒྱ་སྟོན་བློ་གྲོས། བཀའ་སྡོད་ཡེ་ཤེས་སྙིང་པོ། གཉན་ནག་དབང་གྲགས། ལྕེ་ཤཱཀ་རྒྱལ་སོགས་མཁས་གྲུབ་ཀྱི་བླ་མ་དུ་མ་འཁོར་གསུམ་ཡང་དག་གི་མཆོད་པས་མཉེས་པར་བྱས་ནས་རྒྱུད་ལུང་མན་ངག་མཐའ་དག་གསན། དགོངས་པ་ཉམས་འོག་ཏུ་ཆུད། སྡེ་སྣོད་དང་རྒྱུད་སྡེའི་གྲུབ་མཐའ་ཀུན་ལ་མཁས་ཤིང་བྱང་ཆུབ་པར་བྱས་ནས། རྩ་རྒྱུད་དང་བཤད་རྒྱུད་བསྡེབས། རྩ་བ་དང་འགྲེལ་པ་བསྡེབས། རྒྱུད་དང་སྒྲུབ་ཐབས་སུ་བསྡེབས། སྒྲུབ་ཐབས་ཆོག་ཡིག་ལ་སོགས་པར་བསྡེབས་ནས་ལག་ལེན་དུ་ཐེབས་པར་བྱས། ནགས་ཚལ་ཅན་དུ་ཡང་དག་གི་སྒྲུབ་པ་མཛད་པས་བསྐྱེད་བཟླས་རྫོགས་གསུམ་གྱི་གདེང་ཐོབ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་མདུད་གྲོལ་ནས་ཤེས་རབ་ཕྱོགས་མེད་དུ་རྒྱས། སློབ་མ་མང་དུ་འདུས་པ་ལ་མདོ་དང་སྒྱུ་འཕྲུལ་གྱི་འཆད་ཉན་ཀྱང་མཛད། སྲུང་མས་བསྐུལ་བ་ལྟར་བཟང་སྒོམ་ཤེས་རྒྱལ་བཏད་ནས་མཆིམས་ཕུའི་རོག་ཤཱཀ་འབྱུང་ལས་དཀྱིལ་འཁོར་དྲུག་ཅུ་རྩ་བཞིའི་དབང་དང་གདམས་ངག་ཞུས། བོ་དོང་མངའ་བདག་བྲག་ཏུ་དཔོན་སློབ་སོ་སོར་སྒྲུབ་པ་སྙིང་པོར་མཛད། ཌཱ་ཀིའི་ལུང་གིས་བསྐུལ་ནས་རྟ་ནག་འུག་ཚང་ཡོད་པའི་བྲག་ཕུག་ཁ་ཤར་བསྟན་གཅིག་ལ་ཕེབས། དེར་ཡང་དག་ལྷ་དགུའི་སྒྲུབ་པ་མཛད་པས། དཔལ་ཆེན་ཡང་དག་ལྷ་དགུའི་ཞལ་མཐོང༌། གནས་ཀྱི་མིང་ལས་བླ་མ་འུག་པ་ལུང་པར་གྲགས། སྐུ་བསོད་ཆེར་སྐྱེས། གཞི་བདག་གཟེ་རེ་ཟེ་བཙན་དང་ཇོ་མོ་སྣ་དམར་དམ་ལ་བཞག་ནས་བྲག་རྒྱ་བོར་ཕེབས་ཏེ་དཔོན་སློབ་སོ་སོར་སྒྲུབ་པ་ལ་བཞུགས་སོ། །


དེའི་ཚེ་ལྷ་རྗེ་ཟུར་བོ་ཆེ་ལ་སློབ་མ་རྩེ་མོ་བཞི། རྩེ་ལྐོག་དང་ལྔ། སྒོམ་ཆེན་བརྒྱ་རྩ་བརྒྱད་ཡོད་པའི་རྩེ་མོ་བཞི་ནི།ལྟ་དགོངས་ཀྱི་རྩེ་མོ་གྱུར་པ་ཟུར་ཆུང་ཤེས་རབ་གྲགས་པ། སྒྱུ་འཕྲུལ་གྱི་བཤད་པའི་རྩེ་མོར་གྱུར་པ་མི་ཉག་{མེ་ཉགས}ཁྱུང་གྲགས། མཁྱེན་རྒྱའི་རྩེ་མོར་གྱུར་པ་ཞང་འགོས་ཆུང༌། སྒོམ་སྒྲུབ་ཀྱི་རྩེ་མོར་གྱུར་པ་བཟང་སྒོམ་ཤེས་རབ་རྒྱལ་པོའོ། །རྩེ་ལྐོག་ནི་ཆོས་ཀྱི་སྟེང་དུ་ཕོ་ཟོའི་རྩེ་མོར་གྱུར་པ་རྩག་བླ་མའོ། །དེ་བཞིན་དུ་གྲུ་སྒོམ་སྦ་འགྱིང༌། ཡུལ་སྒོམ་ནག་མོ། ལྕེ་སྒོམ་ཤཱཀ་རྒྱལ། ཟུར་སྒོམ་རྡོར་འབྱུང་སོགས་སྒོམ་ཆེན་བརྒྱ་རྩ་བརྒྱད་དོ། ། དེ་ཐམས་ཅད་ཀྱང་ནམ་མཁའ་ལ་འགྲོ་བ་སོགས་རྫུ་འཕྲུལ་ཐོབ་པ་འབའ་ཞིག་ཏུ་གྲགས། དེ་ནས་ཌཱ་ཀི་གསུམ་གྱིས་ལུང་བསྟན་པ་ལྟར་ཤངས་མདར་བྱོན། ཞང་མོ་ཡོན་ཏན་རྒྱན་གྱིས་ཕུལ་བའི་ཕུག་པར་བླ་མ་བཞུགས། འཁོར་རྣམས་ལྷགས་སྐྱོབ་ཙམ་ལ་བརྟེན་ནས་སྒྲུབ་པ་མཛད། ཡུལ་མི་ཚོ་བདུན་གྱི་ཞབས་ཏོག་བྱས་ཤིང་ཡོན་བདག་གི་རྩ་བ་སྲམ་པ་བོན་གྲོང་པས་བྱས། བླ་མ་སངས་རྒྱས་དངོས་སུ་འཛིན། དེར་སྒྲུབ་པ་ལོ་མང་མཛད་པས་ཞི་ཁྲོའི་ལྷ་ཚོགས་ཞལ་གཟིགས། ཁྱད་པར་ཡང་དག་གི་ལྷ་ཚོགས་མི་དང་མི་ཕྲད་པ་བཞིན་གཟིགས་ནས་གསུང་གླེང་མཛད། ཀཽ་རི་བརྒྱད་སོགས་བྲན་དུ་ཁོལ། མི་མ་ཡིན་རྣམས་ཀྱིས་ལས་གང་བཅོལ་ཉན་པ་བྱུང༌། དེར་སློབ་དཔོན་གྱི་གཟིགས་སྣང་དང་བསྟུན་ས་དགྲ་ངན་པ་རྣམས་བཅོས་ནས་ཀླུ་དུང་སྐྱོང་གནས་པའི་ཆུ་མིག་ཟངས་ཀྱིས་ཁ་བཅད་པའི་སྟེང་ཞི་བའི་ལྷ་ཁང་བཞེངས། བཟོ་བོ་རྣམས་བསོད་ནམས་མ་ཡིན་པའི་ལས་ལ་སྤྲོ་བས་མི་འཚམ་པའི་ལས་སྣ་ཚོགས་བྱས་ཀྱང་ཐུགས་འཁྲུགས་པ་མེད་པར་བཟོད་པའི་གོ་ཆ་བརྟན་པ་སོགས་ཚད་མེད་པའི་ཐུགས་རྗེ་དང་ནུས་པ་མཐོང་ནས་སླར་འགྱོད་དེ་འགྱོད་ཚངས་རྒྱ་ཕུགས་སུ་གྲགས་པའི་སྒོ་ཁང་ཞིག་ཀྱང་ཕུལ། ཀ་བ་རྣམས་རིང་ཐུང་དང་དཀྱོགས་པོར་གྱུར་པ་རྫུ་འཕྲུལ་གྱིས་སོར་ཆུད་པར་མཛད། ལྷ་སྐུ་ལ་གསོལ་རྒྱུའི་གསེར་རྣམས་གཞི་བདག་གིས་ཕུལ། རབ་ཏུ་གནས་པའི་ཚེ་བདེ་གཤེགས་ཟུར་ཆེ་ཆུང་གིས་ལྷའི་གཙོ་བོ་རྣམ་སྣང་ཀུན་ཏུ་ཞལ་གྱི་སྐུའི་དབུ་གཙུག་ནས་ཞུགས། ཐུགས་ཀར་ཐོན་པ་དང༌། ཐུགས་ཀ་ནས་ཞུགས་དབུ་གཙུག་ཏུ་ཐོན་པ་སོགས་རྫུ་འཕྲུལ་གྱི་བཀོད་པ་ཟད་མི་ཤེས་པ་བསྟན། བླ་མའི་མཚན་གདན་སར་ཆགས་པས་དཔལ་འུག་བྱ་ལུང་དུ་གྲགས་ཀྱང་དབེན་སེར་མོར་དཔོན་སློབ་ཀུན་ཡང་དག་གི་ལོ་སྒྲུབ་མཛད་སྐབས། ཞག་བདུན་དུ་ཆུ་མིག་མར་ཁུར་བྱིན་གྱིས་བརླབས་ནས་མཆོད་མེ་སོགས་ཀྱི་རྒྱུ་མཛད། རྩེ་མོ་བཞིས་ཉམས་ལེན་གྱི་གནད་འགག་གཙོ་གང་ཆེའི་གོ་རྟོགས་ཕུལ་བས་བླ་མ་མཉེས་ནས་ལྟ་སྒོམ་སྤྱོད་པའི་ལམ་ཁྱེར་གྱི་མགུར་གསུངས། འུག་པ་ལུང་དུ་བཤད་གྲྭ་དང་སྒོམ་གྲྭ་ཆེར་འཕེལ། ཟུར་ཆུང་པའི་གཟིགས་སྣང་དང་རིག་འཛིན་ནམ་མཁའི་སྙིང་པོས་ལུང་བསྟན་པ་བཞིན་བྲག་སེངྒེའི་ཡ་ཐོད་ཀྱི་ཁར་ཧེ་རུ་ཀའི་ལྷ་ཁང་བཞེངས་སོང༌། ཟུར་ཆུང་པས་རྫུ་འཕྲུལ་གྱི་གྱད་རྡོ་བཞག་པས་ལྷ་འདྲེའི་བར་ཆད་ཞི། ཀ་བ་བཞི་དཀྱོགས་པོར་བྱུང་བ་རྒྱ་བོ་པའི་རྫུ་འཕྲུལ་གྱིས་བསྲངས། ཟུར་ཆེན་གྱིས་ལྷ་བཟོ་རྣམས་བཀུག་ནས་ཡང་དག་བུམ་དབང་གིས་སྨིན་པར་མཛད། དེ་ནས་དེ་བཞིན་གཤེགས་པའི་གདུང་དང་རིང་བསྲེལ། སྐྱེ་བདུན་གྱི་ཤ རྒྱ་བོད་རིག་འཛིན་དུ་མས་བསྒྲུབས་པའི་ཆོས་སྨན། དུར་ཁྲོད་བརྒྱད་ཀྱི་ས་རྡོ་ཆུ་ཤིང༌། རིན་པོ་ཆེའི་རིགས་སྣ་ཚོགས་སོགས་བསྲེས་པའི་ལྡེ་གུ་སྟ་གོན་བྱས་ནས། འབྲས་བུའི་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་པ་བཞེངས་པས་བླ་མས་ཞལ་མཐོང་བ་བཞིན་མ་བྱུང་བས། ལན་མང་བསྐྱར་དགོས་པ་བྱུང༌། རེས་ཤིག་ན། ང་འདྲ་བ་གཅིག་བཞེངས་ཤིག་གསུངས་ནས། རྒྱུའི་ཧེ་རུ་ཀ་དབུ་སྤྲིན་དང་ན་བུན་གྱི་མཚམས་ན་ལྷག་གེ་བ། ཞབས་གཡས་འུག་པ་ལུང་གི་ཧེ་རུ་ཀའི་བྲག་གདོང་དང༌། གཡོན་བཙད་པོ་པུར་ཁང་གི་རི་རྩེར་བཞག་པ། ཞལ་གཅིག་ཕྱག་གཉིས། མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། རྡོ་རྗེའི་གཤོག་པས་བར་སྣང་གང་བ། འཇིགས་ཤིང་རྔམ་པ་གཅིག་ཏུ་བསྟན་པས། བཟོ་བོ་རྣམས་ཟིལ་མ་བཟོད་ནས་བརྒྱལ། སླར་སངས་ཙ་ན་སློབ་དཔོན་དགོངས་པ་གློད་ནས་ཞལ་འཛུམ་མེར་འདུག ད་བཞེངས་རྒྱུའི་ལྷ་ཞལ་གསུམ་ཕྱག་དྲུག་གཅིག་བསྟན་པར་ཞུས་པས། དེ་ཡང་ཟབ་སྟེ། གདུལ་བྱའི་དབང་གིས་ཞལ་གཅིག་ཕྱག་གཉིས་བྱོན། གསུངས་ནས་དེ་ལྟར་བཞེངས་པས་ལྟེ་བ་མན་ཆད་སྔར་མཐོང་བས་མཚོན་པར་ནུས་ལ། ཡན་ཆད་ལན་འགའ་བསྐྱར་མཐར། ཁྱེད་ཚོ་སྒྲིབ་པ་མ་དག་པ་ཡིན། འཇིམ་པ་ལེགས་པར་སྦྱོར་ལ་འདིར་ཞོག ཆུ་མིག་ཕ་གི་ངའི་བདུད་རྩི་ཀ་པཱ་ལ་གང་གཏོར་བ་ལས་བྱུང་བའི་སྒྲུབ་ཆུ་ཡིན་པས་ཁྲུས་ཀྱིས། ལྷ་ཁང་ལ་སྐོར་བ་ལན་བདུན་གྱིས་ལ་ཤོག དེ་བར་འདིར་སུ་ཡང་མ་འོང༌། ངས་དཔལ་ཆེན་ལ་གསོལ་བ་འདེབས་པ་ཡིན་གསུངས། ཁོང་རྣམས་དེ་ལྟར་བྱེད་རིང་ནང་ན་འཕྲོས་དིར་དིར་འདུག ཁྲུས་དང་སྐོར་བ་ཟིན་ནས་ནང་དུ་ཕྱིན་ཙ་ན། སྐུ་དྲུང་དུ་སུ་ཡང་མེད། བླ་མ་དགོངས་པ་ལ་བཞུགས། འཇིམ་པ་རྣམས་ཟད། དཔལ་ཆེན་པོའི་ལྟེ་བ་ཡན་ཆོད་རང་བྱོན་དུ་ཤར་འདུག་པས་བུ་སློབ་དང་བཟོ་བོ་ཀུན་ངོ་མཚར་དཔག་ཏུ་མེད་པ་སྐྱེས། དེར། ང་ཉིད་ལྟ་བུའི་གང་ཟག་ལ། ། ང་ཉིད་ལྟ་བུའི་རྟེན་གཅིག་བྱོན། ། སྙིགས་མའི་དུས་སུ་འགྲོ་བ་འདྲེན། ། ནད་དང་གདོན་གྱི་གཉེན་པོར་འགྱུར། ། སྔར་ཡང་ཧེ་རུ་ཀ་ཉིད་ལ་བསྟེན་ནས་ཧེ་རུ་ཀ་ཉིད་བྱུང་བ་ཡིན་ལ། ད་ཡང་ཧེ་རུ་ཀ་ཉིད་ལ་ཧེ་རུ་ཀ་ཉིད་ཐིམ་པར་འགྱུར་རོ། །ཞེས་ལུང་བསྟན། ཁྲོ་མོ་བརྒྱད་སོགས་རྒྱུད་ལུགས་ལྟར་བཞེངས། རབ་གནས་ཀྱི་དུས་སུ་ཟུར་ཆུང་པས་འོག་གདོང་གི་ཀླུ་བདུད་མིང་སྲིང་བཀུག་ནས་ཆང་མར་བཅོལ་བས། དེས་སྟོང་ཁམས་ཀྱི་ཆང་བཅུད་བསྡུས་པས་ཟད་པ་མེད་པར་བཙགས་ཚད་ཆང་དུ་བྱུང༌། རྩམ་པ་མི་མ་ཡིན་རྣམས་ལ་འདེགས་བསྐུལ་བས་ཕད་སྣོད་མཐའ་དག་རྩམ་པས་གང་བ་བྱུང༌། སྲམ་པ་བོན་གྲོང་བའི་གླང་རྣམས་ཟུར་ཆེན་པས་ཐུན་ཟོར་གྱིས་བསྒྲལ་ནས་ཤ་སྟོན་བྱས། སྟོན་མོ་ཟིན་པ་ན། ཟུར་ཆུང་པས་རུས་པ་རྣམས་པགས་པའི་ཁུད་དུ་དྲིལ། ནང་རོལ་རྣམས་བཙུད་ནས་སེ་གོལ་གཅིག་གཏོགས་པའི་མོད་ལ་གླང་རྣམས་སྔར་བཞིན་གསོས་ནས་བདག་པོ་སོ་སོར་སྤྲད། དེར་ཟུར་པོ་ཆེས་དཔལ་ཆེན་པོའི་སྐུར་གཟིགས་ནས། འགྲོ་བའི་དོན་མཛད་འཚལ་གསུངས་པས། སྐུ་གར་དགུའི་རྣམ་པར་རོལ་ཞིང༌། ཧེ་ཧེ། སྨོས་ཅི་འཚལ་གསུངས་པས་དང་པོ་རྔམ་ཞལ་དུ་ཡོད་པ་དེ་ནས་བཞད་ཞལ་དུ་གྱུར་པ་ཡིན་ནོ། ། དེར་དཔོན་སློབ་བརྒྱ་ཕྲག་ཙམ་ཡང་དག་གི་ལོ་སྒྲུབ་མཛད། བླ་མས་ཁྱེད་རྩེ་མོ་བཞི་དགོངས་པ་འགྲན་པ་ཡིན་གསུངས་པས། ཐམས་ཅད་མཉམ་པར་བཞག་པ་ན། གསུམ་པོ་ལ་གཡོ་འགུལ་མེད་པའི་དགོངས་པ་རི་བོ་ལྟ་བུ་རྐྱེན་གང་གིས་ཀྱང་འཕྲོག་མི་ནུས་པ་བྱུང༌། ཟུར་ཆུང་པ་རིས་མེད་མཉམ་པ་ཆེན་པོའི་གནས་ལ་བྱོན་པས་ལྟ་བ་མཐོ་བ་མཚོན་ཕྱིར་ཤིང་རྟ་གང་ཙམ་འཕགས་ནས་གདའ་སྐད། ཡང་བླ་མས་ཟུར་ཆུང་པའི་རུ་ལུའི་སྒྲ་ཉན་པར་བསྐུལ་བས། རྣལ་འབྱོར་མ་གཅིག་གིས་ཕྱི་རོལ་དང་རི་ཟུར་གཅིག་འདས་ནས་ཉན་ཀྱང་ཆུང་ངུ་མ་སོང༌། དེར་བླ་མས་ཁྱེད་རྣམས་མཆེད་གྲོགས་མཉམ་པོར་ཡིན་ཡང༌། ཟུར་ཆུང་པའི་གྲིབ་མའང་འགོམ་དུ་མི་རུང་གསུངས་ནས་གཟེངས་བསྟོད། སྒྲུབ་པ་ཐོན་ནས་གྲོགས་པོའི་སུམ་མདོར་བྱོན། བླ་མ་ཐུགས་ཉམས་འུར་ནས་བྲག་རྡོ་རྗེའི་གཏན་པར་རུ་ལུའི་བྲོ་བརྡུང་མཛད་པས། ཞབས་ཀྱི་ལོང་བུ་མན་འདམ་ལ་བརྒྱབ་པ་བཞིན་སོང༌། ཟུར་ཆུང་པས་ངའི་བླ་མ་སངས་རྒྱས་དངོས་སུ་འདུག་པས་ཞབས་སྤྱི་བོར་ལེན་པ་ཡིན་ཟེར་ཞབས་རྗེས་ལ་དབུ་གཏུགས་པས་ཐོར་ཚུགས་སྙན་ཆ་དང་བཅས་པའི་རྗེས་ལྷམ་མེར་བྱུང༌། བཟང་སྒོམ་ཤེར་རྒྱལ་གྱི་བླ་མ་ཁུ་དབོན་གྱི་གྲུབ་རྟགས་ཁྱད་འཕགས་འདི་མི་ཕྱུགས་ཀྱིས་འགོམ་ན་མི་རུང་ཟེར་ནས། སོར་མོ་རྣམས་གྱད་སྟོབས་ཆེན་རེར་སྤྲུལ་ནས་བྲག་རྡོ་རྗེའི་གཏན་པ་གྱེན་དུ་བསླངས། ཞང་འགོས་ཆུང་དང༌། མི་ཉག་ཁྱུང་གྲགས་གཉིས་ཀྱིས། འདི་བརྟེན་པ་ངེད་ལ་བབས་ཟེར་ནས་གྱད་སྟོབས་ཆེན་མང་པོས་བསྒུལ་བར་ཡང་མི་ནུས་པའི་ཕ་ཝོང་རེ་བླངས་ནས་གཡས་གཡོན་ན་བརྟེན་ཏོ། ། དེ་ནས་འུག་པ་ལུང་དུ་འབྲས་བུའི་དཔལ་ཆེན་པོ་བཞེངས་པར་བཞེད་ནས་དཔོན་སློབ་གཞན་རྣམས་དེར་བྱོན། ཟུར་ཆུང་པ་ནམ་མཁར་འཕུར་ནས་བྲག་རྒྱ་བོར་གཤེགས།འོན་ཀྱང་ཉེ་གནས་སེམས་ལས་སུ་མ་རུངས་པ་དེས་ལོག་ལྟ་དང་ཐེ་ཚོམ་གྱི་དབང་གིས་བླ་མའི་བཀའ་བཅག་པ་སོགས་ལ་བརྟེན་ནས་ཀླུ་བདུད་མིང་སྲིང་ཡང་ཕྱིར་ཤོར་བས་རྟེན་འབྲེལ་འཕྱུགས། འབྲས་བུའི་ཧེ་རུ་ཀ་ཡང་མ་གྲུབ་བོ། ། དེའི་ཚེ་ཉ་རི་ན་མ་མ་གཡུང་དྲུང་བཀྲ་ཤིས་བཟའ་མི་གཉིས་ཀྱིས་ཡོ་བྱད་ཕུལ་ནས་སྒྲོ་ཕུག་གི་གཙུག་ལག་ཁང་བཞེངས་ཤིང་ཆོས་གྲྭ་ཆེན་པོ་བཙུགས། འབྲོག་མི་ལོ་ཙཱ་བ་ལ་པཎྜི་ཏ་བརྫངས་པའི་མཐུད་མར་མི་མ་ཡིན་ལ་འདེད་བསྐུལ་ནས་གསེར་སྲང་བརྒྱ་ཕུལ། གདམས་ངག་མང་དུ་གསན་ཅིང་བྱང་བར་མཛད་པས། རང་གི་སེམས་ཕྱོགས་ཡིད་བཞིན་གྱི་ནོར་བུ་ལྟར་འགྲན་ཟླ་དང་བྲལ་བར་ངེས་ཤེས་གཏིང་ནས་འཁྲུངས་ཏེ། བླ་མ་ཆེན་པོའི་བཀའ་དྲིན་གྱིས། །ཨ་བོའི་སེམས་ཕྱོགས་ནོར་བུར་ཐལ། །ཞེས་གསུངས། སྒྲོ་ཕུག་གི་གཙང་ཁང་འབྱོངས་ཙམ་པ་དྲུག་ཅུ་རེ་གཅིག་པའི་ཚེ་རེ་ཞིག་སྤྲུལ་པའི་དཀྱིལ་འཁོར་བསྡུ་བར་བཞེད་ནས། བྲག་རྒྱ་བོ་ནས་ཟུར་ཆུང་པ་བོས་ཏེ་བསྟན་པ་གཏད། སློབ་མ་གཞན་རྣམས་ལའང༌། ཟུར་ཆུང་པ་འདི་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པ་ཡིན་པས་ང་བས་འདི་ལྷག ཅི་མཛད་ལེགས་པར་ལྟོས། གསུང་མ་བཅག སྐུའི་གྲིབ་མ་དང་ཞབས་རྗེས་ན་བཟའ་ཙམ་ཡང་མ་འགོམ། ངས་སྐྱོང་བ་བཞིན་སྐྱོང་བར་ཡོད་པས་མོས་གུས་ཕུན་སུམ་ཚོགས་པ་གྱིས་གསུངས་ནས་སྲམ་པ་སྒྲུབ་ཁང་དུ་ཕེབས། ལན་གཅིག་ཉེ་གནས་ལ་ད་ནང་ཚ་བ་སྔ་སེ་གྱིས་གསུངས། དེར་ཉི་མ་ཤར་བ་དང་སྐུ་མདུན་དུ་ཕྱིན་པས་གཟིམས་མལ་ན་སྐུ་ཚགས་མཛད་ཅིང་འདུག གར་གཤེགས་ཞུས་པས། ང་ནི་བདེ་ཆེན་ཞིང་དུ་འགྲོ། ། དཔལ་ཆེན་ང་དང་གཉིས་སུ་མེད། ། ཡི་དམ་ལྷ་ལ་གསོལ་བ་ཐོབས། ། གསུངས་ནས་ཕྱག་རྡོར་དྲིལ་འཁྲོལ་ལེ་བའི་ངང་ལ་སྐུ་འོད་ཕུང་དུ་གྱུར་ཏེ་དཔལ་ཆེན་པོའི་སྐུའི་ཐུགས་ཀར་ཐིམ་པར་གྱུར་ཏོ། ། དེ་དུས་ཁམས་པའི་འབུལ་སྐྱེལ་བསླེབས་པས་ལམ་དུ་སྤྲུལ་པའི་གཞལ་ཡས་ཁང་དུ་མཇལ། འབུལ་བ་རྣམས་བཞེས། བསྔོ་བ་དང་བྱིན་རླབས་ཀྱང་མཛད་ནས་མི་སྣང་བར་གྱུར། དེ་ལྟ་བུའི་དཔལ་ཆེན་པོའི་སྐུ་འདི་ལ་ཕྱིས་རྒྱ་སྟོན་ཤཱཀ་ཡེ་དང༌། མཚན་ལྡན་ཟུར་མོ་འོད་འབུམ་གཉིས་ཀྱང་སྐུ་འོད་ཕུང་དུ་གྱུར་ནས་ཐུགས་ཀར་ཐིམ་པར་གྱུར་པ་སོགས་ངོ་མཚར་བའི་ལོ་རྒྱུས་ཆེས་མང་ཞིང་འགྲོ་བའི་མཆོད་སྡོང་ཆེན་པོར་བཞུགས་པ་ལས། ཕྱིས་ཅུང་ཟད་ཉམས་གུད་དུ་གྱུར་པ་དེང་སང་ཉམས་གསོས་ཀྱིས་བཞུགས་པ་ཁོ་བོས་ཀྱང་མཇལ་མོད། དོན་དུ་རྟེན་དང་བརྟེན་པར་བཅས་པའི་ཡེ་ཤེས་སྒྱུ་མའི་བཀོད་པ་གང་འདུལ་གདུལ་བྱའི་བསོད་ནམས་ཀྱི་སྐལ་བར་འཕོས་པ་ནི། གསང་བདག་ཟུར་པོ་ཆེ་ཉིད་སླར་ཡང་གསང་ཆེན་བསྟན་པའི་མགོན་དུ་བཞེངས་པ་རྒྱལ་བས་ལུང་བསྟན་རྒྱལ་ཚབ་མཆོག་གི་སྤྲུལ་པའི་སྐུས་གསར་བསྐྲུན་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་གི་རྟེན་གཙོ་དཔལ་ཆེན་པོ་ཉིད་ཡིན་པར་གུ་རུ་རིན་པོ་ཆེའི་རྡོ་རྗེའི་ལུང་གིས་གྲུབ་པ་སྟེ།འདི་ནི་གངས་ལྗོངས་སྤྱིའི་ས་གནད་ཀྱི་མེ་བཙའ་དང༌། ཁྱད་པར་སྔ་འགྱུར་ཡོ་ག་སྡེ་གསུམ་གྱི་བསྟན་པའི་བཙས་ཆེན་པོ་སྟེ་ཨོ་རྒྱན་ཧེ་རུ་ཀའི་འདུ་ཁང་སོགས་དང་མཉམ་པ་ཡིན་ནོ། ། རྩེ་མོ་བཞིའི་ནང་ནས་ཀྱང་གླང་པོའི་ནང་ན་ཁྱུ་མཆོག་ལྟ་བུ་ཟུར་ཆུང་པ་ཤེས་རབ་གྲགས་པ་ནི། ཟུར་བཟང་ཤེར་འབྱུང་གི་གཅེན་ཨ་ཙ་རའི་སྲས་ཟུར་ཐག་པ་སྒོམ་ཆེན་དང༌། ཡུམ་ཤེས་རབ་སྐྱིད་ཀྱི་སྲས་སུ་གཡས་རུ་གཙང་གི་ཆར་ངོ་མཚར་བའི་ལྟས་དང་བཅས་འཁྲུངས། ལོ་བདུན་བར་འབྲི་ཀློག་དང༌། དགུ་ལ་ཞི་ཁྲོའི་ཕྲིན་ལས་གྱེར་ཤེས་པ་བྱུང༌། བཅུ་གསུམ་ལོན་སྐབས་ཇོ་མོ་ཞིག་ཡོད་པ་དེས་འཐབ་པས་རྐྱེན་བྱས་འཁོར་བ་ལ་སྐྱོ་བ་སྐྱེ་དྲགས་ནས། ཕ་ལ་གྲོས་མ་དྲིས། མ་ལ་རྒྱགས་མ་བསླངས། གྲོགས་ཀྱི་ངོ་མ་བལྟས་པར་སྦྱང་ལྷོག་ཞིག་ཡོད་པ་དེ་ཁྱེར་ནས་ལྷ་རྗེ་ཟུར་པོ་ཆེའི་དྲུང་དུ་བྱོན། བླ་མས་ཁྱོད་ཀྱི་རུས་ཅི་ཡིན་གསུངས་པས།བླ་མ་དང་རུས་གཅིག་པར་བརྗོད་ན་འགྲན་གྱིས་དོགས་ནས་ཟུར་ཆུང་ཆུང་ཞིག་ལགས་ཞུས་པས་བླ་དྭགས་སུ་དེ་ལྟར་ཐོགས། ལས་ཅན་དུ་མཁྱེན་ནས་སློབ་གཉེར་བྱེད་དུ་བཅུག་པས་བློ་གྲོས་ཀྱི་སྤོབས་པ་མཆོག་ཏུ་གྱུར། དང་པོ་ཤིན་ཏུ་དབུལ་བས་བླ་མས་གཏོར་མ་བཏང་བ་དག་བླངས་ནས་ཟན་ཆང་བྱ་བཞིན་གསོལ་བ་བླ་མས་གཟིགས་ནས་རང་རེའི་ཐབ་ལ་ཤོག་གསུངས་ཀྱང༌། ང་བླ་མའི་དཀོར་ལ་འབགས་རེ་ཟེར་ནས་དཀའ་སྤྱད་འབའ་ཞིག་ཁུར་བཟོད་པར་མཛད། ཉིན་གཅིག་བླ་མ་ལ་ཟན་ཆང་གི་བསྙེན་བཀུར་ཕུལ་བས། དེའི་རྟེན་འབྲེལ་ལས་བསོད་ནམས་ཆེན་པོ་ཡོང་བར་ལུང་བསྟན། ཐོས་བསམ་སྒོམ་གསུམ་ལ་བརྩོན་པས་མཁྱེན་རབ་ཀློང་རྡོལ། ཉམས་རྟོགས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འཁྲུངས། བླ་མའི་བཀའ་བཞིན་ཇོ་མོ་གཡུ་མོ་བྱ་བའི་སྒོམ་མ་མ་སྨད་ཕྱུག་མོ་གཉིས་ཀྱི་སྟེང་དུ་བཞུགས། དེའི་ཡོ་བྱད་ལ་བརྟེན་ནས་དབང་དང་གདམས་ངག་མཐའ་དག་ཞུས། དཔེ་རྣམས་རྫོགས་པར་བྲིས། ཡང་བླ་མའི་བཀའ་བྱུང་ནས་དཔེ་རྣམས་ཁྱེར་ཏེ་བླ་མའི་དྲུང་དུ་བྱོན་པས་དགོངས་པ་ཇི་བཞིན་དུ་ལོངས། སྐབས་ཤིག་ཞབས་ས་ལ་མ་རེག་པར་ཁྲུ་གང་ཙམ་འཕགས་ནས་མཆོད་རྟེན་ལ་སྐོར་བ་བྱེད་པ་བླ་མས་གཟིགས་པས་སྤྲུལ་པའི་སྐུ་ཞིག་ཡིན་པར་འདུག་ངོ་མཚར་ཆེ་དགོངས་ནས་མཉེས། དེར་ལུང་སྟོང་གི་ཕུ། རི་བོའི་རྩེ་སོགས་གར་བཞུགས་ཀྱང་མི་མ་ཡིན་གྱིས་བཞེས་པ་འདྲེན་པ་སོགས་ཐུགས་དགོངས་མཐའ་དག་འབད་མེད་དུ་གྲུབ་པ་བྱུང་བས། ད་ནི་འགྲོ་དོན་བྱས་ཀྱང་འགྲུབ་པར་འདུག་དགོངས་པའི་ཚེ། བླ་མས། ད་ཁྱོད་ཀྱིས་བཤད་པ་གྱིས་གསུངས། དེར་མདོ་དགོངས་འདུས་གསུངས་པས་དུས་གཅིག་ལ་དཔེ་འགྲིམས་སུམ་བརྒྱ་བྱུང༌། དེའི་ཚེ་བླ་མས་ཀྱང་བསྔགས་བརྗོད་ཆེར་མཛད་པས་མི་རྣམས་ཀྱིས་བླ་མས་དཔོན་པོའི་དབུ་འཕང་ལ་བསྟོད་ཟེར་ནས་ཅུང་ཟད་མི་གུས་པའི་རྣམ་པའང་བྱུང༌། ནམ་ཞིག་ཨེ་དམར་རྡོ་རྗེ་སྤོར་དཔོན་སློབ་རྣམས་ཆོས་འཁོར་ལ་བྱོན་པའི་ལམ་དུ་ཁྱི་མོ་མ་སྨད་རོ་སྨད་འབུས་གཡེངས་པ་ཞིག་འདུག་པར་ཟུར་ཆེན་གྱིས་རེག་ཙམ་མཛད། ཟུར་ཆུང་པས་ཁྱི་མོ་མ་སྨད་བསད། འབུ་རྣམས་ཞལ་དུ་གསོལ་བས། གཞན་རྣམས་ན་རེ། ཟུར་ཆུང་ཟེར་བའི་སྨྱོ་སྤྱོད་མཁན་འདི་འདྲ་འཆད་ཉན་དུ་བསྐོས་པས་སྦྱིན་བདག་རྣམས་ཀྱང་མོས་པ་ལྡོག་གདའ་ཟེར། བླ་མའི་ཞལ་ནས་ཁྱི་རྣམས་ངན་སོང་དུ་འགྲོ་བ་ངས་ཀྱང་ཤེས་ཏེ་སྒྲོལ་མ་ནུས་པ་ཡིན་ཁོང་གིས་བསྒྲལ་བ་ངོ་མཚར་ཆེ་གསུངས། དེར་ཟུར་ཆུང་པས་ལྟ་སྟངས་གཅིག་མཛད་པས་ཁྱི་རོ་རྣམས་མཆོད་པའི་ལྷ་མོར་གྱུར། འབུ་རྣམས་བསྐྱུགས་པས་ནམ་མཁའ་ལ་ཅོ་དིར་གྱིས་སོང་བས་མི་རྣམས་ཀྱིས་མིག་འཕྲུལ་དུ་གདའ་ཟེར། དེར་ཟུར་ཆེན་གྱིས་ཀ་པཱ་ལ་ཤངས་ཆུ་ཕ་རིར་བསྐྱུར་ནས། འདི་སུས་ལོན་ལ་བཤད་གྲྭ་འབོག་པ་ཡིན་གསུངས་པས། རྩེ་མོ་གཞན་གསུམ་པོས་ཀྱང་ལེན་མ་ནུས། ཟུར་ཆུང་པས་ཞབས་ཆུ་ལ་མ་རེག་པ་བྱོན་ནས་བླངས་སོ། ། ཡང་རླུང་ནུས་འགྲན་པར་བསྐུལ་ནས། སྟོན་སྒོམ་གཞན་རྣམས་ཞབས་ས་ལ་མི་རེག་པར་འགྲོ་ནུས། ཟུར་ཆུང་པ་ཏ་ལ་གང་ཙམ་གྱི་ནམ་མཁར་འཕགས་ནས་སྔོན་ལ་སྲམ་པ་བསྒྲུབས་ཁང་དུ་བྱོན་པས་རྩེ་མོ་གཞན་གསུམ་ཡང་ངེས་ཤེས་རྙེད། བླ་མས་ཅི་གསུང་གི་བཀའ་བསྒྲུབས་པས་ཞབས་ཏོག་ཀྱང་མཐར་ཕྱིན་ནོ། ། དེར་ལུང་བསྟན་རིམ་པ་གསུམ་བྱུང་བར་བརྟེན་བཤད་གྲྭ་རྣམས་གོ་མ་ཆོད་པའི་མི་གསུམ་ལ་གཏད་ནས་བྲག་རྒྱ་བོ་དགུ་འདུས་སུ་ཕེབས་ནས་བསྒྲུབ་པ་སྙིང་པོར་མཛད་པས་མཚན་བདེ་གཤེགས་རྒྱ་བོ་པར་གྲགས། ཐོག་མར་གཞི་བདག་གི་ལྷོང་ཆོ་འཕྲུལ་ཤིན་ཏུ་ཆེ་བར་བྱུང་སྟེ། ལན་གཅིག་མི་ནག་པོ་གཅིག་གིས་ཞབས་གཉིས་ནས་བསྡུས་ཏེ་ཀླད་ལ་བསྐོར་ནས་ཐག་གི་མདོའི་ཐང་ཆེན་པོ་གཅིག་ཏུ་བརྡབས་པ་རྨིས་པས་སད་ཙ་ན་དངོས་སུ་སྣང༌། ཡང་སྡིག་པ་རྩིད་བུ་ཙམ་གྱིས་སྒྲུབ་ཁང་ཁེངས་པས་སྡིག་པའི་རྭ་ཅོ་ནས་བཟུང་སྟེ་ཕྱེད་མར་གཤགས་པ་དང་ཆབས་གཅིག སྡིག་པ་མི་དགེ་སོ་སོར་བཤགས། ། ཞེས་དོན་ལ་མི་རྟོན་ཚིགས་ལ་རྟོན་པའི་ཀུ་རེ་མཛད་དེ་བསྒྱུར་པས་ཐམས་ཅད་རྣམ་པར་སྣང་མཛད་དུ་གྱུར་ནས་ནམ་མཁར་དེངས། ཡང་གྲོག་མའི་དམག་བྱུང་བས་ཙོང་གེས་བརྡུངས་པས། ཉེ་གནས་ཀྱིས་སྡིག་པ་ལ་དགོངས་མཛོད་ཅེས་ཞེ་ཁྲེལ་བརྡས་པས་གྲོག་མོ་རྣམས་ཞལ་དུ་བཏབ་ཀྱིན་ཕུ་མཛད་པས་ཐམས་ཅད་རྡོ་རྗེ་སེམས་དཔར་ཀྲོང་གིས་གྱུར་པས་ཉེ་གནས་ཤིན་ཏུ་དད། གཞི་བདག་མིང་སྲིང་དམ་ལ་བཏགས། བྲག་ལ་ཕུར་པ་བཏབ་པས་གྲུབ་ཆུ་ཐོན། གསང་བ་བསྒྱུར་འཕྲུལ་ལས་བྱུང་བའི་ཕྱག་རྒྱ་བསམ་གཏན་གྱི་སྒྲུབ་པ་མཛད་པས། རྡོ་རྗེ་སེམས་དཔའི་ཞལ་གཟིགས། ཐག་གི་ལུང་པ་རྡོ་རྗེ་སེམས་དཔས་ཁེངས་པ་བྱུང༌། སྣང་བ་ཟད་པར་གྱི་སྐྱེ་མཆེད་བརྙེས་པས་སྐུ་མེ་དང་ཆུ་དང་རླུང་དང་ས་ཚུབ་ཏུ་འགྲོ་བ་དང༌། ཅིར་སྣང་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བཀྲ་ལམ་ལམ་གསལ་བ་བྱུང་སྟེ་བཟང་རྟོག་གི་མཐུ་བརྟས་པ་ཡིན། ཡང་དག་པར་གཏད་པ་མེད་དགོངས། དེར་སྣང་སེམས་ཆོས་ཉིད་གསུམ་རོ་གཅིག་ཏུ་འདྲེས་ནས་དགོངས་པ་ཟད་སར་འཁྱོལ་ཏེ་ས་རྡོ་རི་བྲག་ཐམས་ཅད་ལ་ཐོགས་པ་མེད་པ་དང༌། ནམ་མཁའ་ལ་བྱ་ལྟར་འགྲོ་བ་སོགས་འབྱུང་ལྔ་ལ་རང་དབང་ཐོབ་པ་བྱུང༌། རྦ་དགེ་མཐོང་གིས་སློབ་མ་བློ་རྣོ་བ་ཞིག་རྩོད་དུ་བཏང་བ་དེས། ཀ་བ་ཆོས་ཅན་ཟེར་བ་དང༌། ཁྱོད་འཇིག་རྟེན་རང་རྒྱུད་པའི་འཁྲུལ་ངོར་ཀ་བ་རང་རྒྱུད་དུ་སྣང་ཡང༌། ང་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དོན་ལ་ཀ་བ་གྲུབ་པ་མི་གདའ་གསུངས་ནས་ཕྱག་ཡུག་ཡུག་མཛད་པས་ཀ་བ་ལ་ཆགས་ཐོགས་མེད་པར་སོང་བས་ཁོ་དད་ནས་སློབ་མར་བྱས་པ་མ་ཐོག་བྱང་འབར་རོ། ། ཡང་དགེ་བཤེས་ཁྱུང་པོ་གྲགས་སེས་གྲྭ་པ་མཚན་ཉིད་ལ་བློ་རྣོ་བ་བཞི་རྩོད་དུ་བཏང་བར། ཁོང་བཞིའི་བརྒལ་བརྟག་གི་རིགས་པ་རྣོན་པོའི་ཚིག་ཚོགས་དོན་གྱི་ལན་མཐུ་ཆེ་བས་བཅོམ་ཞིང༌། སྙིང་རྗེ་ཆེན་པོའི་གཞན་དབང་གིས་དེ་དག་གི་ཡིད་དབང་མེད་དུ་འཕྲོག་ནས་སློབ་མའི་གཙོ་བོར་གྱུར་པ་ཀ་བ་བཞིའོ། ། དེར་བླ་མ་ཟུར་ཆུང་པ་འདི་བྲག་རྒྱ་བོར་ལོ་ཉེར་བཞིར་སྒྲུབ་པ་ཐུན་གཅིག་ལ་བཞུགས་ནས་འཇའ་ལུས་སུ་གཤེགས་པའི་དགོངས་གཏད་ཡོད་པ་ལ་རྐྱེན་གཉིས་ཀྱི་སྐུ་མཚམས་ཐོན་དགོས་པ་བྱུང་སྟེ།དེ་ཡང་ལོ་རིལ་པོ་བཅུ་གསུམ་དང་ངོ་གཅིག་སྟེ་བཅུ་བཞི་ཟིན་པ་ན། རྐྱེན་གཅིག་ནི་གོ་མ་ཆོད་པའི་མི་གསུམ་གྱིས་ཏེ། དེ་ཡང་འགོ་བྱ་ཚས་ཐབས་ལམ་གྱི་རྒྱབ་ཏུ་མ་རྒྱུད་དགོས་ཟེར་འགོས་ཁུག་པའི་རྩར་སོང༌། མིག་ཆུང་དབང་སེང་གིས་དཀྱིལ་འཁོར་ཕྱིར་འདོན་པ་ལ་རྒྱབ་ཏུ་ཡོ་ག་དགོས་ཟེར་ནས་སུམ་པ་ཡེ་འབར་གྱི་རྩར་སོང༌། འགོས་ཆུང་དབང་ངེས་གཞི་ལམ་གྱི་གྲུབ་མཐའི་རྒྱབ་ཏུ་ཚད་མ་དགོས་ཟེར་སྤངས་ཀ་དར་ཆུང་པའི་རྩར་སོང་ནས་སྙིང་པོའི་བསྟན་པ་མ་འཁྱོངས་པ་དང༌། གཅིག་ནི་ལྷ་རྗེ་འུག་བྱ་ལུང་པ་སྐྱེ་བ་མ་སྤངས་པར་ཟུང་འཇུག་གི་གྲུབ་མཐའ་སྙོག་པར་བཞེད་ནས། ངའི་ལག་རྗེས་ཁྱོད་ཀྱིས་སྐྱོངས་ཤིག་ཅེས་བླ་མའི་བཀའ་བྱུང་ནས་བྱོན་པ་ཡིན། འདི་ཉིད་སྐུ་བསོད་རྒྱས་དུས་བོད་སྔགས་ཚོགས་ཚད་ཀྱིས་ཕྱག་མི་བྱེད་པ་དང་གྲལ་གོང་དུ་འགྲོ་བ་མེད་པས། འགོས་ཁུག་པ་ལྷས་བཙས་ཀྱིས། སྔར་རང་གི་ཆོས་མ་ཐོབ་པ་འཁོན་དུ་བཟུང་ནས། གསར་མ་པ་རྣམས་ལ། ཕྱག་མི་བཙལ་བ་དང༌།གྲལ་ཞབས་སུ་མི་སྒྲིག་པའི་ཁྲིམས་བཅས་མོད། ལན་གཅིག་ཤངས་སུ་སྟོན་མོ་གཅིག་ལ་ཐམས་ཅད་འཚོགས་པ་ན། ཟུར་ཆུང་པ་གྲལ་མགོར་བཞུགས་པའི་གཤམ་དུ་འགོས་སླེབ་པས། དེའི་ཚེ་འདི་ལྟར་ཚིག་ལ་མཁས་ཤིང་ཉོན་མོངས་ལ་གྲིམ་པའི་བཤེས་གཉེན་ཆེན་པོ་དག་གིས་འདི་ལྟ་བུའི་དགོངས་པས་སངས་རྒྱས་དང་མཉམ་པའི་རྣལ་འབྱོར་གྱི་དབང་པོ་རྣམས་ཀྱི་ཟིལ་མི་བཟོད་པ་ཆོས་ཉིད་ཡིན་པས་ལྔ་སྡེའི་ནང་ཁྲིམས་བཞིན་དམ་བཅའི་རི་མོ་རྗེས་མེད་དུ་ཡལ་ནས་རང་དབང་བརྟན་པ་བྲལ་བའི་འདུ་བྱེད་རྟབ་རྟབ་པོར་གྱུར་ནས་ཐོག་མར་འགོས་རང་ཉིད་ཀྱིས་ཕྱག་འཚལ་བར་བྱས་སོ། ། དེར་སྟོན་མོ་ཟིན་པ་ན་གཞན་དག་གིས་རྒྱུ་མཚན་དྲིས་པས། ཁོའི་དྲུང་དུ་ཕྱིན་ཙ་ན་བཅོམ་ལྡན་འདས་དཔལ་ཆེན་པོ་ཨམ་དེ་འདི་ཀ་ཡིན་པར་འདུག་སྙམ་པ་ལས་མི་ཡིན་པའི་འདུ་ཤེས་མ་སྐྱེས་གསུངས་སྐད། ལྷ་ཟེར་མོར་མཁའ་འགྲོ་མ་རྣམས་བྲོ་བརྡུང་མཛད་པ་གཟིགས་པས། དེར་མཁའ་འགྲོ་མ་རྣམས་ལས་ལ་བཀོལ་ནས་ཞི་བའི་ལྷ་ཁང་བཞེངས། རབ་གནས་ཀྱི་ཚེ་ལེགས་ལྡན་གྱི་སྐུ་ལ་ཕུ་དུང་གིས་བྲབ་ཅིང༌། སངས་རྒྱས་ཀྱི་བསྟན་པ་ཨེ་སྲུང་གསུངས་པས་དབུ་གུག་གུག་དང༌། དཀོན་མཆོག་གི་དབུ་འཕང་ཨེ་བསྟོད་གསུངས་པས་མཆུ་ལྷེབ་ལྷེབ་པ་བྱུང༌། དེ་བཞིན་དུ་དཔལ་ཆེན་པཽའི་ཞལ་གཟིགས་པའི་ཞབས་གཡོན་བཞག་སར་ཡང་དག་གི་ལྷ་ཁང་བཞེངས་པས་ལྷ་འདྲེ་རྣམས་ཀྱིས་བཀའ་ཉན་པ་བྱུང༌། རྫུ་འཕྲུལ་ཤིན་ཏུ་ཆེ་བས་ཉི་ཟེར་ལ་གཤེགས་བཞུད་མཛད་ནས་འུག་པ་ལུང་དུ་སྔ་ཆོས། སྒྲོ་ཕུག་ཏུ་གུང་ཆོས། བྲག་རྒྱ་བོར་དགོང་ཆོས་ཏེ་ཉིན་རེར་གདན་ས་གསུམ་ཀར་ཆོས་ཐུན་ཆག་མེད་གསུངས་པ་སོགས་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་ནམ་མཁའ་དང་མཉམ་པའི་ངང་ནས་མཐར་ཐ་མའི་མཛད་པ་སྟོན་པར་ཉེ་བ་ན་བུ་སློབ་རྣམས་ཀྱི་གསོལ་བ་བཏབ་པའི་ངོར། གསང་འཛིན་མགོན་པོ་ཡུམ་གྱི་ལྷུམས་སུ་མངོན་བྱང་ལྔའི་ཏིང་ངེ་འཛིན་གྱིས་སྤྱན་དྲངས་པ་ཟུར་ཤཱཀྱ་སེངྒེའི་མཚན་དཔེའི་ངོ་མཚར་གསལ་བར་བྱས། ཞལ་གདམས་བརྒྱད་ཅུ་པར་གྲགས་པ། རིའི་བུ་གྱིས། ཧྲུལ་པོའི་གོས་གྱོན། མི་ཞིམ་པའི་ཟས་ཟོ། དགྲ་གཉའ་རེངས་སུ་ཐོངས། ཞིང་ཐ་རེངས་སུ་ཞོག བློ་ཐག་ཆོས་ལ་ཆོད། ཅེས་སོགས་གསུངས་ནས་དྲུག་ཅུ་རྩ་གཅིག་བཞེས་པ་ཤིང་ཕོ་སྟག་ལ་བྲག་རྒྱ་བཽར་འོད་དང་སྒྲ་དང་ས་གཡོ་བ་དང་བཅས་འོག་མིན་རྡོ་རྗེ་བཀོད་པའི་གྲོང་ཁྱེར་དུ་གཤེགས་སོ། ། འདི་ལ་ཇོ་མོ་སྔ་མ་ཁབ་ཏུ་བཞེས་པའི་སྲས་བཙད་ཚ་ལྕམ་དྲལ་གཉིས་འཁྲུངས་ཏེ། ཇོ་བཙུན་རྡོ་རྗེ་འབར་དང༌། ཇོ་སྲས་མ་ཤཱཀྱ་ལྕམ་སྟེ། དེ་ལས་བརྒྱུད་པའི་སྲས་བརྒྱུད་ཀྱང་ཡོད་དོ། །


སློབ་མ་ནི། ཀ་བ་བཞི། གདུང་མ་བརྒྱད། ཕྱམ་བཅུ་དྲུག དྲལ་མ་སུམ་ཅུ་རྩ་གཉིས།སྒོམ་ཆེན་མི་གཉིས། ཡུས་པོ་ཆཻ་མི་གཅིག དཀྱུས་པ་གཉིས། སྟ་གུ་ར་གཉིས། གོ་མ་ཆོད་པ་གསུམ་སོགས་མང་དུ་བྱོན་ཏེ། ཀ་བ་བཞི་ནི། སེམས་ཕྱོགས་ཀྱི་ཀ་བ་གུང་བུའི་སྐྱོ་སྟོན་ཤཱཀ་ཡེ། མདོའི་ཀ་བ་སྐྱོང་ལུང་གི་ཡང་ཁྱེད་བླ་མ། སྒྱུ་འཕྲུལ་གྱི་ཀ་བ་ཆུ་བར་གྱི་གླན་ཤཱཀྱ་བཟང་པོ། ཕྲིན་སྒྲུབ་ཀྱི་ཀ་བ་ནག་མོ་རིའི་མདའ་ཏིག་ཇོ་ཤཱཀ་གོ །ཡང་མ་ཐོག་བྱང་འབར་དང་བརྒྱུད་པ་ལྔ་ཞེས་ཀྱང་གྲགས། གདུང་མ་བརྒྱད་ནི། མ་ཐོག་པ། སྐྱོ་སྟོན་ཆོས་སེང༌། གླན་ཤཱཀྱ་བྱང་ཆུབ། རྩག་ཤཱཀ་རིངས། གནུབས་སྟོན་བག་མ། དབུས་པ་ས་འཐོར། ཤུ་སྟོན་ཟླ་གྲགས། རྩེ་སྟོན་བྱང་དཔལ་དང་བརྒྱད་དོ། །གཞན་ཕྱམ་དྲལ་སོགས་ཀྱི་མིང་མ་སྨོས་སོ། ། བོད་འདིར་གསང་བ་སྙིང་པོའི་བཤད་པའི་ཆུ་མགོ་ལྟ་བུ་གསང་བདག་སྒྲོ་ཕུག་པ་ཆེན་པོ་ནི། ཀ་ཆེན་བཞིའི་གྲལ་མདའ་ཏིག་ཇོ་ཤཱཀ་གི་སྲིང་མོ་མདའ་མོ་གཙུག་གཏོར་ལྕམ་གྱི་མངལ་དུ་སྤྲུལ་པའི་སྐུའི་སྲིད་པ་བཟུང༌། དེའི་ཚེ་ཀ་ཆེན་བཞིར་རྨིས་ལྟས་ངོ་མཚར་བ་རེ་ཡང་བྱུང༌། ཤིང་ཕོ་སྟག་ལ་སྒྲོ་ཕུག་ཏུ་འཁྲུངས། དེར་ཡབ་ཀྱི་ཞལ་ནས། ངའི་བུ་འདི་ལྷུམས་སུ་ཞུགས་པའི་ཚེ་ཕྱག་ན་རྡོ་རྗེ་ཐིམ་པའི་མཚན་མ་ཡོད་པས་འགྲོ་བ་ལ་ཕན་པ་ཞིག་ཡོང་གསུངས་ནས། མཚན་ཤཱཀྱ་སེངྒེར་བཏགས། མདོ་ཁམས་པའི་འབུལ་སྐྱེལ་ཡོང་བ་སོགས་དང་འགྲིགས་པས། སྐུ་བསོད་དང་འགྲོ་ཕན་འབྱུང་བར་ལུང་བསྟན། ཟླ་བ་བརྒྱད་ན་ཡབ་གཤེགས་པས་ཡུམ་དང་ཞང་པོས་བསྐྱངས་ནས་མདའ་ཕུར་ལོ་བཅོ་ལྔ་བཞུགས། རིམ་པར་ཀ་ཆེན་བཞི་སོ་སོར་བཅར་ནས་མདོ་སྒྱུ་སེམས་གསུམ་སོགས་ཡབ་ཆོས་མཐའ་དག་རྫོགས་པར་གསན། བཅུ་དགུ་ལ་ཆེ་འདོད་མཛད་པས་ཕྲིན་ལས་ཤིན་ཏུ་རྒྱས། དེར་བླ་མ་མཁས་གྲུབ་ཀྱི་ཚོགས་རྣམས་ཚུར་སྤྱན་དྲངས་ནས་སློབ་གཉེར་རྫོགས་པར་མཛད། ཁྱད་པར་རང་གི་གྲུབ་མཐའ་གསན་པའི་བླ་མ་རྣམས་ལ་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱིས་སྣ་དྲངས་པའི་འབུལ་བ་རྒྱ་ཆེན་པོས་ཐུགས་ཟིན་པར་མཛད། སྒྲོ་ཕུག་ཏུ་སྒྲུབ་པ་ཡུན་རིང་དུ་མཛད་པས་བསྐྱེད་རྫོགས་ཀྱི་གནས་ལ་རྒྱུད་ནས་གསུངས་པའི་གཟེར་བཞི་ཐེབས། འཁོར་འདས་ཀྱི་སྟོང་སྲོག་འཕྲོག་དཔལ་ཆེན་པོའི་གསང་བ་གསུམ་དང་དབྱེར་མེད་དུ་གྱུར་པས་སྐུ་གཞོན་ནུ་ནས་གཟི་བྱིན་ཤིན་ཏུ་ཆེ་སྟེ་ཐམས་ཅད་ཟིལ་གྱིས་གནོན་ནུས། དིང་རིར་དམ་པ་མཇལ་བ་ཕེབས་པས། དམ་པས་དེ་རིང་གསང་བདག་གི་སྤྲུལ་པ་འབྱོན་པ་ཡིན་གསུངས་ནས་བསུ་བ་སོགས་བཀུར་སྟི་རྒྱ་ཆེན་པོ་མཛད། སྒྲོ་ཕུག་པས་དམ་པར་མངོན་ཤེས་ཨེ་འདུག་ཉམས་སད་དུ། སློབ་མ་ཞིག་ཉིད་དུ་བརྫུར་བཅུག་ནས་སྔོན་ལ་བཏང༌། ཁོང་རང་ཕྱིན་ཞབས་འབྲིང་ལྟར་བྱས་པས། དམ་པས་སྒྲོ་ཕུག་པའི་མགུལ་ན་ལྦ་བ་ཡོད་པ་ལ་གཟིགས་ནས། ཕྱག་སྣ་ལྦ་བ་ཅན་གྱིས་དྲོངས། དཔོན་སློབ་གོ་མ་ལོག་པ་བཟང་གསུངས་པས་མོས་གུས་ཆེར་ཐོབ། ཆོས་ཀྱི་བདུད་རྩི་གསན། བསྟན་པའི་སྤྱི་དཔལ་ཆེན་པོར་འགྱུར་བར་ལུང་བསྟན་ཅིང་དབུགས་འབྱིན་པ་སྩལ། སྐབས་ཤིག་ན་ཕྱག་རྡོར་གྱི་ཐང་སྐུ་བྲིས་བཀོད་ཀྱི་ཚེ། ལྷ་བཟོ་པར་འདི་འདྲ་ཞིག་བྲིས་གསུངས་ནས་ཕྱག་ན་རྡོ་རྗེའི་སྐུར་དངོས་སུ་བསྟན་པ་སོགས་རྒྱུ་མཚན་དུ་མས། དཔལ་གསང་བའི་བདག་པོ་བྱང་ཕྱོགས་ཀྱི་རྒྱུད་འདིར་གསང་སྔགས་ཀྱི་བསྟན་པ་རྒྱས་པར་མཛད་པ་ལ་བྱོན་ནོ་ཞེས་ཕྱོགས་ཐམས་ཅད་དུ་གྲགས། སྒྲོ་ཕུག་ཏུ་ཆོས་གསུངས་པའི་དུས་གཅིག་ཆོས་ཁྲི་རྒྱབ་ཡོལ་མེད་པ་གཅིག་ལ་བཞུགས་ཏེ་མཐའ་སྐོར་ཐམས་ཅད་སློབ་མས་བསྐོར་ཡོད་པར་ཕྱོགས་ཐམས་ཅད་དུ་ཞལ་ཐལ་ལེ་བར་བྱུང་བས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གྱི་བདག་པོའི་ཞལ་སྐྱིན་མངོན་སུམ་པར་ཡིད་ཆེས་ཤིང་སྤྲུལ་པའི་སྐུར་རྩོད་མེད་དུ་གྲགས། དགེ་བའི་བཤེས་གཉེན་ཆེན་པོ་གྲྭ་ས་འཛིན་ཅིང་བསྟན་པ་སྐྱོང་ནུས་པའི་གདུགས་ཐོགས་པ་སྟོང་ཕྲག་བརྒལ་བས་མཚོན་སློབ་ཚོགས་བསམ་གྱིས་མི་ཁྱབ་པ་འདུས་ཤིང་དབྱར་དགུན་གྱི་ཆོས་གསུངས་སྐབས་ཕྱོགས་རེ་ན་མར་དཔེ་འགྲིམས་ལྔ་བརྒྱ་ཙམ་རེ་དང༌། སྟོན་དཔྱིད་ཀྱི་དུས་སུམ་བརྒྱ་ཙམ་ཡོད་ཅིང༌། སྤྱི་ཚོགས་པ་དུས་རྒྱུན་ཁྲི་ཕྲག་ཐལ་བ་བྱུང་བས། ཆོས་རའི་བདེ་དོག་ལའང་གསེར་ཞོ་རེའི་འཇལ་ལེན་བྱེད་དགོས་པའི་དར་རྒྱས་བྱུང༌། མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཕུན་སུམ་ཚོགས་ཤིང༌། དཔལ་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་རྩལ་དུ་བཏོན་ནས་གསུངས་པ་སོགས་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ཏུ་ཉི་མ་ཤར་བ་ལྟར་མཛད་ནས། མཐར་ཐ་མའི་མཛད་པ་སྟོན་པར་བབས་པའི་ཚེ། སྟོན་པ་བཞི་དང་ལྷན་དུ་སྒྲོ་ཕུག་གི་ལྟག་ལྷ་རི་གདོང་གི་རྩེར་ཕེབས་ནས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་མཛད། གསུང་གི་གསང་བ་མང་པོ་རྗེས་སུ་བསྟན་ནས། ཁྱེད་རྣམས་ང་མེད་པ་ལ་མྱ་ངན་མ་བྱེད། ངས་ད་རེས་ལུས་མ་སྤངས་པར་ཁྱེར་ནས་རིག་འཛིན་གྱི་ས་ལ་འགྲོ་བ་ཡིན། དེས་ཁྱེད་རྣམས་ལ་ཤུལ་དུའང་བཀྲ་ཤིས། མི་རྒྱུད་དང་བསྟན་པ་འཕེལ་བ་གཅིག་འོང་ངོ་གསུངས་ནས། དཔལ་གྱི་མགུལ་ལས་རྡོ་རྗེའི་མགུར་གཅིག་བཞེངས་ནས་ནམ་མཁའ་ལ་ཇེ་མཐོ་ཇེ་མཐོ་འཕགས་ཀྱིན་མགུར་རེ་བཞེངས་ནས་མཐར་མི་མངོན་པའི་སར་གཤེགས་པ་དང༌། སྟོན་པ་བཞི་སྙིང་ཕྱུང་བ་ལྟར་གྱུར་ནས་ཆོ་ངེ་འགྲེ་བཏབ། འགྲེ་ལྡོག་བྱས་མཚན་ནས་བོས་པས་བྱ་བབས་པ་བཞིན་དུ་བྱོན། ཁྱེད་རྣམས་དེ་ལྟར་མི་བྱེད་པ་ཡིན་ཏེ། ངས་གོང་དུ་ཁ་ཏ་ནི་ལེགས་པར་བཅུག དེ་ལ་མི་ཉན་པར། ད་ངའི་མི་རྒྱུད་ལའང་བཀྲ་ཤིས་པ་བགས་མི་འོང་གསུངས་ནས། དེའི་ཕྱི་ལོ་དྲུག་ཅུ་རྩ་གཅིག་པ་ཤིང་སྟག་ལ་འོག་མིན་ཚོགས་ཆེན་འདུས་པའི་གྲོང་ཁྱེར་དུ་གཤེགས་སོ། །


པུར་སྦྱོང་བའི་ཚེ་ལྷ་དང་ཀླུ་དང་བཙན་དང་མ་མོ་རྣམས་ཀྱི་འདེགས་བསྐྱལ་བས་མི་ལ་མེད་པའི་ནོར་སྣ་བཞི་བྱུང་ངོ༌། ། འདི་ལ་ཐུགས་ཟིན་གྱི་སློབ་མཆོག་བཅུ་གཉིས་བྱུང་སྟེ། ལྕེ་སྟོན་རྒྱ་ནག ཟུར་ནག་འཁོར་ལོ། ཉང་ནག་མདོ་བོ། མདའ་ནག་གཙུག་ཏོར་ཏེ་ནག་པོ་བཞི། ཉི་སྟོན་ཆོས་སེང༌། གྱབས་སྟོན་རྡོར་མགོན། ཞང་སྟོན། རྒྱ་སྟོན་ཏེ་སྟོན་པ་བཞི། རྩང་པ་བྱི་སྟོན། གཡུ་སྟོན་ཧོར་པོ། སྤངས་སྟོན་ལྕགས་ཀྱུ། དབུས་པ་ཆོས་སེང་སྟེ་མེས་བཞིའོ། ། དེ་དག་ལས་མཆོག་གྱུར་ལྕེ་སྟོན་རྒྱ་ནག་ནི་འཁྲུངས་ས་ཉང་སྟོད་པ་ཡིན། མཚན་ཉིད་པའི་གྲྭ་སར་བཞུགས་པས་མཁས་པའི་ཕུལ་དུ་སོན། སུམ་ཅུ་པར་སྒྲོ་ཕུག་པའི་མདུན་དུ་བྱོན་ནས་ལོ་བཅུ་གཅིག་བར་བཞུགས། ཐོག་པའི་ལོ་གསུམ་དུ་གསུང་གླེང་ཞིབ་པ་ཙམ་ཡང་མ་བྱུང༌། དེ་ནས་རྒྱ་བརྩོན་སེང་དཔོན་གཡོག་གིས་རྩོད་པ་བཙུགས་པ་ལུང་དང་རིགས་པས་ཚར་བཅད་པས་མཉེས་ནས་ཐུགས་ལ་འདོགས་པོར་ཡོད་ཐོག སྲས་ཇོ་བཙུན་རྡོ་རྗེ་གྲགས་བློ་ཁ་བྱེ་བས་ཤིན་ཏུ་དགྱེས་ནས་བསྐྱེད་རྫོགས་གསུམ་གྱི་གཞུང་གདམས་ངག་དང༌། ཁྱད་པར་གྱི་མན་ངག་ཡིག་ཆུང་དང་བཅས་པ་རྫོགས་པར་གནང་བས་ཟུར་ཚོ་གཞན་ལས་ཆོས་ཁ་ཚང་ཞིང་མན་ངག་ཟབ་པ་ཡིན། བཞི་བཅུ་པར་གཤེགས་བཙུན་མཛད་ནས་མཁས་གྲུབ་ཀྱི་བླ་མ་དུ་མ་ལས་གདམས་པའི་བདུད་རྩི་རྒྱ་མཚོ་ལྟ་བུ་གསན། སྨན་སྒྲུབ་ཀྱི་ཚེ་སྨན་གྱི་ཕོ་བྲང་ནས་ལྷ་མངོན་སུམ་དུ་ཐོན་ཏེ་དཀྱིལ་འཁོར་ལན་གསུམ་བསྐོར་ནས་ཐིམ་པ་ཀུན་གྱིས་མཐོང༌། གཞན་དོན་རྒྱ་ཆེན་མཛད་ནས་ལྔ་བཅུ་རྩ་དྲུག་པར་གཤེགས་སོ། །


དབུས་པ་སྟོན་ཤཱཀ་ནི། སྒྲོ་ཕུག་པའི་གྲྭ་སར་ཡི་གེ་འདྲིར་བྱོན་པས་དད་པ་ཐོབ་ནས་སློབ་གཉེར་བྱས། རྒྱ་ནག་གཤེགས་བཙུན་མཛད་པའི་ཕྱིར་བྱོན་པས་རྒྱུད་དང་གདམས་ངག་ཐམས་ཅད་རྫོགས། ཡོལ་ བྲག་ཏུ་སེ་བ་ཁ་སྤྲག་སྐྱེས་པའི་དབེན་པ་ཞིག་ཏུ་སྒོམ་སྒྲུབ་ཁོ་ན་མཛད་པས་རྟོགས་པ་ཁྱད་པར་ཅན་སྐྱེས། ལྷ་འདྲེས་བཀའ་ཉན་གདུལ་བྱ་མང་པོའི་དོན་མཛད་པས་དམ་པ་སེ་སྤྲག་པར་གྲགས་སོ། ། དབུས་པ་ཞིག་པོ་ནི། ཡར་ཀླུངས་བྱས་པ་ཡིན། ཉ་རི་བའི་གྲ་སར་ཡིག་མཁན་ཆོས་ལ་ཚུད་པ་ཞིག་སྟེ། ལྷ་རྗེ་རྒྱ་ནག་གི་ཕྱི་ལ་འབྲངས་ནས་བསྐྱེད་རྫོགས་གསུམ་གར་བྱང་བར་མཛད། རང་ཡུལ་དུ་ཆེ་འདོན་པ་འགྲོ་སྙམ་ནས་ཆས་སྒྲུབ་པར་བྱོན་པའི་ལམ་དུ། གཞུང་འདི་ཙམ་ཤེས་ཀྱང་ཉམས་སུ་ལེན་རྒྱུ་ཞིག་མི་འདུག ད་ལྟ་ཤི་ན་ཇི་ལྟར་བྱ་དགོངས་ནས་སླར་ལོག་སྟེ་གདམས་ངག་ཞུས་པས། སྙན་བརྒྱུད་རིན་པོ་ཆེའི་གདམས་པ་གནང༌། དེ་ལ་ཉམས་ལེན་མཛད་ཅིང་བྱོན་པས། མང་ཡུལ་གུང་ཐང་དུ་རྫོགས་པ་ཆེན་པོའི་ཡེ་ཤེས་བརྗོད་མེད་ཞག་བདུན་དུ་ཤར།དེར་བལ་པོ་ནས་ཆེ་འདོན་གྱི་ཆས་རྣམས་སྒྲུབ་ནས་གུང་ཐང་དུ་ལྷོགས་ཙམ་ན་ཚད་པས་བསྙུང་བས། དེར་ཀ་ཅ་རྣམས་གྲོང་དུ་བཞག་ནས། རི་ལ་བྱོན་ཏེ་བསྒོམས་པས་ས་རྡོ་རི་བྲག་ལ་ཐོགས་པ་མེད་པ་བྱུང༌། སྔར་གྱི་བསམ་པ་དེ་ཀུན་དགོས་མེད་དུ་གོ་ནས་ཆས་རྣམས་གང་དགར་བོར། མཉྫི་ཞིག་དང་ཏིང་བདུན་ཆ་གཅིག་བླ་མའི་དྲིན་དྲན་ཏེ་ཁུར། དེ་ཡང་འདོད་པ་ཟད་ནས་ཡང་ཡང་སྐྱུར་འདོད་བྱུང་ཡང་བླ་མའི་དྲིན་དྲན་ནས་ཁྱེར། ལྷ་ཁང་དུ་སླེབས་ཙ་ན་བླ་མ་རྒྱ་ནག་པའི་དྲུང་དུ་བསྐྱུར་ནས། ཏིང་ཁྱོད་ཀྱི་ད་ཇི་ཙམ་ཞིག་བཅང་{བཅིངས}གསུང་སྐད། དེར་དབེན་པ་འབའ་ཞིག་ཏུ་ཉམས་ལེན་མཛད་པས་ཆོས་ཐམས་ཅད་བློ་ལ་འཆར། སྣང་བ་བདེན་མེད་དུ་རྟོགས་པས་གཟིམས་མལ་དུ་ཐོག་བྱུང་ཡང་མ་གནོད་པ་སོགས་ཆེ་བའི་ཡོན་ཏན་དུ་མ་དང་ལྡན་ནོ། ། བླ་མ་ཆེན་པོ་ལྷ་ཁང་བ་ཡོན་ཏན་གཟུངས་ནི། ལྷ་རྗེ་རྒྱ་ནག་པའི་དབོན་པོ་ཉི་བོའི་སྲས་སུ་མེ་ཕོ་རྟ་ལ་འཁྲུངས། བཅུ་གཅིག་ནས་བཟུང་ལོ་བཅུ་གསུམ་གྱི་བར་དུ་ཁུ་བོ་དང་འགྲོགས་ནས་བསྐྱེད་རྫོགས་གསུམ་གྱི་རྒྱུད་ལུང་མན་ངག་ཀུན་ལ་སློབ་གཉེར་རྫོགས་པར་མཛད། ཉེར་བཞི་བཞེས་ཚེ་ཁུ་བོ་རྒྱ་ནག་པ་སྐུ་གཤེགས་པས་གདན་ས་མཛད། དབུས་པ་སྟོན་ཤཱཀ་དང༌། དབུས་པ་ཞིག་པོ་སོགས་རང་གི་ཁུ་བོའི་སློབ་མ་བཟང་པོ་རྣམས་ལའང་གཏུགས་ནས་ཐེ་ཚོམ་གྱི་དྲྭ་ཐག་བཅད་ནས་ཚོགས་པ་བསྐྱངས་པས་ཕྲིན་ལས་ཆེར་རྒྱས། སྐུ་ཚེའི་སྨད་དུ་སྒོམ་སྒྲུབ་འབའ་ཞིག་ལ་བཞུགས་ནས་མཚམས་འོག་ཏུའང་གྲྭ་ས་ལོ་བཅོ་བརྒྱད་བསྐྱངས། མཐར་དགུང་ལོ་བདུན་ཅུ་པ་ཤིང་མོ་ཡོས་ཀྱི་ལོ་ལ་སྐུ་གཤེགས།དམ་པའི་སྐྱེས་བུ་འདི་ལ་སློབ་མ། ཞིག་པོ་བདུད་རྩི། སྟོན་པ་བླ་སྐྱབས། དབུས་པ་ཇོ་བསོད།སྙིང་སྟོན་ཉི་རྡོར་སོགས་མཁས་གྲུབ་ཀྱི་སྐྱེས་བུ་མང་དུ་བྱུང་ངོ། ། ཐུགས་ཀྱི་སྲས་ཞིག་པོ་བདུད་རྩི་ནི། ཡབ་སངས་རྒྱས་དྭགས་ཆུང་དང༌། ཡུམ་ཇོ་མོ་ཝང་མོ་གཉིས་ཀྱི་སྲས་སུ་གཟད་ཀྱི་ལྷ་གདོང་དགོན་པར་ས་སྦྲུལ་ལ་འཁྲུངས། ཞིབ་མར་བསྙལ་བ་ན་འཇའ་ཚོན་ཟུག དགུང་ལོ་གཉིས་པའི་ཚེ་ཡབ་ལ་རྨིས་ལྟས་ངོ་མཚར་འབྱུང་ནས་གཞན་ཕན་འབྱུང་བར་ལུང་བསྟན་ནས་སྐུ་གཤེགས། ཐེག་པ་ཆེན་པོའི་རིགས་སད་པས་ཆུང་ངུ་ནས་སྙིང་རྗེ་ལྷག་པར་ཆེ་ཞིང་སྦྱིན་ལ་ཐུགས་སྤྲོ། སྟོན་ཀར་འོངས་འདོན་པའི་ཚེ། གཟད་ལུང་བའི་ལྷ་འདྲེ་ཚོ། ཉང་ནག་འོལ་བའི་ལྷ་འདྲེ་ཚོ། སྤྲང་པོ་འུ་ལུའི་རྒྱལ་ནག ད་ནང་སུའི་འོངས་སར་མ་འགྲོ་བར། རྒད་མོ་ཝང་མོས་འོངས་འདོན་གྱི་ཡོང་བས་འདིའོ་འོངས་ལས་ཁྱེར་བྱས་པས། དེར་ཞིང་རེ་བཞི་བྱ་བ་ལོ་ཇི་ལྟར་ལེགས་ཀྱང་ནས་ཁལ་བཞི་བཅུ་པས་མི་ཐོན་པ་ཞིག་ལ་དེ་ལོ་ནས་ཁལ་ལྔ་བཅུ་བྱུང་བ་སྤྲུལ་པའི་སྐུར་ཡིད་ཆེས། ལོ་གསུམ་གྱི་བར་དུ་ཞང་པོ་དམ་པ་སེ་སྤྲག་པ་བསྟེན་ནས་རྫོགས་ཆེན་རོང་ལུགས་ལ་མཁས་པར་སྦྱངས། བཅུ་དྲུག་པ་ལ་བླ་མ་ཆེན་པོ་སྐྱིལ་མཁར་ལྷ་ཁང་པ་ཡོན་ཏན་གཟུངས་ཀྱི་ཞབས་ལ་གཏུགས། ལོ་དེར་རྫོགས་ཆེན་སྐོར་ལུགས་ཀྱི་སྟོང་ཐུན་གསུངས་པས་མཁས་པའི་ཐག་ཆོད། ལོ་བཅུའི་བར་བླ་མ་འབྲལ་མེད་དུ་བསྟེན་ནས་བསྐྱེད་རྫོགས་གསུམ་ཀ་ལ་བློ་གྲོས་བྱང་བར་མཛད། ཁྱད་པར་སེམས་ཕྱོགས་ཀྱི་བཤད་པ། སྐོར་ལུགས་རོང་ལུགས། ཁམས་ལུགས་སོགས་བཤད་སྲོལ་མི་འདྲ་བ་བཅུ་བཞི་གསན། ཉམས་ལེན་གྱི་སྙིང་པོ་ཡང་དེར་མཛད། གསན་པ་རྫོགས་པ་ན་ཡབ་ཀྱི་སློབ་མ་མདོས་བྱ་བས་གདན་དྲངས་ཏེ་གཟད་དུ་བྱོན་ནས་འུག་སྐད་དགོན་བཟུང༌། གཙང་དུ་སེ་སྤྲག་དང༌། ཆོས་ལྡིང་གཉིས་ཀྱང་བཟུང༌། ཞང་རིན་པོ་ཆེ་ཆོས་ལྡིང་དུ་སྤྱན་དྲངས་ནས་ཆོས་འཁོར་བཙུགས་པར་བླ་མ་ལྷ་ཁང་པས་ཀྱང་འཐུད་མ་གནང༌། ཕྲིན་ལས་དུས་སུ་བབས་པས་གདུལ་བྱ་དཔག་ཏུ་མེད་པ་འདུས་ནས་འགྲོ་བའི་དོན་རྒྱ་ཆེན་པོ་མཛད། བླ་མ་ལ་ཤིན་ཏུ་གུས་པས་སྐུ་མདུན་ལ་ནམ་བྱོན་ལ་ཞབས་སྤྱི་བོར་ལེན། ཆོས་དང་ཟང་ཟིང་གི་འབུལ་བ་བསམ་གྱིས་མི་ཁྱབ་པས་མཉེས་པར་མཛད། བྱིན་རླབས་ཞུགས་པས་དགོངས་པ་ཇི་བཞིན་དུ་ལོངས། རྟོགས་གྲོལ་དུས་མཉམ་དུ་སོང་ནས་ས་རྡོ་རི་བྲག་ཐམས་ཅད་ལ་ཐོགས་མེད་དུ་འགྲོ་ནུས། མི་མ་ཡིན་གྱིས་སྐོར་བ་བྱེད་པ་དང༌། མངོན་པར་ཤེས་པ་མངའ་བའི་ལོ་རྒྱུས་མང༌། གཟད་ཕུར་སྐུ་ཕ་ཝོང་ལ་ཐིམ་པ་དང༌། སྲིན་པོ་རིར་གྱང་ལ་ཐོགས་མེད་དུ་གཤེགས་པ་སོགས་རྫུ་འཕྲུལ་དུ་མ་མངའ། རྒྱ་དཀར་ནག་བལ་པོ་སོགས་སྐྱེ་བོ་སྐད་རིགས་མི་གཅིག་པ་ཀུན་ཀྱང་འདུས། རྡོ་རྗེ་གདན་ལ་ཞབས་ཏོག་ལན་གསུམ། ཇོ་ཤཱཀ་མཆེད་ལ་སྲི་ཞུ་ལན་བཞི། ཇོ་རག་ལན་བཞི་སོགས་ཆོས་འཁོར་གསར་དུ་འཛུགས་པ་དང་ཉམས་པ་གསོ་བ་དང༌། སྐུ་གསུང་ཐུགས་རྟེན་བཞེངས་པ། རྒྱ་གར་ནས་བྱོན་པའི་ལོ་པཎ་མཁས་པ་རྣམས་ཀྱི་ཞབས་ཏོག་མཛད་པས་མཚོན་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་ནམ་མཁའ་དང་མཉམ་པའི་ངང་ནས། མཐར་འཁོར་ངན་ཁ་ཅིག་གིས་ཆང་འཐབས་བྱས་པའི་རྐྱེན་གྱིས་ཐུགས་སུན་ནས་ལྔ་བཅུ་རྩ་གཅིག་པ་ས་མོ་ལུག་གི་ལོར་གསང་ཕུའི་རྒྱ་ར་གད་ལོགས་ཀྱི་དགོན་པར་སྐུ་གཤེགས། སྐུ་གདུང་རིམ་གྱིས་གཟད་ཐང་སྐྱའི་གཙུག་ལག་ཁང་དུ་གདན་དྲངས་པའི་ཚེ། ས་གཡོ་བ་དང༌། ཡོན་ཆབ་ལ་པདྨའི་སྡོང་བུ་སྐྱེས་པ་སོགས་ལྟས་ངོ་མཚར་བ་བྱུང༌། ཞུགས་ལ་ཕུལ་བའི་ཚེ། སྒྲ་དང༌། འོད་དང༌། འཇའ་དང་བཅས་མཆོད་རྟེན་ཡིག་འབྲུ་སོགས་དཔག་ཏུ་མེད་པ་བྱོན་ནོ། ། སློབ་མའི་གཙོ་བོ་ཐུགས་སྲས་སུ་གྱུར་པ་ནི། རྟ་སྟོན་ཇོ་ཡེ། མ་ཧཱ་ལྷུན་པོ། མཁས་པ་ཇོ་ནམ། དབུས་པ་ཇོ་བསོད། བཟང་སྟོན་ཧོར་གྲགས། མྱོས་སྟོན་བླ་མ་དང་དྲུག་ལས། གཙོ་བོར་གྱུར་པ་རྟ་སྟོན་ཇོ་ཡེ་ནི། རྟ་སྟོན་ཇོ་འབུམ་གྱི་སྲས་སུ་ཆུ་མོ་ལུག་གི་ལོ་ལ་འཁྲུངས། ལོ་བཅུ་གཉིས་པ་ནས་བཟུང་རིས་མེད་མཁས་གྲུབ་དུ་མའི་ཞབས་ལ་གཏུགས་པས་མང་དུ་ཐོས་པའི་ནོར་གྱིས་ཕྱུགབཅུ་དྲུག་པར་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆཻ་ལ་བཤད་པ་མཛད། ཉེར་ལྔ་པར་ཞིག་པོའི་མདུན་དུ་བྱོན། དང་པོ་ཆོས་ཞུ་བའི་རྟོག་པ་ནི་མེད། ཆོས་ཀྱང་ང་མཁས། གདམས་ངག་ཀྱང་ང་རང་ཆེ་མོད། གཅུང་པོ་ཇོ་བསོད་ཀྱི་བླ་མ་ཡིན་པས་མཇལ་འཕྲད་ཀྱི་རྣམ་པ་ཞིག་བྱ་དགོངས་པར།ཞིག་པོའི་ཞལ་མཐོང་བ་ཙམ་གྱིས་མོས་གུས་དབང་མེད་དུ་སྐྱེས། ལོ་བདུན་གྱི་བར་ཞག་གཅིག་ཀྱང་མ་འབྲལ་བར་བསྟེན། ཡུལ་གཞིས་ཐམས་ཅད་བཙོངས་ནས་སྤོང་དག་བྱས་པའི་འབུལ་བ་ལན་བཞི་ཕུལ། དབང་དང་གདམས་ངག་མཐའ་དག་རྫོགས་པར་གསན་པས་བྱིན་རླབས་ཅིག་ཅར་དུ་ཞུགས། རྟོགས་པ་ཐོད་རྒལ་དུ་སྐྱེས་པས་འཇིག་རྟེན་གྱི་སྒྲོ་སྐུར་ལ་ཉམས་མི་མངའ། ཚུལ་འཆོས་མེད་པའི་སྤྱོད་པ་སྐྱོང༌། བླ་མ་ལ་ཤིན་ཏུ་གུས་ཤིང་ཅི་གསུང་དང་དུ་ལེན་པས་དགོངས་པ་གཅིག་ཏུ་འདྲེས། གདམས་ངག་གསུང་སྒྲོས་རྣམས་ཡི་གེར་བཀོད་པས་རྗེས་འབྲང་ལ་དྲིན་ཆེ། དབེན་པ་འབའ་ཞིག་ཐུགས་ལ་བཅངས་ཀྱང་ཞིག་པོའི་བཀའ་བྱུང་བས་མཛད་འཕྲོ་རྣམས་བསྐྱངས། འགྲོ་དོན་དཔག་མེད་མཛད་ནས་དྲུག་ཅུ་རྩ་བརྒྱད་པ་ལྕགས་སྟག་ཨོ་རྒྱན་པ་འཁྲུངས་ལོ་དེར་གཤེགས། སྐུ་གདུང་དང་རིང་བསྲེལ་མང་དུ་བྱོན་ནོ། ། ཡང་སངས་རྒྱས་དབོན་སྟོན་གྱི་སློབ་མ་རྟ་སྟོན་གཟི་བརྗིད་བྱ་བའི་མཁས་པ་ཆེན་པོ་བྱུང་ནས་གསང་སྙིང་གི་རྒྱས་འགྲེལ་ཡང་མཛད། འདི་ཡན་ཆད་སྒྱུ་འཕྲུལ་དང་སེམས་ཕྱོགས་མཐའ་དག་ལ་མཁས་པར་གྲགས། ཡང་གཡུང་ཊཱིཀ་དུ་བཤད་པ་ལྟར་གསང་འགྲེལ་སྤར་ཁབ་ཀྱི་བཤད་པའི་བརྒྱུད་ལུགས་གཅིག་ནི། སྒྲོ་ཕུག་པའི་སློབ་མ་གཙང་པ་བྱི་སྟོན་དང༌། ཉི་སྟོན་ཆོས་སེང་གཉིས་ཀྱི་སློབ་མ་རྩང་ནག་འོད་འབར། དེས་མེས་སྟོན་དགོན་པོ། དེས་བླ་མ་སྲོང༌། དེས་པཀྴི་ཤཱཀ་འོད་དེ་འདི་ནི། སྐྱེ་བ་སྔ་ཕྱི་ཐལ་ལེར་དྲན་པའི་ཟུར་དབང་ཆེན་འོད་པོ་ལ་པཎ་ཆེན་ཤཱཀ་ཤྲཱིར་གྱི་ལུང་བསྟན་པ་ལྟར་སྲས་གཉིས་བྱུང་བའི་ཆུང་བ་སྟེ་མཚན་ཤཱཀྱ་འོད་དུ་གསོལ། ཆུང་ངུ་ནས་མངོན་ཤེས་རྡོལ་ཐབས་སུ་སྨྲ། ཆོས་ཐམས་ཅད་བརྡའི་སྒོ་ནས་སྟོན་ཤེས་པའི་བརྟུལ་ཞུགས་ཅན་ཞིག་བྱུང༌། རྒྱལ་ཁབ་གོང་པ་ལས། ཡབ་ཆོས་མཐའ་དག་གསན། བར་དོའི་འགྲོ་བ་རྣམས་མངོན་སུམ་དུ་གཟིགས། ཉིན་གཅིག་ང་ལ་འགྱོད་པ་བྱུང་གསུངས། ཅི་ལགས་ཞུས་པས། ང་རིག་འཛིན་གྱི་ཚོགས་གྲལ་དུ་རྟག་པར་ཚུད་པ་ལ། ཕུ་བོ་ཤཱཀྱ་མགོན་ལ་ཚིག་རྩུབ་ཤོར་བས་དེའི་ནུབ་མོ་ནས་དམ་ཉམས་ཡིན་ཟེར་ཏེ་མ་ཚུད་གསུངས་བཤགས་པ་མཛད། མི་ཉག་གྷ་རས་ལ་རྡོ་རྗེ་ལེགས་པ་ལྷ་བཞིའི་སྐོར་བསྐུར་བས་མཐའ་འཁོབ་ཀྱི་ཡུལ་དུ་སྔགས་ཀྱི་ཆེ་བ་ཐོན། ཧོར་སེ་ཆེན་གྱི་དངུལ་བྲེའི་སྐྱེས་བཅས་གསེར་ཡིག་བྱུང་བས། གཙང་གི་བྲག་རྡོ་རྗེ་ཚེ་བརྟན་ནས་སློབ་དཔོན་ཆེན་པོས་སྦས་པའི་ཚེ་ཆུ་ངོ་མཚར་བའི་ཆོ་འཕྲུལ་དང་བཅས་ཁྲོམ་གཏེར་དུ་སྤྱན་དྲངས་ནས་ཕུལ་བས་གོང་མ་རྒྱལ་པོ་དགུང་ལོ་བརྒྱ་ཐུབ་པ་བྱུང༌། དེའི་བྱ་དགར་དབུས་གཙང་ན་ཡོད་པའི་སྔགས་པ་རྣམས་ཁྲལ་དམག་ལས་ཐར་དུ་བཅུག་པའི་འཇའ་ས་ལོངས། གོང་མའི་བླ་མ་རྣམས་དང་བྱས་པ་མཉམ་ཕྱིར་པཀྴིར་བཏགས། ཚེ་ཆུའི་ཡོན་སྤན་ཧོར་དུད་ཞེ་ལྔའི་ས་ཕུལ། རྒྱ་རྒན་གྱི་ཐང་མཚོར་ཡོད་པ་ཀླུས་སྐམ་དུ་བཅུག་ནས་ཕུལ་བར་སྔགས་སྡེ་ཆེན་པོ་བཏབ། མཁར་རྡོ་རྗེ་བྲག་གི་ལྟེ་བར་སྒྲུབ་པ་རྩེ་གཅིག་ཏུ་མཛད་ནས་དྲུག་ཅུ་རྩ་གསུམ་པར་གཤེགས། པུར་ལ་རེག་པས་མཛེ་ནད་སོས་པ་བྱུང་ངོ༌། ། དེས་རྟ་ནག་བདུད་འདུལ། དེས་མདའ་ཤཱཀྱ་འཕེལ། དེ་ལས་ཟུར་བྱམས་པ་སེངྒེས་གསན་ཏེ་འདི་ནི། ཟུར་པཀྴིའི་སྲས་ཉི་མ་སེངྒེ་བྱ་བ་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བས། སྟོད་ཧོར་གྱིས་ས་བསྟན་ལ་འཚེ་བའི་ཚེ། གོང་མ་མཆོད་ཡོན་གྱི་ལུང་བྱུང་བས། དྲག་པོ་མངོན་སྤྱོད་ཀྱི་ནུས་པས་དམག་ཁྲི་ཕྲག་གསུམ་གངས་དབྲག་ཏུ་སྲོག་གི་རྒྱུ་བ་བཅད་ནས་བོད་ཁམས་མཐའ་དམག་གི་འཇིགས་པ་ལས་བསྐྱབས་པས་མཚོན་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པ་དེའི་སྲས་ཡིན། འདི་བྱིས་པའི་དུས་ནས་ཐེག་པ་ཆེན་པོའི་རིགས་སད་པས་སྙིང་རྗེ་ལྷག་པར་ཆེ། ཁྲོ་ཕུར་རབ་ཏུ་བྱུང་ཞིང་བཅུ་བཞི་ལ་བཤད་པ་མཛད་པས་མཁས་པའི་གྲགས་པ་ཐོབ། བཅོ་ལྔ་པར་འུག་བྱ་ལུང་དུ་མདའ་ཤཱཀྱ་འཕེལ་ལས་གསང་སྙིང་གསན་ནས་བཅུ་བདུན་ལ་རྒྱུད་ཀྱི་རྣམ་གཞག་མཛད་ནས་ཆོས་བཞི་བཟུང༌། ལྕེ་སྟོན་སྒྲུབ་འབུམ་ལས་ལམ་རིམ་དང་རྫོགས་ཆེན་གསན་པས་རྟོགས་པ་ཐོད་རྒལ་དུ་སྐྱེས། གཞན་ཡང༌། རྟ་སྟོན་གཟི་བརྗིད། ཟུར་ལུང་པ་གྲུབ་ཐོབ་བཤེས་གཉེན། ཐར་ལོ་ཉི་རྒྱལ། ཁྲོ་ཕུ་བ་དཔལ་མཆོག བསམ་ལྡིང་གྲུབ་དཔལ།གང་པ་ཤཱཀ་འབུམ་སོགས་བླ་མ་དུ་མ་ལས་རིག་གནས། སྡེ་སྣོད། སྔགས་གསར་རྙིང་གི་ཚུལ་མཐའ་ཡས་པ་ཞིག་གསན་ཅིང་རྩ་བ་ཆོད་པར་སྦྱངས་ཏེ། གཡུང་སྟོན་པས་ཀྱང༌། ཁོ་བོའི་བླ་མ་ཟུར་ཐམས་ཅད་མཁྱེན་པ་ཞེས་གསུངས། གཙོ་བོར་ཐུགས་དམ་འབའ་ཞིག་ལ་བཞུགས་པས་ཡི་དམ་མང་པོས་ཞལ་བསྟན། སྐུ་མདུན་དུ་སུ་བསླེབས་ཀྱང་སྣང་བ་རང་སར་འགྱུར་ནས་ངེས་འབྱུང་དང་དད་པ་དང་སྙིང་རྗེ་རང་དབང་མེད་པར་སྐྱེ་བ་ཞིག་ཡོད་པར་གྲགས།ལར་བོན་པོ་ཞིག་གི་ཟས་ངན་དྲངས་པས་དགུང་ལོ་ཉེར་བདུན་ལས་མ་བཞུགས་ཀྱང་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དཔག་པར་དཀའ་བས་སློབ་མའི་ཚོགས་བསམ་གྱིས་མི་ཁྱབ་ཅིང༌། མདོ་སྒྱུ་སེམས་གསུམ་ལ་ཚད་དུ་རྫོགས་པའི་བཤེས་གཉེན་གཞན་ཕན་རྒྱ་ཆེར་སྤྱོད་ཅིང་གྲགས་པ་ཐོན་པ་རང་ཡང་བཅུ་དྲུག་ཙམ་ཡོད་པ་ལས། སྔ་ཚར་གྱི་ཐུ་བོ་གཡུང་སྟོན་པ་དང༌། ཕྱི་ཚར་གྱི་ཐུ་བོ་སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེའོ། ། དེ་ལ་གཡུང་སྟོན་རྡོ་རྗེ་དཔལ་ནི། ཤིང་ཕོ་སྤྲེའུ་ལོ་ལ་གྲྭ་ཚོང་འདུས་སུ་འཁྲུངས། སྐུ་གཞོན་ནུ་ཉིད་ནས་མཁྱེན་རབ་ཕུན་སུམ་ཚོགས་པས་མདོ་སྔགས་རིག་གནས་དང་བཅས་པ་མཁྱེན། རྒོད་སྒྲོས་ཆུའི་གྲོད་པ་དུམ་བུར་གཏུབ་ཀྱང་མི་འབོ་བ་དང༌། ལྕགས་བསྲེགས་ལ་ཤ་རྗེན་གྱིས་རེག་ཀྱང་མི་ཚིག་པ་དང༌། བརྩིགས་པ་ལ་རྡོ་དྲུག་སྦྱོར་གྱི་ཞལ་བ་བྱས་པས་བྲག་ཆེན་གཅིག་ཏུ་འགྱུར་བ་སོགས་རྟེན་འབྲེལ་མང་པོ་མཁྱེན། རྗེ་རང་བྱུང་ཞབས་ཀྱི་སྲས་ཀྱི་དམ་པར་བསྐྱངས། ཟུར་བྱམས་པ་སེང་གེ་ལས་མདོ་སྒྱུ་སེམས་གསུམ་གྱི་མན་ངག་རྫོགས་པར་གསན་པས་སྨྲ་བའི་དབང་ཕྱུག་ཆེན་པོར་གྱུར།སྐུ་གཞོན་དུས་གོང་མའི་ལུང་གིས་རྒྱ་ནག་ཏུ་བྱོན། ནུས་པ་ཐོན་པས་གོང་མ་དགྱེས་ནས་བྱ་དགའ་ཆེན་པོ་ཐོབ། ཟུར་བྱམས་སེང་གི་སྐུ་ཚེ་ལ་བར་དུ་གཅོད་པའི་ལྷ་ཁུུ་དབོན་པོ་ལ་གཤིན་རྗེའི་འཁོར་ལོ་བསྐོར་ནས་མི་ནོར་ཞིང་ཁང་དང་བཅས་པ་གཙང་པོར་སྦྱངས་ནས་རབས་བཅད།ཐུགས་དམ་གྱི་སྙིང་པོ་རྫོགས་པ་ཆེན་པོ་འབའ་ཞིག་ལ་མཛད། སྤོབས་པའི་གཏེར་བརྒྱད་གྲོལ་བས་སྙིང་འགྲེལ་གསལ་བྱེད་མེ་ལོང་སོགས་བསྟན་བཅོས་ཀྱང་མང་དུ་བརྩམས། སྔགས་མཚན་ཉིད་ཀྱི་སངས་རྒྱས་ལ་ཁྱད་པར་ཕྱེ་བའི་བསྟན་བཅོས་དེ་ཉིད་གཡག་སྡེ་པཎ་ཆེན་གྱིས་གཟིགས་པས་ཤིན་ཏུ་དད་ནས་ཞབས་ལ་གཏུགས། སྐུ་ཚེའི་སྨད་ལ་བསྙེན་པར་རྫོགས། རྒྱལ་དབང་ཐམས་ཅད་མཁྱེན་པ་རོལ་པའི་རྡོ་རྗེ་ལ་སྒྱུ་འཕྲུལ་དང༌། ཕྱག་རྫོགས་གཙོ་བོར་གྱུར་པའི་གསར་རྙིང་གི་ཆོས་བཀའ་རྒྱ་མཚོ་ལྟ་བུ་ཕུལ་བས་མཚོན་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་ནས་བརྒྱད་ཅུ་རྩ་གཉིས་བཞེས་པ་ཤིང་མོ་སྦྲུལ་གྱི་ལོ་ལ་གཤེགས། རྟ་ནག་སྒྲོལ་མ་བ་བསམ་འགྲུབ་རྡོ་རྗེ་ནི། ཤིང་མོ་ལུག་གི་ལོ་ལ་རྟ་ནག་གནས་གསར་དུ་ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱི་གདུང་བརྒྱུད་ལ་འཁྲུངས། ཟུར་བྱམས་པ་སེང་གེ་ལས་གསན་པས་རྒྱ་ཆེར་མཛད་ཅིང་ཁྱད་པར་སྒྱུ་འཕྲུལ་ལ་མཁས། གླན་ཉལ་ཚ་བ་བསོད་ནམས་མགོན་པོ་ལ་སྒྱུ་འཕྲུལ་གྱི་དབང་ནོད། མཁྱེན་རབ་དང་ཕྲིན་ལས་དཔག་པར་དཀའ་བ་ཡིན་ཏེ་དབེན་པ་འབའ་ཞིག་ལ་ཐུགས་གཏད། བྱེ་མ་སེང་གེར་རྫོགས་ཆེན་སྙིང་ཐིག་ལ་ཐུགས་དམ་རྩེ་གཅིག་མཛད་པས་རིག་པ་ཚད་ལ་ཕེབས་ཏེ་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོ་དང་མཉམ་པ་ཉིད་དུ་སྤྱོད། ཡང་དབེན་པའི་ཟུར་ཤཱཀ་འབྱུང་དང༌། འུག་པ་ལུང་གི་བླ་མ་སེང་གེ་བ་གཉིས་ཆུང་ཆུང་ནས་སྐུ་དྲུང་དུ་བཞག་སྟེ་ལེགས་པར་བསྐྱངས་པས་ཟུར་བརྒྱུད་ལ་བཀའ་དྲིན་ཆེ། ཤངས་པ་ཀུན་མཁྱེན་པ་ཡང་བྱིས་པའི་དུས་རྗེ་འདི་ཉིད་ཀྱིས་དབང་དང་བྱིན་རླབས་མཛད་པས་མཁས་གྲུབ་ཆེན་པོར་གྱུར་པ་སོགས་བྱིན་རླབས་བསམ་གྱིས་མི་ཁྱབ། དགུང་ལོ་བརྒྱད་ཅུ་རྩ་གཉིས་པར་སྲས་ལ། ང་ནི་བདེ་བ་ཅན་དུ་འགྲོ། ། ཁྱེད་ཀྱང་ང་དང་མཉམ་པ་ཐུབ། ། དེ་ནས་བདེ་བ་ཅན་དུ་ཤོག ། གསུངས་ནས་སྐུ་གཤེགས།དེའི་སྲས་སངས་རྒྱས་རིན་ཆེན་རྒྱལ་མཚན་ནི། ལྕགས་ཕོ་སྟག་ལ་གནས་གསར་དུ་འཁྲུངས། ལོ་དྲུག་ན་གསང་བ་སྙིང་པོའི་རྒྱུད་ཐུགས་ལ་ཟིན། ཟུར་ཤཱཀ་འབྱུང་བའི་སྤྱན་སྔར་བྱོན། ངའི་བླ་མའི་སྲས་གསུངས་ནས་གཅེས་པར་བསྐྱངས། བཅུ་བཞི་པར་གཞན་ལ་དབང་བསྐུར་གྱི་སློབ་དཔོན་ཕེར་བ་བྱུང༌། ཡབ་ལས་སྒྱུ་འཕྲུལ་གྱི་ཆོས་སྐོར་རྣམས་ཐུགས་སུ་ཆུད་པར་མཛད། ཕྱིས་སྐུ་ན་སྨིན་པ་ན་ཆོས་འཁོར་སྒང་དུ་ཆིག་རྫོགས་མཛད། སྐུ་ཤིན་ཏུ་བཙུན་པར་བཞུགས། སྒྱུ་འཕྲུལ་ལ་མཁས་པར་གྱུར་པས་བསྟན་བཅོས་མང་དུ་མཛད། དབང་གྲགས་པ་རྒྱལ་མཚན་གྱིས་ཞབས་ནས་བཏེགས་ཏེ་དབུས་སུའང་ཆོས་འཁོར་བསྐོར། བརྒྱད་ཅུ་རྩ་གཉིས་པ་ལྕགས་ཕག་ལོར་གཙང་དུ་སྐུ་གཤེགས། དེའི་སློབ་མ་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་ནི། ཆུ་སྤྲེལ་ལ་འཁྲུངས་སྤྱན་གཡས་མཁན་ཆེན་ལས་རབ་ཏུ་བྱུང་ཞིང༌། རྒྱལ་དབང་དེ་བཞིན་གཤེགས་པ་སོགས་མཁས་གྲུབ་དུ་མ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་ལ་མཁས་པར་སྦྱངས། པཎ་ཆེན་ནགས་ཀྱི་རིན་ཆེན་ལས་ཆོས་མང་དུ་ཞུས་ཤིང་བསྒྱུར། སྒྲོལ་མའི་སྲས་སངས་རྒྱས་རིན་ཆེན་ལས་སྒྱུ་འཕྲུལ་གཙོ་བོར་གྱུར་པའི་སྔ་འགྱུར་གྱི་ཆོས་བཀའ་རྒྱ་མཚོ་ལྟ་བུ་གསན་ཅིང་སྒྲོ་འདོགས་ཆོད་པར་སྦྱངས་པས་མཚོན་གྲུབ་མཐའ་རིས་སུ་མ་ཆད་པའི་བཤེས་གཉེན་ཆེན་པོར་བཞུགས། དེས་སྒྱུ་འཕྲུལ་གསང་བ་སྙིང་པོའི་དབང་བཀའ་དང་བཤད་བཀའ་མཐའ་དག་ཞྭ་དམར་ཐམས་ཅད་མཁྱེན་པ་སྤྱན་སྔ་ཆོས་གྲགས་ཡེ་ཤེས་ལ་ཕུལ།དེས་འབྲི་གུང་བ་རིན་ཆེན་ཕུན་ཚོགས། དེས་རང་གྲོལ་ཉི་ཟླ་སངས་རྒྱས། དེས་འཁོན་རིགས་ཚེ་དབང་ནོར་རྒྱས། དེས་རང་སྲས་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ལ་བཤད་དེ། འདི་ཆུང་ངུ་ནས་དམ་པའི་བག་ཆགས་སད་ཅིང་ངེས་འབྱུང་གི་ཐུགས་ཡང་དག་པ་སྐྱེས། དགུང་ལོ་བཅུ་པར་རབ་ཏུ་བྱུང་ཞིང་རིམ་པར་གསར་རྙིང་གི་བླ་མ་དུ་མ་ལས་གདམས་ངག་མང་དུ་གསན་ཅིང་གཙུག་ལག་ཀུན་ལ་སྦྱངས། ཁྱད་པར་ཡབ་རྡོ་རྗེ་འཛིན་པ་ལས་སྒྱུ་འཕྲུལ་སྐོར་གསན་ཅིང་སྦྱངས་པས་སྒྲོ་ཕུག་པ་ཆེན་པོའི་བག་ཆགས་སད་པས་ལམ་འདི་ཉིད་ལ་བརྟེན་པའི་མཁས་གྲུབ་ཟླ་བྲལ་དུ་གྱུར། གྲུབ་ཆེན་ཉི་ཟླ་སངས་རྒྱས་ལས་རྫོགས་ཆེན་ཀློང་གསལ་སྙིང་ཐིག་ཞུས་པས་ཆོས་ཉིད་ཡིད་དཔྱོད་དུ་མ་ལུས་པ་ངོ་རང་ཐོག་ཏུ་འཕྲོད། ཆོས་གྲྭ་ཆེན་པོ་རྩེས་དང་དུ་གྲྭ་སྐོར་མཛད། སོ་བཞི་པར་བསྙེན་པར་རྫོགས་ནས་དགེ་ཕྱོགས་ཀྱི་སྔགས་སྐོར་རྣམས་ཀྱང་གསན་ནས་གསང་ཕུ་དང་སེ་ར་བྱེས་པའི་འཆད་ཉན་གྱི་སློབ་དཔོན་ཡང་མཛད། ཕྱིས་འདུ་འཛིའི་གཡེང་བ་ཐམས་ཅད་སྤངས་ནས་ཁ་ཕ་ཝམ་ཁའི་ནགས་ཁྲོད་དུ་སྒྲུབ་པ་ཁོ་ན་གཙོ་བོར་མཛད། ཕྱག་ན་པདྨ་ལྔ་པ་ཆེན་པོས་ཀྱང་ཞབས་ལ་གཏུགས་ཏེ་གསར་རྙིང་གི་དབང་ཁྲིད་དམན་ངག་གི་སྐོར་མཐའ་ཡས་པར་གསན། མཐར་དགུང་ལོ་དོན་དྲུག་པར་ངོ་མཚར་བའི་ལྟས་དང་བཅས་གཤེགས། དེས་ཟུར་ཆེན་ཆོས་དབྱིངས་རང་གྲོལ་ལ་སྩལ་ཏེ་འདི་ནི། རིག་འཛིན་ཀུ་མཱ་རཱ་ཛའི་རྣམ་འཕྲུལ་ཟུར་ཆེན་གཞོན་ནུ་དོན་འགྲུབ་ཀྱི་སྲས་སུ་ཤིང་འབྲུག་ལ་འཁྲུངས། དྲུང་པ་དཀོན་མཆོག་རིན་ཆེན་ཀྱི་སྐུ་སྐྱེར་ངོས་འཛིན། བྱང་པ་རིག་འཛིན་ངག་གི་དབང་པོས་བསྟན་པ་ལ་ཕན་པར་ལུང་བསྟན། སྣང་གསལ་རིན་པོ་ཆེ་ངག་དབང་ཡེ་ཤེས་གྲུབ་པ་ལས་སྔ་འགྱུར་གྱི་དབང་ཁྲིད་རྒྱ་མཚོ་ལྟ་བུ་གསན། གསང་མཚན་ཆོས་དབྱིངས་རང་གྲོལ་དུ་བཏགས།ཟིང་པ་སྟག་མགོར་ལོ་གསུམ་ཕྱོགས་གསུམ་ལ་མཁའ་འགྲོ་སྙིང་ཏིག་གི་ཀ་དག་དང་ལྷུན་གྲུབ་ཀྱི་ལམ་གནད་དུ་བསྣུན་པས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་མངོན་དུ་གྱུར། དགུང་ལོ་བཅུ་བདུན་པར་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་ཞབས་པད་ཡུན་རིང་བསྟེན་ནས་བཀའ་གཏེར་གྱི་ཆོས་ཚུལ་རྒྱ་མཚོ་ཙམ་གསན། ཁྱད་པར་གསང་བ་སྙིང་པོ་རྩ་འགྲེལ་རྣམས་ལ་སྒྲོ་འདོགས་ཆོད་པར་སྦྱངས། དགུང་ལོ་ཉི་ཤུ་པར་དགེ་བསྙེན་ནས་བཟུང་བསྙེན་རྫོགས་བར་སྒྲུབ། ཉེར་གཉིས་ལ་རྩེས་དང་དུ་གསང་སྙིང་གསུངས་པས་ཁེངས་པའི་བློ་ཅན་རྣམས་སྤཽབས་པ་བཅོམ། ཁྲི་དཀོན་མཆོག་ཆོས་འཕེལ་ཁྱབ་འཇུག་གི་འཇིགས་པ་ལས་སྐྱབས། སྟག་བླ་པདྨ་བློ་གྲོས་དང་ཆོས་ཀྱི་སྐྱེས་འབུལ་རེས་མཛད། རྒྱལ་མཆོག་ལྔ་པ་རིན་པོ་ཆེས་ཏི་ཤྲཱིར་བཀུར་ནས་མངོན་སྤྱོད་ཀྱི་ལས་སྦྱོར་གནང་བས་དགེ་ལྡན་ཕོ་བྲང་གི་ལུང་ལས་བོད་ཁམས་ཡོངས་ལ་ཁྱབ་པ་འདི་བྱུང༌། ཁྱད་པར་རྫོགས་ཆེན་ཀློང་གསལ་སྙིང་ཐིག་སོགས་ཀྱི་ཉམས་ཁྲིད་རྣམས་གསན་པ་སྐུ་ཉམས་སུ་བསྟར་བས་རྫོགས་པ་ཆེན་པོའི་ཉམས་མྱོང་མ་འཁྲུལ་པ་ཐུགས་རྒྱུད་ལ་འཁྲུངས་ཤིང་འཁོར་འདས་རེ་དོགས་དང་བྲལ་བའི་གདེང་འཁྲུངས། ཕྱིས་ཡེ་ཤེས་ཀྱི་སྐུས་ཀྱང་རྗེས་སུ་བཟུང་བས་ལྔ་པ་རིན་པོ་ཆེས་རྩ་བའི་བླ་མ་གཅིག་པུར་འཛིན། བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་ནས་རེ་དྲུག་པར་གཤེགས།དེས་གསང་བདག་ཕྲིན་ལས་ལྷུན་གྲུབ་ལ་བསྩལ། དེ་ལས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་སྐུ་མཆེད་ལ་བརྒྱུད་དོ། ། གཞན་ཡང་སྒྲོ་ཕུག་པའི་སློབ་བརྒྱུད་འཕྱོང་རྒྱས་སྨན་པ་སངས་རྒྱས་གྲགས་ཞེས་དཔལ་ཆེན་ཡང་དག་ལྷ་དགུའི་ཞལ་མཐོང་ཞིང་གྲུབ་པ་བརྙེས་པ་དེའི་སློབ་མ་མཁས་ཤིང་གྲུབ་པའི་དབང་པོ་སྐྱི་ཆོས་ཀྱི་སེང་གེ་རྒྱ་ནག་ཏུ་བྱོན་པས། གོང་མས་ཐུབ་ཆོད་མཛད་ནས་མཆོད་རྟེན་གྱི་ནང་དུ་ཚུད་དེ་ལོ་གཅིག་བར་སྒོ་བསྡམས་ཏེ་གཟིགས་པས་རྡོ་རྗེ་ཕུར་པའི་སྐུར་འདུག་ནས། ངོ་མཚར་སྐྱེས་ཏེ་དངོས་པོ་ཚན་ཆེན་དང༌། འཇའ་སས་བཅད་པའི་དགོན་གཞིས་ཀྱང་མང་དུ་ཕུལ། དེའི་སློབ་མ་སྨན་ལུང་བ་ཤཱཀྱ་འོད་ཀྱིས་སྙིང་འགྲེལ་རྒྱུད་དོན་རྣམ་ངེས་སོགས་ཡིག་སྣ་མང་དུ་མཛད། དེ་ལས་དཔོན་ཤཱཀྱ་འབུམ། དེ་ལ་མཁས་གྲུབ་ཆོས་དཔལ་ཡབ་སྲས་གཉིས་ཀྱིས་གསན་པ་དང༌། སྐྱི་ཆོས་སེང་གི་གདན་ས་པ་ཡེ་ཤེས་མགོན་པོ་སོགས་ལས་བརྒྱུད་པ་ཁམས་དང་དྭགས་པོའི་ཕྱོགས་སུ་སྔོན་ཆེས་དར་ཞིང༌།དེ་བཞིན་དུ་རོག་མཁས་པ་ཆེན་པོ་ཤེས་རབ་འོད་ཀྱིས་རོག་སྟོན་བཙན་པོ་ལས་སོ་ལུགས། ལྷ་དྲིས་མ་གོང་པ་ལས་སྐྱོ་ལུགས། ཡམ་ཤུད་དད་པདྨ་འབར་ལས་ཟུར་ལུགས་སོགས་མདོ་སྒྱུ་སེམས་གསུམ་གྱི་བརྒྱུད་སྲོལ་མཐའ་དག་གསན་ནས་སྒྱུ་འཕྲུལ་གཞི་ལམ་འབྲས་གསུམ་གྱི་སྟོང་ཐུན་དང་ལམ་རྣམ་བཀོད་ཀྱི་ཊཱི་ཀ་བརྩམས། དེ་ལས་སྙེ་མདོ་ཐམས་ཅད་མཁྱེན་པས་གསན་ནས་སྙིང་ཊཱིཀ་དང་ལམ་རྣམ་བཀོད་ལ་མཆན་བུ་ཞིབ་པར་མཛད་པས་མཚོན་རོག་གི་གདུང་བརྒྱུད་རྣམས་དང༌། དན་ཕག་ཏུའང་མདོ་སྒྱུ་སེམས་གསུམ་གྱི་བཤད་སྒྲུབ་ཀྱི་རྒྱུན་སྔོན་ཆད་ཆེས་དར་བར་མངོན་ཏེ་ཀུན་མཁྱེན་ཆེན་པོས་ཀྱང་བརྒྱུད་པ་འདི་ནས་གསན་པ་ཡིན། ཡང་ཁམས་ལུགས་སུ་གྲགས་པ་ནི། སློབ་དཔོན་ཉི་འོད་སེངྒེས་མཛད་པའི་གསང་སྙིང་གི་འགྲེལ་པ་སློབ་དཔོན་བཻ་རོ་ཙ་ནས་ཁམས་འོ་རྔུ་བྱམས་ཆེན་གྱི་གཙུག་ལག་ཁང་དུ་བསྒྱུར་ཅིང་བཤད་པ་མཛད་ལ། ཁྱད་པར་ཕྱོགས་འདིར་སྔ་འགྱུར་གྱི་བསྟན་པ་ཡོངས་གྲགས་སུ་བྱུང་བའི་ཐོག་མ་ནི་ཀཿཐོག་སྟེ་དེ་ལ་གནས་བརྟན་ཆེན་པོ་བྷ་ར་ངྷཱ་ཛའི་རྣམ་འཕྲུལ་ཀཿདམ་པ་བདེ་གཤེགས་སམ་བླ་མ་ཤར་བ་སྤོབས་པ་མཐའ་ཡས་ནི། ཡབ་གཙང་པ་དཔལ་སྒྲུབ་དང༌། ཡུམ་གཙང་མོ་རིན་ཆེན་རྒྱན་གཉིས་ཀྱི་སྲས་སུ་ཆུ་ཕོ་སྟག་གི་ལོ་ལ་མདོ་ཁམས་བུ་འབོར་སྒང་དུ་འཁྲུངས། གདུང་རུས་སྒ་ཡིན་ཕག་གྲུ་དང་ཡུམ་མཆེད་དོ། །


དགུང་གྲངས་བཅུ་བདུན་པར་དབུས་སུ་བྱོན། འཕན་ཡུལ་དུ་བླ་མ་བྱང་ཆུབ་སེངྒེ་ལས་རབ་ཏུ་བྱུང༌། མཚན་ཤེས་རབ་སེངྒེར་གསོལ། ནགས་ཀྱི་མཁན་ཆེན་ལས་སྨད་འདུལ་གྱི་རྒྱུན་ལས་བསྙེན་པར་རྫོགས་ཤིང་འདུལ་ཕྱོགས་ལ་མཁས་པར་སྦྱངས། སྒྲོ་ཕུག་པའི་ཐུགས་སྲས་འཛམ་སྟོན་འགྲོ་བའི་མགོན་པོ་ལས་སྒྱུ་འཕྲུལ་དང་སེམས་ཕྱོགས་ཞུས་པས་དེ་དང་དེ་ལ་མཁས་པའི་ཕ་རོལ་དུ་ཕྱིན། གཞན་ཀམ་ལོ་ཙཱའ་བ་ཅོག་ལོ། ཀམ་ཆོས་ཡེ། ལྡོང་སྟོན་རྡོར་སྙིང༌། ལ་སྟོད་དཔལ་དབང་སོགས་ལས་རྒྱུད་དང་གདམས་ངག་རྒྱ་མཚོ་ལྟ་བུ་གསན། ཁྱད་པར་རྗེ་དུས་མཁྱེན་གྱི་ཐུགས་ཀྱི་སྲས་མཆོག་ཏུ་མཛད་ཅིང་སྐྱེ་བ་དུ་མར་འཕགས་པ་འཇམ་དཔལ་གྱིས་དགེ་བའི་བཤེས་གཉེན་མཛད་པས་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་སྤངས་པའི་ཐམས་ཅད་མཁྱེན་པར་བཞུགས་ཤིང་མདོ་སྔགས་སྤྱི་དང་ཁྱད་པར་སྔ་ཕྱིར་འགྱུར་བའི་གསང་སྔགས་ཀྱི་སྐོར་རྣམས་ལ་གསན་བསམ་མ་མཛད་པ་མེད། འཛམ་སྟོན་རིན་པོ་ཆེས་ཀམ་པོ་གནས་ནང་དུ་སྒོམ་ན་ཕུང་པོ་འོད་སྐུར་གྲོལ་བ་དང༌། ཀཿཐོག་ཏུ་བྱོན་ན་བསྟན་པ་མཐར་རྒྱས་གཅིག་འབྱུང་བར་ལུང་བསྟན་པས། བསྟན་པ་ཁོ་ན་ཐུགས་ལ་བཅངས་ནས་ཀཿཐོག་ཏུ་ཕེབས་པས་རྟེན་འབྲེལ་ཁྱད་པར་ཅན་འགྲིགས། དེ་ནས་ས་ཡུལ་གྱི་ཡི་གེ་ཀཿའདྲ་བའི་ཐོག་ས་མོ་ཡོས་ཀྱི་ལོར་དགོན་ས་འདེབས་པའི་གཙུག་ལག་ཁང་བཞེངས་པ་ན་བོན་གྱི་ཐ་ཚིག་ལ་གནས་པའི་རྡོ་གཉན་རྨད་བུས་གཟུགས་དངོས་སུ་བསྟན་ནས་སྒོ་སྣ་ཚོགས་ཀྱི་བར་ཆད་བརྩམས་པ་ལ་རྗེ་དཔོན་སློབ་གསུམ་གྱིས་རྗེས་ལ་དེད་དུ་ཕྱིན་པས་ཕ་ཝོང་ཞིག་ལ་ཐིམས། དེ་གཙང་སྟོན་གྱིས་ཆོས་གོས་ཀྱིས་བཅིངས་ནས་ཁྲིད། དམ་པས་ཕྱག་ལྕག་གིས་བྲབ་ནས་དེད། ལུང་པའི་ཤོད་དུ་བསྐྱལ་བ་དང༌། བོན་པོ་བརྒྱད་ཀྱིས་ངན་སྔགས་བསྒྲུབ་པ་དཔལ་ལྷ་མོས་སྒྲུབ་ཁང་གི་བྲག་བསྡིབས་ནས་སླེབ་པ་དེའི་སྟེང་དུ་དམ་པའི་ཕྱག་གིས་རྒྱ་གྲམ་བྲིས་པ་ཕ་ཝོང་བརྒྱད་སླེབ་ཏུ་གྲགས། དེ་ལ་སོགས་གྲུབ་པའི་རྟགས་མཚན་བསམ་གྱིས་མི་ཁྱབ་པ་དང་བཅས་ཆོས་གཞི་བཏབ་ནས་བཞུགས། ཤར་ཨ་མདོ་དང༌། ལྷོ་ཚ་བ་རོང་དང་གློ་མོན་ཚུན་གྱི་སློབ་མ་རྣམས་འདུས་པ་ལ། མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་པའི་དཔལ་ལྡན་ཟུར་པའི་ཕྱག་རྒྱུན་ཇི་ལྟ་བར་བསྐྱངས། བདེ་བ་ཅན་སོགས་སངས་རྒྱས་ཀྱི་ཞིང་རྣམས་རྟག་པར་གཟིགས་ཤིང༌། དེ་བཞིན་གཤེགས་པ་རིགས་ལྔ་སོགས་ལས་ཆོས་གསན་པ་དང་བྱང་ཆུབ་སེམས་དཔའ་རྣམས་དང་ཆོས་ཀྱི་བགྲོ་བ་མཛད། ཁྱད་པར་རྗེ་བཙུན་འཇམ་དཔལ་དབྱངས་ནི་གཤེགས་བཞུད་མི་མངའ་བར་དུས་ཐམས་ཅད་དུ་མི་དང་མི་ལབ་པ་བཞིན་བཞུགས་ཤིང་མཛད་པ་ཐམས་ཅད་ལུང་སྟོན། སྒྱུ་འཕྲུལ་ཞི་ཁྲོ་དང༌། བདེ་མཆོག་གི་ལྷ་དྲུག་བཅུ་རྩ་གཉིས། དཔལ་ཧེ་རུ་ཀའི་དཀྱིལ་འཁོར་རྣམས་ནམ་བཞེད་དུ་གཟིགས། སྐུའི་སྐྱེ་བ་འདི་ཉིད་ཀྱི་འོག་ཏུ་བདེ་བ་ཅན་དུ་བྱང་ཆུབ་སེམས་དཔའ་བློ་གྲོས་སྙིང་པོ་ཞེས་བྱ་བའི་ཚུལ་གྱིས་ས་བརྒྱད་པའི་མངོན་རྟོགས་བརྙེས་པ་དང༌། མ་འོངས་པ་ན་བསྐལ་པ་སྐར་མ་བཀྲམ་པ་ལྟ་བུ་ལ་བདེ་བར་གཤེགས་པ་ཚེ་དཔག་ཏུ་མེད་པར་འགྱུར་བའི་ལུང་བསྟན་བརྙེས་ཤིང་སྤངས་པ་དང་རྟོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བས་སྤྲུལ་པའི་སྐུར་རྩོད་པ་དང་བྲལ་བ་དེ་ཉིད་ཀྱིས་མདོ་ཁམས་ཀྱི་ལྗོངས་སུ་གསང་སྔགས་ཀྱི་བསྟན་པ་གཞི་བཞེངས་སུ་བཏིང་ནས་དགུང་གྲངས་དོན་གཅིག་པ་ཆུ་བྱི་ཐ་སྐར་ཅན་གྱི་ཟླ་བར་གཟུགས་སྐུ་བསྡུས་སོ། ། དེའི་རྒྱལ་ཚབ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་མི་བསྐྱོད་པའི་རྣམ་འཕྲུལ་ཆོས་རྗེ་གཙང་སྟོན་པ་རྡོ་རྗེ་རྒྱལ་མཚན་ནི། མེ་མོ་ལུག་གི་ལོ་ལ་བུ་འབོར་སྒང་གི་བྱེ་བྲག་གཙང་ཞལ་ཞེས་པར་འཁྲུངས། བཅུ་བདུན་པར་དམ་པ་རིན་པོ་ཆེ་དང་མཇལ་ནས་ཆོས་གསན། དཔོན་སློབ་ལྷན་དུ་མི་ཉག་ཏུ་བྱོན།དེར་མན་ངག་ཐམས་ཅད་གནང༌། ཀཿཐོག་ཏུ་བྱོན་ནས་བསྒོམས་པས་དུས་གཞན་ཞིག་ཏུ་བདེ་གཤེགས་པྲཉྫ་སེངྷའི་ཉམས་སྣང་དུ། ལུང་པ་ཆེན་པོ་ཞིག་ཆུས་གང་བའི་ནང་དུ་འོད་ཆེན་པོ་བལྟར་མི་བཟོད་པ་ཞིག་འདུག་པ་ཅི་ཡིན་དྲིས་པས་ཁྱོད་ཀྱི་སློབ་མ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་གནས་པའི་གདན་ཡིན་ཟེར་བ་བྱུང༌། དེ་ཁྱོད་ཡིན་གསུངས། དེ་ཙམ་ན་དཔལ་ཧེ་རུ་ཀ་དང་ཞི་བའི་ལྷ་ཚོགས་རྣམས་གཟིགས། དཔལ་ལྷ་མོ་དང་ནག་པོ་ཆེན་པོ་ཡང་རྟག་ཏུ་གཟིགས། ང་དྲུག་པར་གདན་སར་ཕེབས། མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་བླ་མའི་བཀའ་སྲོལ་བཞིན་བསྐྱངས། སེམས་དཔའ་ཆེན་པོ་སྤོམ་བྲག་པས་ཀྱང་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པར་ངེས་ཤེས་རྙེད་ནས་ཞབས་ལ་གཏུགས་ཤིང་སྒྱུ་འཕྲུལ་གྱི་དབང་གསན་པས་མཁྱེན་པའི་ཡེ་ཤེས་ཕྱོགས་མེད་དུུ་སད་པར་གྱུར། སངས་རྒྱས་མི་བསྐྱོད་པའི་ཞིང་ཁམས་ཡང་ཡང་གཟིགས་པའི་སྐབས་ཤིག་སྟོན་པ་མི་བསྐྱོད་པས་རིགས་ཀྱི་བུ་ནོར་བུའི་སྙིང་པོ་ཁྱོད་མ་འོངས་པའི་དུས་སུ་དེ་བཞིན་གཤེགས་པ་འོད་ཟེར་རབ་ཏུ་འཕྲོ་བ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པའང་གསན། དགུང་ལོ་དགུ་བཅུ་པར་གཤེགས། དེའི་རྒྱལ་ཚབ་གྲུབ་ཆེན་ནག་པོ་སྤྱོད་པའི་རྣམ་འཕྲུལ་བྱམས་པ་འབུམ་ནི། དམ་གཙང་གཉིས་ཅར་ལས་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ཙམ་གསན་བསམ་སྒོམ་གསུམ་མཛད་པས་མཁས་གྲུབ་ཆེན་པོར་གྱུར། ཆོས་རྗེ་སྐུ་གཤེགས་རྗེས་དགུང་གྲངས་ཞེ་བརྒྱད་པར་གདན་སར་བཞུགས་ཤིང༌། སྒྱུ་འཕྲུལ་དང་རྫོགས་ཆེན་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུའི་དགའ་སྟོན་སྤེལ། མཆོག་གི་སྤྲུལ་སྐུ་ཀརྨ་པ་ཆེན་པོ་བསྙེན་པར་རྫོགས་པའི་མཁན་པོ་མཛད་ནས་སྒྱུ་འཕྲུལ་དང་རྫོགས་ཆེན་གྱི་དབང་དང་གདམས་པ་རྣམས་ཕུལ། བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་ནས་དགུང་གྲངས་དོན་བཞི་པ་ཆུ་ཕོ་བྱི་བའི་ལོ་ལ་གཤེགས། དེའི་རྒྱལ་ཚབ་སྤྱན་སྔ་བསོད་ནམས་འབུམ་པས་སུམ་ཅུ་པར་གདན་ས་མཛད་ནས་བསྟན་པ་བསྐྱངས། རེ་གཅིག་པར་གཤེགས། དེའི་རྒྱལ་ཚབ་དབུ་འོད་ཡེ་ཤེས་འབུམ་ཤིང་སྟག་ལ་འཁྲུངས། ཉེར་དགུ་པར་གདན་སར་ཕེབས། འཇམ་མགོན་ས་པཎ་ཁུ་དབོན་ཧོར་རྒྱལ་པོས་གདན་དྲངས་པའི་ལམ་བར་དུ་འཛིང་རྣམ་རྒྱལ་ལྷ་ཁང་བཞེངས་པར་གསར་རྙིང་གཉིས་ཀས་རབ་གནས་དུས་གཅིག་ཏུ་མཛད་རྒྱུར། རྗེ་འདི་ཉིད་ཀྱིས། རབ་གནས་ཀྱི་ཐོག་མའི་བགེགས་བསྐྲད་དེ་ངེད་རྙིང་མ་པས་བྱེད། ཡེ་ཤེས་གཞུགས་པ་སོགས་རབ་གནས་དངོས་གཞི་དེ་ཁྱེད་གསར་མ་པས་མཛད་པར་ཞུ་གསུངས་ནས། བགེགས་བསྐྲད་པའི་ཏིང་ངེ་འཛིན་ལ་བཞུགས་པས་ལྷ་ཁང་ཕྱི་ནང་བསྒྱུར། ས་སྐྱ་པས་ཡེ་ཤེས་པ་དབབ་པས་སླར་རྣལ་དུ་གནས་པའི་ངོ་མཚར་བསྟན། འཕགས་པ་རིན་པོ་ཆེར་སྒྱུ་འཕྲུལ་གྱི་དབང་ཕུལ། མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེན་པོ་བསྐོར་ནས་བསྟན་པ་བསྐྱངས། དེའི་རྒྱལ་ཚབ་བྱང་ཆུབ་དཔལ་བ་ཞེ་བཞི་པར་གདན་སར་བྱོན། འདིའི་དུས་སུ་བར་ཁྲོད་དང༌། སྤང་ཁྲོད། དམ་ཕུག་རྣམས་སུ་ཕུང་པོ་འོད་སྐུར་དེངས་པ་མང་དུ་བྱུང༌། ལྷ་ཁང་བཞེངས་པར་ལས་བྱེད་རྣམས་ཀྱིས་ཕྱུགས་ལུག་མང་པོ་བསད་ནས་ཤ་པགས་སོ་སོར་ཕྲལ་བ་ལ་དྲུང་ནས་སེ་གོལ་ཞིག་གཏོགས་པའི་མོད་ལ་ཐམས་ཅད་ཅོ་དིར་གྱིས་མཁའ་སྤྱོད་དུ་སོང༌། རེ་བཞི་པར་གཤེགས། དེ་ནས་རིམ་པར། བསོད་ནམས་བཟང་པོ། འདིའི་རིང་གཏེར་ཁ་གོང་འོག་གི་ཆོས་རྣམས་སྔོན་མ་དར། ཀུན་དགའ་འབུམ་པ། དབང་ཕྱུག་དཔལ་བ། འདི་གཙོ་བོ་སྒྲུབ་པ་ལ་བཞུགས་ཤིང་འཇང་དམག་བཟློག བློ་གྲོས་འབུམ་པ། འདིས་ཟུར་འུག་བྱ་ལུང་སོགས་སུ་བསྟན་རྒྱུན་ཉམས་པ་གསོས་པས་མཚོན་ཕྱག་རྗེས་ཆེ། བློ་གྲོས་སེངྒེ། བྱང་ཆུབ་བློ་གྲོས་འདིས་སྐབས་ལྷག་པར་བསམ་གཏན་པའི་སྡེ་རྒྱས། བྱང་ཆུབ་སེངྒེ་དང་བྱང་ཆུབ་རྒྱལ་མཚན། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་བར་གྱིས་བསྟན་པ་བསྐྱངས་པས་ཀཿཐོག་བླ་རབས་བཅུ་གསུམ་ཞེས་རིགས་གསུམ་མགོན་པོའི་རྣམ་འཕྲུལ་ཟམ་མ་ཆད་པར་བྱོན་པ་ཡིན།འདི་ཡན་ཆད་དགེ་འདུན་ཁྲི་ཕྲག་བཅོ་བརྒྱད་དུ་ལོངས་པའི་བསྟན་པ་དར་རྒྱས་བྱུང་ཞིང་རྒྱུ་མཚན་ཉིད་ཀྱི་བཤད་གྲྭ་དང་འཆད་ཉན་ཀྱང་ཡོད་ཅིང༌། སློབ་གྲྭ་དང་སྒོམ་གྲྭ་སོ་སོར་བྱུང༌།མདོར་ན་ཤར་རྒྱལ་མོ་རོང༌། ལྷོ་ཚ་བ་རོང༌། ནུབ་ཀོང་པོ་སོགས་དང་དབུས་གཙང་མན་ཆད་དུ་སྔ་འགྱུར་གྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་རྒྱས་པར་མཛད་ལ། ཁྱད་པར་དུ་མཁས་གྲུབ་ཡེ་ཤེས་རྒྱལ་མཚན་གྱིས་མདོ་དང་སྒྱུ་འཕྲུལ་རྫོགས་པ་ཆེན་པོ་སྡེ་གསུམ་སོ་སོའི་བཀའ་སྲོལ་གྱི་རྩ་བ་རྣམས་སླར་ཡང་ཉི་མ་ལྟར་གསལ་བར་མཛད་ཅིང་བཤད་སྒྲུབ་ཀྱིས་ཁྱབ་བདལ་དུ་སྤེལ། ཞི་ཁྲོ། ཕུར་པ། གསང་སྙིང༌། ལམ་རྣམ་བཀོད།གསལ་བཀྲ། ཐེག་ཆེན་སྤྱི་བཅིངས་སོགས་ཀྱི་འགྲེལ་པས་མཚོན་ཕུལ་དུ་བྱུང་བའི་བསྟན་བཅོས་ཀྱང་མང་དུ་མཛད་ཅིང་སྐུ་ཚེའི་སྨད་འཕགས་མཚོ་ཡི་རི་ཁྲོད་དུ་སྒྲུབ་པ་ཁོ་ན་ལ་གཞོལ་ཅིང༌། བུ་འབོར་དང་ཁ་བ་དཀར་པོ་འཇང་ཡན་ཆོད་ཀྱི་གདུལ་བྱ་དཔག་ཏུ་མེད་པའི་དོན་མཛད། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས། ཁྱོད་དྲུག་ཅུ་རེ་བཞི་དུས་འདི་ནས་ཚེ་འཕོས་ཏེ་བྱང་གི་ཕྱོགས་སུ་འགྲོ་དོན་ཆེར་མཛད། དེ་ནས་བདེ་བ་ཅན་དུ་རྒྱལ་སྲས་བདེ་བའི་མྱུ་གུས་སངས་རྒྱས་ཀྱི་ཞིང་སྦྱངས་ཤིང་དག་པའི་བསྐལ་པ་ཡོན་ཏན་བཀོད་པར་བདེ་བའི་སྙིང་པོ་ཞེས་བྱ་བར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་ཐོབ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་ཞལ་གཟིགས་ཤིང༌། ཐུན་མོང་གི་སྤྱོད་ཡུལ་དུ་བླ་གོས་ཉི་ཟེར་ལ་བཀལ་བ་སོགས་མཁས་པ་དང་གྲུབ་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་མངའ། སློབ་མ་ཡང་ཁ་བ་དཀར་པོ་པ་ནམ་མཁའ་རྒྱ་མཚོ། ཀུན་དགའ་ཟླ་བ། ཕྱོགས་མེད་བྱང་སེམས། ལབ་སྟོན་ནམ་མཁའ་རིན་ཆེན་སོགས་མཁས་གྲུབ་ཀྱི་བཤེས་གཉེན་དུ་མ་བྱོན། དེ་རྗེས་དྲུང་རབས་བཅུ་གསུམ་སོགས་ཀྱིས་བསྟན་པ་བསྐྱངས་ཤིང༌། ཕྱིས་སྤྲུལ་པའི་གཏེར་ཆེན་བདུད་འདུལ་དང་ཀློང་གསལ་གྱི་ཕྲིན་ལས་ཆེར་བྱུང༌། ཁྱད་པར་ཀློང་གསལ་གྱི་སྲས་བདུད་འདུལ་ཡང་སྤྲུལ་རྒྱལ་སྲས་བསོད་ནམས་སྡེ་བཙན་གྱི་ཡང་སྲིད་དྲི་མེད་ཞིང་སྐྱོང་མགོན་པོ་རིམ་བྱོན་དང༌། འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་སྐྱེ་མཐའ་རྨོག་གྲུབ་ནམ་མཁའ་ཆོས་དབང་གི་སྐྱེ་བརྒྱུད་རྨོག་སྤྲུལ་རིམ་བྱོན་དང༌། དྲི་མེད་ཞིང་གི་ཐུགས་སྲས་མཁས་ཤིང་གྲུབ་པ་ཡོངས་ཀྱི་ཁྱུ་མཆོག་སྔ་འགྱུར་བསྟན་ལ་གཞན་དྲིང་མི་འཇོག་པ་པཎ་ཆེན་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱི་སྐྱེ་སྤྲུལ་དགེ་རྩེ་དང༌། ཀུན་བཟང་ངེས་དོན་དབང་པོའི་སྐྱེ་བརྒྱུད་ཕྱག་ཚ་རིམ་བྱོན་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་ཟམ་མ་ཆད་པར་བྱོན་པ་ཡིན་ལ། ད་ལྟའི་དུས་སུའང༌། མཁས་པའི་རྣམ་དཔྱོད། གྲུབ་པའི་ཉམས་བཞེས། བསྟན་ལ་དགོངས་པའི་ཐུགས་བསྐྱེད། མཛད་པའི་ཕྱག་རྗེས་སོགས་སྒོ་དུ་མ་ནས། རྒྱལ་བསྟན་སྤྱི་དང་ཁྱད་པར་རང་ལུགས་གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་བླ་ནས་འདེགས་པར་མཛད་པ་ལ། དུས་མཉམ་ཀྱི་བསྟན་འཛིན་སུས་ཀྱང་འགྲན་བྱར་མ་གྱུར་པ་པཎ་ཆེན་སི་ཏུ་རིན་པོ་ཆེ་མི་འཇིགས་སེང་གེའི་ཁྲི་ལ་བཞུགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་པས་སྔ་འགྱུར་པ་རྣམས་མགོན་དང་བཅས་པ་སྟེ། ད་དུང་ཡང་བསྐལ་པ་རྒྱ་མཚོར་ཞབས་པད་བརྟན་པར་གསོལ་བ་འདེབས་པ་ལགས་སོ། །


ཡང་དམ་པའི་སློབ་མ་ཤེས་རབ་རྒྱལ་མཚན། ཤེས་རབ་དཔལ་བ། ཤེས་རབ་རྡོ་རྗེ་གསུམ་གྱི་དམ་པའི་ཆོས་ཀྱི་སྒྲ་ཐོས་པ་ཙམ་གྱིས་ཆོས་ཐམས་ཅད་ཀྱི་གཏིང་བསླེབས་པའི་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར་པས། རོང་པོ་ཐོས་ཆོག་རྣམ་གསུམ་དུ་གྲགས། ཁོང་གསུམ་གྱིས་ཤར་རྒྱལ་མོ་རོང་དུ་བསྟན་པ་སྤེལ་བའི་རྒྱུན་དེང་གི་བར་གནས་པ་འདིའོ། ། ཡང་དམ་པའི་སློབ་མའི་མཆོག་ལུང་བསྟན་བུ་བཞིར་གྲགས་པ་ལས། འབྲུ་ཚ་སྒང་པས་བུམ་རོང་བཞག་གསུམ། ཁ་བ་དཀར་ཡན་ཆད་དུ་དགོན་གནས་བརྒྱ་རྩ་བརྒྱད་བཏབ་ཅིང་བསྟན་པ་ཁྱབ་བདལ་དུ་སྤེལ་བས་ཕྱག་རྗེས་ཆེ། ཙ་སྡེ་སྤྱན་སྔ་ནམ་མཁའ་རྡོ་རྗེས་གོ་འཇོ་ཙ་སྡེ་དགོན་བཏབ། ཁོང་གི་སློབ་མ་དྲུང་ཐུགས་རྗེ་ཡེ་ཤེས། སྟོན་པ་དབང་འབྱོར་སོགས་ལས་སྒྱུ་འཕྲུལ་དང་རྫོགས་ཆེན་གྱི་སྐོར་རྣམས་དབུས་སུ་བབ་པ་ཁམས་ལུགས་སུ་གྲགས་པ་དེ་བྱུང༌། རྨོག་སྟོན་འཇམ་དཔལ་སེངྒེས་འབྲི་རྒྱུད་དུ་དགོན་ས་བཏབ་ནས་བསྟན་པ་དང་སེམས་ཅན་གྱི་དོན་རླབས་པོ་ཆེ་སྒྲུབ། ཁོང་ལས་གྲུབ་ཐོབ་རྨོག་རབ་བཅུ་གསུམ་དུ་གྲགས་པའི་རྒྱུན་བྱུང༌། གྲུབ་ཐོབ་མ་ཎི་རིན་ཆེན་ལ་གུ་རུ་ཆོས་དབང་གི་སྲས་མོ་ཀུན་གྲོལ་འབུམ་དང་ལྷན་ཅིག་ཀཿཐོག་ཏུ་སྔགས་བསྟན་སྤེལ་བར་ལུང་བསྟན་ནའང་ཚངས་སྤྱོད་ཀྱི་བརྟུལ་ཞུགས་ལ་གནས་པས་རྟེན་འབྲེལ་འཕྱུགས། འོན་ཀྱང་གོང་མ་རྣམ་གསུམ་གྱི་གདུང་འབུམ་སོགས་ཀྱི་ཞབས་ཏོག་མཛད། ལས་ཟིན་མ་ཐག་བླ་གོས་ཀྱི་གཤོག་པ་ལྟར་མཛད་ནས་མཁའ་ལ་བྱ་བཞིན་འཕུར་ནས་ཕར་ཀིའི་རི་རྩེར་བབས། དེར་ཞབས་རྗེས་ཀྱང་བྱུང༌། དེ་ནས་རག་མ་ཅོག་ཏུ་བཞུགས་ཤིང་རིང་པོར་མ་ཐོག་པར་སྐུ་འོད་ཕུང་དུ་ཡལ་ལོ། ། འདུས་པ་མདོ་དང་སྒྱུ་འཕྲུལ་གཉིས་ཀྱི་དབང་ལུང་མན་ངག་བརྒྱུད་པའི་ཆུ་བོ་བབ་ལུགས་ཕྱོགས་གཅིག་ནི།དམ་གཙང་བྱམས་གསུམ་ནས། ཙ་སྡེ་སྤྱན་སྔ་བ་ནམ་མཁའ་རྡོ་རྗེ། དྲུང་ཐུགས་རྗེ་ཡེ་ཤེས།སྟོན་པ་དབང་འབྱོར། རྗེ་བཙུན་དཔལ་འབར་བ་ནམ་རྡོར། སྟོན་པ་མགོན་རྒྱལ། ཡང་ཁྲོད་ཚུལ་རྒྱལ། བྲ་བོ་ཆོས་འབུམ། བུ་འབོར་བ་མཁས་གྲུབ་ཡེ་ཤེས་རྒྱལ་མཚན། བཞག་བླ་མཁས་གྲུབ་ཡེ་འབུམ། མོན་ཀཿཐོག་པ་བསོད་རྒྱལ། ཀཿཐོག་པ་རྣམ་བཟང༌། ཀཿཐོག་པ་ཆོས་སེང༌། ལྷ་བྲོ་བ་ཆོས་དབང་ནས་རིམ་པར་རྗེ་སྨན་ལུང་པ་བློ་མཆོག་རྡོ་རྗེ་ནས་དེང་སང་བར་རྒྱུན་མ་ཆད་པར་བྱུང་བ་ཡིན་ནོ། ། ཡང་བསྐྱེད་རྫོགས་གསུམ་ཀའི་བསྟན་པ་ལ་བྱ་བ་བླ་ལྷག་ཏུ་མཛད་པའི་སྐྱེས་ཆེན་འགའ་ཞིག་མདོ་དབང་ཆེན་མོའི་བརྒྱུད་རིམ་གྱི་ལམ་ལ་བཞུགས་པ་ནི། སྒྲོལ་ཆེན་འཇམ་དབྱངས་བསམ་འགྲུབ་རྡོ་རྗེ་ནས་ཟུར་ཧམ་ལྕམ་སྲིང་སོ་སོར་བརྒྱུད་པ་དང༌། སྲས་རྒྱུད་དེ་གསུམ་ལས། དང་པོ་ཟུར་ཧཾ་ཤཱཀྱ་འབྱུང་གནས་ནི། འདིའི་ཡབ་ཟུར་བཟང་པོ་དཔལ་ཞེས་པ་གོང་མ་བུ་ཡན་ཐུ་གན་གྱི་ལུང་གིས་རྒྱ་ནག་ཏུ་བྱོན། མཐའ་འཁོབ་ཀྱི་ཡུལ་དུ་ཆོས་ཀྱི་ཆེ་བ་ལན་མང་དུ་སྟོན་པས་གོང་མ་ཤིན་དུ་དད་ནས་ཡང་དག་ལྷ་དགུའི་དབང་དང་ཚེ་དབང་ཞུས། ཕོ་བྲང་ཆེན་པོ་ཏའི་ཏུར་སྔགས་སྡེ་བཙུགས། དངུལ་གྱི་ཐམ་ཀ་དང༌། དངུལ་བྲེ་བཅུ་གསུམ། ཕོད་ཀ་ཕྱེད་གཉིས་བརྒྱ་འདེང་བའི་གོས་དར་གྱི་འབུལ་བ་དང༌། དཔོན་མོ་ཐའུ་ལས། དངུལ་བྲེ་ཆེན་བཅུ་སོགས་དངོས་རྫས་གྱ་ནོམ་པ་ཕུལ་བ་ལ་བརྟེན་སྔ་འགྱུར་གྱི་ཆོས་སྡེ་ཉི་ཤུ་རྩ་བརྒྱད་སྤར་དུ་བསྒྲུབས། སོ་སོ་ནས་སྟོང་ཕྲག་རེ་བཏབ་ནས་གྲྭ་པ་ལ་བཀྱེ་བ་དང་རྒྱུད་འབུམ་རིན་པོ་ཆེ་བཞེངས་པ་སོགས་བསྟན་པ་ལ་བྱ་བ་ཆེར་མཛད་ཅིང༌། ཆོས་སྐྱོང་བྲན་དུ་འཁོལ། མ་འོངས་འབྱུང་འགྱུར་མངོན་སུམ་དུ་ལུང་སྟོན་པ་སོགས་ཆེ་བའི་ཡོན་ཏན་དུ་མ་དང་ལྡན་ཞིང༌། སླར་རྒྱ་ནག་ཏུ་ཕེབས་ཏེ་དགུང་གྲངས་སོ་བརྒྱད་པར་རྒྱ་ནག་ཏུ་སྐུ་གཤེགས་པ་དེའི་སྲས་ཡིན། སྐུ་ཆུང་ངུ་ནས་ཡབ་མེས་ཀྱི་ཆོས་ལ་སྦྱངས་ཤིང་ལས་སད་པས། དགུང་གྲངས་ལྔ་པའི་ཐོག་ཡབ་རྒྱ་ནག་ཏུ་གདན་འདྲེན་པའི་མི་ཆེན་དང་བཅས་པའི་དབུས་སུ་རྩ་རྒྱུད་ཀྱི་བཤད་པ་མཛད་པས་ཐམས་ཅད་ཧ་ལས། དགུང་ལོ་བདུན་པ་ནས་བཤད་གྲྭ་བསྐྱངས། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་མཚན་ཤཱཀྱ་འབྱུང་གནས་སུ་གྲགས། གོང་མས། ཟུར་པཀྴིའི་སྲས་ཤཱཀྱ་སེངྒེ་བྱ་བའི་ལུང་དང༌། གསེར་བྲེ་ཆེན་སྲང་དྲུག་ཅུ་མ་བཞི། དངུལ་བྲེ་ཆེན་ཉི་ཤུ། གོས་ཕྱི་ནང་ཉིས་བརྒྱའི་བསྙེན་བཀུར་ཕུལ། དཔོན་མོ་ཐུའུ་སོགས་ཀྱིས་ཀྱང་ཡོ་བྱད་མང་དུ་ཕུལ་བས་ཟུར་པའི་བསྟན་སྲིད་ལ་ཕན་ཆེར་བཏགས། རྒྱལ་བ་ཟུར་ཆེན་གྱི་སྐུ་ཆོས་ཚལ་བུ་བཞུགས་པའི་འཇམ་དཔལ་གྱི་གསེར་སྐུ་ཤིན་ཏུ་མཚར་བ་བཞེངས་ནས་དཔལ་འུག་བྱ་ལུང་གི་རྟེན་གཙོར་མངའ་གསོལ་ཞིང་བཤད་གྲྭ་དང་སྒོམ་གྲྭ་ཆེན་པོ་བཙུགས་པས་མཚོན་བདོག་པ་རྣམས་ཕངས་པ་མེད་པར་བསྟན་བཙས་སུ་བཏང༌། རྒྱལ་བ་གཡུང་སྟོན་པ་དང༌། སྒྲོལ་ཆེན་རིན་པོ་ཆེ་སོགས་ཟུར་གྱི་བུ་ཆེན་རྣམས་དང༌། ས་སྐྱའི་གདུང་བརྒྱུད་པ་རྣམས་ཀྱིས་མཚོན་མཁས་བཙུན་བཟང་གསུམ་གྱིས་མངོན་པར་མཐོ་བའི་བཤེས་གཉེན་ཐམས་ཅད་ལ་གཏུགས་ནས་ཆོས་ཐེག་པ་རིམ་དགུའི་གྲུབ་མཐའི་ཚུལ་མཐའ་དག་ལ་གསན་བསམ་གྱི་སྒྲོ་འདོགས་ཡོངས་སུ་ཆོད་པར་མཛད། ཁྱད་པར་དུ་འཇམ་དབྱངས་བསམ་འགྲུབ་རྡོ་རྗེ་ལ་ཕུལ་དུ་བྱུང་བའི་བསྙེན་བཀུར་གྱིས་ཐུགས་ཟིན་པར་མཛད་ནས་མདོ་དབང་གསན་ཅིང་ལུང་ལག་ལེན་ཕྱག་བཞེས་ཐམས་ཅད་མཐའ་ཆོད་པར་སྦྱངས། གཏད་རྒྱ་ཁོ་ནའི་དོན་དུའང་གོས་ཡུག་ཆེན་དང་གསེར་གྱི་མཎྜལ་ཕུལ། ཤཱཀྱ་ཐུབ་པ་དང༌། ཧེ་རུ་ཀ་རིགས་ལྔའི་ཞལ་གཟིགས། བསྟན་བཅོས་ཀྱང་མང་དུ་མཛད་ཅིང་མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་ལ་ཕྱག་རྗེས་ཆེ། སྒྲོལ་མའི་སྲས་སངས་རྒྱས་རིན་ཆེན་དང༌།གཉལ་པ་བདེ་ལེགས་སོགས་བསྟན་པའི་གསལ་བྱེད་དུ་གྱུར་པའི་སློབ་མ་མང་དུ་བསྐྲུན་ནས་དགུང་ལོ་སོ་བརྒྱད་པར་གཤེགས། དེས་ལང་གྲོ་ཚེ་དབང་རྒྱལ་པོ། དེས་བརྒྱུད་འཛིན་ལེགས་པ་དཔལ་བཟང༌། དེས་མངའ་རིས་དབུ་རྩེ་བ་འཇམ་དབྱངས་རིན་ཆེན་རྒྱལ་མཚན། དེས་ཡོས་ཀྱི་ལོ་ལ་མངའ་རིས་གློ་བོ་མན་ཐང་དུ་རང་སྲས་པཎ་ཆེན་སྐུ་མཆེད་ལ་དབང་བསྐུར་བ་ཡིན་ཏེ། དེ་ལ་མངའ་རིས་པཎྜིཏ་ཆེན་པོ་ནི། ཡབ་མར་པ་ལོ་ཙཱའི་སྐྱེ་བ་ལྷ་རིགས་གྲུབ་པའི་དབང་པོ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་དེ་ཉིད་དང༌། ཡུམ་འགྲོ་ལྕམ་ཁྲོམ་པ་རྒྱན་གྱི་སྲས་སུ་མེ་མོ་ལུག་གི་ལོ་ལ་སྐུ་བལྟམས།མཚན་པདྨ་དབང་རྒྱལ་དུ་བཏགས། དགུང་ལོ་བརྒྱད་པར་རྟེན་དགེ་བསྙེན་མཛད། ཡབ་ལས་བྱང་ཆུབ་སེམས་བསྐྱེད་པའི་སྡོམ་པས་རྒྱུད་སྦྱངས་པ་སྔོན་དུ་འགྲོ་བས་མདོ་སྒྱུ་སེམས་གསུམ་སྒྲུབ་སྡེ་བརྒྱད་སོགས་གདམས་པའི་བདུད་རྩི་རྒྱ་མཚོ་ལྟ་བུ་གསན། བཅུ་གཅིག་པར་རྩ་རྒྱུད་གསང་སྙིང་རྒྱ་འགྲེལ་བོད་འགྲེལ་དང་བཅས་པ་ཕལ་ཆེར་ཟླ་བ་བདུན་གྱིས་ཁོང་དུ་ཆུད་ཅིང༌། དགོངས་པ་འདུས་པ་སོགས་མདོའི་གནས་ལའང་བྱང་བར་མཛད། བཅུ་གཉིས་པར་མཁས་མང་གི་དབུས་སུ་གཞུང་བསྒྱུར་གྱི་བཤད་པ་མཛད། བླ་མ་གསང་འདུས། སྒྱུ་འཕྲུལ་ཞི་ཁྲོ་རྟ་མགྲིན་སོགས་ལ་བསྙེན་སྒྲུབ་མཐར་ཕྱིན། སྨཻ་བརྩེགས་དང་ལྷ་མོ་དུད་སོལ་མས་ཞལ་བསྟན། ཤྭ་ལོག་ཆེན་པོ་བྱུང་བ་ལ་ཕུར་པ་གདེངས་པས་ནམ་མཁའ་ལ་ཐོག་སོ་བདུན་ཙམ་འཁྱིལ་ཞིང་བཟློག གཏོར་ཆེན་ཞིག་འཕངས་པའི་ཚེ་ས་སྟེང་ནས་གྲུ་གང་ཙམ་འཕགས། བཅུ་བཞི་པར་བཀའ་བརྒྱད་དང་མ་གཤིན་སོགས་བཟླས་སྒོམ་གྱི་ལ་ཟློས། དེ་ནས་ལོ་བདུན་དུ་གཅོད་དང་རོ་སྙོམས་མཛད། བཅུད་ལེན་ཁོ་ནས་དཀའ་སྤྱད་ཀྱི་འཕྲང་ལ་བཤར། ཐེམ་སྤངས་དང་ངག་བཅད་ཀྱི་དམ་བཅའ་ལོ་གསུམ་གསུམ་མཛད། ཤ་ཁྲག་གི་ཟས་ལ་ཤིན་ཏུ་སྡར་ཞིང་སྨྱུང་གནས་དང་གསོ་སྦྱོང་མང་དུ་མཛད་པས་སྤྱན་རས་གཟིགས་ཀྱི་ཞལ་ལན་བདུན་དུ་གཟིགས། བཅུ་བདུན་ལོར་དམ་བཅའ་བརྒྱད་མཛད་དེ། དགེ་འདུན་ལ་མཐོང་ཕྱག་བྱེད་པ། ཕ་ཡུལ་དུ་ཞག་བདུན་ལས་མི་བཞུགས་པ། དབེན་པ་འབའ་ཞིག་ལ་བློ་གཏོད་པ། རྒྱལ་པོའི་སྒོ་ཁང་ལན་གསུམ་ལས་མི་འགྲིམ་པ། ཚོང་ཁེ་དང་གྲལ་མགོ་མི་འཛིན་པ། རོ་ཆོག་དང་དབུ་གཙོ་མི་བྱེད་པ། འཚོ་བ་བསོད་སྙོམས་ལ་བརྟེན་པ། སྒྲུབ་པ་དང་ཐོས་བསམ་འབའ་ཞིག་བྱེད་པ་རྣམས་སོ། །


སྐྱིད་གྲོང་དུ་འཕགས་པ་ཝ་ཏི་མཇལ་བས་གསུང་བྱོན། སྐུ་ཚེ་སྔ་མའི་སྔོན་གནས་རྗེས་སུ་དྲན། ཉི་ཤུ་པར་བྱམས་ཆོས་ལྔ། ཕར་ཚད་སོགས་གཞུང་ལུགས་ཆེན་པོ་བརྒྱ་ཕྲག་གཅིག་ཁོང་དུ་ཆུད། གཤེད་དམར་གྱི་སྒྲུབ་པ་མཛད་པས་ཞག་བདུན་ན་དངོས་སུ་མཇལ། ཉེར་གཉིས་པར་ཡབ་ཀྱི་དྲུང་དུ་གདམས་པའི་ཞུན་ཐར་བཅད། བཀའ་བརྒྱད་ཀྱི་སྒྲུབ་པ་མཛད་པས་བདུད་རྩི་ཁོལ། མར་མེ་ཆུང་ངུ་ཞིག་གི་ཞག་གསུམ་ཐུབ་པ་དེའི་ཚེ་ཡབ་ཀྱི་གཟིགས་སྣང་ཉིད་ཀྱི་ཚིགས་སུ་བཅད་པ། བུ་ཁྱོད་ཚེ་ལ་བར་ཆད་མ་བྱུང་ན། ། འཇིག་རྟེན་འདི་ན་ཆོས་ཀྱི་འཁོར་ལོས་སྒྱུར། ། མདངས་སུམ་དཀྱིལ་འཁོར་མཐའ་ལ་ཀུན་བསྐོར་ནས། ། བླ་མ་ཟུར་ཆེན་རྔོག་སྟོན་ཆེན་པོ་དང༌། ། རྗེ་བཙུན་གྲགས་པ་འཕགས་པ་རིན་པོ་ཆེ། ། ནམ་མཁའི་སྙིང་པོ་བསོད་ནམས་བླ་མ་དང༌། ། འགྲོ་མགོན་ཉང་རལ་རས་ཆུང་རྡོར་གྲགས་དང༌། ། རྒྱལ་སྲས་དབང་ཆེན་གློ་བོ་ཡབ་སྲས་དང༌། ། ཆག་ལོ་ཆོས་དཔལ་ཁྲོ་ཕུ་ལོ་ཙཱ་བ། ། ནག་ཚོ་ལོ་ཙཱ་ཀུན་མཁྱེན་མུས་སྲད་པ། ། མཁས་གྲུབ་བསོད་བཟང་གྲུབ་ཆེན་དམར་ཞབས་དང༌། ། དམ་པ་སངས་རྒྱས་བཻ་རོ་བི་མ་ལ། ། ཨོ་རྒྱན་ཡབ་ཡུམ་རྒྱལ་པོ་ཁྲི་སྲོང་དང༌། ། མ་གཅིག་ལབ་སྒྲོན་ཞང་ལོ་རས་ཆེན་པ། ། ཁམས་པ་སྒ་ལོ་རྒྱ་གར་པཎ་ཆེན་རྣམས། ། གཅིག་ལ་གཅིག་བལྟ་འཛུམ་ཞིང་བཞད་པ་ལ། ། ཀུན་ཀྱང་ང་ནི་པདྨ་དབང་རྒྱལ་ཡིན། ། སྨྲ་ཞིང་ཐམས་ཅད་ཁྱོད་ལ་ཐིམ་ནས་སོང༌། ། ཞེས་པ་ལྟར་ཡིན། ཉེར་ལྔར། བསམ་གླིང་དུ་གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་གྱིས་མཁན་པོ། ཆོས་རྗེ་དཀོན་མཆོག་སྐྱབས་ཀྱིས་སློབ་དཔོན། དེ་བཞིན་གསང་སྟོན། གྲིབ་ཚོད། གྲོགས་དན་པ་སོགས་དད་པའི་དགེ་འདུན་ཉེར་ལྔའི་དབུས་སུ་ཚིག་གསུམ་གྱིས་བསྙེན་པར་རྫོགས། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་ཤིང་སྟོན་པས་བཅས་པའི་གནང་བཀག་གི་ཚུལ་ལ་སྒྲ་ཇི་བཞིན་པར་གནས་པ་བོད་འདིར་རྗེ་འདི་དང་ཀོང་པོ་རྒོད་ཚང་པ་སྣ་ཚོགས་རང་གྲོལ་གཉིས་ལས་མ་བྱུང་བར་ཡང་གྲགས། དེ་ནས་ལྗོངས་རྒྱུ་བའི་བརྟུལ་ཞུགས་ཀྱིས་མངའ་རིས་དང་བལ་ཡུལ་སོགས་ཀྱི་གནས་རྟེན་རྣམས་མཇལ་བ་དང་མཁས་གྲུབ་ཀྱི་བཤེས་གཉེན་ཡོད་དོ་ཅོག་ལ་གཏུགས་ཤིང་མདོ་སྔགས་གསར་རྙིང་གི་ཆོས་ཚུལ་མཐའ་དག་མ་གསན་པ་མེད་པ་ལྟ་བུར་མཛད། ཁྱད་པར་སྔོན་གྱི་སྨོན་ལམ་གྱི་མཐུས་བཀའ་བརྒྱད་བདེ་གཤེགས་འདུས་པ་ལ་དོན་གཉེར་ཆེན་པོ་མཛད་ནས་ཚར་ཉེར་ལྔའི་བར་གསན་ཅིང༌། དེ་དག་ཀྱང་གསན་ལོ་ཙམ་དུ་མ་བཞག་པར་སྒྲུབ་པ་སྙིང་པོར་མཛད་པས་གསར་རྙིང་གི་རྒྱུད་སྡེ་ཆེན་པོ་མཐའ་དག་ལ་གྲངས་དུས་རྟགས་གསུམ་གང་རུང་གི་བསྙེན་སྒྲུབ་མ་སོང་བ་མེད་པར་གྲགས། དག་པའི་སྣང་བ་འབྱམས་ཀླས་པ་ཤར་ཞིང༌།ཡི་དམ་དང་ཆོས་སྐྱོང་མང་པོའི་ཞལ་གཟིགས། ཡེ་ཤེས་ཀྱི་ཌཱ་ཀིས་སློབ་དཔོན་ཨ་བྷྱ་ཀ་རའི་སྐྱེ་བར་ལུང་བསྟན། སོ་བརྒྱད་ནས་བརྩམས་གསར་རྙིང་རིས་མེད་པའི་ཆོས་འཁོར་རྒྱ་ཆེར་བསྐོར། དེ་ནས་དབུས་གཙང་གི་བསྟན་པ་ཉམས་པ་རྣམས་གསོ་བའི་ཐུགས་བསྐྱེད་བླ་ན་མེད་པས། ཡབ་དང་གློ་བོའི་སྡེ་བདག་རྣམས་ལ་གནང་བ་ཞུས་ནས། གཅུང་ལེགས་ལྡན་དང་ལྷན་ཅིག་རིམ་པར་དབུས་སུ་བྱོན། རྗེ་བཙུན་མ་དང་དཔལ་ལྷའི་སྤྲུལ་པས་ལྷ་སའི་སྐོར་ལམ་དུ་ལུང་བསྟན། བསམ་ཡས་སུ་བྱོན་པས་སྔོན་བཙན་པོ་ཁྲི་སྲོང་ལྡེའུ་བཙན་དུ་གྱུར་པའི་བག་ཆགས་དུ་མ་སད། ཡང་རྫོང་དང་མཆིམས་ཕུར་ཐུགས་དམ་མཛད་པས་རྩ་བ་གསུམ་གྱི་ལྷ་ཚོགས་མང་པོའི་ཞལ་གཟིགས། ཆོས་དབང་གི་གདུང་རབས་བརྒྱད་པས་སྤྱན་དྲངས་ནས་ལྷོ་བྲག་ཏུ་བྱོན། གཏེར་ཁ་གོང་འོག་གི་ཆོས་རྒྱུན་ཉམས་པ་གསོས། སླར་ཞེ་དྲུག་པར་བསམ་ཡས་སུ་བྱོན་ནས་བཀའ་འདུས་ཕྱི་མ་རིག་འཛིན་ཡོངས་འདུས་ཀྱི་ཆོས་སྐོར་རྣམས་རྣམ་སྣང་གསང་སྒྲོམ་ནས་སྤྱན་དྲངས། དེ་ནས་བཟུང་ཕལ་ཆེར་བསམ་ཡས་བུ་ཚལ་དུ་གཏན་ཆགས། གཅུང་རིག་འཛིན་ལེགས་ལྡན་པ་དེ་ལུགས་གཉིས་གྱི་མཁྱེན་སྒོ་ཡངས་པས་འབྲི་གུང་པ་རིན་ཆེན་ཕུན་ཚོགས་བསམ་ཡས་སུ་གདན་དྲངས་ནས་དཔོན་སློབ་གསུམ་ཀས་བསམ་ཡས་ཀྱི་རབ་གནས་བསྐྱར་ཏེ་བོད་ཁམས་ཡུན་དུ་བདེ་བའི་རྟེན་འབྲེལ་བསྒྲིགས། དེ་ནས་བཟུང་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱང་སྲས་ཀྱི་དམ་པར་གྱུར་པས་རྒྱལ་དབང་པདྨའི་རིང་ལུགས་ལ་རྟེན་འབྲེལ་ཆེན་པོར་གྱུར། སྤྱིར་སྐྱེས་བུ་ཆེན་པོ་འདི་ནི་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ། མདོ་སྔགས་གསར་རྙིང་རིས་མེད་པའི་བསྟན་པ་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ། བཞོན་དང་འཇོལ་བེར་ལ་སོགས་པ་ལ་ཆོས་བརྒྱད་སྤངས་པས་ཐུབ་པའི་རྗེས་ཞུགས་བསོད་སྙོམས་པ་ཆེན་པོ། ཞེན་ལོག་དང་དཀའ་སྤྱད་བཟོད་པའི་བྱ་བཏང་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རིག་པ་དང་གྲོལ་བའི་སྤོབས་པ་བསམ་གྱིས་མི་ཁྱབ་པས་བྱང་ཆུབ་སེམས་དཔའི་དགེ་སློང་ཆེན་པོ། གྲུབ་པའི་རྣམ་ཐར་ལ་གཞལ་ན། ཉིད་ཀྱི་གསུངས་ལས། བྲག་དམར་གྱི་མཚོ་ལ་རོ་སྙོམས་བྱས། ། སྨིན་ནགས་ཀྱི་ཆུ་ལ་རྡོག་པས་བརྫིས། ། ལྷ་ལུང་གི་བྲག་ལ་མཁའ་ལྟར་ལྡིང༌། ། བ་གམ་ཅན་བྲག་ལ་བྱི་ལྟར་འཛུལ། ། མགོ་བོ་ཅན་བྲག་གི་ལོགས་ལ་རྒྱུགས། ། གྲོགས་ཤེ་སེང་དང་ཤེར་དཔལ་རྒྱལ་བཟང་གསུམ། ། བྱང་རྒྱལ་དང་བླ་མ་རིན་སེང་བ། ། སྐྱེས་ཕོ་མོ་འགའ་གྲུབ་ཐོབ་གྲུབ་ཐོབ་ཟེར། ། དེ་གྲུབ་ཐོབ་ཀྱི་གོ་བ་ང་མི་ལེན། ། ཆོས་ཉམས་བླངས་ཀྱི་ཉམས་སྣང་ཐོབ་ཙམ་ཡིན། ། དོན་འཕོ་འགྱུར་བྲལ་བ་མ་རྟོགས་ན། ། ལུས་སྒྱུ་མའི་ཆོ་འཕྲུལ་བྱ་བྱིས་སྟོན། ། ཞེས་གྲུབ་རྟགས་ཀྱི་མཐར་ཐུག་རྟོགས་པ་ལ་ངོས་འཛིན། དེ་ལྟ་བུའི་མཁས་པ་དང་གྲུབ་པའི་ཡོན་ཏན་རྨད་དུ་བྱུང་བའི་བཤེས་གཉེན་དེ་ཉིད་ཕྱོགས་ཀུན་ཏུ་བྱོན་ནས་བདུད་རྩི་སྨན་གྱི་སྒྲུབ་པས་ས་ཕྱོགས་ཀུན་ཏུ་བཀྲ་ཤིས་པར་མཛད་པ་དང༌། ཡིག་དྲུག་བསྐུལ་བ། སྐྱེ་བདུན་གྱི་སྐུ་ཤ་དང་བདུད་རྩི་ཆོས་སྨན་འགྱེད་པས་མཚོན་ཐབས་ཚུལ་སྣ་ཚོགས་པས་མཐོང་ཐོས་དྲན་རེག་གི་འགྲོ་བ་རྣམས་ཀྱི་རྒྱུད་ལ་ཐར་པའི་ས་བོན་གསོས་ཐེབས་པར་མཛད་ཅིང༌། གྲུབ་མཐའ་རིས་སུ་མ་ཆད་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཉན་བཤད་བསྒོམ་གསུམ་གྱིས་ཕྱོགས་ཀུན་ཏུ་སྤེལ་ཞིང་ཆོས་རྒྱུན་ཉམས་པ་ཐམས་ཅད་གསོ་བ་དང༌། ཚིག་ཉུང་ལ་དོན་ཆེ་བ་སྡོམ་པ་གསུམ་རྣམ་པར་ངེས་པའི་བསྟན་བཅོས་བརྩམས་པ་སོགས་སྒོ་དུ་མ་ནས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་ནས་མཐར་དགུང་གྲངས་ང་དྲུག་པར་འོན་མོན་ཐང་ནས་ཟངས་མདོག་དཔལ་གྱི་རི་བོར་གཤེགས་སོ། ། དེའི་སློབ་མ་འབྲི་གུང་ཟུར་པ་རིན་ཆེན་ཕུན་ཚོགས་ནི། དབུར་སྟོད་འབྲི་གུང་སྐུ་གཉེར་སྒང་དུ་སྐྱུ་རའི་རིགས་སུ་ཡབ་ཆོས་རྒྱལ་བསྟན་པའི་རྒྱལ་མཚན་དང༌། ཡུམ་བསོད་ནམས་སྒྲོན་མའི་སྲས་སུུ་ས་མོ་སྦྲུལ་གྱི་ལོ་ལ་ངོ་མཚར་བའི་ལྟས་དང་བཅས་ཏེ་འཁྲུངས། བརྒྱད་པར་ཕག་མོ་གྲུར་སྤྱན་སྔ་ཆོས་ཀྱི་གྲགས་པ་ལས་རབ་ཏུ་བྱུང༌། བཅུ་གསུམ་པར་དཀར་པོ་པས་ཁྲ་འབྲུག་ཞིག་གསོས་མཛད་པའི་རབ་གནས་ལ་སྤྱན་དྲངས་པའི་ཚེ་ངོ་མཚར་བའི་ཆོ་འཕྲུལ་ཅིར་ཡང་བསྟན། གཞོ་སྟོད་ཏིལ་གྲོ་སོགས་གནས་ཆེན་རྣམས་སུ་སྒྲུབ་པ་སྙིང་པོར་མཛད། རྒྱ་གར་གྱི་གྲུབ་ཐོབ་རྡོ་རྗེ་མགོན་པོ་བྱོན་ནས་ཛ་བི་རའི་བྷཱུ་རླུང་གི་མན་ངག་སོགས་གདམས་པ་དང་རྗེས་སུ་གདམས་པ་བསྩལ། མཁའ་འགྲོས་ལུང་བསྟན་བཞིན་སྐུ་རྟེན་དཀར་ཆས་སུ་བསྒྱུར་ཅིང་ཡངས་པ་ཅན་དུ་གཏེར་གྱི་ཁ་བྱང་བབ་པ་བཞིན་གུ་རུའི་སྐུ་གསུང་ཐུགས་བཅུད་དམ་ཆོས་དགོངས་པ་ཡང་ཟབ་ཤོག་སེར་རིགས་ལྔ་ཏིལ་གྲོའི་ཌཱ་ཀིའི་ཚོགས་ཁང་ཆེན་མོ་ནས་སྤྱན་དྲངས། ཟང་མདོག་དཔལ་གྱི་རི་བོར་བྱོན་ནས་ཨོ་རྒྱན་ཧེ་རུ་ཀའི་རྣམ་པར་མཇལ་ཞིང་ཚོགས་ཀྱི་འདུ་བར་ལོངས་སྤྱད། རྩ་གསུམ་གྱི་དཀྱིལ་འཁོར་ལ་བརྟེན་ནས་དབང་བསྐུར་ཞིང་གདམས་པ་དང་རྗེས་གདམས་པ་མཐའ་དག་བསྩལ་ཏེ་ཧེ་རུ་ཀའི་སྐུ་སློབ་དཔོན་ཆེན་པོར་གནས་གྱུར་ཏེ། ཞལ་གྱི་མན་ངག་ཀྱང་མང་དུ་ཐོབ་ནས་སླར་རང་གནས་སུ་ཕེབས། མངའ་རིས་པཎ་ཆེན་ལས་སྔ་འགྱུར་བཀའ་གཏེར་གྱི་ཆོས་ཚུལ་རྒྱ་མཚོ་ཙམ་གསན་པས་བསྟན་པའི་བདག་པོར་གྱུར། མདོ་སྒྱུ་སེམས་གསུམ་གྱི་བཤད་སྲོལ་ཐུན་མིན་དང༌། བཀའ་བརྒྱད་ལུགས་དགུ། སྙིང་ཏིག་ཡ་བཞི། གཏེར་ཁ་གོང་འོག་སོགས་རྩལ་དུ་བཏོན་ནས་འཆད་ཉན་གྱི་ཕྲིན་ལས་ཤིན་ཏུ་རྒྱ་ཆེ་ཞིང་པཎ་ཆེན་རིན་པོ་ཆེའི་ཕྱག་སྲོལ་ལྟར། བཀའ་མས་ཁོག་དབུབ་གཏེར་གྱི་མན་ངག་གིས་བརྒྱན་པ་ཞིག་ཕྱག་ལེན་དུ་འདེབས་པར་མཛད་དོ། ། དེའི་སློབ་མ་ལོ་ཆེན་བཻ་རོའི་རྣམ་འཕྲུལ་ཀུན་མཁྱེན་ཤེས་རབ་འོད་ཟེར་ནི། བྱང་ངམ་ཆེན་གྱི་སའི་ཆར་ཁྲི་བསམ་གཉིས་ཀྱི་ཆོ་འབྲང་ལས་ས་ཕོ་སྟག་གི་ལོ་ལ་སྐུ་བལྟམས།ཚེས་བཅུ་བྱུང་རེས་སྦྲ་ཁྱིམ་ལ་འཇའ་ཟུག དྲི་ཞིམ་པོའི་ངད་པ་རྒྱུན་དུ་བྱུང༌། བྱིས་པའི་དུས་ངེས་འབྱུང་དག་སྣང་སྙིང་རྗེ་སོགས་འཕགས་ཆེན་བྱང་ཆུབ་སེམས་དཔའི་རྣམ་ཐར་ངང་གིས་གསལ། འཇམ་དཔལ་གཤེད་དམར་གཉེན་མགོན་རྣམས་ཀྱིས་ཞལ་བསྟན། ཁྱད་པར་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཇི་ལྟ་བ་ཞིག་གི་ཞལ་ནས། ཁྱོད་ཀྱི་སྙིང་གར་ཨ་ཞིག་ཡོད་པ་ད་ལྟ་སྟོན་མ་རན་ཞེས་ཕྱག་མཛུབ་བཙུགས་པས་བརྗོད་མི་ཤེས་པའི་ཉམས་ཤར། རུ་སྐོར་དེར་ཧོར་དམག་བརྒྱབ་དུས་བུ་ཆུང་འཕྲོག་པར་བརྩམས་ཏེ་ཞགས་པས་བཏབ་པ་ན། ཡི་དམ་གྱི་ལྷས་སྒྲིབ་པར་གཟིགས་ནས་བྲོས་པས་ཐར། དེ་ནས་གྲོག་གི་ཕུར་བཞུགས། བྱིས་པའི་དབུས་ན་ཆོས་གསུང་བ་དང༌། མདོ་རྒྱུད་ཀྱི་ཚིག་ཅལ་ཅོལ་དུ་འདོན་པ་དང༌། ལྷག་པར་གཞོན་ནུ་ཤེད་མ་བྱེ་བ་དེས་ཆུ་བན་གང་རྒྱ་ཅན་ཁ་ཁྱེར་ནས་བཟུང་སྟེ་ཇ་ཁང་དུ་བསྐྱལ་བ་དང༌། རྒན་པ་དག་གིས་ནང་དུ་བཙུད་ནས་སྒོ་བཅད་པ་དང་སྒོ་མ་ཕྱེ་བར་ཐལ་བྱུང་དུ་ཕྱིར་མཐོན་པ་སོགས་ཕལ་པའི་སྤྱོད་ཡུལ་ལས་རིང་དུ་འདས། དགུང་གྲངས་བརྒྱད་པར་ཨེ་ཝཾ་པའི་སློབ་དཔོན་ཚུལ་ཁྲིམས་འོད་ཟེར་ལས་དགེ་བསྙེན་མཛད། མཆོད་གྲལ་གྱི་ལྷ་རྣམས་ངོས་འཛིན་མཛད་པས་འདི་ཤེས་རབ་ཐོད་རྒལ་བ་ཞིག་བྱུང་ཞེས་མཚན་ཤེས་རབ་འོད་ཟེར་དུ་གསོལ། གསེར་མདོག་ཅན་དུ་རབ་ཏུ་བྱུང་ནས་ཀློག་གྲྭར་བཞུགས། པཎ་ཆེན་རྡོར་རྒྱལ་བ་སོགས་ལས་མདོ་སྔགས་ཀྱི་གཞུང་ལུགས་མཐའ་དག་སྒྲོ་འདོགས་ཆོད་པར་སྦྱངས་ནས། ཆོས་གྲྭ་ཆེན་པོ་དེ་ཉིད་དང་ལུང་རིགས་སྨྲ་བའི་སྡེ་ཀུན་དུ་གྲྭ་སྐོར་མཛད་ནས། བོད་འགྲེལ་རྣམས་རྒྱ་ཡན་དུ་བཞག རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་འགྲེལ་ཁོ་ན་ལ་བརྟེན་ནས། བརྒལ་བརྟག་རིག་པའི་གད་རྒྱངས་གསང་མཐོར་བསྒྲགས་པས། གླིང་སྨད་སློབ་དཔོན་གྱིས་ཀྱང་ཚོགས་པའི་ཁྲོད་དུ་བསྔགས་པ་རྒྱ་ཆེར་མཛད་པས་མཚོན་སྙན་པའི་གྲགས་པས་ཕྱོགས་ཀུན་ཏུ་ཁྱབ་ནའང་ཆོས་བརྒྱད་དོན་དུ་གཉེར་བའི་བློ་སྤངས་ནས་དབེན་པར་སྒྲུབ་པ་ལ་སྙིང་པོར་དྲིལ་བའི་ཐུགས་འདུན་ཡོད་པའི་ཁར། དགུང་གྲངས་བཅོ་བརྒྱད་པར། འབྲི་གུང་པ་རིན་ཆེན་ཕུན་ཚོགས་ཀྱིས་སྒར་གྲྭ་ཚང་སུམ་བརྒྱ་ཙམ་ལ་སྤྱྀ་ཆོས་སུ་སྤྱོད་འཇུག་ཤེར་ལེ་གསུངས་པ་མཇལ་བས་ཐུགས་རང་དབང་མེད་པར་ཕྲོགས་ནས་ཕྱི་བཞིན་འབྲང་བར་བརྩམས་པ་ན། གྲོགས་མཆེད་ཀྱིས་བཀག་ནས་རེ་ཞིག་ཤོལ། འོན་ཀྱང་མི་རིང་བར་ངེས་དོན་སྟོན་པའི་བླ་མ་དང་དབེན་པ་འབའ་ཞིག་ཐུགས་ལ་བཅངས་ཏེ་རི་དྭགས་རྒྱ་ནང་ནས་ཤོར་བ་བཞིན་དུ་བྲོས་ནས་འབྲི་གུང་དུ་ཕེབས་ཏེ་ལྷ་སྲས་འབྲི་གུང་པ་རིན་ཆེན་ཕུན་ཚོགས་ཀྱི་ཞབས་པད་བསྟེན་ནས་རིམ་པར་དབང་ཆོས་གདམས་པའི་བདུད་རྩི་རྒྱ་མཚོ་ལྟ་བུ་གསན། ཆོས་ཀྱི་འབེལ་གཏམ་ཡང་ཡང་མཛད་པས་དཔོན་སློབ་གཉིས་གཅིག་ལ་གཅིག་ཐུགས་ཆེས། ཡང་རི་སྒར་བའི་ཆོས་ཁྲིམས་མཛད་དུས་བསྟན་ལ་ཕྱག་རྗེས་ཤིན་ཏུ་ཆེ། ལན་གཅིག་འབྲི་གུང་པའི་གསུངས་བཞིན་ཚོགས་དབུས་སུ་དགོངས་གཅིག་ལ་མདོ་སྔགས་ཀྱི་ཆོས་འཁོར་བསྟན་པ་ཡོངས་རྫོགས་ཀྱི་ཚུལ་དུ་བཤད་པ་ཁྱད་པར་དུ་འཕགས་པ་མཛད་པས་ཞབས་དྲུང་རིན་པོ་ཆེ་ཐུགས་མཉེས་པའི་ཡང་རྩེར་སོན། སྐབས་ཤིག་ཁྱེད་མདོ་སྔགས་གང་ལའང་བརྡ་བསྟན་པ་ཙམ་གྱིས་ཁོང་དུ་ཆུད་པ་དང་བཅས་ཁོ་བོའི་འཁྲུལ་སྣང་ལ་ལོ་ཆེན་བཻ་རོས་བྱིན་གྱིས་བརླབས་པའི་གང་ཟག་གསང་སྔགས་སྔ་འགྱུར་གྱི་ཆོས་ལ་བག་ཆགས་ཆེ་བ་ཞིག་ཏུ་སེམས་པས། ཁྱོད་སློབ་དཔོན་པདྨ་ལ་ཨེ་དད་གསུངས། སློབ་དཔོན་པདྨ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བྱིས་པའི་དུས་ནས་ཡོད། གང་ཟག་ཕལ་ལ་རྟོགས་པ་ཆུང་ཞིང་དེའི་སྟོབས་ཀྱིས་ཆོས་ལའང་འདྲིས་པ་ཆུང་ཞུས་པས། འོ་ན་གསོལ་བ་ཐོབ་མཛོད། སྐུའི་སྣང་བ་དང་ལུང་སྟོན་པར་ཐག་ཆོད་གསུངས། ཡང་ཁོ་བོའི་བླ་མ་མངའ་རིས་པཎ་ཆེན་རིན་པོ་ཆེ་དེ་མཁྱེན་རབ་ལ་མཐའ་མེད།དེའི་བཀའ་ལས་རྙིང་མ་ལུགས་མཐུན་ཞིག་བྱེད་ན་སྔ་འགྱུར་རང་གི་བསྟན་པའི་བབ་ལ་བཀའ་གཏེར་ཟུང་གཅིག་ཡིན་པས། བཀའ་མ་ནི་མདོ་སྒྱུ་སེམས་གསུམ་ལ་སྔ་འགྱུར་བཀའ་བབས་ཀྱི་ཆུ་བོ་བཞིའི་སྒོ་ནས་བཤད་རྒྱུན་རྣམ་པར་དག་པ་བཞིན་བཤད་པ་ལག་ལེན་དང་བཅས་པ་བཀའ་མ་ལྟར་བྱེད་དགོས། ཆོས་ཀྱི་ཟབ་གནད་རྣམས་བརྒྱུད་པ་དང་ཆོས་ལ་སེལ་མེད་ཅིང་མཁའ་འགྲོའི་ཁ་རླངས་ཆིལ་ལེ་བ་དེ་གཏེར་མ་ཡིན་པས་གཏེར་ཆོས་ཚད་ལྡན་ལྟར་བྱེད་དགོས། དེ་ལྟར་བྱས་ན་རྙིང་མ་ལུགས་དང་མཐུན་པ་གཅིག་ཡོང་ཕེབས་བྱུང་བས། ཁྱེད་རང་ཉན་འདོད་ན་ཁོ་བོས་དེ་རྣམས་ཐོས་པས་བཤད་ཆོག བསྙེལ་གསོ་ཙམ་དུའང་འགྲོ་གསུངས་ནས། མདོ་སྒྱུ་སེམས་གསུམ་གྱི་དབང་དང་མན་ངག་རྒྱབ་རྟེན་རྒྱུད་ཀྱི་བཤད་པ་དང་བཅས་ཞིབ་རྒྱས། གསར་རྙིང་གི་རྒྱུད་འབུམ། ཀུན་མཁྱེན་ཆེན་པོའི་ངལ་གསོ་སྐོར་གསུམ། མཛོད་བདུན། སྙིང་ཏིག་ཡ་བཞི། ཟབ་མོ་ཡང་ཏིག རྒྱུད་བཅུ་བདུན་བི་མའི་ཊཱི་ཀ་དང་བཅས་པ། མན་ངག་བརྒྱ་བཅུ་དགུ་རྣམས་དང༌། གཞན་ཡང༌། བཀའ་བརྒྱད་ལུགས་སྲོལ་ཆེན་པོ་དགུ་སྨན་སྒྲུབ་ཀྱི་ཕྱག་བཞེས། རྙིང་མ་བཀའ་གཏེར་གྱི་གཤིན་རྗེ་རིགས་ལྔ།དགོངས་པ་ཡང་ཟབ། བྱང་གཏེར་མཛོད་ལྔ། པད་གླིང་ཆོས་སྐོར་སོགས་སྔ་འགྱུར་གྱི་དབང་བཀའ་དང་བཤད་བཀའ་མཐའ་དག་རྫོགས་པར་གནང༌། རང་གི་བསམ་བྱུང་གི་ཤེས་རབ་ཀྱིས་གཞལ་བས་ཀྱང༌། ཆོས་ཀྱི་ཟབ་གནད་རྣམས་རྙིང་མ་ཁོ་ནར་སྣང་ཞིང་དེའང་སྙིང་ཏིག་ལ་ཡོད་པར་ངེས་ཤེས་གཏིང་ནས་འདྲོངས་ཏེ་གྲོག་རི་ཨོ་རྒྱན་གྱི་དགོན་པ་སོགས་སུ་འཚོ་བ་གནས་མལ་སོགས་དཀའ་སྤྱད་ཀྱི་འཕྲང་ལ་བཤར་ནས་མན་ངག་མཁའ་འགྲོ་སྙིང་ཏིག་གི་བསྐྱེད་རྫོགས། རྩ་རླུང་གི་ལམ་འབྲས་བུ་དང་བཅས་པ་ལག་ཁྲིད་དུ་འདེབས་པའི་གདམས་པ་འབྲི་གུང་པས་བླ་མ་ལྔ་བཅུ་ཙམ་ལས་གསན་པའི་མན་ངག་ཡོངས་རྫོགས་ཀྱི་ཆིག་བརྒྱུད་དམ་པ་འདི་ཉིད་ལ་མནོག་ཆོས་སུ་མཛད་པ་གཙོ་བོར་གྱུར་པའི་སྒྲུབ་པ་ལོ་བརྒྱད་དུ་མཛད་པས། མངོན་རྟགས་བསམ་གྱིས་མི་ཁྱབ་པ་ཤར། ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་བརྙེས།སུམ་ཅུ་པར་ཌཱ་ཀིས་བདུད་རྩི་བཏུང་བ་བྱིན་པའི་རྟེན་འབྲེལ་གྱིས། སློབ་དཔོན་ཆེན་པོ་པདྨ་རྒྱལ་པོའི་ཆ་ལུགས་སུ་ཞལ་གཟིགས། རྗེས་སུ་གདམས་པའི་གསུང་གིས་དབུགས་དབྱུང་བས་གྲོག་རི་རིན་ཆེན་སྤུངས་པ་ནས་པདྨའི་ཞལ་གདམས་གྲོལ་ཏིག་དགོངས་པ་རང་གྲོལ་གྱིས་མཚོན་ཟབ་གཏེར་རྒྱ་མཚོ་ལ་དབང་བསྒྱུར། ཁྱད་པར་ལྷ་སའི་གཏེར་རྣམས་ངོ་མཚར་བའི་ཆོ་འཕྲུལ་བཅས་སྤྱན་དྲངས་ནས་བྱོན་པས། འབྲི་གུང་རིན་པོ་ཆེ་ཡང་དབུ་སྐྲ་བསིལ་ནས་སྤྱན་འདྲེན་ལ་ཕེབས། ཤོག་སེར་རྣམས་དཔོན་སློབ་ལྷན་ཅིག་པས་ཕབ། ཟིང་པ་སྟག་མགོར་གཏེར་སྒྲུབ་མཛད་སྐབས། ནུབ་གཅིག་སྣང་བ་ཐམས་ཅད་སྐྱ་ཏལ་ལེ་བའི་ངང༌། བུད་མེད་གཅིག་ན་རེ། དོ་ནུབ་གུ་རུའི་ཚེས་བཅུ་གནང་གི་ཡོད། ཁྱོད་རང་ཆང་འདི་འཐུང༌། ཤ་འདི་ནལ་བྱའི་དུར་ཁྲོད་ནས་བྲམ་ཟེ་སྐྱེ་བདུན་གྱི་ཤ་ཚོགས་ཤར་བླངས་པ་ཡིན། གསོལ་དང་ནུས་པ་ཚད་མེད། ནམ་མཁའ་ལའང་འཕུར་ནུས་ཟེར། ཆང་དེ་འཐུངས། ཤ་དེ་དམར་ཙ་རེ་འདུག་པས་ཡིད་འཕྲེང་ངེ་{འཕྲེགས་སེ}བ་གཅིག་གི་ངང་ལ་ཟོས་པས། ཁྱེད་རྣལ་འབྱོར་པ་འདྲ་བོ་མིན། ད་སྟེ་སློབ་དཔོན་མཇལ་དུ་འདེང་ཟེར་ནས་ནམ་མཁའ་ལ་གྱ་གྱུར་ཁྲིད་ནས་ཟངས་མདོག་དཔལ་རི་ལ་ཕེབས། སློབ་དཔོན་ཡབ་ཡུམ་གུ་རུ་བདེ་བ་ཆེན་པོའི་རྣམ་པས་དབང་བསྐུར་ཞིང་རྗེས་སུ་གདམས། ཞལ་གདམས་དང་བསླབ་བྱའང་མཛད། ཟླ་བ་གཅིག་གི་ཡུན་དུ་བཞུགས་པའི་སྣང་བ་བྱུང༌། དེར་མཁའ་འགྲོ་མ་རྣམས་ཀྱིས། ད་སྟེ་སྔོན་གྱི་སྨོན་ལམ་གྱི་དབང་ལས་བོད་ཡུལ་གྱི་གདུལ་བྱ་རྣམས་དྲན་པར་གྱིས་ཤིག ཅེས་བསྐུལ་བས་རྨི་ལམ་སད་པ་བཞིན་སོང༌། སྔར་ཐོས་བསམ་གྱིས་དཔྱད་གཞི་བྱས་པའི་གོ་མྱོང་རྟོགས་པའི་ཐོག་ཏུ་འབྱོར། དེ་ནས་བཟུང་བྱ་བ་ལས་ཀྱི་འཁོར་ལོ་ལ་ཞུགས་ཏེ་བསམ་ཡས་དང་ཕྲེང་པོ་གཉིས་ཀའི་བདག་པོའང་མཛད། ཕྱོགས་མཐའ་དག་ཏུ་བྱོན་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བསྐོར། གོང་མ་སྣེའུ་གདོང་པ། ཞབས་དྲུང་འཕྱོང་རྒྱས་པ་སོགས་མི་ཆེན་ཀུན་གྱི་ཏི་ཤྲཱིར་བཀུར། རྒྱལ་དབང་ཐམས་ཅད་མཁྱེན་པ་དབང་ཕྱུག་རྡོ་རྗེ། འབྲུག་ཀུན་མཁྱེན་པདྨ་དཀར་པོ། ཞྭ་དམར་པ་དཀོན་མཆོག་ཡན་ལག བྱང་བདག་བཀྲ་ཤིས་སྟོབས་རྒྱལ་སོགས་དང་ཐུགས་ཡིད་གཅིག་ཏུ་འདྲེས་ཤིང་ཀུན་གྱིས་བསྔགས་པ་བརྗོད། མཉམ་མེད་ལྷ་རྩེ་བ། དཀར་པོ་པ་བསྟན་འཛིན་ནོར་བུ། གསང་ཕུའི་ཆོས་རྗེ་སྟོན་ཚག་པ། མདོ་སྔགས་གླིང་པ། ཞིག་པོ་གར་གྱི་དབང་ཕྱུག སྤྲུལ་སྐུ་ཟླ་བ། མི་འགྱུར་ཀུན་དགའ་དཔལ་བཟང༌། མེ་ལོང་གདུང་བརྒྱུད། རཏྣའི་གདུང་བརྒྱུད་སོགས་མཁས་པ་དང་གྲུབ་པའི་ཡོན་ཏན་གྱིས་མཐོ་བའི་བཤེས་གཉེན་ཀུན་གྱིས་བཏུད། གྲོལ་དབང་གི་སྐབས་ཚོགས་པ་བདུན་སྟོང་དུ་ལོངས་པ་དང༌། སྤྱིར་དབང་ཆོས་ཀྱི་སྐབས་ཚོགས་པ་སུམ་ཁྲི་ལྷག་པ་འདུས་ཤིང༌། མེ་ཏོག་གི་ཆར་འཇའ་འོད་ལ་སོགས་པ་ངོ་མཚར་བའི་ལྟས་རྒྱུན་ཆགས་པར་བྱུང༌། རྡོ་རྗེ་བྲག་ཏུ་ལོ་གསུམ་བཅད་རྒྱར་བཞུགས་སྐབས་ཨོ་རྒྱན་ཆེན་པོ་སེངྒེ་ལ་ཆིབས་པས་ཞལ་གཟིགས་ཏེ། དེང་སང་འདི་ན་ལྟ་བ་འཁྲུལ་མ་འཁྲུལ་གྱི་ཁྱད་པར་འབྱེད་པ་ཁྱོད་ལས་མི་འདུག་པས་དེའི་གནས་གསལ་བར་སྟོན་ཅིག ཅེས་བཀའི་གནང་བ་ཐོབ་པ་ལ་བརྟེན་ཚིག་ཉུང་དོན་རྒྱས་ཀྱི་བསྟན་བཅོས་ཀྱང་ཅི་རིགས་མཛད། ལན་གཅིག་ཕྲེང་པོར་སྐུ་བསྙུན་པས་རྐྱེན་བྱས། ཤཱནྟ་པུ་རིའི་ཞིང་ཁམས་ཕྱི་མཆོད་རྟེན་ལ་ནང་གཞལ་ཡས་ཁང༌། མཁའ་འགྲོའི་གྲོང་ཁྱེར་འབུམ་ཕྲག་གསུམ་གྱིས་བསྐོར་བ། གཞལ་ཡས་ཁང་གི་ཁྲི་འཕང་མཐོན་པོར་དཔའ་བོ་ཆེན་པོའི་ཐོད་པའི་དུམ་བུ་རྩལ་གྱིས་འཁོར་དཔའ་བོ་མཁའ་འགྲོ་རང་བྱུང་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་ལ། ཆོས་ཐེག་པ་སྣ་ཚོགས་པ་གསུང་བ་གཟིགས་ཤིང་མ་འོངས་པ་ན་དམ་པ་ཉིད་དེའི་ཐུགས་ཀར་སྤྲུལ་པ་བསྡུ་བར་ལུང་བསྟན་ཐོབ། དེས་སྐྱེ་བའི་མཐའ་ཡང་ཆོད། སྐྱེ་བ་སྔ་ཕྱིའི་གདུལ་བྱའི་གོ་མཐུད་ཆོག་པ་བྱུང་གསུངས། རྡོ་རྗེའི་གནས་ཆེན་པོའི་ཉེ་རྒྱུའི་ལམ་གནད་དུ་སོང་བས་སྐུ་ན་སྨིན་ཀྱང་གཉེར་མ་དང་སྐྲ་དཀར་མེད་ཅིང་གཞོན་ཤ་ཆགས། ནང་གི་རྩ་མདུད་གྲོལ་བས་ཆོས་ཀྱི་ཚིག་དོན་ཟབ་ཅིང་བརླིང་བ་རྣམས་འགྲེལ་བ་ལ་བསྙིངས་པ་མེད། མངོན་པར་ཤེས་པ་རྒྱ་མཚོ་ལྟ་བུ་ལ་དབང་འབྱོར་བས་འབྱུང་འགྱུར་གྱི་ཆོས་རྣམས་སྒྲིབ་མེད་དུ་ལུང་བསྟན་པ་སོགས་ངོ་མཚར་བའི་རྣམ་ཐར་མང༌། དབུས་གཙང་ཁམས་ཀོང་ལྷོ་མོན་སོགས་ཀྱི་སྐྱེ་འགྲོ་མཆོག་ཕལ་མཐའ་དག་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱིས་རེ་བ་ཡོངས་སུ་བསྐངས་ཤིང་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་སྒོ་དུ་མ་ནས་འཕེལ་རྒྱས་སུ་མཛད། ཕྱིས་ཞབས་དྲུང་འཕྱོང་རྒྱས་པ་ཡབ་སྲས་ཀྱིས་ནན་ཏན་ཆེན་པོས་གསོལ་བ་བཏབ་པའི་ངོར་དཔལ་རི་ཐེག་ཆེན་གླིང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བསྐྲུན་ནས་མི་རིང་བར་སྐུ་དངོས་ཀྱི་འགྲོ་དོན་དེ་ཙམ་དུ་དགོངས་ནས། བུ་སློབ་རྣམས་ལ་ཞལ་ཆེམས་ལྷུག་པར་བསྩལ། དག་པའི་སྣང་བ་དཔག་ཏུ་མེད་པ་གཟིགས། འབྲི་གུང་ཨ་ཕྱི་དང་བསྟན་སྐྱོང་མ་སོགས་བོད་ཀྱི་ལྷ་འདྲེ་ཆེ་དགུ་རྣམས་མཇལ་དུ་ཡོང་བ་ཕལ་གྱིས་དངོས་སུ་མཐོང་བའང་བྱུང་ཞིང༌། ཆུ་སྤྲེལ་ཧོར་ཟླ་དྲུག་པའི་ཚེས་བཅུར་དགོངས་པ་འཕོ་བར་བཞེད་པ་ལ་རྒྱལ་སྲས་ཀརྨ་ཀུན་བཟང་ཡུམ་སྲས་ཀྱིས་གསོལ་བ་བཏབ་པའི་ངོར་ཞག་གསུམ་དུ་སྐུ་ཚེ་བསྲིངས་ནས་ཚེས་བཅུ་གསུམ་གྱི་སྔ་ཞོགས་སུ། འཇའ་དང༌། འོད་དང༌། ས་གཡོ་བ་སོགས་ངོ་མཚར་བའི་ལྟས་དང་བཅས། དཔལ་རི་པདྨ་འོད་ཀྱི་ནུབ་ཕྱོགས་བདེ་ཆེན་ཤཱནྟ་པུ་རིའི་གྲོང་ཁྱེར་དུ་དཔའ་བོ་ཐོད་པའི་དུམ་བུ་རྩལ་གྱི་ཐུགས་ཀར་ཐིམ་པར་གྱུར་ཏོ། ། ཡང་མངའ་རིས་པཎ་ཆེན་རིན་པོ་ཆེའི་གཅུང་རིག་འཛིན་ལེགས་ལྡན་རྗེ་ཡང་མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ། ཟབ་གཏེར་གྱི་བཀའ་བབས་ཤིང་ནུས་མཐུའི་རྩལ་རྫོགས། དགུང་གྲངས་ཡང་བརྒྱ་དང་བཅུ་གསུམ་བར་བཞུགས་ནས་བཤད་སྒྲུབ་ལས་གསུམ་གྱིས་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད། དེས་སྐྱི་སྟོན་ཚེ་རིང་དབང་པོ་ལ་འདུས་པ་མདོའི་ཆུ་བོ་བཞི་རྫོགས་ཀྱི་དབང་གཏད་རྒྱ་བཅས་གནང༌། དེས་གཉགས་སྟོན་ཆོས་རྒྱལ་རྡོ་རྗེ་ལ། དེས་སྨན་ལུང་བ་ཆེན་པོ་ཉང་སྟོན་བློ་མཆོག་རྡོ་རྗེ་ལ་མདོ་དབང་གཏད་རྒྱ་དང་བཅས་པ་ལྐོག་ཆོས་ཆིག་བརྒྱུད་དུ་གནང༌། འདི་ཉིད་ཀྱིས་དེའི་གོང་དུ་ལོ་ཆེན་གཞན་ཕན་རྡོ་རྗེ་ལས་ཀྱང་སྒྲུབ་ཆེན་དང་འབྲེལ་བར་རྡུལ་མཚོན་གྱི་དཀྱིལ་འཁོར་དུ་གསན་ཅིང་རྩ་བའི་བླ་མ་མཆོག་ཏུ་འཛིན། སྤྱིར་མདོ་སྔགས་རིག་གནས་དང་བཅས་པ་མཁྱེན་ཅིང་ཁྱད་པར་ཆོས་དབང་གཏེར་ཆོས་ལ་མཁས།རྒྱལ་མཆོག་ལྔ་པ་ཆེན་པོས་ཏི་ཤྲཱི་བཀུར་བ་སོགས་མཁས་གྲུབ་དུ་མའི་གཙུག་རྒྱན་ནོ། ། དེས་སྔ་འགྱུར་བསྟན་པའི་མངའ་བདག་རྡོར་བྲག་རིག་འཛིན་མཆོག་གི་སྤྲུལ་པའི་སྐུ་ལ་བསྩལ་ཅིང་འདི་ནི། སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་ཡང་སྲིད་རིག་འཛིན་ལེགས་ལྡན་རྗེའི་སྐྱེ་སྤྲུལ་ཏེ། མོན་མཁར་རྣམ་གླིང་དུ་བྱ་ནག་གི་རིགས་ལས་སྡེ་པ་ཀརྨ་ཕུན་ཚོགས་དབང་པོའི་སྲས་སུ་ལྕགས་སྦྲུལ་ལོར་འཁྲུངས། བྱང་པ་རིག་འཛིན་ངག་གི་དབང་པོའི་སྔོན་རབས་གསལ་བར་སད་པས་དགུང་ལོ་དྲུག་པར་གོང་མའི་གདན་སར་སྤྱན་དྲངས། ཀུན་མཁྱེན་ལྔ་པ་ཆེན་པོ་ལ་གཙུག་ཕུད་ཕུལ་བས། མཚན་ཀུན་བཟང་པདྨ་ཕྲིན་ལས་སུ་བསྩལ། ཕྱིས་དེ་ཉིད་ལས་བསྙེན་པར་རྫོགས་ཤིང་ཟབ་ཆོས་མང་དུ་གསན། གཞན་ཡང་ཟུར་ཆེན་ཆོས་དབྱིངས་རང་གྲོལ། མགོན་པོ་བསོད་ནམས་མཆོག་ལྡན་སོགས་མཁས་གྲུབ་ཀྱི་བླ་མ་མང་པོ་ལས་གསར་རྙིང་གི་དབང་ལུང་མན་ངག་བཤད་ལུང་སོགས་ཆོས་བཀའ་མཐའ་ཡས་པ་ཞིག་ངོམས་པ་མེད་པར་གསན་ཅིང་བསམ་བྱུང་གིས་གཏན་ལ་ཕབ་པས་ཐོགས་པ་མེད་པའི་མཁྱེན་རབ་རྒྱས། མདོ་དབང་ཆེན་མོ་སོགས་བསྟན་བཅོས་ཀྱང་མང་དུ་མཛད། སྒྲགས་ཡང་རྫོང༌། ཆུ་བོ་རི། གདན་ས་ལ་སོགས་པར་སྒོམ་པའི་ཤེས་རབ་ཀྱིས་ཉམས་སུ་བཞེས་པས་བསྐྱེད་རིམ་ལ་བརྟན་པ་ཐོབ། རྫོགས་རིམ་གྱི་ཡེ་ཤེས་ལ་དབང་འབྱོར་བས་མཁས་གྲུབ་ཆེན་པོར་གྱུར་ཏེ། དགུང་གྲངས་དོན་བདུན་གྱི་བར་མཁྱེན་བརྩེ་ནུས་པའི་ཕྲིན་ལས་བཤད་སྒྲུབ་ལས་གསུམ་གྱི་མཁོར་ལོས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད། མཐར་ལོག་སྨོན་ཅན་རྣམས་ཀྱིས་མཚོན་སོགས་ཀྱིས་མ་ཚུགས་པར་གཙང་པོར་གདན་འདྲེན་ཞུས་པའི་ཚེ་ནའང༌། ཁ་ཅིག་གིས་མཁའ་ལྡིང་དབང་པོའི་རྣམ་པར་སྤྲུལ་ནས་མཁའ་སྤྱོད་དུ་དངོས་སུ་གཤེགས་པར་མཐོང་བར་ཡང་གྲགས་སོ། ། གཉིས་པ་ཟུར་མོའི་བརྒྱུད་པ་ནི། ཟུར་མོ་དགེ་འདུན་འབུམ་འདི་དོན་ལ་རང་བཞིན་གྱི་རྣལ་འབྱོར་མ་ཡིན་མོད། རྣམ་པ་གཞོན་ནུའི་དུས་ནས་འཁོར་བའི་སྐྱོན་དང་བྲལ་བས་སྐུ་བཙུན། བསྐྱེད་རྫོགས་གསུམ་ཀའི་དོན་ལ་མཁས་ཤིང༌། སྒྲུབ་པ་སྙིང་པོར་མཛད་པས་བསྐྱེད་རིམ་ལ་བརྟན་པ་ཐོབ། རྫོགས་རིམ་གྱི་ཡེ་ཤེས་ཁྱད་པར་ཅན་ལ་དབང་འབྱོར་པས་མཁས་ཤིང་གྲུབ་པ་ཆེན་པོར་གྱུར་ནས། ཉང་སྨད་རྩེ་རྒྱལ་གྱི་སྒོམ་ཁང་དུ་བཞུགས་ཏེ་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་དོ། །དེས་ཡང་དབེན་གསང་སྔགས་གླིང་པ་ཟུར་སྟོན་ཤཱཀྱ་བཤེས་གཉེན་ལ་མདོ་དབང་གཏད་རྒྱ་བཅས་བསྩལ།དེས་ཀཿཐོག་པ་མཁས་གྲུབ་བྲའོ་ཆོས་འབུམ། དེས་བཤེས་གཉེན་དཀོན་མཆོག་བཟང་པོ།དེས་རྨོག་སྟོན་རྡོ་རྗེ་དཔལ་བཟང༌། འདིས་མཁས་གྲུབ་ཛྙཱ་ན་ཀེ་ཏུ་ལས་ཀཿཐོག་པའི་དབང་བརྒྱུད་ཀྱང་གསན་ནས། འདུས་པ་མདོའི་དབང་ཆོག་སྦྲང་རྩིའི་ཆུ་རྒྱུན་མཛད་པ་སོགས་མདོའི་བསྟན་ལ་ཕྱག་རྗེས་ཆེ། དེས་སེམས་དཔའ་ཆེན་པོ་དར་ལུང་པ་རྡོ་རྗེ་རྣམ་རྒྱལ། དེས་ཁྱུང་ཚང་བ་འཁྲུལ་ཞིག་བློ་གྲོས་དཔལ་ལྡན། དེས་དཔང་སྟོན་ཀརྨ་གུ་རུ། དེས་སྔགས་འཆང་ཀུན་བཟང་དཔལ་འབྱོར། དེས་གསང་བདག་ཕྲིན་ལས་ལྷུན་གྲུབ། དེས་དྭགས་སྟོན་ཆོས་རྒྱལ་བསྟན་འཛིན། དེས་རྗེ་གཏེར་ཆེན་རིན་པོ་ཆེར་ཕུལ་ཏེ། འདི་ལ་མདོ་དབང་ཁམས་ལུགས་སུ་གྲགས། གསུམ་པ་སྲས་རྒྱུད་ནི། སྒྲོལ་ཆེན་གྱི་སྲས་སངས་རྒྱས་རིན་ཆེན་གྱིས། གནམ་སྡིངས་པ་ཞང་སྟོན་ནམ་མཁའ་རྡོ་རྗེ་ལ་མདོ་དབང་གཏད་རྒྱ་བཤད་པ་གདམས་ངག་དང་བཅས་པ་གནང་སྟེ། འདི་སྒྲོལ་མ་པ་ཡབ་སྲས་གཉིས་ཀའི་སློབ་མ་རྒྱུད་ལུང་མན་ངག་སྒྲུབ་སྡེ་དང་བཅས་བ་ཐམས་ཅད་ལ་མཁས། རྟ་ནག་གནམ་སྡིངས་སུ་ཉམས་ལེན་གཙོ་བོར་མཛད་པས་རླུང་སེམས་ལ་བརྟན་པ་ཐོབ། བསྐྱེད་རྫོགས་ཀྱི་དགོངས་པ་མངོན་དུ་གྱུར། ཕྲིན་ལས་བཞི་ལ་དབང་འབྱོར་ནས་གདུལ་བྱའི་དོན་མཛད། དེས་མཁས་གྲུབ་ཤ་མི་རྡོ་རྗེ་རྒྱལ་མཚན་ལ། འདི་དབེན་གནས་བདེ་ཆེན་དུ་སྒྲུབ་པ་ལ་བཞུགས་པས། བསྐྱེད་རིམ་ལ་བརྟན་པ་ཐོབ་སྟེ། ལས་བཞི་ཐོགས་མེད་དུ་གྲུབ། རྫོགས་རིམ་གྱི་ཉམས་རྟོགས་མཐར་ཕྱིན། བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བསྟན་པའི་དོན་མཛད། དེས་རིག་འཛིན་གཡུ་འབྲུག་རྡོ་རྗེ་ལ། འདི་དབེན་པ་འབའ་ཞིག་ལ་ཉམས་ལེན་གཙོ་བོར་མཛད་པས་ཉམས་རྟོགས་མཐར་ཕྱིན། མཐུ་སྟོབས་ནུས་པའི་རྩལ་ཐོན། སྐལ་ལྡན་མང་པོ་སྨིན་གྲོལ་མཛད། དེས་གཉགས་ཛྙཱ་ན་ཀུ་མཱ་རའི་སྤྲུལ་པ་མཁས་གྲུབ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ལ་བསྩལ་ཏེ་འདི་ནི། གཙང་གཡས་རུ་ཐག་གདོང་ཁར་སྡོང་གི་རིགས་སུ་འཁྲུངས། ཆུང་ངུ་ནས་ཐ་སྙད་ཀྱི་རིག་གནས་སྤྱི་དང༌། ཁྱད་པར་གསོ་རིག་ལ་མཁས། དར་ལ་བབ་པ་ན་རིགས་སད་དེ་རབ་ཏུ་བྱུང་ནས། ལྷ་སྲས་དམ་འཛིན་གྱི་རྣམ་འཕྲུལ། སྔ་འགྱུར་བསྟན་པའི་ཉི་མ་ཆེན་པོ། མཁས་ཤིང་གྲུབ་པའི་དབང་ཕྱུག་རྣམ་ཐར་དང་བཀའ་དྲིན་འགྲན་ཟླ་དང་བྲལ་བ། སྣང་རྩེ་གཏེར་ཆེན་གར་དབང་ཞིག་པོ་གླིང་པའི་ཞབས་པད་བསྙེན་ནས། བཀའ་གཏེར་གྱི་ཆོས་བཀའ་རྒྱ་མཚོ་ལྟ་བུ་གསན་ཅིང༌། གཞན་ཡང་བླ་ཆེན་རྡོ་རྗེ་འཆང་གྲགས་པ་རིན་ཆེན། ཡོངས་འཛིན་ངག་དབང་གྲགས་པ། པད་གླིང་ཐུགས་སྲས་ཟླ་རྒྱལ། མཁའ་སྤྱོད་པ་རྡོ་རྗེ་སེང་གེ་སོགས་མཁས་གྲུབ་ཀྱི་བཤེས་གཉེན་དུ་མ་ལས། ཆོས་སྒོ་མཐའ་ཡས་པ་ཞིག་གསན་ཅིང་སྒྲོ་འདོགས་ཆོད་པར་མཛད་ནས། འདུ་འཛི་དང་གཡེང་བས་མི་འཕྲོག་པར་ཉམས་བཞེས་ལ་འབད་པས་ཐོས་བསམ་སྒོམ་གསུམ་ཅིག་ཅར་དུ་གྲུབ། དེའི་མཐུས་ཉམས་རྟོགས་དང་མཁྱེན་རབ་ཀློང་ནས་བརྡོལ། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་ཤར། རྩ་རླུང་ཐིག་ལེའི་འགྲོས་དབུ་མར་ཐིམ། རྨི་ལམ་སྦྱོང་སྤེལ་སྤྲུལ་བསྒྱུར་ལ་དབང་འབྱོར་བས་དག་པའི་ཞིང་བགྲོད་ནས་སངས་རྒྱས་དང་བྱུང་ཆུབ་སེམས་དཔའ་མང་པོའི་ཞལ་མཇལ་ཞིང་ལུང་བསྟན་ཐོབ། སྔ་འགྱུར་གྱི་ཆོས་ལ་ལོག་པར་སྨྲ་བ་སྔ་ཕྱིར་བྱུང་བ་ཐམས་ཅད་ལུང་དང་རིགས་པས་ཚར་བཅད། བསྟན་པ་ཐམས་ཅད་འགལ་མེད་གཅིག་ཏུ་དྲིལ་བའི་བསྟན་བཅོས་ཁྱད་འཕགས་ཀྱང་མང་དུ་མཛད། ནུས་པས་བོད་ཕུང་བྱེད་ཀྱི་འབྱུང་པོ་མཐའ་དམག་གདུག་པ་ཅན་རྣམས་ཚར་བཅད་པས་སྙན་གྲགས་ཀྱིས་ཀུན་ཏུ་ཁྱབ། སྐུ་ཚེའི་སྨད་ཉང་སྨད་སྐྱིད་སྦུག་ཏུ་བཞུགས་ནས་འོད་གསལ་རྡོ་རྗེ་སྙིང་པོའི་དགོངས་པ་ལས་མ་གཡོས་བཞིན་དུ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་སྔ་འགྱུར་གྱི་བསྟན་པ་ཆེས་གསལ་བར་མཛད་དོ། ། དེས་གོང་ར་ལོ་ཆེན་གཞན་ཕན་རྡོ་རྗེ་ལ་བསྩལ་ཏེ་འདི་ནི། གནུབས་ཁྲོ་ཕུ་པའི་གདུང་རིགས་ལོ་ཆེན་ངག་གི་དབང་པོའི་གཅུང་དཔོན་ཆེན་ཞེས་པའི་སྲས་སུ་ཤིང་ཕོ་རྟའི་ལོ་ལ་འབྲས་ཡུལ་བཀྲ་ཤིས་གླིང་དུ་འཁྲུངས། བྱིས་པའི་དུས་ཐུགས་རྒོད་ཅིང་བརྟུལ་ཞུགས་ཆེ་བས་སུ་ལའང་མི་འཇིགས་པའི་སྤོབས་པ་མཐོ། ཞྭ་དམར་ཆོས་ཀྱི་དབང་ཕྱུག་གི་དྲུང་དུ་དགུང་ལོ་བཅུ་གཉིས་པར་དགེ་ཚུལ་དང༌། ཉེར་གཅིག་པར་བསྙེན་པར་རྫོགས་ནས་སྐུ་བཙུན་པའི་མཆོག་ཏུ་གྱུར། རང་གི་ཁུ་བོ་ལོ་ཆེན་ངག་གི་དབང་པོ། མཁས་གྲུབ་བློ་གྲོས་རྒྱལ་མཚན། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། སྙེ་ཕུ་པ་རིག་འཛིན་སྙིང་པོ། རྩེ་ལེ་སྣ་ཚོགས་རང་གྲོལ། སྟག་བླ་པདྨ་མ་ཏི། ཡོན་དོ་བ་བཀྲ་ཤིས་ལྷུན་གྲུབ་སོགས་སྐྱེས་ཆེན་མང་དུ་བསྟེན་ནས་མདོ་སྔགས་རིག་ལམ་དང་བཅས་སྤྱི་དང༌། ཁྱད་པར་སྔ་འགྱུར་བཀའ་གཏེར་གྱི་ཆོས་དཔག་ཏུ་མེད་པ་གསན་ཅིང་སྒྲོ་འདོགས་ཆོད་པར་སྦྱོང༌། བསྐྱེད་རྫོགས་ཀྱི་སྒོམ་སྒྲུབ་ལ་བརྩོན་པར་མཛད་པས་ཉམས་རྟོགས་མཐར་ཕྱིན་ཅིང༌། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གྱིས་མངོན་པར་མཐོ་བས། བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་ནམ་མཁའ་དང་མཉམ་པའི་ངང་ནས་རེ་གཅིག་པར་ཞི་བའི་དབྱིངས་སུ་གཤེགས། དེས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་ཡང་སྲིད་གསང་བདག་ཕྲིན་ལས་ལྷུན་གྲུབ་ལ་བརྒྱུད་དེ། འདི་ནི་ཡབ་མྱོས་སྟོན་མཁས་གྲུབ་ཆེན་པོ་མདོ་སྔགས་བསྟན་འཛིན་དང་ཡུམ་རྒྱལ་རིགས་དགོས་འཛོམ་གྱི་སྲས་སུ་ལྕགས་མོ་ཕག་གི་ལོ་ལ་ཆག་བྱང་ཆུབ་གླིང་དུ་འཁྲུངས། དགུང་ལོ་ལྔ་ནས་འབྲི་ཀློག་གཉིས་ཀ་བྱང་བར་མཁྱེན། བརྒྱད་ནས་བཟུང་ཡབ་རྗེ་ལས། སྒྲ་རྩིས་ཀྱི་སྐོར་དང་ཀུན་མཁྱེན་ཆེན་པོའི་གསུང་རབ་རྣམས་ལ་སྦྱངས་པས་བློ་གྲོས་ཀྱི་མཐུ་ཐོབ། བླ་རྫོགས་ཐུགས་གསུམ་སྒྲུབ་སྡེ་བརྒྱད་སོགས་སྔ་འགྱུར་བཀའ་གཏེར་གྱི་དབང་ཁྲིད་བཤད་ལུང་མང་དུ་གསན་ཅིང་བསམ་སྒོམ་གྱིས་གཏན་ལ་ཕབ། གཞན་ཡང་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། ལོ་ཆེན་གཞན་ཕན་རྡོ་རྗེ། ལྷ་བཙུན་ཀུན་བཟང་རྣམ་རྒྱལ། རྫོགས་ཆེན་འབྲུག་སྒྲ་བཟང་པོ། བོན་ལུང་བ་ཚུལ་ཁྲིམས་རྒྱལ་མཚན། ཟུར་ཆོས་དབྱིངས་རང་གྲོལ། འཁྲུལ་ཞིག་ནོར་བུ་ཆོས་བརྟན། དཔའ་བོ་གཙུག་ལག་རྒྱ་མཚོ། རྒྱལ་ཚབ་གྲགས་པ་མཆོག་དབྱངས། མགོན་པོ་བསོད་ནམས་མཆོག་ལྡན་སོགས་གསར་རྙིང་གི་བླ་མ་སུམ་ཅུ་ལྷག་ཙམ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་ངོམས་པ་མེད་པར་གསན་ཅིང་བྱེ་བྲག་མདོ་དབང་ཆེན་མོ། དགུང་ལོ་བརྒྱད་པ་ལ་སྔགས་འཆང་ཀུན་བཟང་དཔལ་འབྱོར་བྱང་ཆུབ་གླིང་དུ་སྤྱན་དྲངས་ནས་ཡབ་རྗེ་དང་ལྷན་དུ་ཟུར་ལུགས་དང་ཁམས་ལུགས་གཉིས་གསན། ཉེར་གཅིག་པ་ལ་ལྷ་བཙུན་ཀུན་བཟང་རྣམ་རྒྱལ་ལ་ཁམས་ལུགས་ཀྱི་ཡི་གེའི་སྟེང་ནས་གསན། ཉེར་དགུ་པ་ས་ཡོས་ཧོར་ཟླ་བཞི་པར་གོང་ར་ལྷུན་གྲུབ་ལྡིང་དུ་མ་ཧཱ་ལོ་ཙཱ་བ་གཞན་ཕན་རྡོ་རྗེའི་དྲུང་དུ་འདུས་མདོའི་རྩ་བ་དང་ཡན་ལག་གི་དཀྱིལ་འཁོར་ཐམས་ཅད་རྡུལ་ཚོན་གྱིས་བཞེངས་པར། གཉལ་པ་བདེ་ལེགས་པའི་ཡི་གེའི་སྟེང་ནས་ཆུ་བོ་བཞིའི་དབང་གཏད་རྒྱ་སྒོམ་རིམ་མན་ངག་དང་བཅས་པ་སྒྲུབ་ཆེན་གྱི་ལས་རིམ་དང་འབྲེལ་བར་ཞག་བཅུ་བདུན་གྱི་ཁོངས་སུ་རྫོགས་པར་གསན།དེ་ལྟར་ཐོས་བསམ་གྱི་སྒྲོ་འདོགས་ཡིན་ལུགས་སུ་བཅད་ནས། དབེན་གནས་དུ་མར་སྙིང་པོའི་ལམ་སྲོལ་ཇི་བཞིན་ཐུགས་ཉམས་སུ་བཞེས་པས། མ་དག་པའི་སྣང་བ་འགོག་ནུས་པའི་བསྐྱེད་རིམ་གྱི་གསལ་སྣང་ལ་རེག་མཐོང་གི་མཚན་མ་ཐོབ་སྟེ། ཕྲིན་ལས་གང་བརྩམས་ཐོགས་མེད་དུ་འགྲུབ། རྫོགས་རིམ་ཀ་དག་གཞི་རྫོགས་འཕོ་འགྱུར་མེད་པའི་གནས་ལུགས་ཇི་ལྟ་བ་ཉིད་རྟོགས་པས། འཁོར་འདས་བདེན་འཛིན་གྱི་འཁྲི་བ་ཆད། སྣང་སྲིད་ལྷུན་གྲུབ་འོད་གསལ་གྱི་ཀློང་དུ་དྭངས་པས་ཡི་དམ་གྱི་ལྷ་དུ་མའི་གཟིགས་སྣང་ཤར་ཞིང་ལུང་བསྟན་ཐོབ།རང་དོན་ཡིད་བྱེད་ཀྱི་འཛིན་པ་ཞིག་པས་གཞན་ཕན་མཁའ་ཁྱབ་ཀྱི་ཐུགས་རྗེ་རྩོལ་མེད་ཤུགས་འབྱུང་གི་སྒོ་ནས་ཐར་པ་དོན་གཉེར་གྱི་སྐལ་ལྡན་མཆོག་ཕལ་མང་པོར་བཤད་སྒྲུབ་ཀྱི་ཆོས་འཁོར་རྒྱུན་ཆགས་སུ་བསྐོར་བས་བསྟན་འགྲོའི་ཕན་བདེ་རྒྱས་པར་མཛད་ཅིང༌། ཁྱད་པར་སྐུ་གསུང་ཐུགས་ཀྱི་སྲས་མཆོག་རྗེ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ལ་ཟབ་རྒྱས་ཀྱི་ཆོས་ཐམས་ཅད་ཚང་སྤྲུགས་སུ་བསྩལ་ཏེ་རྒྱལ་ཚབ་ཏུ་མངའ་དབང་བསྐུར་ནས། དགུང་གྲངས་ང་གཉིས་པ་ཆུ་སྟག་དབོ་ཟླའི་ཚེས་ཉེར་གཉིས་ལ་ངོ་མཚར་བའི་ལྟས་དང་བཅས་གཟུགས་སྐུ་ཆོས་ཀྱི་དབྱིང་སུ་བསྡུས། དེས་ལོ་ཆེན་ཆོས་རྒྱལ་བསྟན་འཛིན་ལ་བསྩལ་ཏེ་འདི་ནི། ཨེ་འདོམ་སྔོན་པོ་གྲོང་སྨད་དུ་ལྕགས་ལུག་ལོར་འཁྲུངས། སྐུ་ཚེ་སྔ་མའི་བག་ཆགས་གསལ་བས་དྭགས་པོ་སྟོད་གླིང་གི་དགོན་པར་སྤྱན་དྲངས། འཕྱོང་རྒྱས་དཔལ་རིར་རབ་ཏུ་བྱུང་ཞིང་ཐུགས་གཉེར་མཛད། གདན་ས་བ་བསོད་ནམས་རིན་ཆེན། དར་ལྡིང་རིག་འཛིན་ཆེན་པོ། གསུང་སྤྲུལ་ཚུལ་རྡོར། ལྷ་བཙུན་ནམ་མཁའ་འཇིགས་མེད། ཉང་སྟོན་བློ་རྡོར་སོགས་ལས་མདོ་རྒྱུད་རིག་གནས་དང་བཅས་པ་གསན་ཅིང་སྒྲོ་འདོགས་ཆོད་པར་སྦྱངས་ནས། གཙོ་བོར་དྭགས་པོ་སྟོད་གླིང་གི་དགོན་པར་སྦས་ཚུལ་གྱིས་བསྙེན་སྒྲུབ་ལ་བརྩོན་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། སྲུང་མ་ལས་ལ་ཁོལ་བའི་མཐུ་རྟགས་ནར་མར་འོངས་པས་སུས་ཀྱང་བཀའ་ལས་འགོང་མི་ནུས། རྗེ་གཏེར་ཆེན་ཆོས་ཀྱི་རྒྱལ་པོར་མདོ་དབང་གི་རྒྱུན་ཕུལ་བ་སོགས་སྔ་འགྱུར་གྱི་བསྟན་པ་ལ་ཕན་པ་བླ་ན་མེད་པར་གྱུར་ཏེ་དགུང་ལོ་དོན་བརྒྱད་པར་གཤེགས་སོ། །


དེའང་བཀའ་མའི་ཕྱོགས་སུ་ཟུར་མེས་དབཽོན་གསུམ་ལས་སློབ་མའི་རྣམ་གྲངས་ཇི་ལྟར་མཆེད་པ་བཤར་གྱིས་བཏབ་པ་དང༌། དེ་དག་ལས་མཆེད་པའང་གྲངས་མེད་པས་གང་གི་རིང་ལ་དར་རྒྱས་སུ་མཛད་པ་གསང་བདག་སྒྲོ་ཕུག་པ་ཆེན་པོ་དེ་གངས་རིའི་ཁྲོད་ན་གསང་བའི་བདག་པོ་གསང་སྔགས་ཀྱི་བསྟན་པ་སྤེལ་བའི་ཕྱིར་བྱོན་ཏེ་ཞེས་པ་དེའང་གྲགས་པ་དོན་དང་ལྡན་ནོ། ། དུས་ཕྱིས་གདུལ་བྱ་རྫོགས་པ་ལྟར་གྱུར་ནས་སྙིགས་མའི་རྒུད་པ་སྟོབས་སུ་གྱུར་པས་སྔ་འགྱུར་གྱི་བསྟན་པ་བགས་ཀྱིས་ཉག་ཕྲར་གྱུར་པའི་སྐབས་སུ། ལོ་ཆེན་བཻ་རོ་ཡབ་སྲས་ཀྱི་ཐུགས་བསྐྱེད་དུས་སུ་སྨིན་པས་ཕྱོགས་མཐའ་དག་ནས་གདམས་པའི་རྒྱུན་རྣམས་བསྡུས་ཏེ་མདོ་སྒྱུ་སེམས་གསུམ་གྱི་རིང་ལུགས་མི་ནུབ་པའི་རྒྱལ་མཚན་ཆེན་པོ་གསར་དུ་སློང་བར་བྱེད་པོ་ནི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་སྐུ་མཆེད་ཡབ་སྲས་སློབ་མའི་ཚོགས་དང་བཅས་པ་སྟེ། དེ་ལ་རྗེ་གཏེར་ཆེན་བླ་མ་ནི། གབ་རྒྱ་ཅན་གྱི་ལུང་བསྟན་ལས། བཻ་རོ་ཁྱོད་ནི་སྐྱེ་མཐའི་བྱང་སེམས་ཏེ༔ ཁྱོད་ཀྱི་འདི་གོང་སྐྱེ་བ་འདས་པ་ནི༔ སྨྲ་བསམ་བརྗོད་འདས་ཡེ་ཤེས་སྙིང་པོའི་དོན༔ སེམས་ཅན་སངས་རྒྱས་གཉམ་ཉིད་ཁྱབ་བདལ་ཡང༔ ཁམས་གསུམ་འགྲོ་བའི་འདྲེན་པ་རྡོ་རྗེ་ཆོས༔ ཤཱཀ་ཐུབ་ཉེ་གནས་ཨཱ་ནནྟ་ཞེས་དང༔ རྒྱལ་པོ་ཛཿདང་ཤཱནྟིཾ་གརྦྷ་དང༔ བོད་འདིར་སམ་བྷོ་ཊ་སོགས་དག་པ་ཡི༔ སྐྱེ་བ་དེ་ཙམ་སྣང་གི་མ་དག་པའི༔ སྐྱེ་ཚུལ་བརྗོད་དུ་ཡོད་པའི་གནས་མ་ཡིན༔དེ་ལྟར་དག་པའི་སྐྱེ་བ་དེ་དག་གིས༔ འགྲོ་ལ་སྙིང་རྗེ་ཆེན་པོའི་ཐུགས་བསྐྱེད་པའང༔ བཻ་རོ་ཁྱོད་དུ་སྐྱེ་བ་བླངས་པ་ཡིན༔ ཁྱོད་ཀྱང་ཤྲཱི་སེངྷ་ཡེ་ཤེས་མདོ༔ པདྨ་བདག་སོགས་གཙུག་གི་བླ་མར་བསྟེན༔ གདམས་པའི་གནད་རྣམས་ཕུ་ཐག་བཅད་བྱས་ནས༔ ཆོས་སྐུའི་རང་ཞལ་མངོན་སུམ་རྟོགས་གྱུར་པས༔ ལས་འཕྲོ་མ་དག་སྐྱེ་བ་ལེན་མི་སྲིད༔ འོན་ཀྱང་སེམས་བསྐྱེད་སྨོན་ལམ་བཟང་པོ་ཡིས༔ མཚམས་སྦྱོར་མཐའ་ཡས་འགྲོ་བའི་དཔལ་ཉིད་དུ༔ དབང་ཕྱུག་འབར་དང་ར་ཤག་རྡོ་རྗེ་གླིང༔ ཀུན་སྐྱོང་གླིང་དང་མདོ་སྔགས་གླིང་པ་སོགས༔ པདྨ་བདག་གི་ཟབ་གཏེར་བདག་པོ་དང༔ གཞན་ཡང་ཐེག་པ་ཆེ་ཆུང་སྣ་ཚོགས་ལ༔ དེ་དང་མཐུན་པའི་ངོ་མཚར་སྐྱེ་བའི་གྲངས༔ བཅུ་ཕྲག་གཅིག་དང་གསུམ་ཙམ་འདས་པའི་མཐར༔ ཞེས་གསུངས་པ་ལྟར། གསང་བའི་བདག་པོ་རྡོ་རྗེ་ཆོས་ཉིད་སྙིགས་མ་ལྔ་བདོ་བའི་དུས་འདིར་ངེས་གསང་སྙིང་པོའི་བསྟན་པ་སྤེལ་སླད་འཇིག་རྟེན་དུ་བྱོན་པ་ཡིན་ཏེ། ཡབ་འོད་གསལ་ལྷའི་གདུང་ལས་ཆད་པའི་མྱོས་སྟོན་གསང་བདག་ཆེན་པོ་ཕྲིན་ལས་ལྷུན་གྲུབ་དང༌།ཡུམ་ཤེལ་དཀར་རྡོ་རྗེ་མཚོའི་རྣམ་འཕྲུལ་རྗེ་རིགས་བཟའ་ལྷ་འཛིན་དབྱངས་ཅན་སྒྲོལ་མའི་སྲས་སུ་མེ་ཁྱི་དབོ་ཟླའི་ཚེས་བཅུར་ངོ་མཚར་བའི་ལྟས་དང་བཅས་གྲྭ་དར་རྒྱས་ཆོས་གླིང་དུ་སྐུ་འཁྲུངས། དེ་དུས་ཀྱི་ཡུལ་དང་བྱ་སྤྱོད་ཀྱི་རྣམ་པ་དང༌། དེ་ནས་བཟུང་ལོ་གསུམ་གྱི་བར་ཛོ་ཀི་སྔོ་སངས་ཐོར་ཚུགས་ཅན་ཞིག་དང༌། བུད་མེད་མཛེས་མ་གཉིས་ཀྱིས་རྒྱུན་དུ་སྲི་ཞུ་བྱས་པའི་དངོས་སྣང་རྣམས་ཕྱིས་ཀྱང་ཐུགས་ལ་གསལ་བའི་དྲན་ཤེས་ཁྱད་པར་ཅན་མངའ། པང་དུ་འཚོ་བ་དང༌། གཞོན་ནུའི་རོལ་རྩེད་ཀྱི་སྐབས་སུའང་རྒྱལ་བའི་རིགས་སད་པའི་ངང་ཚུལ་དགེ་བས་བློ་ལྡན་རྣམས་དད་པར་མཛད། དགུང་ལོ་བཞི་པའི་ཐོག་ཡབ་རྗེ་ལས་བཀའ་བརྒྱད་གསང་རྫོགས་ཀྱི་དབང་གསན་པས་སྣང་སྤྱོད་ཐམས་ཅད་ལ་དཀྱིལ་འཁོར་གྱི་འཁོར་ལོས་རྒྱས་ཐེབས་ཏེ་གཙོ་བོ་དང་བླ་མ་དབྱེར་མེད་དུ་གཟིགས་ཤིང་དབང་བཞིའི་ས་བོན་ཐུགས་རྒྱུད་ལ་ཐེབས་པ་ཉིད། བཅུ་པར་བདེ་འདུས་ཀྱི་དབང་གསན་དུས་འོད་གསལ་གྱི་སྣང་བར་ཨོ་རྒྱན་ཆེན་པོས་དབང་བསྐུར་ཅིང་བྱིན་གྱིས་བརླབས་པའི་མཐུས་ནུས་པ་འཕེལ་ཏེ་བུམ་དབང་གི་ཉམས་མྱོང་ཡུལ་སྣང་སྒྱུ་མ་ལྟ་བུར་གཏན་ལ་ཕེབས། དེ་ནས་བརྩམས་ཏེ་ཡབ་རྗེའི་སྐུ་ཚབ་མཛད་ནས་ཕྲིན་ལས་བསྐྱངས། བཅུ་གཅིག་པའི་ཐོག་ཕྱག་ན་པདྨ་ལྔ་པར་གཙུག་ཕུད་ཕུལ། མཚན་ངག་དབང་པདྨ་བསྟན་འཛིན་དུ་བསྩལ། སྐྱིད་གྲོང་གི་རང་བྱུང་འཕགས་པ་ཐོག་མར་ཕེབས་པ་དང་དུས་འགྲིགས་པས་རྟེན་འབྲེལ་བཟང་ཞེས་དགྱེས་པས་དབུགས་དབྱུང་མཛད། དེ་དུས་འཕགས་པའི་ཞལ་ཞི་འཛུམ་ཆགས་ཉམས་གསལ་བའི་ཐུགས་ཀ་ནས་འོད་ཟེར་བྱུང་བ་ཉིད་ཀྱི་སྐུ་ལ་ཐིམ་པ་དང༌། བཅུ་བདུན་པ་ལ་བསམ་ཡས་སུ་རྗེ་རྒྱལ་བའི་དབང་པོ་མཇལ་བའི་ཚེ་སྤྱན་རས་གཟིགས་ཀྱི་རྣམ་པར་གཟིགས། རིམ་པར་ཀུན་མཁྱེན་རྒྱལ་དབང་ལྔ་པ་རིན་པོ་ཆེ་དང་ཡབ་རྗེ་གཉིས་ནི། སྐུ་དངོས་ཀྱི་རྗེས་སུ་བཟུང་བའི་བཀའ་དྲིན་ཕུལ་དུ་བྱུང་བར་མ་ཟད། ཕྱིས་ཡེ་ཤེས་ཀྱི་སྐུས་ཀྱང་བྱིན་གྱིས་བརླབས་པའི་གནད་ཀྱིས་བཀའ་དྲིན་མཚུངས་པ་མེད་པའི་རྩ་བའི་བླ་མ་རྣམ་གཉིས་དང༌། གཞན་ཡང་སྨིན་གྲོལ་ཟབ་མོ་གསན་པའི་བསྟན་འཛིན་ཆེན་པོ་བཅུ་དྲུག ཟབ་ཆོས་སྣ་ཚོགས་གསན་པའི་ཡོངས་འཛིན་སུམ་ཅུ་རྩ་ལྔ་རྣམས་བསྟེན་ཏེ། སྡེ་སྣོད་གསུམ། རྒྱུད་སྡེ་བཞི། ཐ་སྙད་རིག་གནས་དང་བཅས་པ་སྤྱི་དང༌། ཁྱད་པར་མདོ་སྒྱུ་སེམས་གསུམ། མཉམ་སྦྱོར། ཡང་ཕུར་གཤེད་སྐོར་སོགས་སྔ་འགྱུར་བཀའ་མ་དེང་སང་རྒྱུན་ཡོད་དོ་ཅོག་དང༌། གཏེར་མ་བླ་རྫོགས་ཐུགས་གསུམ་སྒྲུབ་སྡེ་སྤྱི་བྱེ་བྲག་གི་དགོས་བཀའ་ཡོངས་གྲགས་རྣམས་ཀྱིས་གཙོས་སྔགས་གསར་རྙིང་གི་སྨིན་གྲོལ་རྒྱུན་བཞུགས་ཕལ་མོ་ཆེ་དང༌། དེ་ཐམས་ཅད་ཀྱི་རྩ་བར་གྱུར་པ་བཀའ་འགྱུར་རོ་ཅོག་གི་ལུང་སོགས་མཐའ་ཡས་པ་གསན་ཏེ་ཞིབ་པར་གསན་ཡིག་ཆེན་མོར་གསལ་བ་དང༌། དགུང་ལོ་བཅུ་གསུམ་པ་ཙམ་ནས་བཟུང༌། རྩ་རྒྱུད་གསང་བ་སྙིང་པོ། རྒྱུད་བླ་མ། སེམས་ཉིད་ངལ་གསོ། ཡིད་བཞིན་མཛོད་རྩ་འགྲེལ་རྣམས་ཐུགས་ལ་བཟུང་ནས་ཡབ་རྗེ་ལས་གསུང་བཤད་རིམ་པར་གསན་ཅིང༌། ཕྱིས་གནུབས་ཟུར་རོང་ཟོམ་རྣམས་ཀྱི་གསུང་རབ་དང༌། ས་པཎ་གྱི་སྡོམ་གསུམ་རབ་དབྱེ། བཅོམ་ལྡན་རལ་གྲིས་རྒྱུད་སྡེ་སྤྱི་རྣམས། རང་བྱུང་ཞབས་ཀྱི་ཟབ་མོ་ནང་དོན་རྣམས་ཀྱང་ཐུགས་ལ་བཙུད་ཅིང༌། ཁྱད་པར་ཀུན་མཁྱེན་ཆེན་པོའི་གསུང་རབ་རྣམས་ལ་གཟིགས་རྟོག་ནན་ཏན་མཛད་པས་བློ་གྲོས་ཀྱིས་རྣམ་པར་དཔྱོད་པའི་མཐུ་ཐོགས་པ་མེད་པ་བརྙེས་ཏེ་ཇི་སྙེད་པའི་ཆོས་ལ་སྒྲོ་འདོགས་ཆོད། དྭགས་སྟོན་ཆོས་རྒྱལ་བསྟན་འཛིན་ལས་འདུས་མདོའི་དབང་ཆོག་རིན་ཆེན་ཕྲེང་བའི་སྟེང་ནས་དཀྱིལ་འཁོར་བཞི་བཅུ་རྩ་ལྔར་ཕྱེ་བ་ལས་ཆུ་བོ་བཞི་ཡོངས་རྫོགས་གཏད་རྒྱ་མཐའ་རྟེན་ཚེ་དབང་དང་བཅས་པའི་དབང་གདམས་ངག་བཤད་ལུང་དང་བཅས་པ་དང༌། དབང་ཆོག་སྦྲང་རྩིའི་ཆུ་རྒྱུན་སྟེང་ནས་དཀྱིལ་འཁོར་ཉི་ཤུ་རྩ་གཅིག་རས་བྲིས་ལ་བརྟེན་ཏེ་དབང་ལུང་གདམས་ངག་དང་བཅས་པ་རྣམས་གསན། ཡང་རྡོར་བྲག་རིག་འཛིན་མཆོག་གི་སྤྲུལ་པའི་སྐུར་དཀྱིལ་འཁོར་ཉི་ཤུ་རྩ་བདུན་དུ་བསྡུས་པའི་རྩ་དཀྱིལ་རས་བྲིས་དང༌། དེ་ཕྱིན་ཚོམ་བུ་ལ་བརྟེན་ནས་དབང་ཆོག་རིན་ཆེན་ཕྲེང་བའི་སྟེང་དབང་གདམས་ངག་བཤད་ལུང་དང་བཅས་པ་གསན་ཅིང༌། གསང་མཚན་གཉིས་ཀས་འགྱུར་མེད་རྡོ་རྗེ་རྩལ་དུ་གསོལ། སྔོན་སྨོན་གྱི་འབྲེལ་བས་ཟབ་གཏེར་གྱི་བཀའ་བབ་ཚུལ་ཀྱང༌། དགུང་ལོ་བཅོ་བརྒྱད་པ་ཆུ་ཡོས་ཟླ་བ་ལྔ་པའི་ཚེས་བཅུ་ལ་གཡའ་མ་ལུང་ནས་རིག་འཛིན་ཐུགས་ཐིག ཉེར་གཉིས་པ་མེ་ལུག་ཁྲུམས་ཟླའི་ཚེས་བརྒྱད་ལ་རྫུ་འཕྲུལ་གྱི་བཀོད་པས་ཤེལ་བྲག་ནས་གཤིན་རྗེ་དྲེགས་འཇོམས། སོ་གཅིག་པ་མེ་འབྲུག་སྟག་ཟླའི་ཉ་ལ་ཨོ་དཀར་བྲག་ནས་གུར་དྲག་རྡོར་སེམས་ཨ་ཏིའི་སྐོར། སོ་ལྔ་པ་ལྕགས་སྤྲེལ་ཆུ་སྟོད་ཟླ་བའི་ཉེར་དགུ་ལ་ཤ་འུག་སྟག་སྒོ་ནས་ཐུགས་རྗེ་ཆེན་པོ་བདེ་གཤེགས་འདུས་པའི་སྐོར་རྣམས་མོན་བོད་ཀྱི་སྐྱེ་བོ་བརྒྱ་ཕྲག་ཙམ་ཚོགས་པའི་དབུས་སུ་ཁྲོམ་གཏེར་དུ་སྤྱན་འདྲེན་པར་མཛད། དེ་དག་གི་བར་མཚམས་སྔ་ཕྱི་ཅི་རིགས་པར་དབེན་གནས་དུ་མར་སྒྲུབ་པ་སྙིང་པོར་མཛད་ནས། གསར་རྙིང་གི་དཀྱིལ་འཁོར་ཆེན་པོ་སུམ་བཅུ་རྩ་ལྔ་ཙམ་གྱི་བསྙེན་སྒྲུབ་དང༌། བསྐྱེད་རྫོགས་རྫོགས་པ་ཆེན་པོའི་མྱུར་ལམ་ལ་གནད་དུ་བསྣུན་པས། བསྐྱེད་རིམ་ལ་བརྟན་པ་ཐོབ་སྟེ་ལས་གང་རྩོམ་ཐོགས་མེད་དུ་གྲུབ།རྫོགས་རིམ་རྩ་རླུང་ཐིག་ལེའི་འགྲོས་རྣམས་དབུ་མར་དག་པས་ཞུ་བདེའི་ཡེ་ཤེས་ཕྱོགས་བརྒྱར་འབར། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་འཁྲུངས་པས་གཟུང་འཛིན་གྱི་མཚན་མ་གྲོལ། འཁོར་འདས་ཀྱི་བདེན་འཛིན་ཞིག མཉམ་རྗེས་རིས་མེད་ཀྱི་འོད་གསལ་འཁོར་ཡུལ་ལ་དབང་འབྱོར། སྣང་སྤྱོད་ཡེ་ཤེས་ཀྱི་རོལ་པར་ཤར་བས། པད་འབྱུང༌། བི་མ། ཧཱུྃ་ཀ་ར། སངས་རྒྱས་གསང་བ། བཻ་རོ། མཚོ་རྒྱལ། ཉང་རལ། ཆོས་དབང༌།ཀུན་མཁྱེན་ཆོས་རྗེ་སོགས་རྒྱ་བོད་ཀྱི་པཎ་གྲུབ་དུ་མའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ཞིང༌།རང་གཏེར་གྱིས་མཚོན་པའི་བཀའ་གཏེར་དུ་མའི་དབང་བསྐུར་ཅིང་ཟབ་ལམ་གྱི་གདམས་པའི་གནད་རྣམས་ལྷུག་པར་བཀྲལ་ནས་སྟོན་པ་དང༌། རྡོ་རྗེ་གཞོན་ནུ། རྡོར་སེམས། ཡང་དགཐུགས་རྗེ་ཆེན་པོ། ཞི་ཁྲོ། རྣལ་འབྱོར་མ་སོགས་ཡི་དམ་གྱི་ལྷ་དུ་མས་ཞལ་བསྟན་ཅིང་དབང་བསྐུར། བྱིན་གྱིས་བརླབས་པ་དང༌། བདེ་བ་ཅན་དང་རྔ་ཡབ་དཔལ་རི་སོགས་དག་པའི་ཞིང་ཁམས་མང་པོར་བགྲོད་པས་ཞིང་ཡོངས་སུ་འབྱོངས་པའི་ཏིང་ངེ་འཛིན་ལ་དབང་འབྱོར་བ་དང༌། མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་ལས་ཐོགས་མེད་དུ་སྒྲུབ་ཅིང་ལུང་སྟོན་པ་སོགས་ངོ་མཚར་བའི་གཟིགས་སྣང་མཐའ་ཡས། ཆགས་ཐོགས་མེད་པའི་མངོན་ཤེས་མངའ་བས་དུས་ཀྱི་འགྱུར་ལྡོག་སོགས་ལུང་བསྟན་པ་རྣམས་ཀྱང་ཕྱིས་ཐོག་ཏུ་མ་ཁེལ་བ་གཅིག་ཀྱང་མ་བྱུང༌། གཙོ་བོར་དགུང་གྲངས་སོ་གཅིག་པ་ཡན་ཆོད་དུ་བུམ་དབང་གི་ཉམས་མྱོང་ཡུལ་སྣང་སྒྱུ་མ་ལྟ་བུ་གཏན་ལ་ཕེབས་པས། ཤས་ཆེར་སྐུ་ཡི་འགྲོ་དོན་སྐྱོང་བའི་དུས་ཡིན་པའི་ཕྱིར། ཡུལ་ཐ་དད་པ་དུ་མར་བྱོན་ནས་གདུལ་བྱ་བསམ་མི་ཁྱབ་པའི་རྒྱུད་ལ་ཐར་གྲོལ་གྱི་ས་བོན་བཞག སོ་གཉིས་པ་མེ་སྦྲུལ་དབོ་ཟླ་ནས་བཟུང་གསང་དབང་གི་ཉམས་མྱོང་རང་རིག་གསལ་སྟོང་དུ་ཤར་ཏེ་གཟུང་འཛིན་དབྱིངས་སུ་གྲོལ་བས། གསུང་གི་འགྲོ་དོན་ལ་གཙོ་བོར་སྤྱོད་པའི་དུས་ཡིན་པའི་ཕྱིར། ཟབ་པ་དང་རྒྱ་ཆེ་བའི་ཆོས་འཁོར་བར་མེད་དུ་བསྐོར་བར་མཛད། སོ་བརྒྱད་བཞེས་པའི་ཆུ་ཕག་ཁྲུམས་ཟླ་ནས་ཕོ་ཉའི་ལམ་གྱིས་ཞུ་བདེའི་དཔེས་མཚོན་པའི་དོན་གྱི་ཡེ་ཤེས་རིག་སྟོང་བདེ་བ་ཆེན་པོ་ལྷན་སྐྱེས་མི་འགྱུར་བའི་དགའ་བཞི་ཐུགས་རྒྱུད་ལ་འཁྲུངས་པའི་ཉམས་མྱོང་རིམ་གྱིས་འཕེལ་བས་ཐུགས་ཀྱི་འགྲོ་དོན་ཤས་ཆེར་སྤྱོད་པའི་དུས་ཡིན་པའི་ཕྱིར། དེ་ཕྱིན་ཆད་སྤྱིར་ཆོས་བཀའ་རིས་མེད་དུ་གསུང་བ་ཡིན་ནའང༌།ཁྱད་པར་ཟབ་ཁྲིད་ཀྱི་གདམས་པ་ཉིད་རྒྱུད་ཐོག་ཏུ་ཅི་སྨིན་འདེབས་པར་མཛད་པས་སྐལ་ལྡན་རྣམས་རང་བྱུང་གི་ཡེ་ཤེས་རང་ཞལ་བལྟ་བ་ལ་བཙན་ཐབས་སུ་བཀྲི་བའི་མཛད་པ་ཁོ་ན་གཙོ་བོར་བདག་གིར་བཞེས་པ་དང༌། དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་རོ་མཉམ་པའི་བདག་ཉིད་དུ་གྱུར་པས་ཕྲིན་ལས་ཀྱི་འགྲོ་དོན་མཉམ་ཡངས་ཁྱབ་གདལ་དུ་སྤྱོད་པའི་དུས་ཡིན་པའི་ཕྱིར། མཛད་སྤྱོད་ཐམས་ཅད་རང་དོན་ཡིད་བྱེད་ཀྱི་འཁྲི་བ་ལས་རྣམ་པར་གྲོལ་ནས། བསྟན་འགྲོའི་ཕན་བདེ་འབའ་ཞིག་ཐུགས་སུ་བཅགས་པའི་སྙིང་སྟོབས་ཆེན་པོས་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་རྣམ་པར་དཀར་བས་དུས་འདའ་བར་མཛད་དེ། ཞིབ་པར་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་རྟོགས་བརྗོད་ཆེན་པོ་རྣམས་ལས་ཤེས་པར་བྱ་ལ།གཙོ་བོར་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། རྒྱུད་ལུང་མན་ངག་མཐའ་དག་གི་དགོངས་ཟབ་གཅིག་ཏུ་དྲིལ་ཏེ། འཐོར་བ་བསྡུས། གཅུས་པ་བསྲངས། གབ་པ་མངོན་དུ་ཕྱུང་ནས་རྗེས་འཇུག་སྐལ་ལྡན་རྣམས་འཇུག་པའི་ལམ་སྲོལ་བླ་ན་མེད་པ། སྔ་འགྱུར་བཀའ་གཏེར་གྱི་སྒྲུབ་དཀྱིལ་དབང་ཆོག་ཁྲིད་ཡིག་གཙོ་བོར་གྱུར་པའི་བཀའ་རྩོམ་ཡང་ཆེས་མང་པར་མཛད་དེ་ཞིབ་པར་རྒྱལ་སྲས་པད་འགྱུར་གྱིས་མཛད་པའི་དཀར་ཆག་ཏུ་གསལ་བ་ལྟར་དང༌། ཟབ་གཏེར་ལུང་བྱང་ལས། ཁྱད་པར་གཡུ་རུ་གཙང་མའི་སར༔ ཚོམ་བུ་གཅིག་ཏུ་འདུས་པའི་སྡེ༔ མ་འོངས་བསྟན་པ་ཆེས་འཕེལ་ནས༔ བོད་ཀྱི་བདེ་སྐྱིད་དགུང་དུ་འདེགས༔ཞེས་ལུང་བསྟན་པ་ལྟར། གོང་ཞབས་ཡས་ཕྱིན་སོགས་ཀྱིས་བླ་ནས་སྩལ་པ་དང༌། དད་ལྡན་རྣམས་ཀྱིས་ཕུལ་བའི་དངོས་པོ་དོན་ཡོད་པར་བྱ་བའི་ཕྱིར་སྡོམ་པ་གསུམ་གྱིས་རྒྱུད་བསྡམས་ཤིང་བཤད་སྒྲུབ་ཀྱི་བྱ་བས་དུས་འདའ་བའི་འདུས་སྡེ་ཨོ་རྒྱན་སྨིན་གྲོལ་གླིང་པ་དགེ་འདུན་སུམ་བརྒྱར་ཉེ་བ་ཙམ་གསར་དུ་བསྡུ་བར་མཛད་པ་ལ་རུང་བའི་རྙེད་{སྙེད}བཀུར་ཀྱིས་མི་བྲེལ་བར་རྒྱུན་ཆགས་པ་དང༌། དེ་དག་གི་གནས་མལ་དང་རྟེན་གསུམ་མཆོད་ཆས་དུས་བཞིའི་སྒྲུབ་མཆོད་ཀྱི་ཡོ་བྱད་དང་རྙེད་པ། གཞན་ཡང་བྲིས་འབུར་གྱི་སྐུ་བརྙན་མང་པོ་དང༌། གསེར་དངུལ་གྱི་བཀའ་འགྱུར་གྱིས་མཚོན་པའི་གླེགས་བམ་ལྔ་བརྒྱ་བརྒལ་བ་དང༌། སྔ་འགྱུར་གྱི་འགྲེལ་བཤད་ཆོག་ཕྲིན་ལ་སོགས་པའི་སྤར་མང་པོ་དང༌། སྐུ་འབུམ་མཐོང་གྲོལ་ཆེན་མོས་ཐོགས་དྲངས་པའི་ཐུགས་རྟེན་དུ་མ་བཞེངས་པས་མཚོན་བསྟན་འགྲོའི་ཕན་བདེ་རྒྱས་པའི་མཛད་པ་རླབས་པོ་ཆེ་ཁོ་ན་ལ་རྟག་པར་བརྩོན་པས། ངེས་གསང་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་ཕྱོགས་མཐའ་དག་ཏུ་ནུབ་པ་མེད་པའི་རྒྱལ་མཚན་ཡུན་དུ་བརྟན་པར་མཛད་ནས། མཐར་དགུང་གྲངས་རེ་དགུ་པ་ཤིང་རྟ་ཧོར་ཟླ་དང་པོ་ནས་ཅུང་ཟད་བསྙུན་པའི་ཚུལ་བསྟན་ནས་ཁྱད་པར་ཚེས་ཉེར་ལྔ་ནས་ཁུ་དབོན་རྣམས་ལ་ཞལ་གདམས་ཕྱི་མཐའི་བསླབ་བྱ་སྩལ།དེ་ནས་བཟུང་རྒྱུན་ཆགས་པར་ནུབ་ཕྱོགས་ཀྱི་ངོས་ནས་རྒྱ་གླིང་ལྟ་བུའི་སྒྲ་སྙན་པ་དང༌། ག་བུར་ལྟ་བུའི་དྲི་ངད་ཀྱིས་གཟིམས་སྤྱིལ་ཕྱི་ནང་ཀུན་ཏུ་ཁྱབ་པའང་བྱུང༌། ཤར་ཕྱོགས་སུ་གོམ་པ་བདུན་འགྲོ་དགོས་ཡོད་གསུངས་ནས་བཞེངས་ཏེ་ཞབས་གོམ་བདུན་སྤོས་མཐར་སྐྱིལ་ཀྲུང་གིས་བཞུགས་ཏེ། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་ངང༌། །


ཞེས་སོགས་འདའ་ཁ་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་ནས། ཟླ་བ་ཕྱི་མའི་ཚེས་གཉིས་ཀྱི་ཉི་དྲོས་ལ་ད་སྟེ་མཁའ་འགྲོའི་བསུ་བ་ཡང་བྱུང་ངོ་གསུངས་ཏེ། ཕྱག་ཌ་དྲིལ་འཁྲོལ་བའི་བརྡ་སྤྱན་ལྟ་སྟངས་དང་བཅས་ཏེ་སྐད་ཅིག་ལ་མཁའ་སྤྱོད་དུ་གཤེགས་སོ། །


དེའི་ཚེ་འཇའ་འོད་ཀྱི་གུར་དང་མེ་ཏོག་གི་ཆར་དང་ས་གཡོ་བ་སོགས་ངོ་མཚར་བའི་ལྟས་དུ་མ་དང༌། ཁྱད་པར་གདུང་ཞུགས་ལ་ཕུལ་སྐབས་ཞུགས་དང་དབུ་ཐོད་མེས་མ་སྨས་པར་ཕེབས་ཤིང༌། རིང་བསྲེལ་གྱི་ཚོགས་དང་ཞུན་ཐིགས་ལ་རྣམ་རོལ་མཐའ་ཡས་མགོན་གྱི་སྐུ་བརྙེན་བྱོན་གཙང་གཟི་བྱིན་ལྡན་པ་ཕེབས་ཏེ།གཏེར་ལུང་ལས། འདས་དུས་གདུང་དང་རིང་བསྲེལ་འབྱུང༔ སུས་མྱོང་མཁའ་སྤྱོད་བཙན་ས་ཟིན༔ ཅེས་པའི་མངོན་རྟགས་ཀྱང་གསལ་བར་མཛད་དོ། །


ཐུགས་ཀྱི་སྲས་དང་གསུང་གི་སྲས་ཀྱིས་མཚོན་པའི་བུ་སློབ་གཏེར་ལུང་ནས་བཤད་པ་ནི། དམ་ལྡན་ཆོས་བདག་སློབ་བུ་ནི༔ ད་ལྟའི་མངའ་བདག་ཡབ་སྲས་སོགས༔ ས་ཐོབ་རྗེ་འབངས་སྐྱེ་བའི་མཐའ༔ འགྲོ་དོན་ནུས་པ་སུམ་ཅུ་ལྔ༔ རང་དོན་ཐུབ་པ་བརྒྱ་རྩ་བརྒྱད༔ ཆོས་ཀྱིས་འབྲེལ་བ་སྟོང་ཚོ་གཉིས༔སྨོན་ལམ་འབྲེལ་བ་ཁྲི་ཕྲག་ལྔ༔ ལས་ཀྱིས་འབྲེལ་བ་དྲུག་ཅུ་བདུནཿ གདུགས་ཐོགས་བདུན་གྱིས་ཞབས་ནས་འདེགས༔ མི་ཆེན་གསུམ་གྱིས་མངའ་ཐང་སྤེལ༔ ཞེས་གསུངས་པ་ལྟར། འདིར་གཙོ་བོ་རགས་རིམ་སྨོས་ན་སྲས་བརྒྱུད་དང༌། སློབ་བརྒྱུད་གཉིས་ཀྱི། དང་པོ་སྲས་བརྒྱུད་དམ་ཁྲི་བརྒྱུད་ནི། གདུང་སྲས་པདྨ་འགྱུར་མེད་རྒྱ་མཚོ། གཅུང་ཡིད་བཞིན་ལེགས་སྒྲུབ། གཅུང་རིན་ཆེན་རྣམ་རྒྱལ། རྗེ་བཙུན་མ་མི་འགྱུར་དཔལ་གྱི་སྒྲོན་མ་སྟེ། འདི་རྣམས་ཆུང་ངུ་ནས་རྗེས་སུ་བཟུང་ཞིང༌། དབང་ལུང་ཁྲིད་མན་ངག་རྒྱུད་བཤད་ལག་ལེན་རིག་གནས་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་རྫོགས་པར་གནང་ནས་ཆོས་ཀྱི་རྒྱལ་སྲིད་ལ་དབང་བསྐུར་ཏེ་རྒྱལ་ཚབ་ཏུ་མངའ་གསོལ་བ་ལས། རིགས་སྲས་རྒན་པ་པདྨ་འགྱུར་མེད་རྒྱ་མཚོ་ནི། རྟ་མགྲིན་གྱི་སྤྲུལ་པ་རྡོ་རྗེའི་མིང་ཅན་དུ་ལུང་གིས་ཟིན་ཅིང་མེ་ཕོ་སྟག་ལ་འཁྲུངས།མཚན་ཤེས་རབ་རྣམ་རྒྱལ་རྡོ་རྗེ་འབུམ་དུ་གསོལ། ཆུང་ངུ་ནས་ཡབ་རྗེ་དམ་པ་དང༌། ལོ་ཆེན་རིན་པོ་ཆེ་སྐུ་མཆེད་ཀྱི་དྲུང་དུ་ཆོས་རྣམས་བུམ་པ་གང་འབྱོར་གསན། དགུང་ལོ་ཉི་ཤུ་པ་ལ་བསྙེན་པར་རྫོགས། ཆོས་རྗེ་གཞན་ཕན་དབང་པོའི་དྲུང་དུ་འདུལ་མཛོད་དབུ་ཕར་སོགས་རིགས་ལམ་ནས་དྲངས་པའི་ལུང་རིགས་ཀྱི་བཤད་པ་མཐའ་ཆོད་གསན། བླ་མ་དམ་པ་རྣམ་གཉིས་ཀྱི་གསན་པ་གང་ཡོད་ཀྱི་སྟེང་དུ་གོང་དཀར་ཆོས་སྡེ་ནས་སློབ་དཔོན་དབང་ཕྱུག་པ་སྤྱན་དྲངས་ནས་རྡོ་རྗེ་ཕྲེང་བ་སོགས་གསར་མའི་ཆོས་རྒྱུན་ཡོད་དོ་ཅོག་ཀྱང་གསན། བསྟན་བཅོས་ཀྱང་སྙན་ངག་གི་ཊཱི་ཀ ཕར་ཕྱིན་གྱི་འབྲུ་འགྲེལ་དང༌། སྤྱི་དོན་ཆེན་མོ། གསང་སྙིང་སྤྱི་དོན། སྡོམ་གསུམ་ཟུར་འདེབས། འདའ་དཀའ་སྨོན་ལམ་གྱི་འགྲེལ་པ། བདེ་ཀུན་དབང་གི་རྣམ་བཤད། ཚེ་བདག་གི་ལས་སྦྱོར་ལ་གཅེས་པའི་མན་ངག་སྒྲོན་མ་བདུན་པ། གཞན་ཡང་དབང་དང་སྒྲུབ་ཕྲིན་ཁྲིད་ཡིག་ལས་ཁ་ཚར་དང་བཅས་པའི་བསྟན་བཅོས་མང་དུ་མཛད།ཡབ་ཀྱི་ཞལ་ཆེམས་སུའང་ཆོས་ཀྱི་ཆ་ནས་ཕ་བས་བུ་ལྷག་ཅེས་དབུགས་དབྱུང་སྩལ། རྗེ་འདིས་སྔགས་སྤྱོད་ཀྱི་རྟེན་འབྲེལ་བཞེས་ན་གངས་ལྗོངས་མཐའ་དམག་གི་འཇིགས་པ་མི་འབྱུང་ཞིང༌། སྙིང་པོའི་བསྟན་པ་ཡུན་དུ་གནས་ཤིང་བར་ཆད་ཀྱི་གཡུལ་ལས་རྒྱལ་བའི་ལུང་བསྟན་ཡོད་ནའང༌། བསྟན་འགྲོའི་བསོད་ནམས་ཀྱི་སྐལ་བས་མ་ཆུན་ནས་ཚངས་པར་སྤྱོད་པས་རྟེན་འབྲེལ་གཞན་དབང་དུ་གྱུར་ཏེ། མཐར་དགུང་ལོ་སོ་གསུམ་པ་ས་ཁྱི་ཧོར་ཟླ་དང་པོའི་ཉེར་དྲུག་ལ་ལོག་སྨོན་ཅན་རྣམས་ལ་ལུས་སྲོག་ལྟོས་མེད་དུ་བཏང་ནས་ཡ་ང་བག་ཚ་མེད་པའི་ལྟ་གདེང་གིས་གཤེགས། དེའི་ཚེ་བསམ་ཡས་ཨཱརྱ་པ་ལོའི་གླིང་གི་རྟ་མགྲིན་གྱི་སྐུའི་དབུ་གཙུག་ནས་རྟ་ཞལ་འཚེར་སྒྲ་དང་བཅས་ཀུན་གྱིས་ཐོས་པར་ས་ལ་ལྷུང་བའི་ལྟས་ཀྱང་བྱུང་བར་གྲགས་སོ། ། གཅུང་ཡིད་བཞིན་ལེགས་སྒྲུབ་ཀྱང་མཁས་པའི་ཕུལ་དུ་ཕྱིན་ཅིང༌། སྟག་བླ་སྐུ་མཆེད་ལ་རྙིང་རྒྱུད་ཀྱི་བཀླག་ལུང་སྤེལ་བས་མཚོན་བསྟན་ལ་ཕྱག་རྗེས་ཆེ་ཡང་སྐུ་ཆུང་ངུ་ནས་ལོག་སྨོན་ཅན་རྣམས་ཀྱི་དབང་དུ་སྐུ་ཚེའི་འདུ་བྱེད་བཏང༌། རྗེ་བཙུན་མ་མི་འགྱུར་དཔལ་གྱི་སྒྲོན་མ་ནི། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས་མཁའ་འགྲོ་དཔལ་འཛིན་ཞེས་ལུང་གིས་ཟིན། སྐུ་ཆུང་ངུ་ནས་མཁྱེན་རྟོགས་འགྲན་ཟླ་དང་བྲལ། རྗེ་གཏེར་ཆེན་བླ་མས་ཀྱང་རང་རེའི་ཆོས་བརྒྱུད་འདི་བུ་ཡིས་མ་ཟིན་བུ་མོས་ཟིན་པར་འདུག་ཅེས་བསྔགས་པ་མཛད། དུས་ཀྱི་འགྱུར་བའང་སྔར་ནས་འབྱུང་བར་མཁྱེན་བཞིན་འབྲས་ལྗོངས་ཕྱོགས་སུ་ཕེབས་པས་བར་ཆད་ཀྱིས་མ་ཚུགས། ཕྱོགས་དེའི་བུ་སློབ་རྣམས་ཀྱི་དོན་རྒྱ་ཆེན་པོ་མཛད་ནས་མི་རིང་བར་གདན་སར་ཚུར་ཕེབས། སྔོན་ཡེ་ཤེས་མཚོ་རྒྱལ་དང་སྣང་གསལ་འོད་དེ་འབུམ་སོགས་སུ་འཁྲུངས་དུས་ཀྱི་གནས་ཚུལ་རྣམས་ཀྱང་གསལ་བར་ཐུགས་ལ་ཤར། མངོན་ཤེས་སྒྲིབ་མེད་དུ་གསལ་བས་མི་དབང་ཕོ་ལྷ་བ་སོགས་ཆེ་དགུ་ཀུན་གྱིས་ཞབས་ལ་བཏུད། མཁའ་སྤྱོད་བདེ་ཆེན་གླིང་དུ་སྒྲུབ་པ་གཙོ་བོར་མཛད་ཅིང༌། སྐལ་ལྡན་རྣམས་ལ་ཡང་གསང་རྫོགས་པ་ཆེན་པོ་གཙོ་བོར་གྱུར་པའི་ཆོས་ཀྱི་འཁོར་ལོ་རྒྱུན་ཆགས་སུ་བསྐོར་བས་བསྟན་རྒྱུན་ལ་བཀའ་དྲིན་ཤིན་ཏུ་ཆེ། སྙིང་ཐིག་མ་བུའི་ཁྲིད་ཡིག་སོགས་ཟབ་ཁྲིད་གཙོ་བོར་གྱུར་པའི་གསུང་རྩོམ་ཡང་ཤིན་ཏུ་མང༌། ཁྱུང་རས་འོད་གསལ་ཀློང་ཡངས་སོགས་སྙིང་པོའི་བསྟན་པ་ཟིན་ངེས་ཀྱི་སློབ་ཚོགས་ཀྱང་བཟང་ལ་མང་བར་བྱུང་ངོ༌། ། རིགས་སྲས་གཞོན་པ་འགྱུར་མེད་རིན་ཆེན་རྣམ་རྒྱལ་ནི། རྗེ་གཏེར་ཆེན་བླ་མས་ཕྱི་མཐར་གཟིགས་པས་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ་བ་ལྟར། སྡིག་ཅན་དེ་རྣམས་ཀྱིས་བརྫི་བར་མ་ནུས་ཏེ་ཁམས་ཕྱོགས་སུ་གསང་སྟབས་ཀྱིས་བྱོན་ནས་རེ་ཞིག་བཞུགས། ཕྱིས་གདན་སར་ཕེབས་ཏེ། རྒྱལ་མཆོག་སྐལ་བཟང་རྒྱ་མཚོས་རྗེ་གཏེར་ཆེན་བླ་མའི་ཆོས་ཁྲིར་མངའ་གསོལ། ཁྱད་པར་སྟོབས་ཀྱི་འཁོར་ལོས་སྒྱུར་བ་མི་དབང་ཕོ་ལྷ་བ་ཆེན་པོས་ཏི་ཤྲཱིར་བཀུར་ཏེ་ལུགས་གཉིས་ཀྱི་ཕྲིན་ལས་རྒྱས། གཙུག་ལག་ཁང་སོགས་ཉམས་པ་སྔར་རྒྱུན་ལྟར་གསོས། འདུས་ཚོགས་སྔར་ཡོད་རྣམས་ལ་བར་སྐབས་ཁྲིམས་གཙང་མི་གཙང་གི་དག་ཐེར་དང་གསར་བཞུགས་བརྒྱ་སྐོར་ཙམ་བསླབ་པ་གསུམ་གྱི་གནས་ལ་བཀོད་ཅིང་ཁྱད་པར་གསང་བ་སྙིང་པོའི་རྒྱུད་བཤད་ཆད་དུ་ཉེ་བ་འཆད་ཉན་གྱིས་རྒྱ་ཆེར་སྤེལ་བ་སོགས་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་ཡབ་མེས་ཀྱི་ཕྲིན་ལས་ཉམས་པ་ཐམས་ཅད་སོར་ཆུད་པར་མཛད་ནས་དགུང་གྲངས་རེ་ལྔ་པ་ལ་གཤེགས། དེ་ཉིད་ཀྱི་སྲས་ཁྲི་ཆེན་པདྨ་བསྟན་འཛིན་ཡང་ཆུང་ངུ་ནས་སྔོན་གྱི་བག་ཆགས་སད་སྟོབས་ཀྱིས།དགུང་ལོ་ལྔའི་སྟེང་ནས་རྩ་རྒྱུད་གསང་བ་སྙིང་པོ་ཐུགས་འཛིན་གནང་སྟེ་བྱང་ཆུབ་པར་མཛད་པ་སོགས་ཕྱི་ནང་གི་ཤེས་བྱའི་ཆོས་ཚུལ་ཐོགས་མེད་དུ་མཁྱེན་ཅིང་བཤད་སྒྲུབ་ལས་གསུམ་ཀྱིས་ཕྲིན་ལས་རྒྱ་ཆེར་བསྐྱངས། དེ་ཉིད་ཀྱི་གཅུང་གཡུ་སྒྲའི་རྣམ་འཕྲུལ་མཁན་ཆེན་ཨཽ་ཌི་ཡཱ་ན་ཡང༌། འདུལ་མངོན་དབུ་ཚད་ཕར་ཕྱིན་སྡོམ་གསུམ་སྟེ་པོད་ཆེན་དྲུག་གི་སྟེང་གསང་བདག་དགོངས་རྒྱན་ཏེ་གཞུང་ཚོགས་དེ་དག་ཐུགས་འཛིན་དང་རིགས་ལམ་ལས་དྲངས་བའི་བཤད་སྦྱངས་མཐར་ཕྱིན། གཞན་མདོ་སྔགས་རིག་གནས་དང་བཅས་ཀུན་ལ་མཁྱེན་རབ་ཀྱི་པདྨོ་བཞད། འཆད་རྩོད་རྩོམ་གསུམ་གྱི་ཕྲིན་ལས་རྒྱས་ཤིང་ལྷག་པར་ཁམས་ཕྱོགས་ཀྱི་བསྟན་རྒྱུན་ལའང་བཀའ་དྲིན་དང་ཕྱག་རྗེས་ཆེའོ། ། དེ་རྗེས་རིམ་པར་པད་བསྟན་སྲས་ཁྲི་འགྱུར་མེད་ཕྲིན་ལས་རྣམ་རྒྱལ། དེ་སྲས་གཏེར་ཆེན་རྣམ་འཕྲུལ་མཁས་ཤིང་དངོས་གྲུབ་བརྙེས་པ་ཁྲི་འགྱུར་མེད་པདྨ་དབང་རྒྱལ་དང༌། ལྕམ་རྗེ་བཙུན་མ་ཕྲིན་ལས་ཆོས་སྒྲོན། པད་དབང་སྲས་ཁྲི་འགྱུར་མེད་སངས་རྒྱས་ཀུན་དགའ། ལྕམ་རྗེ་བཙུན་མ་བསྟན་འཛིན་དཔལ་སྒྲོན། ཕྱི་མ་འདི་གསུམ་ལས་རྗེ་བླ་མ་འཇམ་མགོན་རྣམ་གཉིས་ཀྱིས་ཆོས་བཀའ་རྒྱ་ཆེར་གསན་པས་བསྟན་རྒྱུན་ལ་བཀའ་དྲིན་ཆེ། སངས་རྒྱས་ཀུན་དགའི་སྲས། ཁྲི་འགྱུར་མེད་ཡིད་བཞིན་དབང་རྒྱལ་དང༌། བདེ་ཆེན་མཆོག་གྲུབ་མཆེད་ཀྱི་བར་དུ་བྱོན་པ་སྟེ། དེ་ཐམས་ཅད་ཀྱང་མཁས་ཤིང་དངོས་གྲུབ་བརྙེས་པ་ཤ་སྟག་སྟེ། བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་རྒྱལ་བསྟན་སྤྱི་དང་ཁྱད་པར་རང་ལུགས་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་ཕྲིན་ལས་འགྲན་ཟླ་དང་བྲལ་བ་འབའ་ཞིག་སྟེ། ད་ལྟ་ནི་བདེ་ཆེན་མཆོག་གྲུབ་ཀྱི་རིགས་སྲས་མོ་རྗེ་བཙུན་མ་འགྱུར་མེད་བདེ་ཆེན་ཆོས་སྒྲོན་སྐུ་མཆེད་སྐུ་འཚོ་ཞིང་གཞེས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་པ་དང༌། ཁྱད་པར་རྗེ་གཏེར་ཆེན་བླ་མས་ལུང་གིས་བསྟན་པ་ལྟར། ཁྲི་ཆེན་གསར་བཞུགས་འགྱུར་མེད་པདྨ་དབང་ཆེན་དང༌། དེ་སྲས་ཁྲི་རིན་པོ་ཆེ་འགྱུར་མེད་དོན་གྲུབ་དབང་རྒྱལ། མཁན་ཆེན་ཨོ་རྒྱན་ཐུབ་བསྟན་རྣམ་གྲོལ་སྐུ་མཆེད་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་རང་ལུགས་སྙིང་པོའི་བསྟན་པའི་གཟི་བྱིན་མ་ཉམས་པར་གོང་འཕེལ་དུ་བཞུགས་པ་ཡིན་ནོ། ། གཉིས་པ་སློབ་བརྒྱུད་ལས། རྗེ་གཏེར་ཆེན་བླ་མའི་གསུང་གི་བདུད་རྩི་བཞེས་པའི་ཞལ་སློབ་ཀྱི་གཙོ་བོ་ནི་ཁམས་གསུམ་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་རྒྱལ་མཆོག་ལྔ་པ་རིན་པོ་ཆེ་དང༌། འཇམ་དཔལ་མི་སྐྱོང་ཆེན་པོའི་རྣམ་རོལ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོད་ཡོན་ཉི་ཟླ་ཟུང་གཅིག་དང༌། སྐུ་མཆེད་ཐུན་མོང་གི་སློབ་མ་ཆེ་ལོང་ཙམ་འོག་ཏུ་གསལ་ལོ། ། གཡུ་སྒྲའི་རྣམ་འཕྲུལ་བསྟན་པའི་ཉི་མ་ཀུན་མཁྱེན་ངྷརྨ་ཤྲཱི་ནི། གཏེར་ལུང་ལས། གཡུ་སྒྲའི་རྣམ་འཕྲུལ་བློ་ལྡན་ངྷརྨའི་མིང༔ བྱང་སེམས་དད་བརྩོན་སྙིང་སྟོབས་ལྡན་པ་འབྱུང༔ ཞེས་དང༌། རྒྱལ་མོ་གཡུ་སྒྲའི་སྤྲུལ་པ་ནི༔ མེ་ཁམས་ཤྲཱི་ལས་ཀྱི་མིང༔ ཞེས་གསལ་བོར་ལུང་བསྟན་པ་ལྟར་རྗེ་གཏེར་ཆེན་བླ་མའི་གཅུང་དུ་མེ་ཕོ་རྟ་ཡི་ལོ་ལ་གྲ་དར་རྒྱས་ཆོས་གླིང་དུ་སྐུ་འཁྲུངས། ཆུང་ངུ་ནས་དད་པ་དང་སྙིང་རྗེ་ངེས་འབྱུང་སོགས་དཀར་པོའི་རིགས་ཀྱི་ནུས་པ་མཐའ་དག་སྒྲིབ་མེད་དུ་གསལ། དགུང་གྲངས་དགུ་པའི་ཐོག་ཡབ་རྗེ་ཉིད་ཡེ་ཤེས་གོང་འཕོའི་རྟགས་ངོ་མཚར་དང་བཅས་ཏེ་གཤེགས་པའི་སྐུ་གདུང་རིན་པོ་ཆེའི་མདུན་གསོལ་འདེབས་ཡང་ཡང་མཛད་པས་དག་པའི་སྣང་བ་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བའི་མཚན་མ་བརྙེས། བཅུ་གསུམ་པར་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་དྲུང་དུ་གཙུག་ཕུད་ཕུལ་བས་མཚན་བསྟན་འཛིན་འཇམ་དབྱངས་དབང་པོར་གསོལ། བཅོ་ལྔ་པར་རྗེ་ཐམས་ཅད་མཁྱེན་པ་ལྔ་པ་རིན་པོ་ཆེ་ལས་རབ་ཏུ་བྱུང་ཞིང་ཉི་ཤུ་པར་བསྙེན་པར་རྫོགས། ཕྱིས་གོང་སའི་ལུང་གིས་བསྐུལ་ནས། མཁན་ཆེན་དཀོན་མཆོག་བསྟན་འཛིན་ལས་སྨད་འདུལ་གྱི་སྡོམ་རྒྱུན་ཡང་དག་པ་བཞེས། རྗེ་གཏེར་ཆེན་བླ་མ་ལས་བཀའ་སྲོལ་གསུམ་གྱི་བྱང་སྡོམ་ཐུགས་བསྐྱེད་དང༌། སྔར་དགུང་གྲངས་བཅུ་གཉིས་པར་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རིག་འཛིན་ཐུགས་ཐིག་གི་དབང་གསན་པའི་ཚེ་བུམ་ནང་དུ་མེ་ཏོག་བྱུང་བ་མྱུ་གུ་སྡོང་པོ་སྙེ་མའི་བར་དུ་སྨིན་པ་དང༌། མེ་ཏོག་གི་ཆར་འབབ་ཅིང་སྙན་པའི་སྒྲ་ལྡིར་བ་སོགས་ངོ་མཚར་བའི་ལྟས་དང་བཅས་བརྡ་དོན་འཕྲོད་ཅིང་ཐུགས་རྒྱུད་ཡོངས་སུ་སྨིན་པས་རྗེས་སུ་ཐོབ་པའི་སོ་བྱང་གི་སྡོམ་པ་དེ་གཉིས་ཀྱང་སྔ་མའི་སྔགས་ཀྱི་ཚུལ་ཁྲིམས་ལས་ཕྱེ་བའི་དེ་དང་དེའི་སྡོམ་པའི་ངོ་བོར་སྐྱེས་པས་ཐུགས་རྒྱུད་ལེགས་པར་བསྡམས། གཞན་ཡང་རྡོར་བྲག་རིག་འཛིན་པདྨ་ཕྲིན་ལས། གུང་ཐང་པཎ་ཆེན་བཤེས་གཉེན་རྣམ་རྒྱལ། གཅེན་རྒྱལ་སྲས་བསྟན་པའི་ཉི་མ། མཁས་གྲུབ་ཆོས་སྐྱོང་རྒྱལ་མཚན། བཤེས་གཉེན་སངས་རྒྱས་ཆོས་དར། ཟླུམ་པོ་བ་དོན་གྲུབ་དབང་རྒྱལ་སོགས་ཡོངས་འཛིན་དམ་པ་བཅུ་ཕྲག་གཉིས་ལྷག་བསྟེན་ནས། སྒྲ་ཀ་ཙན་དབྱངས་གསུམ། སུམ་རྟགས་སྡེབ་སྦྱོར་སྙན་ངག རྩིས་དཀར་ནག་དབྱངས་འཆར། ལྷ་རིས་སོགས་ཐུན་མོང་གི་རིག་བྱེད་ཡན་ལག་བཅས་དང༌། དབུ་ཕར་འདུལ་མངོན།ཟབ་མོ་ནང་དོན་སོགས་ནང་རིག་པའི་བཤད་རྒྱུན་གང་བཞུགས་ཕལ་མོ་ཆེ་གསན་ནས་སྒྲོ་འདོགས་ཆོད་པར་མཛད། སེམས་ཉིད་ངལ་གསོ་དང་འདུལ་བ་ལུང་རིགས་གཏེར་མཛོད་སོགས་གཞུང་ཕལ་ཆེར་བཟུང་བ་ཙམ་གྱིས་གོ་དོན་ཐོགས་མེད་དུ་ཤར། ཁྱད་པར་རྗེ་གཏེར་ཆེན་བླ་མ་ལས་སྙིང་འགྲེལ་སྤར་ཁབ་དང་གཡུང་ཊཱིཀ་སྦྱར་བའི་གསུང་བཤད་གསན་པས་སྔོན་རོག་སྟོན་ཆེན་པོར་འཁྲུངས་པའི་བག་ཆགས་ཡོངས་སུ་སད་དེ་དངོས་སྦས་ཀྱི་དོན་ཐམས་ཅད་གཏིང་བསླེབས། ཀུན་མཁྱེན་རོང་ཀློང་གཉིས་དང་ཟུར་པ་ཡབ་སྲས་ཀྱི་གསུང་རབ་རྣམས་ལ་ཐོས་བསམ་གྱི་མཐིལ་དུ་མཛད། ལྷག་པར་རྗེ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་དྲུང་ནས།སྔ་འགྱུར་མདོ་སྒྱུ་སེམས་གསུམ་སོགས་རྒྱུད་སྡེ་དང་སྒྲུབ་སྡེའི་དབང་བཀའ་བཤད་ལུང་མན་ངག་གི་བཀའ་བཞུགས་སོ་ཅོག་དང༌། གཏེར་མའི་སྐོར་གཏེར་ཁ་གོང་འོག་གིས་གཙོས་གཏེར་སྟོན་གྲགས་ཆེ་ཕལ་མོ་ཆེའི་གཏེར་ཆོས་ཀྱི་དབང་ལུང་མན་ངག་ཇི་སྙེད་པ་དང༌། དེ་དག་གི་རྩ་བར་གྱུར་པའི་རྙིང་མ་རྒྱུད་འབུམ་གྱི་ལུང་ཡོངས་རྫོགས་ཀྱིས་མཚོན་གསར་རྙིང་རིས་མེད་པའི་གདམས་ངག་རྒྱ་མཚོ་ལྟ་བུར་གསན་ཅིང༌། དེ་དག་ལ་བསམ་བྱུང་གི་ཤེས་རབ་དྲི་མ་མེད་པས་གཏན་ལ་ཕབ་པས་ཇི་སྙེད་པའི་ཤེས་བྱའི་གནས་ལ་སྒྲོ་འདོགས་ཆོད།བསྒོམས་བྱུང་གི་ཉམས་སུ་མྱོང་བས་ཆོས་ཉིད་ཡིད་དཔྱོད་དུ་མ་ལུས་པར་ཇི་ལྟ་བའི་གནས་ལུགས་ཟབ་མོ་དོན་གྱི་ཡེ་ཤེས་མངོན་དུ་གྱུར་ཏེ་གངས་རིའི་ཁྲོད་ཙམ་ན་འགྲན་ཟླ་དང་བྲལ་བའི་མཁས་གྲུབ་ཆེན་པོར་གྱུར། བསྟན་པ་ལ་དགོངས་པའི་བསྙེན་རྫོགས་ཀྱི་གདམས་པ་གནང་བ་སོགས་ཀྱང་མཐའ་ཡས། ཁྱད་པར་དགུང་ལོ་ཞེ་བརྒྱད་ནས་བཟུང་དྲུག་ཅུ་རེ་བཞིའི་བར་དབྱར་དགུན་གཉིས་སུ་སྐལ་བ་མཆོག་དང་ལྡན་པའི་བློ་གསལ་རིག་པ་འཛིན་པའི་དགེ་འདུན་དྲུག་ཅུ་སྐོར་ལ་གསང་བ་སྙིང་པོའི་རྒྱུད་ཀྱི་ཆོས་འཁོར་ཆག་མེད་དུ་བསྐོར། སྡོམ་གསུམ་རྣམ་ངེས། ཕར་ཕྱིན། འདུལ་བ་སོགས་གཞུང་ཆེན་མང་པོར་ཡང་བཤད་པ་མཛད། སྒྱུ་འཕྲུལ་ཞི་ཁྲོའི་དབང་ཁོ་ནའང་ཚར་བརྒྱད། མདོ་དབང་ཚར་གསུམ། དོང་སྤྲུགས་ཚར་ལྔ་ལ་སོགས་པས་མཚོན་པའི་བཀའ་གཏེར་གསར་རྙིང་གི་དབང་ལུང་སྨིན་ཁྲིད་གང་གསན་ཐམས་ཅད་ལན་གྲངས་གསུམ་བཞིར་མ་འཆད་པ་མེད་པ་ལྟ་བུ་དང༌། ཁྱད་པར་དཔལ་ལྡན་ས་སྐྱའི་བདག་ཆེན་ངག་དབང་ཀུན་དགའ་བཀྲ་ཤིས་ལ་གཏེར་གསར་གྱི་དབང་ལུང་ཡོངས་རྫོགས་ཀྱིས་མཚོན་པའི་ཆོས་བཀའ་ཤིན་ཏུ་མང་བར་གནང༌། དགུང་གྲངས་ང་དགུ་པར་མདོ་ཁམས་ཆབ་མདོར་ཕེབས་ཏེ། འཕགས་པ་ལྷ་རྒྱལ་བ་རྒྱ་མཚོ། ཞི་བ་བཟང་པོ། ངག་དབང་སྤྲུལ་སྐུ་བཅས་དང༌། གཞན་ཡང་མདོ་སྨད་ཀྱི་བསྟན་འཛིན་ཕལ་མོ་ཆེ་འདུས་པར་བཀའ་གཏེར་གསར་རྙིང་རིས་མེད་པའི་ཆོས་འཁོར་བསྐོར་ཞིང༌། བྱམས་པ་གླིང་དུ་སྤྲོས་བཅས་ཚེས་བཅུའི་མཆོད་པ་རྒྱུན་འཛུགས་གནང་ནའང༌། ཕྱིས་དུས་ཀྱི་འགྱུར་ལྡོག་དང་གྲུབ་མཐའི་ཆགས་སྡང་གིས་ཕྲིན་ལས་ཀྱི་རྒྱུན་ཧ་ཅང་རིང་བར་མ་བྱུང༌། སྒྲ་སྙན་སྡེབ་སྦྱོར་སོགས་ཐ་སྙད་ཀྱི་རིག་པ་རྣམས་ཀྱང་དོན་གཉེར་སོ་སོའི་བློ་དང་འཚམ་པར་ཚར་ལྔ་དྲུག་རེ་མ་འཆད་པ་མེད་པ་སོགས་མདོར་ན་སྐུ་ཚེ་རིལ་པོར་མཁས་ཚུལ་གསུམ་གྱིས་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད། བསྟན་པ་ཡུན་རིང་གནས་པའི་ཕྱིར་མདོ་དང་སྒྱུ་འཕྲུལ་སོགས་ཀྱི་དགོངས་དོན་འགྲེལ་བའི་ཤིང་རྟ་ཆེན་པོ་སྔོན་མེད་པའི་བསྟན་བཅོས་ཀྱང༌། སྒྱུ་འཕྲུལ་རྩ་རྒྱུད་གསང་སྙིང་གི་འགྲེལ་པ་གསང་བདག་དགོངས་རྒྱན། སྤྱི་དོན་གསང་བདག་ཞལ་ལུང༌། དཀྱིལ་འཁོར་བློས་བསླངས་ཀྱི་རྣམ་གཞག་གསལ་སྒྲོན་རྩ་འགྲེལ། མདོ་དབང་རྣམ་བཤད་རྒྱུད་ལུང་མན་ངག་གི་གནད་གསལ་བྱེད་སྒྲོན་མེ། ཡན་ལག་དཀྱིལ་འཁོར་རྣམས་ཀྱི་སྒྲུབ་དཀྱིལ་དངོས་གྲུབ་འདོད་འཇོ། རྒྱུད་དང་མན་ངག་གི་ལུགས་གཅིག་ཏུ་སྒྲིལ་བའི་དབང་ཆོག་རྡོ་རྗེའི་ཐེམ་སྐས། སྒྲུབ་ཁོག་རིན་ཆེན་འོད་ཀྱི་སྣང་བ། ཟུར་འདེབས་དཔག་བསམ་སྙེ་མ། ཙཀླིའི་ཐོ་ཡིག་གསལ་བའི་མེ་ལོང༌། རྒྱུད་ལུང་ལ་བརྟེན་པའི་ལས་བཞིའི་སྦྱིན་སྲེག་འདོད་སྟེར་དབང་རྒྱལ། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཐབས་རྣམ་བཤད་དེ་ཁོ་ན་ཉིད་སྣང་བའི་འོད། སྡོམ་གསུམ་རྣམ་ངེས་ཀྱི་འགྲེལ་པ་ལེགས་བཤད་ངོ་མཚར་དཔག་བསམ་སྙེ་མ། ཕྱག་རྡོར་བདུད་སྡེ་ཕྱེར་འཐག་གི་ལས་བྱང་རྣམ་ངེས་ཚིག་ཉུང་དོན་རྒྱས། དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་ཆོག་བཀླགས་པས་འགྲུབ་པ། བཟང་སྤྱོད་སྨོན་ལམ་གྱི་འགྲེལ་པ། སྡེབ་སྦྱཽར་གྱི་འགྲེལ་པ་དོན་གསལ་མེ་ལོང༌། སྐར་རྩིས་ཉིན་བྱེད་སྣང་བ་རྩ་འགྲེལ་སྔ་རྩོམ། ཕྱི་རྩོམ་རྩ་བར་དབྲི་བསྣན་གྱི་རྩོམ་སྐྱོར་དང༌། དཀའ་འགྲེལ་གཞུང་དོན་སྙིང་པོར་ལེགས་པར་འདྲེན་པའི་རྟ་བདུན། ལག་ལེན་ལྷན་ཐབས་ངོ་མཚར་ཕྲེང་བ། སྤྱི་དོན་ལེགས་བཤད་ཡོང་འདུའི་སྙེ་མ། དབྱངས་འཆར་གྱི་མཆན་འགྲེལ་རྒྱུ་སྐར་ཕྲེང་བ། བདུད་རྩིའི་ཉིང་ཁུ། འབྱུང་རྩིས་ཟླ་བའི་འོད་ཟེར། གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཕྱིའི་རྣམ་ཐར་དད་པའི་ཤིང་རྟ་གླེགས་བམ་གཉིས། ནང་གི་རྣམ་ཐར་ཡོན་ཏན་རྒྱ་མཚོ་མཐའ་ཡས་པ་རྣམ་པར་བཀོད་པའི་རོལ་མོ། བྱ་རྒོད་མཁས་གྲུབ་དང༌། དིང་རི་བའི་རྣམ་ཐར། སོ་ཐར་སྡོམ་རྒྱུན་གྱི་རྣམ་ཐར་ཉུང་གསལ་སྒྲོན་མེ། འདུལ་བའི་ལས་ཆཽག་རིན་ཆེན་ཐེམ་སྐས། གཞི་གསུམ་གྱི་ཆོ་ག་ཐར་གླིང་དུ་བགྲོད་པའི་གྲུ་ཆེན། སྐུ་འབུམ་མཐོང་གྲོལ་ཆེན་མོའི་དཀར་ཆག་ཡིད་ཆེས་ཀྱི་ངེས་པ་སྟེར་བྱེད། ཐུགས་རྗེ་ཆེན་པོའི་བློས་བསླངས་དཀར་ཆག་ངོ་མཚར་ཡོངས་འདུའི་འཁྲི་ཤིང༌། ཆོས་འཆད་ཉན་བྱེད་ཚུལ་གྱི་ཡི་གེ་མདོར་བསྡུས། འབེལ་གཏམ་ལེ་ཚན།གཏམ་བསྔོ་དང་རབ་གནས་སྟོང་ཐུན། ཕྱིའི་ཆོས་སྤྱོད་ཐར་ལམ་རབ་གསལ། ནང་གི་ཆོས་སྤྱོད་བྱང་ཆེན་སྤྱོད་པའི་སྒྲོན་མེ། ཉང་གཏེར་ཁྲོས་ནག་གི་ལས་བྱང་མཁའ་སྤྱོད་བགྲོད་པའི་བདེ་ལམ། བཀའ་བརྒྱད་བདེ་འདུས་ཀྱི་བསྙེན་ཡིག་རིན་ཆེན་སྒྲོན་མེ། ཕུར་པ་སྤུ་གྲིའི་བསྙེན་ཡིག་རིན་ཆེན་སྙེ་མ། རཏྣའི་དྲག་དམར་གྱི་བསྙེན་ཡིག་ཉུང་གསལ་སྒྲོན་མེ། བི་མ་སྙིང་ཐིག་གི་ཁྲིད་དམིགས་བརྗེད་བྱང་བདུད་རྩིའི་ཐིགས་པ། གཅོད་ཀྱི་ཁྲིད་ཡིག་ཟབ་དོན་སྙིང་པོར་དྲིལ་བ། ཐུགས་ཆེན་རྒྱལ་པོ་ལུགས་ཀྱི་སྐུ་གསུམ་སྙིང་པོའི་དོན་ཁྲིད་ཀྱི་ཁྲིད་ཡིག ཉང་གཏེར་ཁྲོས་ནག་གི་ཁྲིད་ཡིག་ཟབ་དོན་གསལ་བ། ཐུགས་ཐིག་ཀ་དག་གི་ཁྲིད་ཡིག་དྲི་མེད་སྣང་བ། ངོ་སྤྲོད་ཀྱི་རྩ་ཐོ་དྲི་མེད་རབ་གསལ། དབང་གི་མཚམས་སྦྱོར་དྲི་མེད་འོད། ཚེ་དབང་གི་མཚམས་སྦྱོར། རྡོར་སེམས་ཀྱི་ཁྲིད་ཡིག་རབ་གསལ་སྣང་བ། ཁྱད་པར་གྱི་རྫོགས་རིམ་སྣང་བཞིའི་མན་ངག་གི་ཁྲིད་ཡིག་མངོན་སུམ་འོད་གསལ་འཁོར་ལོ། རྨི་ལམ་གྱི་ཁྲིད་ཡིག་ཉིང་འཁྲུལ་རང་གྲོལ། གཅོད་ཀྱི་ཁྲིད་ཡིག་འཁྲུལ་རྟོག་དབྱིངས་གྲོལ། ཐུགས་ཆེན་བདེ་འདུས་ཀྱི་སྤྲོས་བཅས་དབང་གི་མཚམས་སྦྱོར་སྐལ་ལྡན་ཀུན་དགའ། གནས་ལུགས་ཆོ་གའི་ངག་འདོན། བསྙེན་ཡིག་ཟུར་འདེབས། རྩ་ཁྲིད་ཀྱི་ཁྲིད་ཡིག་སྒོམ་དོན་གསལ་བའི་མེ་ལོང༌།གཏུམ་མོའི་ཁྲིད་ཡིག་ཟབ་གནད་གསལ་སྒྲོན། འཁྲུལ་འཁོར་གྱི་རྩ་ཚིག་འཆི་མེད་བཅུད་སྟེར།ཨ་ཏིའི་ལམ་རིམ་སྙིང་པོའི་མཆན་འགྲེལ། ཕག་མོ་ཟབ་རྒྱའི་འཁྲུལ་འཁོར་གྱི་རྩ་ཚིག་འགྲེལ་པ། ཞི་བྱེད་བཀའ་བབས་གསུམ་གྱི་དབང་ཆོག་དང་ཁྲིད་ཡིག་ཆ་ཚང༌། གསར་རྙིང་སྤྱི་འགྲོའི་དབང་བཤད། ཁྲག་འཐུང་ཁྲོ་བོའི་རྩ་འཆམ་གྱི་བརྗེད་བྱང་ཀུན་བཟང་རྣམ་པར་རྩེན་པའི་རོལ་པ། མཆོད་གར་གྱི་བརྗེད་བྱང་མཆོད་སྤྲིན་རྣམ་པར་སྤྲོ་བའི་རོལ་མོ་དང་གླུ་ཡིག་རབ་གསལ་སྣང་བ། གཞན་ཡང་བཀའ་བརྒྱད་ཕུར་པ་འཇོམས་བྱེད་བླ་མ་གསང་འདུས་སོགས་ཀྱི་དབྱངས་ཡིག་བྱང་བུ་སོགས་ཉེར་མཁོའི་ཟིན་བྲིས་མང་བ་བཅས། རྗེ་ཉིད་དགུང་གྲངས་དྲུག་ཅུ་པ་ཆུ་སྦྲུལ་ཡན་གྱི་རྣམ་ཐར་ཞལ་གསུང་བདེན་གཏམ་རྣ་བའི་བདུད་རྩིར་འཁོད་པ་དང༌། དེ་ཕྱིན་ལཽགས་སུ་མཛད་པ་དེར་མ་འཁོད་པ་ལའང་སྙན་ངག་གི་དཔེར་བརྗོད། གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་མཆན་འགྲེལ། ཐུགས་ཆེན་བདེ་ཀུན་གྱི་རྩ་ཁྲིད་ཀྱི་རྣམ་བཤད་རི་ཆོས་མཐར་ཐུག་ཟབ་དོན་གསལ་བའི་ཉི་མ། རྗེ་གཏེར་ཆེན་བླ་མའི་འདས་བྱུང་གི་རྣམ་ཐར་ལོ་རྒྱུས། ཡུལ་ཁྱད་པར་ཅན་ལ་བསྟོད་ཚོགས་གསོལ་འདེབས་ཀྱི་རིམ་པ་ལྷའི་རྔ་ཆེན།སྨོན་ལམ་ཀྱི་རིམ་པ་བདེན་ཚིག་རྡོ་རྗེའི་གླུ་དབྱངས། དཀར་ཆག་གི་སྐོར་ལོ་རྒྱུས་ངེས་ཤེས་མཆོག་སྟེར། ཆབ་ཤོག་སྣ་ཚོགས་ཀྱི་སྐོར། དྲིས་ལན་གྱི་སྐོར་རྨོངས་པའི་མུན་སེལ་ལེགས་བཤད་སྙིང་པོའི་ཉི་མ་སོགས་མང་དུ་བཞུགས་པར་སྣང༌། མཐར་དགུང་གྲངས་རེ་ལྔ་པ་ས་ཁྱི་ཧོར་ཟླ་དང་པོའི་ཚེས་ཉེར་བཞི་ཉིན། ལྷ་ལྡན་ཕོ་བྲང་ཆེན་པོའི་མདུན་ཐད་པདྨ་རག་གསར་ཟེར་བའི་ཐད་དུ་ལོག་སྨོན་ཅན་རྣམས་ཀྱིས་སྤྱན་དྲངས་པའི་ཚེ་སྐད་ཅིག་དེ་ཉིད་ལ་ཟབ་མོ་འཕོ་བའི་མཚམས་སྦྱོར་གྱིས་དག་པའི་ཞིང་དུ་ཐལ་ལེར་གཤེགས་པས་གཤེད་མ་རྣམས་ཀྱང་ཧ་ལས་སོ། ། སྐུ་མཆེད་ལྷན་ཅིག་པའི་གསུང་གི་བདུད་རྩི་མྱོང་བའི་སློབ་མའི་ཚོགས་ཀྱང༌། ས་སྐྱ་བདག་ཆེན། ཆབ་མདོ་འཕགས་པ་ལྷ་སྟོན་འཁོར། འབྲི་གུང་དཀོན་མཆོག་ཕྲིན་ལས་བཟང་པོ། སྟག་ལུང་བསྟན་འཛིན་སྲིད་ཞི་རྣམ་རྒྱལ། འབྲུག་ཐམས་ཅད་མཁྱེན་པ། སྒོམ་པོ་མཆོག་སྤྲུལ་དང་གདུང་རྒྱུད། མཚུར་ཕུའི་རྒྱལ་ཚབ་དང་ཏྲེ་ཧོ། ལྷོ་བྲག་གསུང་སྤྲུལ་དང་ཐུགས་སྲས། ཁྱད་པར་རྒྱལ་སྲས་སྐུ་མཆེད་ལྕམ་དྲལ་རྣམས་དང༌། འོད་མཆོག་སྤྲུལ་སྐུ། ཐང་འབྲོག་སྤྲུལ་སྐུ། བོན་ལུང་སྤྲུལ་སྐུ། ཡོན་དོ་སྤྲུལ་སྐུ། ཁམས་པ་སྤྲུལ་སྐུ། དྲེས་པ་སྤྲུལ་སྐུ། དཔལ་རི་སྤྲུལ་སྐུ། ཟངས་ལ་མཁར་སྤྲུལ་སྐུ། ད་ལའི་ཧུ་ཐོག་ཏུ་ངག་དབང་བཤད་སྒྲུབ་རྒྱ་མཚོ། རོང་པ་རྫོགས་ཆེན་པ། ཁམས་པ་རྫོགས་སྤྲུལ། ཀཿཐོག་རྒྱལ་སྲས། ཀོང་པོ་སྦ་ཁ་སྐུ་སྐྱེ། ལྷ་བཙུན་གང་ཤར་རང་གྲོལ། སྣ་པོ་གདུང་རྒྱུད། མེ་རག་བླ་མ་སོགས་དང༌། གཞན་ཡང་ཆེན་པོའི་གོ་སར་བཞུགས་པའི་སྐྱེས་ཆེན། ལུང་རིགས་སྨྲ་བའི་མཁས་པ། ཉམས་མྱོང་ལྡན་པའི་གྲུབ་ཐོབ། དཔོན་ཆེན་དཔོན་ཕྲན་སོགས་མི་ཆེན་བགྲང་གིས་མི་ལང་བས་ཞབས་ལ་གཏུགས་ཤིང་བཀའ་སྲོལ་གྱི་བརྒྱུད་པ་འཛིན་ནུས་པའི་བཤེས་གཉེན་ཁོ་ནའང་ཤིན་ཏུ་མང་ཞིང༌། དེ་དག་ལས་མཆེད་པའི་སློབ་མ་དང་ཡང་སློབ་བརྒྱུད་པར་བཅས་པས་ནི་ས་ཆེན་པོ་འདི་ཡོངས་སུ་ཁེབས་པ་ལྟ་བུར་གྱུར་ཏེ། མདོར་ན་ཀཿཐོག་པཎ་ཆེན་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱི་ཞལ་སྔ་ནས། དེང་སང་གི་དུས་སུ་སྔ་འགྱུར་བཀའ་མའི་ཕྱོགས་ལ་བཤད་སྒྲུབ་ཀྱི་སྒོ་མ་ནུབ་ཙམ་དང་ལུང་གི་མཐའ་རྟེན་པ་མ་ཆད་ཙམ་དུ་ཐོས་བསམ་བྱར་ཡོད་པ་འདི་ནི་དམ་པ་འདི་དག་གི་བཀའ་དྲིན་ལས་བྱུང་བ་ཡིན་པར་སྔ་འགྱུར་རྗེས་ཞུགས་ད་ལྟ་དང་སླད་ནས་འབྱོན་པར་འགྱུར་བ་ཐམས་ཅད་ཀྱིས་ཤེས་དགོས་ཤིང༌། སྐུ་མཆེད་འདི་དག་གི་མཛད་པའི་བསྟན་བཅོས་རྣམས་ཀྱང༌། ངོ་བོའི་སྒོ་ནས་འཕགས་ཡུལ་ནས་བསྒྱུར་པའི་སྔོན་གྱི་སློབ་དཔོན་ཆེན་པོ་རྣམས་ཀྱི་བསྟན་བཅོས་དང་ཁྱད་པར་དམིགས་སུ་མེད་པའི་ལེགས་བཤད་ཆེ་བའང་མངོན་སུམ་གྱིས་གྲུབ་ཅིང༌། རང་ལུགས་བསྟན་པ་མུན་པ་ལྟར་མི་གསལ་བའི་སྐབས་སུ་སྣང་བྱེད་སྒྲོན་མ་སྦར་བས་འཆི་ཀ་མའི་བདུད་རྩི་ལྟར་གྱུར་པའི་ཕྱིར། ཀུན་བཟང་རྡོ་རྗེ་འཆང་དང་རྡོ་རྗེ་ཆོས་སོགས་རྒྱལ་དང་རྒྱལ་བའི་གསུངས་དང་དབྱེར་མེད་པའི་རིམ་གྲོ་བསྐྱེད་པར་འོས་པའི་ཕྱིར། ཞེས་རྒྱུ་མཚན་དང་བཅས་གསང་འགྲེལ་སྐོར་རྒྱུད་འབུམ་རིན་པོ་ཆེའི་ནང་བཞུགས་སུ་གསོལ་བས་མཚོན་པར་ནུས་སོ། ། ༈ གོང་སྨོས་ཞལ་སློབ་རྣམས་ཀྱི་ནང་ནས་གྲུབ་དབང་རྫོགས་ཆེན་པའི་ཕྲིན་ལས་ཀྱི་རྒྱུན་ཁམས་ཕྱོགས་འདིར་ཆེས་དར་བར་གྱུར་ཏེ། དེའང་གྲུབ་དབང་པདྨ་རིག་འཛིན་ནི།སངས་རྒྱས་རིན་ཆེན་གཙུག་ཏོར་ཅན། འཕགས་ཡུལ་གྱི་སློབ་དཔོན་ཀུ་ཀུ་རཱ་ཛ། བི་མ་ལ།ས་ར་ཧ། བོད་ཀྱི་རླང་དཔལ་གྱི་སེངྒེ། ལང་གྲོ་དཀོན་མཆོག་འབྱུང་གནས། མངའ་བདག་ཁྲི་རལ། ངན་རྫོང་སྟོན་པ། ཁམས་པ་དབུ་སེ། གླིང་རྗེ་རས་པ། སྟག་ལུང་ཐང་པ། གྲུབ་ཐོབ་ཨོ་རྒྱན་པ། རྗེ་ཙོང་ཁ་པ་སོགས་ཀྱི་རྣམ་པར་འཕྲུལ་བ་སྟེ་ཤིང་མོ་གླང་གི་ལོ་ལ་ཁམས་རི་བོ་ཆེའི་ཕྱོགས་སུ་འཁྲུངས། ཆུང་ངུ་ནས་གྲུབ་དབང་ཀརྨ་ཆགས་མེད་རིགས་བདག་ཏུ་བསྟེན་ནས་སྨིན་གྲོལ་གྱི་གདམས་པ་མཐའ་ཡས་པ་གསན། དགུང་ལོ་ཉེར་གསུམ་ནས་ཉེར་དགུའི་བར། སྟན་ཐོག་གཅིག་ཏུ་རཏྣའི་ཐུགས་སྒྲུབ་གཙོ་བོར་གྱུར་པའི་བསྙེན་སྒྲུབ་དང་རྩ་རླུང་གཏུམ་མོ་མུན་པའི་རྣལ་འབྱོར་སོགས་བསྐྱེད་རྫོགས་ལ་བརྟན་པ་ཐོབ་པར་མཛད། ཉེར་དགུའི་ཐོག་གཏེར་ཆེན་བདུད་འདུལ་རྡོ་རྗེ་ལས་དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་གསན་པས་ཆོས་ཀྱི་བདག་པོར་མངའ་གསོལ། ཁྱད་པར་སྤུ་བོ་བྷ་ཁ་རི་ཁྲོད་དུ། རིག་འཛིན་ཆོས་ཀྱི་རྒྱ་མཚོ་ལས་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གསན་པས་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཤར། ཡེ་ཤེས་ཀྱི་མཁའ་འགྲོས་ལྡེའུ་མིག་གཏད་ནས་གནང་བ་བྱིན་པ་བཞིན་ཁམས་པ་རྫོགས་ཆེན་པའི་མཚན་དང་བཅས་དོན་གྱི་རྒྱལ་ཚབ་ཏུ་དབང་བསྐུར། དེ་ནས་བཟུང་སྐུ་བསོད་དང་ཕྲིན་ལས་རྒྱས་པས་བསམ་ཡས་གཙུག་ལག་གི་ཉམས་གསོས་སོགས་འདུས་བྱས་ཀྱི་དགེ་རྩ་རྒྱ་ཆེར་སྒྲུབ།སྔ་ཕྱི་ཅི་རིགས་པར། རྒྱལ་དབང་ཐམས་ཅད་མཁྱེན་པ་ལྔ་པ་རིན་པོ་ཆེ། གཏེར་ཆེན་འགྱུར་མེད་རྡོ་རྗེ། ལྷོ་བྲག་གསུང་སྤྲུལ་དང་ཐུགས་སྲས་སྒོམ་པོ་བཟང་པོ་རྡོ་རྗེ་སོགས་ཡོངས་འཛིན་བཅུ་ཕྲག་གསུམ་ཙམ་ལས་ཟབ་ཆོས་ཀྱི་བདུད་རྩི་བཞེས། བསམ་ཡས་མཆིམས་ཕུར་ལོ་གསུམ་གཙོས་ལྷོ་བྲག་མཁར་ཆུ། ཡེར་པ་ལྷ་རི། ཤང་ཟབ་བུ་ལུང༌། བྱང་གནམ་མཚོ་སོགས་སྒྲུབ་གནས་དུ་མར་སྙིང་པོའི་སྒྲུབ་པ་གཙོ་བོར་མཛད། བོགས་འདོན་དུ་དཔལ་གྱི་ཙ་རིར་ཕེབས་པས། བཀའ་བརྒྱད་ཀྱི་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་དང༌། བདེ་མཆོག་ཕག་མོ་སོགས་ལྷག་པའི་ལྷ་དུ་མས་ཞལ་གཟིགས། རིག་པ་ཚད་ཕེབས་ཀྱི་རྟོགས་པ་མངོན་དུ་བརྙེས། དེ་ཚུལ་ལྔ་པ་རིན་པོ་ཆེར་སྙན་ཞུས་ཕུལ་བས་ཐུགས་དགྱེས་པའི་རྩེར་སོན། ཕྲིན་ལན་གྱི་ཆབ་ཤོག་ཀུན་བཟང་ཞལ་ངོམས་སུ་ཕུལ་དུ་བྱུང་བའི་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། གནམ་མཚོར་བཞུགས་སྐབས་གཟའ་ཀླུ་མ་མོ་དམ་ཅན་རྣམས་དང༌། ནག་ཆུ་ཁར་སོག་གི་དགེ་བསྙེན་དང༌།ཇོ་བོ་སྒྱོགས་ཆེན་གདོང་ར་སོགས་ཀྱིས་ཕྲིན་ལས་སྒྲུབ་པར་ཁས་བླངས། རྒྱལ་དབང་ཐམས་ཅད་མཁྱེན་པས་བཀས་བསྐུལ་ནས་སྐུ་ཚེའི་སྨད་དུ་མདོ་ཁམས་ཀྱི་ཕྱོགས་སུ་བྱོན་རུ་དམ་བསམ་གཏན་གླིང་གི་ཆོས་གྲྭ་བཏབ་སྟེ་མཐའ་ཡས་པའི་གདུལ་བྱ་སྨིན་གྲོལ་ལ་བཀོད་ནས།མཐར་དགུང་གྲངས་དོན་གསུམ་པ་མེ་གླང་གི་ལོར་ངོ་མཚར་བའི་ལྟས་དང་བཅས་ཏེ་སྤྲུལ་པའི་དཀྱིལ་འཁོར་བསྡུས། ཞལ་སློབ་ཀྱི་གཙོ་བོ་འཁོན་ཀླུ་ཡི་དབང་པོའི་རྣམ་འཕྲུལ་གཏེར་སྟོན་ཉི་མ་གྲགས་པ། གྲུབ་ཆེན་མེ་ལོང་རྡོ་རྗེའི་རྣམ་འཕྲུལ་འདྲེན་མཆོག་ནམ་མཁའ་འོད་གསལ། རོང་སྟོན་ཤེས་བྱ་ཀུན་རིག་གི་སྐྱེ་མཐའ་རབ་འབྱམས་པ་བསྟན་པའི་རྒྱལ་མཚན་ཏེ། བརྒྱུད་འཛིན་ཐུགས་ཀྱི་སྲས་གསུམ་དང༌། མངའ་བདག་ཆོས་ཀྱི་དབང་པོ། རྫོགས་ཆེན་པ་ཀློང་རྫོགས་མཐའ་བྲལ། ཀཿཐོག་རྒྱལ་སྲས་བསོད་ནམས་སྡེའུ་བཙན། དྲུང་ནམ་མཁའ་རྒྱ་མཚོ་སོགས་ཟབ་ཆོས་བདུད་རྩི་གསོལ་བའི་སློབ་ཚོགས་ནི་ཆེས་མང་ངོ༌། ། དེའི་ཡང་སྲིད་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ནི། ས་མོ་ཡོས་ཀྱི་ལོ་ལ་དར་ཁན་ཨུར་ལུག་ཏུ་གྲགས་པའི་རིགས་སུ་འཁྲུངས། སྨིན་གླིང་གཏེར་ཆེན་རིན་པོ་ཆེ་དང༌། ཞབས་དྲུང་པདྨ་ཕྲིན་ལས་ཟུང་གི་ལུང་གིས་ཟིན་པ་ལྟར་བུ་ཆེན་རྣམས་ཀྱིས་གོང་མའི་གདན་སར་སྤྱན་དྲངས། རིམ་པར་དཔོན་སློབ་དང༌། རབ་འབྱམས་པ་སོགས་གོང་མའི་བུ་ཆེན་རྣམས་ལས་གསན་སྦྱང་དང༌། ཁྱད་པར་ཆོས་རྒྱལ་གཏེར་བདག་གླིང་པས། རཏ་གཏེར་བདེ་ཀུན་གྱི་ལུང་བྱང་ལས། ལང་གྲོའི་སྤྲུལ་པ་པདྨ་དྲག་པོའི་མིང༔ རྣལ་འབྱོར་འཛིན་པ་མདོ་ཁམས་ཕྱོགས་ནས་འབྱུང༔ ཞེས་པར་ངོས་འཛིན་གནང་ནས་སོར་བྱང་སྔགས་གསུམ་གྱི་རྒྱུད་སྨིན་པར་མཛད་པས་སྡོམ་གསུམ་ཡོངས་རྫོགས་ཀྱི་བཀའ་དྲིན་ཆེ་བའི་བླ་མ་གཅིག་པུར་གྱུར། གཞན་ཡང༌། རྒྱལ་དབང་སྐལ་བཟང་རྒྱ་མཚོ། ལོ་ཆེན་ངྷརྨ་ཤྲཱི། རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ། ཞབས་དྲུང་རིན་ཆེན་རྣམ་རྒྱལ། གཞན་སྐུ་མཆེད་མིང་ལྕམ་གསུམ་བཅས་ཁུ་དབོན་དྲུག རྡོར་བྲག་ཞབས་དྲུང་སྐྱེ་འཕྲེང་གོང་འོག་གཉིས། ཟུར་ཆེན་སྤྲུལ་སྐུ། དཔལ་རི་སྤྲུལ་སྐུ་གོང་འོག ལྷོ་བྲག་གསུང་སྤྲུལ་དང་ཐུགས་སྲས། གཏེར་ཆེན་ཉི་གྲགས་ཡབ་སྲས། ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང༌། ཁམས་སྤྲུལ་གོང་འོག འབྲི་གུང་སྤྲུལ་སྐུ། ཞྭ་དམར་དཔལ་ཆེན་ཆོས་ཀྱི་དོན་གྲུབ་སོགས་རིས་མེད་ཡོངས་འཛིན་མང་པོའི་ཞབས་པད་བསྟེན་ནས་གསན་སྦྱང་མཐའ་ཡས་པ་མཛད། ཐོས་དོན་སྒྲུབ་ལ་སྙིང་པོར་དྲིལ་བས་རྒྱུད་སྡེ་སྤྱི་དང༌། བྱེ་བྲག་སྔ་འགྱུར་བཀའ་གཏེར་གྱི་རྩ་གསུམ་ཆོས་སྲུང་ཕལ་མོ་ཆེར་བསྙེན་སྒྲུབ་དང༌། རྡོ་རྗེ་གསུམ་གྱི་ཉམས་བཞེས་གནད་དུ་སྨིན་པས་ཐ་མལ་སྒོ་གསུམ་གྱི་འཁྲུལ་བའི་བག་ཆགས་བྱང་ཞིང་རྫོགས་པ་ཆེན་པོ་ཉམས་གོང་འཕེལ་གྱི་རྟོགས་པ་མངོན་དུ་གྱུར། གཙུག་ལག་ཁང་དང་རྟེན་གསུམ་བཞེངས་པ་ཕྱོགས་བཞིའི་དགེ་འདུན་ལ་བསྙེན་བཀུར།ཁྱད་པར་ས་སྐྱོང་སྡེ་དགེར་ཞུ་བསྐུལ་བགྱིས་ཀུན་མཁྱེན་ཆེན་པོའི་གསུངས། མཛོད་ཆེན་བདུན་ངལ་གསོ་སྐོར་གསུམ། སྙིང་འགྲེལ་ཕྱོགས་བཅུ་མུན་སེལ་བཅས་སྤར་དུ་བཞེངས་པས་མཚོན་རྣམ་དཀར་གྱི་ཕྲིན་ལས་རྒྱ་ཆེ། ཞལ་སློབ་ཀྱི་གཙོ་བོའང༌། རབ་འབྱམས་གཉིས་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ། དཔོན་སློབ་གསང་སྔགས་བསྟན་འཛིན། ཉི་སྤྲུལ་པདྨ་ཐེག་མཆོགབཀའ་འགྱུར་བ་བཀྲ་ཤིས་རྒྱ་མཚོ་སོགས་དང༌། གཞན་ཡང༌། རྡོར་བྲག་སྐལ་བཟང་པདྨ་དབང་ཕྱུག དཔལ་རི་སྤྲུལ་སྐུ་བློ་བཟང་པདྨ། རྗེ་བཙུན་མ་མི་འགྱུར་དཔལ་སྒྲོན། ཁམས་སྤྲུལ་སྐུ་གོང་འོག ཀཿཐོག་རྒྱལ་སྲས་ཞིང་སྐྱོང་མགོན་པོ་སོགས་ཟབ་ཆོས་ཀྱི་འབྲེལ་བ་ཆེས་མང་ངོ༌། ། དེ་ཉིད་ཀྱི་ཡང་སྤྲུལ་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོས། གོང་མའི་བུ་ཆེན་རྣམས་དང༌། ཀུན་མཁྱེན་འཇིགས་མེད་གླིང་པ་སོགས་བཤེས་གཉེན་དུ་མའི་ཞབས་པད་བསྙེན་ནས་གསན་བསམ་བསྒོམས་པའི་ཡོན་ཏན་མཐར་ཕྱིན། གངས་རིའི་ཁྲོད་ཀྱི་པདྨ་འོད་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་ཇི་ལྟ་བ་བཞིན་དུ་སྔ་འགྱུར་བཀའ་མ་མདོ་སྒྱུ་གཙོ་བོར་གྱུར་བའི་ཆོས་གྲྭ་ཆེན་པོ་བཅུ་གསུམ་གསར་འཛུགས་གནང་བའི་རྒྱུན་ལས་དེང་སང་ཁམས་ཕྱོགས་ཀྱི་རྙིང་དགོན་ཕལ་ཆེར་ལ་ཁྱབ་པས་ཕྲིན་ལས་རྒྱ་ཆེ། གཞན་ཡང་སྤང་བ་བསམ་གཏན་གྱི་འཁོར་ལོ་ལ་སྦྱོར་བ་ཕྱོགས་ལ་རྩེ་མོས་ལྷག་པ་རྒྱུན་འཇོག་དང༌། སྔ་འགྱུར་བཀའ་གཏེར་གྱི་འཆད་སྤེལ་སོགས་སྒོ་དུ་མ་ནས་བསྟན་པ་ལ་བྱ་བ་ཆེར་མཛད། ཞལ་སློབ་ཀྱང༌། རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན། འབར་ཆུང་འཇིགས་མེད་གོ་ཆ། མཁན་པོ་རིག་འཛིན་བཟང་པོ། སེང་ཕྲུག་པདྨ་བཀྲ་ཤིས་སོགས་སྙིང་པོའི་བསྟན་འཛིན་མང་དུ་བྱོན།དེའི་ཡང་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་ཚེ་དབང་གྲུབ་པ་རྩལ་གྱིས། རིགས་བདག་མཚུངས་མེད་རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན། སྨིན་གླིང་ཁྲི་ཆེན་པདྨ་དབང་རྒྱལ་སོགས་གསར་རྙིང་གི་མཁས་གྲུབ་དུ་མ་བསྟེན་ནས་གསན་སྦྱང་མཐའ་ཡས་པ་མཛད་ཅིང༌། ཕྱི་ཚུལ་སྟོན་པས་ལེགས་པར་གསུངས་པའི་ཆོས་འདུལ་བ་ནས་ཇི་སྐད་བཤད་པའི་བླང་དོར་གྱི་གནས་ཕྲ་མོ་ཙམ་ཡང་བག་ཡངས་སུ་མི་གཏོང༌། ནང་དུ་སྐྱེ་བ་དུ་མར་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་ཡོངས་སུ་དུལ་བ་ལ་གོམས་པས་གཞན་གྱིས་ལོག་སྒྲུབ་བཟོད་པའི་གོ་ཆ་མཆོག་ཏུ་བརྟན་པས་ཐུགས་ནམ་ཡང་འཁྲུགས་པ་མི་མངའ། གསང་བ་བསྐྱེད་རྫོགས་རྣམ་པ་གསུམ་གྱི་ལམ་ལས་གྲུབ་པའི་ས་མཐོར་གཤེགས་ཏེ་སྣང་སྤྱོད་ཡེ་ཤེས་ཀྱི་རོལ་པར་ཤར་བས་བླ་མ་དང་ལྷག་པའི་ལྷས་རྗེས་སུ་བཟུང་ཞིང་ཟབ་མོའི་གདམས་པའང་སྩལ། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པས་གྲུབ་མཐའི་ཁ་འཛིན་དང་ཕྱོགས་ལྷུང་གི་ཆགས་སྡང་གཏན་ནས་མི་མངའ། འཇིག་རྟེན་ཆོས་བརྒྱད་ཀྱི་འཛིན་པ་ཞིག་པས་ཆེ་ཐབས་དང་མི་ཆེན་གྱི་ལད་མོ་མི་མཛད། དུས་གསུམ་ས་ལེར་གཟིགས་པས་ལྐོག་གྱུར་གྱི་ཆོས་ཀུན་གཏན་ལ་དབབ་ནུས། དད་ལྡན་ཉམ་ཆུང་རེའི་ཕྱིར་ཡང་ཆོས་བཀའ་གང་འདོད་དུ་སྩལ་པ་སོགས་ངོ་མཚར་བའི་རྣམ་ཐར་བགྲང་གིས་མི་ལང༌། སྐུ་ཚེ་དང་མཛད་ཕྲིན་མཐར་ཕྱིན། བཤད་སྒྲུབ་ཀྱི་བསྟན་པའང་འདིའི་རིང་དར་རྒྱས་སུ་གྱུར། དེའི་ཡང་སྤྲུལ་ལྔ་པ་པདྨ་ཐེག་མཆོག་བསྟན་འཛིན་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་ལམ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་བསྟན་འཛིན་འཇིགས་མེད་དབང་པོས། རིགས་བདག་མཚུངས་མེད་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། གར་དབང་བློ་གྲོས་མཐའ་ཡས། རྒྱལ་སྲས་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། མཁན་ཆེན་པདྨ་དམ་ཆོས་འོད་ཟེར་སོགས་གསར་རྙིང་གི་རྡོ་རྗེ་འཛིན་པ་ཆེན་པོ་དུ་མ་ལས་སྨིན་གྲོལ་གྱི་བདུད་རྩི་བཞེས་ནས་ཐུགས་རྒྱུད་ཀྱི་བུམ་པ་ཡོངས་སུ་འགེངས་པར་མཛད། ཁྱད་པར་སྔོན་གྱི་ཐུགས་བསྐྱེད་དུས་སུ་སྨིན་པས་དཀར་ནག་རྒྱ་ཡི་ཡུལ་གྲུ་ཚུན་ཆོད་ཕྲིན་ལས་ཀྱི་གདུགས་དཀར་གཅིག་གིས་ཁྱབ་ཅིང༌། སྐུ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་བཞིན་པ་ཉིད་དོ། ། ༈ གྲུབ་དབང་རྫོགས་ཆེན་པའི་ནང་ཐུགས་ཀྱི་སྲས་གཅིག་ཞྭ་ལམ་རབ་འབྱམས་པ་ཆེན་པོ་བསྟན་པའི་རྒྱལ་མཚན་ནི། སྤྲུལ་གཞི་ཁྱེའུ་རིན་ཆེན་ཟླ་བས་ཞུས་པའི་མདོ་ལས་བསྟན་པའི་མི་མཇེད་ཀྱི་ཞིང་འདིའི་ཤར་ལྷོའི་ཕྱོགས་མཚམས་འཇིག་རྟེན་གྱི་ཁམས་ཟླ་བ་སྣང་བར་བཞུགས་པའི་ད་ལྟར་གྱི་སངས་རྒྱས་མྱ་ངན་མེད་པའི་དཔལ། དེ་ནས་རིམ་པར་དམ་པའི་རིགས་ཅན་དྲྭ་མ་ལྔ་ལས་གནོད་སྦྱིན་སྐར་མདའ་གདོང་བློ་གྲོས་དད་སེལ། གཤེད་སྐོར་རྒྱ་མཚོའི་བཀའ་བབས་སློབ་དཔོན་འཇམ་དཔལ་བཤེས་གཉེན། ཆོས་རྒྱལ་མྱ་ངན་མེད། ལྷ་སྲས་མུ་ཏིག་བཙད་པོ། རྨ་རིན་ཆེན་མཆོག སློབ་དཔོན་ཀ་མ་ལ་ཤཱི་ལ། མི་ལ་བཞད་པ་རྡོ་རྗེ། རོང་སྟོན་ཤེས་བྱ་ཀུན་གཟིགས། འབྲི་གུང་རིན་ཆེན་ཕུན་ཚོགས། དབུར་སྐྱོན་ཆོས་ཀྱི་གྲགས་པ་སོགས་རིས་མེད་སྐྱེས་ཆེན་དུ་མའི་སྐྱེ་སྲིད་རིམ་དང་ཅིག་ཅར་གྱི་ཚུལ་དུ་བཟུང་ནས། མཐར་འཕན་ཡུལ་དུ་སྡེ་པ་སྟོབས་འབྱོར་ཅན་ཞིག་གི་སྲས་སུ་ལྕགས་ཕོ་སྟག་གི་ལོ་ལ་འཁྲུངས། དགུང་ལོ་བཅུ་གསུམ་པའི་ཐོག་སྲིད་འབྱོར་འཁོར་བའི་ཕུན་ཚོགས་ཐམས་ཅད་ལམ་ཁའི་རྡོ་བཞིན་བོར་ནས་དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་གྲྭར་ཆོས་བྲོས་ལ་བྱོན་ནས་ངུར་སྨྲིག་གི་རྒྱལ་མཚན་བཟུང༌། བཤེས་གཉེན་དུ་མ་བསྟེན་ནས་འདུལ་མངོན་ཕར་ཚད་སོགས་ཀྱི་གཞུང་ཆེན་པོ་རྣམས་ཐུགས་སུ་ཆུབ་པར་མཛད་ནས་སེ་འབྲས་དགའ་གསུམ། གསང་ཕུ། སྐྱེད་ཚལ།ས་ངོར་སོགས་ལུང་རིགས་སྨྲ་བའི་སྡེ་རྣམས་སུ་གྲྭ་སྐོར་མཛད་པས་ཕྱོགས་ལས་རྣམ་པར་རྒྱལ་བའི་གྲགས་པ་ཐོབ། ས་སྐྱ་བདག་ཆེན་ཀུན་དགའ་བཀྲ་ཤིས་དང༌། ཁྱད་པར་རྒྱལ་མཆོག་ལྔ་པ་ཆེན་པོ་དང༌། སྨིན་གླིང་གཏེར་ཆེན་རིན་པོ་ཆེ་སོགས་ལས་གསར་རྙིང་གི་གདམས་པ་རྒྱ་མཚོ་ལྟ་བུ་གསན། གྲུབ་དབང་རྫོགས་ཆེན་པ་ཡེར་བ་ལྷ་རིར་བཞུགས་པ་དང་མཇལ།ཚེ་རབས་ནས་འབྲེལ་བའི་བླ་མར་ངེས་པས་མི་ཕྱེད་པའི་དད་མོས་དྲག་པོས་འབྲལ་མེད་ཞབས་ཕྱིར་འབྲེང་བའི་ཐུགས་དམ་བཅས་སྙིང་ཐིག་ཡ་བཞི་སོགས་འོད་གསལ་རྫོགས་པ་ཆེན་པོའི་གདམས་པ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན་ནས། ཉམས་ལེན་གྱི་གདར་ཤ་བཅད། ཐོས་བསམ་གྱི་དོགས་པ་བསལ། མཚམས་སྒྲུབ་ཀྱི་འཕྲང་ལ་བཅུན་པས་ཡིད་དཔྱོད་འཛིན་པའི་རྟོག་པ་དབྱིངས་སུ་ནུབ། སེམས་ཉིད་དྲི་བྲལ་རྗེན་པར་གཟིགས། གཏད་མེད་སྣང་བ་རྒྱ་ཡན་ཆོས་སྐུ་ཕྱམས་བརྡལ་གྱི་གདེང་ཐོབ་པ་དེའི་ཚེ། གྲུབ་དབང་མཆོག་ནས་ཀྱང་རྗེ་མི་ལའི་རྣམ་འཕྲུལ་དུ་ངོས་འཛིན་གནང་ཞིང་གདམས་པའི་གཏད་རྒྱ་བཅས་རྒྱལ་ཚབ་ཏུ་དབང་བསྐུར། གོང་ལྔའི་ལུང་བཞིན་ཡབ་སྲས་ལྷན་རྒྱས་མདོ་ཁམས་སུ་ཕེབས་ཏེ་རུ་དམ་གྱི་གདན་ས་བསྐྱངས། གྲུབ་དབང་གཤེགས་རྗེས་ཆོས་ཁྲིར་ཕེབས་ནས་ཡང་གསང་རྫོགས་པ་ཆེན་པོ་ཆོས་རྗེའི་བཀའ་སྲོལ་ཉིད་བཤད་སྒྲུབ་ཀྱི་མཐིལ་དུ་མཛད། ཡང་སྲིད་གཉིས་པ་སེང་ཁྲིར་མངའ་གསོལ་བས་མཚོན་འཁོར་ལོ་གསུམ་གྱི་ཕྲིན་ལས་བླར་འཕེལ། དེ་ཉིད་ཀྱི་ཡང་སྤྲུལ་གཉིས་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་བློ་གསལ་རྒྱ་མཚོའི་སྡེ་ནི། ཆུ་མོ་སྦྲུལ་གྱི་ལོ་ལ་རྫོགས་ཆེན་གཉིས་པའི་གཅུང་དུ་འཁྲུངས། ལྷུམས་སུ་བཞུགས་པའི་ཚེ་ཡི་གེ་དྲུག་པའི་གསུང་སྒྲོག་པ་སོགས་ངོ་མཚར་བའི་ལྟས་མང༌། སྔོན་གནས་རྗེས་དྲན་གྱི་རྟགས་མཚན་གསལ་བ་དང༌། རྡོར་སྨིན་སོགས་ནས་ལུང་གིས་ཟིན་པ་བཞིན་དགུང་གྲངས་ལྔ་པའི་ཐོག་སྐུ་གོང་མའི་སློབ་ཆེན་རྣམས་ཀྱིས་ཟེ་ཆེན་ཨོ་རྒྱན་ཆོས་རྫོང་གི་སྒྲུབ་སྡེར་སྤྱན་དྲངས། སྨིན་གླིང་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་ནས་གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་ཆོས་བདག་སྟེ་དབུགས་དབྱུང་སྟེ་སྔ་རྗེས་སྨིན་གླིང་གཏེར་གསར་སྐོར་གཙོར་གྱུར་གྱི་སྨིན་གྲོལ་གྱི་གདམས་པ་མཐའ་ཡས་པ་སྩལ། དམ་པ་འདི་ཉིད་དང་གཅེན་རྫོགས་སྤྲུལ་འགྱུར་མེད་ཐེག་མཆོག་བསྟན་འཛིན། བྱང་པ་རིག་འཛིན་མཆོག་སྤྲུལ་སྐལ་བཟང་པདྨ་དབང་ཕྱུགཟུང་འཇུག་རྡོ་རྗེའི་ས་མཁན་འགྱུར་མེད་སྐལ་བཟང་འཕེལ་རྒྱས། རྗེ་དེ་ཉིད་ཀྱི་རིགས་དབོན་འགྱུར་མེད་སྐལ་བཟང་བསྟན་འཕེལ་བཅས་རིགས་བདག་མཚུངས་མེད་ལྔ་དང༌། གཞན་ཡང་ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང༌། མདོ་ཁམས་པ་ཀུན་དགའ་བསྟན་འཛིན། ཀཿཐོག་རྒྱལ་སྲས་དྲི་མེད་ཞིང་སྐྱོང་སོགས་ཡོངས་འཛིན་མཁས་གྲུབ་དུ་མའི་ཞབས་པད་མཉེས་པ་གསུམ་གྱིས་བསྙེན་ནས་སྡེ་སྣོད་གསུམ་རྒྱུད་སྡེ་བཞི་ཐ་སྙད་རིག་གནས་དང་བཅས་པ་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་དུ་སོན། བསམ་བྱུང་གིས་གཏན་ལ་ཕབ་པས་ཇི་སྙེད་པའི་ཆོས་ལ་སྒྲོ་འདོགས་ཆོད། རིམ་གཉིས་ཟབ་མོའི་ལམ་ལ་སྒོམ་སྒྲུབ་སྙིང་པོར་མཛད་པས་རྒྱུད་ནས་ཇི་སྐད་བཤད་པ་བཞིན་གྱི་ལྟ་སྒོམ་འབྲས་བུའི་དྲོད་ཚད་བརྙེས། རྩ་གསུམ་ལྷག་པའི་ལྷ་རབ་འབྱམས་ཀྱིས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས། ཁྱད་པར་དགུང་གྲངས་ཉེར་གཅིག་ཧོར་ཟླ་དགུ་པའི་ཉེར་གསུམ་གྱི་ནམ་གྱི་ཐོ་རངས་ཆར། འཇམ་དཔལ་དྲེགས་པ་འཇོམས་བྱེད་ཀྱི་བཟླས་པའི་སྐབས་ཉམས་ཀྱི་སྣང་ཆར་སྐྱེ་འཕྲེང་ལུང་བསྟན་དུ་སྩལ་པ། བུ་ཁྱོད་སྐྱེ་བ་སྔོན་རོལ་དུ། ། འོག་མིན་ཤར་ལྷོའི་ཞིང་ཁམས་སུ། ། སངས་རྒྱས་མྱ་ངན་མེད་པའི་དཔལ། ། སྟོན་པ་ཀུན་བཟང་སྤྱན་སྔ་རུ། ། གནོད་སྦྱིན་རྒྱལ་པོ་སྐར་མདའ་གདོང༌། ། འཕགས་ཡུལ་མཁས་གྲུབ་ཡོངས་ཀྱི་གཙུག ། སློབ་དཔོན་འཇམ་དཔལ་བཤེས་གཉེན་ཏེ། ། བོད་ཡུལ་བསིལ་ལྡན་ལྗོངས་འདི་རུ། ། འབྲི་གུང་རིན་ཆེན་ཕུན་ཚོགས་ཞབས། ། ཟླ་བྲལ་རྩོད་མེད་རབ་འབྱམས་པའི། ། ལས་འཕྲོ་སྐྱེ་བ་ཁྱོད་ཉིད་ཡིན། ། གཞན་ཕན་འགྲོ་དོན་དུས་ལ་བབས། ། ཚུལ་ལྡན་དམ་ཚིག་བསྲུངས་བྱས་ན། ། ལས་ལྡན་སྐྱེས་བུ་འཁྲུལ་པ་མེད། ། ཞག་གསུམ་གཞན་ལ་མ་ཟེར་སྡོམས། ། དེ་ནས་ཀུན་ལ་གོ་བར་སྤཻལ། ། ཞེས་གསུངས། གཟའ་བདུད་ཀླུ་བཙན་སོགས་དྲེགས་པ་ཅན་རྣམས་དངོས་སུ་བཀའ་བསྒོ་བ་ཉན་ཅིང་བྲན་དུ་ཁོལ། ལྐོག་གྱུར་གྱི་ཆོས་ཀུན་སྒྲིབ་མེད་དུ་གསལ་བས་མཚོན་མཁྱེན་བརྩེ་ནུས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ། ཕྱག་ན་པད་དཀར་འཆང་བ་བདུན་པ་བློ་བཟང་སྐལ་བཟང་རྒྱ་མཚོས་ལུང་བསྟན་པ་བཞིན་ཆུ་མོ་ཡོས་ཀྱི་ལོ་ལ་དཔལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭ་འདི་ཉིད་བཏབ། ཐར་པ་དོན་གཉེར་གྱི་འདུས་པ་ལྔ་བརྒྱར་ཉེ་བ་ཆོས་དང་མཐུན་པའི་རྣམ་ཐར་ལ་བཀོད། གཉུག་མར་གནས་པ་དང་ཕྱོགས་ནས་བྱོན་པའི་བུ་སློབ་རྣམས་ལ་ལོ་བསྟར་མཁའ་འགྲོ་སྙིང་ཏིག་དང༌། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་དུས་ཁྲིད་བསྟར་ཆགས་དང༌། གཞན་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་བཀླག་ལུང་གིས་མཚོན་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ལེགས་བཤད་ཀྱི་གཏེར་ཆེན་པོར་གྱུར་པའི་བཀའ་རྩོམ་ཡང་པོད་དགུར་ལོངས་པ་བཅས་མཁས་ཚུལ་དགུས་བསྟན་པ་ལ་བྱ་བ་ཆེར་མཛད་ནས་ནང་ཐུགས་ཀྱི་སྲས་གཅིག་ལྷོ་དྲུང་ཆོས་རྗེ་རིན་པོ་ཆེ་པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ་ཉིད་དོན་གྱི་རྒྱལ་ཚབ་ཏུ་དབང་བསྐུར་ནས་དགུང་གྲངས་ང་བདུན་པ་ལ་གདོད་མའི་གྲོལ་སར་གཤེགས་སོ། ། ཞལ་སློབ་ཀྱི་གཙོ་བོ་གཞན་ཡང༌། སྒོ་མེ་དིང་ཀྱཱ་བཀའ་བཅུ་ཀུན་བཟང་སྙན་གྲགས་རྒྱ་མཚོ།སིབ་སྤྲུལ་ཀུན་བཟང་པདྨ་དབང་རྒྱལ། གྲུབ་དབང་སངས་རྒྱས་རབ་བརྟན། ཕུ་ཁུང་བླ་མ་པདྨ་རིན་ཆེན། འཇུ་བླ་གསང་སྔགས། ཞེ་དྲུང་པདྨ་རྣམ་དག ཁྲོམ་བཟའ་ངག་དབང་པདྨ་སོགས་རང་བསྟན་ལ་ཕན་ངེས་དུ་མ་དང༌། ཆོས་བཀའ་ཅི་རིགས་གསན་པའི་སློབ་མ་ནི། རྫོགས་སྤྲུལ་སྐུ་ཕྲེང་གོང་འོག་དཔོན་སློབ་བཅས། ཀཿཐོག་དྲི་མེད་ཞིང་སྐྱོང༌། རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ། བླ་མ་བཀྲ་ཤིས་རྒྱ་མཚོ་སོགས་སྔ་འགྱུར་གྱི་བསྟན་འཛིན་ཁྱད་འཕགས་རྣམས་དང༌། སྐུ་ཞབས་ཁམས་སྤྲུལ་རིན་པོ་ཆེ་སོགས་སྒྲུབ་བརྒྱུད་པ། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་སོགས་ས་སྐྱ་པ། ཏྲེའོ་དགོན་སར་ཆོས་རྗེ་སོགས་རི་བོ་དགེ་ལྡན་པས་མཚོན་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་ཆེས་མང་ངོ༌། ། དེ་ཉིད་ཀྱི་ཡང་སྲིད་གསུམ་པ་རིག་འཛིན་དཔལ་འབྱོར་རྒྱ་མཚོ་ཐུབ་བསྟན་ཉིན་བྱེད་ནི། ལྕགས་མོ་ཡོས་ཀྱི་ལོ་ལ་ངོ་མཚར་བའི་ལྟས་དང་བཅས་ཡིད་ལྷུང་ཁོག་ཏུ་འཁྲུངས། ཞག་གསུམ་གྱི་ཐོག་ནས་ང་ཞེ་ཆེན་སྤྲུལ་སྐུ་ཡིན། དགོན་ས་གསུམ་ཡོད་གསུངས་པ་སོགས་ཀྱིས།བསླུ་མེད་ཡིད་ཆེས་སུ་གྱུར་པས་གོང་མའི་སེང་ཁྲིར་མངའ་གསོལ། རིགས་བདག་མཚུངས་མེད་རྒྱལ་ཚབ་པ་བསྟན་འཛིན་ཆོས་རྒྱལ། སྨིན་གླིང་ཁྲི་ཆེན་འགྱུར་མེད་ཕྲིན་ལས་རྣམ་རྒྱལ།རྡོར་བྲག་ཞབས་དྲུང་འགྱུར་མེད་ལྷུན་གྲུབ་རྡོ་རྗེ། རྫོགས་ཆེན་གསུམ་པ་ཨ་ཏི་བསྟན་པའི་རྒྱལ་མཚན། ཀཿཐོག་དགེ་རྩེ་པཎ་ཆེན་འགྱུར་མེད་ཚེ་དབང་མཆོག་གྲུབ། ཐེག་མཆོག་བསྟན་པའི་ཤིང་རྟ་ཀུན་མཁྱེན་འཇིགས་མེད་གླིང་པ། རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན། གྲུབ་པའི་དབང་ཕྱུག་འཇིགས་མེད་གོ་ཆ་སོགས་ཡོངས་འཛིན་བཅུ་ཕྲག་གསུམ་གྱི་ཞབས་པད་བསྙེན་ནས་མདོ་རྒྱུད་སྤྱི་དང༌། ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོ་མན་ངག་རྫོགས་པ་ཆེན་པོའི་ཆོས་བཀའ་མཐའ་དག་གསན་བསམ་སྒོམ་གསུམ་གྱིས་གཏན་ལ་ཕབ་སྟེ། དེ་དག་ཀྱང་འོལ་སྤྱི་ཙམ་དུ་མ་སོང་བར། དབང་དུས་སུ་སྐུ་བཞིའི་ས་བོན་ཅི་ཐེབས་ཀྱིས་རྒྱུད་སྨིན་པ། བསྐྱེད་རིམ་གྱི་དུས་སུ་གཟུགས་སྐུའི་རྣམ་སྨིན་གྱི་ལུས་ཕུང་ཅི་དག རྫོགས་རིམ་གྱིས་སྣང་སྲིད་ཀ་དག་ཆོས་དབྱིངས་སུ་ལ་ཅི་ཟློ། མན་ངག་ཕྱག་ལེན་ཕྲ་རག་ཐམས་ཅད་གཟུངས་སུ་ཅི་ཐེབས་ལ་ནན་ཏན་མཛད་པས་ཆོས་བརྒྱད་ཀྱི་འཆིང་བ་གྲོལ། དགག་སྒྲུབ་ཀྱི་འཛིན་སྟངས་ཞིག གཞན་ཕན་གྱི་ཕྲིན་ལས་རྒྱས། དོན་གཉིས་ལྷུན་གྱིས་གྲུབ་པའི་ངང་ནས་དགུང་གྲངས་སོ་དགུ་པར་གཟུགས་སྐུ་བསྡུས། དེའི་ཡང་སྲིད་བཞི་པ་གར་དབང་ཆོས་ཀྱི་རྒྱལ་མཚན་བསོད་ནམས་སྟོབས་ཀྱི་དབང་ཕྱུག་ནི། གོང་མའི་ཆོས་ཁྲིར་མངའ་གསོལ་ནའང༌། མཁའ་འགྲོའི་ལུང་བསྟན་དང་ཟབ་གཏེར་གྱི་བཀའ་བབས་བཅས་གསང་སྤྱོད་ཀྱི་རྟེན་འབྲེལ་བཞེས་ནས་གྲུབ་པའི་གནས་མཆོག་རྦ་ལྕགས་ཤྲཱི་སོགས་སུ་ཕེབས་ཏེ་དྭགས་ཉོང་ཀོང་གསུམ་གྱི་གདུལ་བྱའི་མགོན་མཛད་པ་ལས་ཕྱོགས་འདིར་ཕྲིན་ལས་ཀྱི་རྒྱུན་ཧ་ཅང་མ་སྨིན། དེའི་ཡང་སྤྲུལ་ལྔ་པ་བདག་སོགས་གདུལ་བྱའི་མགོན་གཅིག་འགྱུར་མེད་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ནམ་འགྱུར་མེད་ཀུན་བཟང་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་ནི། ཤིང་ཕོ་བྱི་བའི་ལོ་ལ་ངོ་མཚར་བའི་ལྟས་དང་བཅས་ཏེ་འཁྲུངས། རྫོགས་ཆེན་པ་མི་འགྱུར་ནམ་མཁའི་རྡོ་རྗེ། རྒྱལ་ཚབ་པ་ཨོ་རྒྱན་རང་བྱུང་རྡོ་རྗེ། རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོ།སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ་སོགས་ཀྱིས་བསླུ་མེད་རྡོ་རྗེའི་ལུང་གིས་ཟིན་པ་ལྟར་གོང་མའི་སེང་ཁྲིར་མངའ་གསོལ། ཆུང་ངུ་ནས་དམ་པའི་རྣམ་ཐར་སྒྲིབ་མེད་དུ་གསལ།ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནི། ཐོག་མར་དབང་བཞིའི་ཡེ་ཤེས་ཀྱིས་རྒྱུད་སྨིན་པར་བྱེད་པ་པོ་དང༌། བར་དུ་རྟོགས་པ་ངོ་སྤྲོད་ཀྱིས་མཉམ་བཞག་གི་བོགས་དབྱུང་བ་པོ་དང༌། རྗེས་ཡེ་ཤེས་ཀྱིས་སྐུས་ཀྱང་ཡང་ཡང་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པའི་རྒྱུས་རྩ་བའི་རིགས་བདག་གཅིག་ཆོག་དང༌། གཞན་ཡང༌། རྒྱལ་བས་ལུང་བསྟན་ཀུན་མཁྱེན་བློ་གྲོས་མཐའ་ཡས། མཁན་ཆེན་རྡོ་རྗེ་འཆང་པདྨ་དམ་ཆོས་འོད་ཟེར། དཔོན་སློབ་བཞི་པ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ། རྒྱལ་ཚབ་གཉིས་པ་ཨོ་རྒྱན་རང་བྱུང་རྡོ་རྗེ། དཔལ་ཡུལ་རྒྱ་སྤྲུལ་རིན་པོ་ཆེ་ཀརྨ་ཀུན་བཟང་བསྟན་པའི་ཉི་མ། སྦས་པའི་རྣལ་འབྱོར་པ་ཆེན་པོ་འཇུ་དབོན་འཇིགས་མེད་རྡོ་རྗེ་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མའི་ཞབས་པད་བསྟེན་ནས་སྔ་འགྱུར་བཀའ་གཏེར་གཙོ་བོར་གྱུར་པའི་གསན་སྦྱངས་མཐར་ཕྱིན། རང་དགོན་བླ་བྲང་ཕུན་ཚོགས་ཡོངས་འདུས་གཟིམས་ཤག་ངོ་མཚར་ཀུན་གཟིགས་སུ་ལོ་གསུམ་ཕྱོགས་གསུམ་གཙོ་བོར་གྱུར་པའི་བཅད་རྒྱའི་ཁོངས་སུ། སྔ་འགྱུར་འདུས་པ་མདོ། སྒྱུ་འཕྲུལ་ཞི་ཁྲོ། སྒྲུབ་པ་བཀའ་བརྒྱད། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་གཙོ་བོར་གྱུར་པའི་རྩ་གསུམ་ལྷག་པའི་ལྷ་དུ་མའི་བསྙེན་སྒྲུབ་མཛད་པས། དེ་དག་གི་སྐབས་སོགས་སུ་དངོས་ཉམས་རྨི་ལམ་དུ་བླ་མ་དང་ལྷག་པའི་ལྷ་ཡི་ཞལ་སྟོན་པ་དང་བྱིན་གྱིས་བརླབས་པའི་མཚན་མ་ཇི་སྙེད་པ་དང༌། ཁྱད་པར་འདུས་མདོའི་བསྙེན་སྒྲུབ་གནང་སྐབས་དམ་པའི་རིགས་ཅན་དྲྭ་མ་ལྔའི་ནང་ཚན་སྲིན་པོ་བློ་གྲོས་ཐབས་ལྡན་གྱི་རྣམ་འཕྲུལ་ཡིན་པའི་ལུང་བསྟན་དང༌། སྨིན་གཏེར་གཤིན་རྗེ་དྲེགས་འཇོམས་ཀྱི་ལྗགས་བསྙེན་གནང་སྐབས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཡིན་པའི་ཐུགས་ཤེས་གསལ་པོར་འཁྲུངས། རྡོ་རྗེ་འཆང་མཁྱེན་བརྩེའི་ཞབས་ཀྱིས་ཀྱང་མདོ་ཁམས་སྨད་ཕྱོགས་ཀྱི་བསྟན་འཛིན་ཞིག་ལ་ཞེ་ཆེན་རབ་འབྱམས་ལས་བཟང་མེད་ཅེས་ལན་ཡང་ཡང་བསྔགས་པས་མཚོན་དམ་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བཀུར། རྒྱལ་བཀའ་རིན་པོ་ཆེའི་བཀླག་ལུང་ཚར་གཅིག རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་ཚར་བཞི། སྒྲུབ་ཐབས་འདོད་འཇོ་བུམ་བཟང་གི་དབང་ལུང་ཚར་གསུམ། སེམས་སྡེ་ཨ་དོན་བཅོ་བརྒྱད། ཀློང་སྡེ་རྡོ་རྗེ་ཟམ་པ། མན་ངག་སྡེ་སྙིང་ཐིག་ཡ་བཞི། སྨིན་གླིང་གཏེར་གསར་སྐོར་གཙོར་གྱུར་འཆད་སྤེལ་གྱིས་ཁམས་དབུས་ཀྱི་གདུལ་བྱ་མཐའ་ཡས་པ་རྗེས་སུ་བཟུང༌།རང་དགོན་གྱི་གཙུག་ལག་ཁང་ཕན་ཚུན་གསར་བཞེངས་དང་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་རྒྱུན་འཛུགས། སྔ་འགྱུར་བཀའ་མ་འདུས་མདོ། སྒྱུ་འཕྲུལ་ཞི་ཁྲོ། ན་རཀ་དོང་སྤྲུགས།སོ་ལུགས་ཡང་དག སངས་རྒྱས་མཉམ་སྦྱོར་བཀའ་སྲུང་བཅས་ཀྱི་སྒྲུབ་མཆོད་གཏན་འཇགས།མཆོད་རྫས་ཡོ་བྱད་ཁྱད་ཐོན་སོགས་འཁོར་ལོ་གསུམ་གྱི་ཕྲིན་ལས་ཀྱིས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་ནས་དགུང་གྲངས་ཞཻ་དྲུག་པ་ས་མོ་བྱ་ཡི་ལོར་རེ་ཞིག་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ནས་སླར་ཡང་བདག་སོགས་གདུལ་བྱ་རྒྱ་མཚོ་བརྩེ་བས་མི་འདོར་བའི་སླད་དུ་ངོ་མཚར་སྤྲུལ་པའི་ཟློས་གར་མྱུར་དུ་འབྱོན་པར་གསོལ་བ་འདེབས་པའི་སྐབས་སོ། ། གོང་སྨོས་ཀུན་མཁྱེན་ཟེ་ཆེན་པ་ཆེན་པོའི་ནང་ཐུགས་ཀྱི་སྲས་གཅིག་རྒྱལ་ཚབ་པ་པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ་ནི། འཕགས་ཡུལ་གྱི་གྲུབ་པའི་སློབ་དཔོན་ཆེན་པོ་པྲ་བྷཱ་ཧ་སྟི། གནུབས་སྟོན་ནམ་མཁའི་སྙིང་པོ། བླ་ཆེན་དགོངས་པ་རབ་གསལ། ལང་ལབ་བྱང་ཆུབ་རྡོ་རྗེ། རྗེ་བཙུན་ཏཱ་ར་ན་ཐ། རིག་འཛིན་གཏེར་བདག་གླིང་པ་སོགས་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་རྣམ་འཕྲུལ་དུ་ལུང་གིས་ཟིན་ཅིང༌། སྐུའི་སྐྱེ་བ་གོང་མ་གྲུབ་དབང་པདྨ་རྒྱལ་མཚན་ནི་མདོ་ཁམས་ལྷོ་རྒྱུད་དུ་འཁྲུངས།དགུང་ལོ་བཅུ་གསུམ་པའི་ཐོག་ནས་ཆོས་བྲོས་ལ་བྱོན་ཏེ་ཚེ་རབས་ནས་འབྲེལ་བའི་བླ་མ་རབ་འབྱམས་བསྟན་པའི་རྒྱལ་མཚན་གྱི་ཞབས་པད་མཉེས་པ་གསུམ་གྱིས་བསྟེན་ནས་ལོ་དགུའི་བར་དུ་འབྲལ་མེད་དུ་འགྲོགས་ཤིང་གདམས་ངག་གི་ཞུན་ཐར་བཅད། རྗེ་རབ་འབྱམས་པ་གཤེགས་རྗེས། ཁོང་རང་དགུང་གྲངས་ཉེར་དྲུག་ནས་བརྩམས་སྐབས་གསེང་ཕྲན་བུ་མ་གཏོགས་སྒྲུབ་པ་ཉམས་ལེན་ཁོ་ན་གཙོ་བོར་བཏོན་པས། ཁྱོན་དྲིལ་ལོ་མཚམས་ཞེ་བདུན་སོང༌། བར་སྐབས་རྣམས་སུ་རྗཻ་རབ་འབྱམས་པའི་ཡང་སྲིད་ཁྲི་འདོན་དང༌། ཕྱིས་ཆོས་གྲྭ་ཆེན་པོ་འདི་ཉིད་བཞེངས་པའི་སྐབས་སོགས་སུ་ཞབས་ཏོག་ཕུལ་དུ་བྱུང་བར་མཛད་པས་ཆོས་སྡེ་འདི་ཉིད་ཚུགས་པའི་བདག་རྐྱེན་ཐུན་མིན་གྲུབ་དབང་འདི་དང༌། རྭ་ལོ་རྡོ་རྗེ་གྲགས་པའི་རྣམ་འཕྲུལ་སིབ་རྫོགས་ཆེན་བླ་མ་ཨོ་རྒྱན་བསམ་གཏན་སྐུ་འཕྲེང་གོང་འོག་ཡིན་པར་རབ་འབྱམས་གཉིས་པའི་རྣམ་ཐར་དུ་གསལ། བླ་མ་དང་ལྷག་པའི་ལྷས་རྗེས་སུ་བཟུང་བས་མི་མིན་འབྱུང་པོ་དམ་ལ་ཉན། དབུ་རལ་གྱིས་མཚོན་ཆ་སྲུང་བ་སོགས་གྲུབ་པའི་རྟགས་མཚན་མངོན་དུ་བརྙེས། སྐུ་གཤེགས་སྐབས་ས་གཡོ་བ་སོགས་སྐྱེས་བུ་དམ་པ་ས་ནས་སར་འཕར་བའི་ལམ་རྟགས་ཡ་མཚན་པ་དང༌། སྐུ་གདུང་ཞུགས་ལ་ཕུལ་བར་དབུ་ཐོད་མ་ཉམས་པར་བཛྲ་གུ་རུ་རང་བྱོན་གསལ་དག་དང༌། ཐུགས་ཞུན་ཐིགས་ལྕགས་གཅོད་དབང་མདོག་ཏུ་འགྲིལ་བ་སོགས་རྡོ་རྗེ་འཛིན་པ་མཆོག་གི་ཆེ་ཡོན་རྫོགས་པ་དེས། སྔར་རང་ཉིད་ཞལ་བཞུགས་དུས་ནས་ལུང་བསྟན་པ་བཞིན་དུ། མངའ་བདག་ཆོས་ཀྱི་རྒྱལ་པོའི་གདུང་བརྒྱུད་ཞིག་ཁམས་སུ་འཕོས་པར་གྲགས་ཤིང་སྤྲུལ་བའི་གཏེར་ཆེན་ཡོན་སྨྱོན་མི་འགྱུར་རྡོ་རྗེ་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མ་བྱོན་པའི་དབོན་རྒྱུད་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པར་ལྕགས་འབྲུག་ཧོར་ཟླ་དང་པོའི་ཚེས་གཅིག་ལ་རིགས་ཞང་སེ་བོ་སྔགས་པ་ཉི་མ་ཐག་གཏོད་ཀྱི་ཁྱིམ་དུ་ངོ་མཚར་བའི་ལྟས་དང་བཅས་ཏེ་འཁྲུངས། ཟླ་ངོ་མཐོང་ཙམ་ནས་ང་བླ་མ་པད་རྒྱལ་ཡིན་ཡང་ཡང་གསུང་བ་དང༌། སི་ཏུ་ཀུན་མཁྱེན་ངྷ་རྨ་ཀ་ར་སོགས་ཀྱིས་ལུང་བསྟན་པ་བཞིན་རྗེ་དབོན་སངས་རྒྱས་རབ་བརྟན་སོགས་ཀྱིས་གོང་མའི་གདན་ས་ལྕང་བྲག་རི་ཁྲོད་དུ་སྤྱན་དྲངས། སིབ་སྤྲུལ་པདྨ་དབང་རྒྱལ་གྱིས་གཙུག་ཕུད་བཞེས་ནས་མཚན་པདྨ་གསང་སྔགས་བསྟན་འཛིན་དུ་གསོལ། དགུང་གྲངས་བདུན་པའི་ཐོག་ནས་ཞེ་ཆེན་དུ་བྱོན་ནས་རབ་འབྱམས་གཉིས་པའི་ཞབས་པད་བསྟེན། བླ་སློབ་སྐྱེ་བ་དུ་མར་འབྲེལ་བ་དང་སྐུ་ཚེ་འདིར་ཡང་དོན་བརྒྱུད་ཀྱི་རྒྱལ་ས་འཛིན་པའི་རྟེན་འབྱུང་ལ་དགོངས་པའི་དགྱེས་པའི་དབུགས་དབྱུང་བཅས་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུས་རྗེས་སུ་བཟུང༌། ལྷག་པར་ཕུར་པའི་སྒྲོལ་དབང་གི་སྐབས་སུ་བླ་མ་རྡོ་རྗེ་གཞོན་ནུའི་སྐུར་མངོན་སུམ་དུ་གཟིགས་ཤིང་རང་ཉིད་ལང་ལབ་བྱང་ཆུབ་རྡོ་རྗེ་ཡིན་པའི་ཐུགས་ཤེས་གསལ་པོར་འཁྲུངས། གཞན་ཡང་དུས་སྔ་ཕྱི་ཅི་རིགས་པར་གནུབས་ནམ་སྙིང་བླ་ཆེན་དགོངས་པ་རབ་གསལ། ཇོ་ནང་རྗེ་བཙུན། སྨིན་གླིང་གཏེར་ཆེན་སོགས་ངོས་ཟིན་པ་དང་མི་ཟིན་པའི།རྒྱལ་པོ། རབ་བྱུང༌། སྔགས་འཆང༌། གཏེར་སྟོན། ཁྱིམ་པ། བུད་མེད། རྣལ་འབྱོར་པ་སོགས་སྐུ་སྐྱེ་སྔ་མའི་བག་ཆགས་མང་པོ་སད་པའི་རྐྱེན་གྱིས་མཁྱེན་རྟོགས་ཀློང་རྡོལ། དགུང་ལོ་བརྒྱད་པའི་ཐོག་དག་པའི་སྣང་བར་གུ་རུ་རིན་པོ་ཆེ་མཇལ་ཞིང་གསོལ་བ་བཏབ་པས་གུ་རུའི་ཐུགས་ཀ་ནས་འཇའ་འོད་སྣ་ལྔའི་ཟེར་ཐག་འཕྲོས་པ་སྐུ་ལ་ཕོག་པའི་རྐྱེན་གྱིས་གུ་རུའི་སྐུ་དང་དབྱེར་མེད་དུ་འདྲེས་ནས་རིག་པ་གཏད་མེད་དུ་སངས་ཏེ་ཐུགས་རྒྱུད་ཀྱི་བྱིན་རླབས་འཕོས་པ་སོགས་དག་པའི་གཟིགས་སྣང་མཐའ་ཡས་པ་ཤར། དགུང་གྲངས་བཅུ་པའི་མཇུག་ཐོག་རྗེ་རབ་འབྱམས་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཕོ་བའི་དབང་བསྐུར་དང་བཅས་ཏེ་དོན་གྱི་བསྟན་པ་གཏད་ནས་རྒྱལ་ཚབ་ཏུ་མངའ་གསོལ་ཏེ་སྤྲུལ་པ་བསྡུས་པས། བཅུ་གཅིག་ནས་གཞན་དོན་གྱི་ཕྲིན་ལས་བསྐྱངས། རྡོར་བྲག་ཞབས་དྲུང་པདྨའི་མཚན་ནས་དག་སྣང་པདྨ་དྲག་པོའི་ཆོས་བདག་དང་ནམ་སྙིང་སྤྲུལ་པར་དབུགས་དབྱུང༌། ཀཿཐོག་རྨོག་གྲུབ་ནམ་མཁའ་ཆོས་དབང་ནས་དག་སྣང་མཁའ་འགྲོ་བཀའ་བརྒྱད་ཀྱི་ཆོས་བདག་དང་སློབ་དཔོན་པྲ་བྷ་ཧ་སྟིའི་རྣམ་འཕྲུལ་དུ་ངོས་བཟུང་ནས་ཀེའུ་སྟོད་འགྱིང་བ་བྲག་དཀར་དུ་ཚེ་གཅིག་སྒྲུབ་ལ་གཞོལ་ན་ཟག་ཟད་འོད་སྐུར་གྲོལ་བར་ལུང་བསྟན། གཞན་ཡང་སྨིན་གླིང་ཁྲི་ཆེན། དཔལ་རི་སྤྲུལ་སྐུ། ཀོང་པོ་གཏེར་ཆེན་སོགས་དམ་པ་རྣམས་ཀྱིས་བསླུ་མེད་རྡོ་རྗེའི་ལུང་གིས་མགྲིན་གཅིག་ཏུ་བསྔགས། སྔ་ཕྱི་ཅི་རིགས་པར་གོང་སྨོས་ཀྱི་དམ་པ་དེ་རྣམས་དང༌། མཁན་ཆེན་ཨོ་ཌི་ཡཱ་ན། གཙང་གྲུབ་ཆེན་པདྨ་བཤེས་གཉེན། ལྕགས་ཟམ་པ་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། རྫོགས་སྤྲུལ་ངེས་དོན་བསྟན་བཟང༌། ཀཿཐོག་དྲི་མེད་ཞིང་སྐྱོང༌། པཎ་ཆེན་ཚེ་དབང་མཆོག་གྲུབ། ཀུན་བཟང་ངེས་དོན་དབང་པོ། རྗེ་དབོན་པདྨ་ཀུན་གྲོལ། འདྲེན་མཆོག་རིག་འཛིན་བཟང་པོ། ཕུ་ཁུང་པདྨ་རིན་ཆེན། གྲུབ་དབང་འཇིགས་མེད་ཕྲིན་ལས་འོད་ཟེར། འབར་ཆུང་འཇིགས་མེད་གོ་ཆ་སྐུ་མཆེད་སོགས་དང༌། སི་ཏུ་ཀུན་མཁྱེན་ངྷརྨ་ཀ་ར། ཞྭ་ལུ་མཁན་ཆེན་ཀུན་དགའ་མཁྱེན་རབ། ར་ཉག་གྲུབ་ཆེན་བློ་བཟང་མཐུ་སྟོབས་སོགས་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དུ་མའི་ཞབས་པད་བསྟེན་ནས་ཟབ་རྒྱས་ཀྱི་གདམས་པ་མཐའ་ཡས་པ་གསན་ཅིང་ཐུགས་ཉམས་སུ་བསྟར་བས་སྣང་སྤྱོད་ཐམས་ཅད་དག་པ་ཡེ་ཤེས་ཀྱི་འཁོར་ལོར་འབྱམས་ཀླས་པས་གཟུང་འཛིན་གྱི་མཚན་མ་དབྱིངས་སུ་དག མཉམ་བཞག་འོད་གསལ་རྣམ་པར་མི་རྟོག་པའི་ངང་ནས་རྗེས་ཐོབ་གང་ཤར་རང་གྲོལ་མཉམ་ཡངས་ཕྱམ་བདལ་གྱི་དགོངས་པ་རང་བྱུང་རང་བཞེངས་སུ་འཁྲུངས་པ་ལས་མཉམ་རྗེས་རེས་འཇོག་གི་ཤུན་པ་བུད་ནས་རིས་མེད་འོད་གསལ་འཁོར་ཡུག་གི་ཏིང་ངེ་འཛིན་ལ་རང་དབང་འབྱོར་ཏེ། གྲུབ་ཆེན་ས་ར་ཧ། ཨོ་རྒྱན་ཆེན་པོ། ཆོས་རྒྱལ་སྲོང་བཙན། ཡེ་ཤེས་མཚོ་རྒྱལ། ལྷ་ལུང་དཔལ་རྡོར། ལྷོ་བྲག་མར་པ། ཚར་ཆེན་བློ་གསལ་རྒྱ་མཚོ། སྨིན་གླིང་གཏེར་ཆེན་ཡབ་སྲས། རྗེ་བཙུན་བླ་མ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་སོགས་རྒྱ་བོད་གྲུབ་བརྙེས་རིག་འཛིན་དུ་མས་དག་པ་ཡེ་ཤེས་ཀྱི་སྐུས་དབང་བསྐུར་བྱིན་གྱིས་བརླབས་ཤིང་རྗེས་སུ་གདམས་པའང་གནང༌། ཆེ་མཆོག་ཧེ་རུ་ཀཿ རྡོ་རྗེ་ཕུར་པ་སོགས་ཡི་དམ་གྱི་ལྷ་དང༌། སངས་རྒྱས་བྱང་སེམས་མང་པོའི་ཞལ་གཟིགས། མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་འདུས། རྡོ་རྗེ་ཆོས་སྐྱོང་རྣམས་ཀྱིས་ལས་ཀྱི་སྟངས་ཕུལ། དཀར་ཕྱོགས་ཀྱི་ལྷ་ཀླུ་གཞི་བདག་ཐམས་ཅད་བྲན་དུ་ཁོལ། ནག་ཕྱོགས་ཀྱི་མི་དང་མི་མ་ཡིན་པ་རྣམས་ཚར་བཅད་པ་སོགས་ལས་གང་རྩོམ་ཐོགས་མེད་དུ་འགྲུབ་པའི་གྲུབ་པའི་མངོན་རྟགས་ཀུན་གྱི་མཐུན་སྣང་དུ་གྲུབ་པ་སོགས་ཀྱིས་དུས་མཉམ་གྱི་ཆེ་དགུ་ཕལ་ཆེར་གྱིས་ཞབས་ལ་གཏུགས་པས་སྐུ་བསོད་དང་སྙན་གྲགས་རྒྱས། ཆོས་སྡེ་འདིའི་འདུ་ཁང་དང་མགོན་ཁང་ཙམ་མ་གཏོགས་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བསྐྲུན། འོག་མིན་གཉིས་པ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་ཇི་ལྟ་བ་བཞིན་གྱི་སྤྲོས་བཅས་ཚེས་བཅུ་ཆེན་མོ་གཙོ་བོར་གྱུར་པའི་དུས་མཆོད་ཆེན་པོ་ལྔ་རྗེས་འབྲེལ་དང་བཅས་རྒྱུན་བཙུགས་ཐོག་སྤྲོས་བཅས་ཀྱི་ཡོ་བྱད་སོགས་གང་དགོས་ཁྱད་ཐོན་དང༌། ཉེར་མཁོའི་སྒྲུབ་དཀྱིལ་ཁྲིད་ཡིག་སོགས་ཆ་ཚང་སྤར་དུ་བསྒྲུབས། སྒྲུབ་སྡེ་བདེ་ཆེན་པདྨ་འོད་གླིང་གསར་དུ་བཏབ་ནས་སྤོང་བ་བསམ་གཏན་པ་བཅུ་གསུམ་རྒྱུན་འཇོག་དང༌། གཞན་ཡང༌། སིབ་དགོན་གསང་ཆེན་བཀྲ་ཤིས་ཆོས་གླིང༌། གཤང་ནག་རིག་འཛིན་མཁའ་སྤྱོད་གླིང༌། ཕུག་དགོན་ཆོས་འཁོར་བདེ་ཆེན་ལྷུན་པོ། སྒོ་མེ་དིང་ཀྱཱ་དགོན་གསང་སྔགས་ཆོས་གླིང༌། འཇུ་མོ་ཧོར་གསང་སྔགས་བཤད་སྒྲུབ་གླིང༌། ཉག་གཟུར་བ་ལྷ་འབུམ་དགོན་གསང་སྔགས་ཆོས་གླིང་རྣམས་སུ་གཙུག་ལག་ཁང་གསར་བཞེངས། རྙིང་སྤོ་ཞིག་གསོས་མཆོད་ཐེབས་རྟེན་གསུམ་སྩལ་པ་སོགས་མཐའ་ཡས། ལྕགས་ཁྱི་ལོར་གུ་རུ་རིན་པོ་ཆེས་ཞལ་གཟིགས་ནས་ལུང་བྱང་སྩལ་པ།པདྨས་བྱིན་རླབས་བདུད་འཇོམས་རོལ་པ་རྩལ། ། ཁྱོད་ནི་སྔོན་ཚེ་ནམ་མཁའི་སྙིང་པོ་འོ། ། བདག་ནི་སྣ་ཚོགས་སྐུར་སྟོན་པདྨ་འབྱུང༌། ། ཁྱོད་ལ་རྟག་ཏུ་བྱིན་གྱིས་བརླབ་ཕྱིར་འོངས། ། ཁྱོད་ཀྱི་སེམས་ཉིད་ཡིད་བཞིན་ནོར་བུ་དེ། ། རང་ངོ་ཤེས་ན་ང་ཉིད་ལོགས་སུ་མེད། ། ཅེས་སོགས་ཁ་བྱང་ལུང་བསྟན་སྩལ་པ་ལྟར་ཀེའུ་སྟོད་འགྱིང་བ་བྲག་དཀར་གནས་ཞལ་ཕྱེས། ཤིང་གླང་ལོར་དག་སྣང་ཁ་བྱང་ཕེབས་པ་བཞིན་གནས་མཆོག་སེང་གེ་གནམ་རྫོང་གནས་སྒོ་འབྱེད་པར་མཛད་པས་མཚོན་ཟབ་གཏེར་གྱི་ཁ་བྱང་ལུང་བསྟན་སྔ་རྗེས་མང་ཙམ་བྱུང་ཡང་སྙིགས་དུས་ཀྱི་སྐྱེ་བོའི་སྒྲོ་སྐུར་དང་བསྟན་པའི་མིག་རྐྱེན་སོགས་ལ་དགོངས་ནས་ཆེད་གཉེར་མ་མཛད། ལྷག་པར་བསྟན་རྒྱུན་ལ་དགོངས་པའི་འཆད་སྤེལ་སྤྱི་དང༌། བྱེ་བྲག་ཡང་གསང་རྫོགས་པ་ཆེན་པོ་སྡེ་གསུམ་སྙིང་པོའི་ཆོས་འཁོར་རྒྱ་ཆེར་བསྐོར་ཞིང༌། དེ་དག་ཀྱང་གང་ཟག་སོ་སོའི་བློ་རིམ་དང་འཚམས་པར་མྱོང་ཁྲིད་རྒྱུད་ལ་ཅི་སྨིན་ལ་གཙོ་བོར་མཛད་པས་ཞལ་སློབ་ཀྱང༌། པཎ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དང༌། ཀུན་སྤངས་གྲུབ་ཆེན་ཤེས་རབ་ཡར་འཕེལ་ཏེ་ཟླ་བྲལ་གྱི་པཎ་གྲུབ་རྣམ་གཉིས་དང༌། གཞན་ཡང༌། རྣམ་འདྲེན་རྫོགས་ཆེན་བཞི་པ། རབ་འབྱམས་སྐུ་འཕྲེང་གོང་འོག ཀཿཐོག་ཞིང་སྐྱོང་དང་རྨོག་ཚའི་ཡང་སྤྲུལ།དགེ་ཕྱག་རྣམ་གཉིས། ཉི་སྤྲུལ་གསུམ་པ། རྡོ་གྲུབ་ཆེན་རིན་པོ་ཆེ། གྲུབ་དབང་འཇིགས་མེད་གོ་ཆ། གླིང་རྗེ་དྲུང་རིན་པོ་ཆེ། ར་ཉག་གྲུབ་ཆེན། སྐུ་ཞབས་ཡེ་ཤེས་རྡོ་རྗེ། མགོ་ཚ་མཆོག་སྤྲུལ། གོང་གསལ་དགོན་མ་ལག་རྣམས་ཀྱི་བླ་སྤྲུལ་དམ་པ་རྣམས་ཀྱིས་གཙོས་བསྟན་འཛིན་གྱི་སྐྱེས་ཆེན་བཟང་ལ་མང་བ་དང༌། བྱེ་བྲག་སྙིང་པོའི་སྒྲུབ་པ་ལྷུར་ལེན་པའི་སྤོང་བ་པ་སྐུ་ཚེ་རིལ་པོར་སྒྲུབ་པའི་རྒྱལ་མཚན་བརྟན་པ་སྒྲུབ་ཆེན་འགྱུར་མེད་བསྟན་འཕེལ་དང་འགྱུར་མེད་མཐའ་ཡས། སློབ་དཔོན་ཧཱུྃ་ཀ་རའི་རྣམ་འཕྲུལ་དུ་ལུང་གིས་ཟིན་ཅིང་རིག་པ་ཚད་ཕེབས་ཀྱི་རྟགས་ཚད་མཐར་ཕྱིན་པ་མཁས་གྲུབ་འགྱུར་མེད་བསྟན་འཛིན་གྲགས་པ། རྟ་ནག་དང་སྨིན་གླིང་རྡོར་སེམས་བདེ་གཤེགས་ཀུན་འདུས་གར་ཚེ་འོད་དཔག་མེད་བཅས་ཀྱི་བསྙེན་པ་དུང་ཕྱུར་རེ་ཐེམས་ཤིང་དཔལ་རྟ་མགྲིན་གྱི་ཞལ་དངོས་སུ་མཐོང་བ་གྲུབ་ཆེན་ཀུན་བཟང་ངག་དབང༌། ཆོས་དབང་ཡང་འདུས་ཀྱི་སྙིང་པོ་ཡིག་དྲུག་དུང་ཕྱུར་བཅོ་ལྔ་འགྲུབ་ཅིང་འཕགས་པ་སྤྱན་རས་གཟིགས་ཀྱིས་ཞལ་བསྟན་པའི་བླ་མ་བསམ་གཏན། བླ་མའི་ཞབས་པད་མཉེས་པ་གསུམ་གྱིས་བསྙེན་ཅིང་སྐྱེ་འཆི་ལ་རང་དབང་ཐོབ་པ་བླ་མ་དབང་ཆེན་འབུམ། ཉམས་རྟོགས་མཐར་ཕྱིན་པའི་སྔགས་རམས་པ་ཀུན་བཟང་གསང་སྔགས་སོགས་བར་དོ་གསུམ་གང་རུང་དུ་གྲོལ་བའི་གདེང་ཚད་མངོན་དུ་བརྙེས་པའི་ཡང་དབེན་གྱི་སྒྲུབ་ཆེན་བཅུ་གསུམ་གྱིས་མཚོན་རྟོགས་པ་དོན་རྒྱུད་ཀྱི་རྒྱལ་ས་ཟིན་ངེས་ཀྱི་བུ་སློབ་ཆེས་མང་ཞིང༌། ཐ་ན་དམ་པ་འདི་ཉིད་ལས་སྒོམ་ཁྲིད་སྣ་རེ་ཐོབ་པའི་གྲྭ་རྒན་དཀྱུས་མ་རྣམས་ཀྱང་འདའ་ཀ་བླ་མའི་སྣང་བ་འཆར་བ་དང་འདའ་ཚོད་ཟིན་པ་སོགས་རྟགས་ཡ་མཚན་བརྒྱུད་མར་འོང་བར་ཐོས་སོ། ། དེའི་ཡང་སྲིད་གཉིས་པ་ཨོ་རྒྱན་རང་བྱུང་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ་ནི། རྡོར་སྨིན་སོགས་དམ་པ་དུ་མའི་ལུང་གིས་ཟིན་པ་ལྟར་གོང་མའི་ཆོས་ཁྲིར་མངའ་གསོལ། ཆུང་ངུ་ནས་སྔོན་གནས་རྗེས་དྲན་སོགས་དམ་པའི་རྣམ་ཐར་སྒྲིབ་མེད་དུ་གསལ། དབོན་སྤྲུལ་ཐུགས་རྗེའི་གཏེར་ཆེན་དང༌། རྫོགས་ཆེན་བཞི་པ། སྨིན་གླིང་ཁྲི་ཆེན་ཡིད་བཞིན་དབང་རྒྱལ།འཇིགས་མེད་རྒྱལ་བའི་མྱུ་གུ། ལྷ་འབྲང་དཔལ་ལྡན་ཆོས་རྒྱལ་སོགས་དམ་པ་དུ་མ་བསྟེན་ནས་གསན་བསམ་གྱི་སྒྲོ་འདོགས་བཅད། སྒོམ་སྒྲུབ་ཀྱིས་ཉམས་སུ་བླངས་པས་གནས་ལུགས་ཀྱི་རྟོགས་པ་འཁྲུངས། ལྷག་པའི་ལྷ་རབ་འབྱམས་ཀྱིས་ཞལ་བསྟན་ཅིང་རྗེས་སུ་བཟུང༌། བར་སྲིད་ཀྱི་རྣམ་ཤེས་དང་ལྷ་འདྲེའི་སྦྱོང་ཚུལ་སོགས་ལྐོག་གྱུར་གྱི་ཆོས་རྣམས་སྒྲིབ་མེད་དུ་གཟིགས།ནུས་མཐུས་མི་དང་མི་མ་ཡིན་གདུག་པ་ཅན་རྣམས་ཚར་བཅད། ལྷ་ལྡན་ཕྱོགས་སུ་འབྲུམ་པ་ནག་པོའི་ནད་ཀྱང་དཀར་པོར་བསྒྱུར་པ་སོགས་གྲུབ་པའི་སྤྱོད་པའང་ཅི་རིགས་མཛད། རང་དགོན་མ་ལག་རྣམས་འཛིན་སྐྱོང་སྤེལ་གསུམ་དང་ཉམས་པ་གསོ་བ། ཆོས་རྗེ་རབ་འབྱམས་ལྔ་པ་གོང་མའི་སེང་ཁྲིར་མངའ་གསོལ་བ་སོགས་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་མཐར་ཕྱིན་ཏོ། ། ཡང་ཆོས་རྗེ་རྒྱལ་ཚབ་པའི་ཞལ་སློབ་གཙོ་བོ། གོང་གསལ་གྲུབ་ཆེན་ཤེས་རབ་ཡར་འཕེལ་ནི། སྐུ་ཆུང་ངུ་ནས་དད་པ་ངེས་འབྱུང་དང་སྙིང་རྗེ་དང་ཤེས་རབ་སོགས་ཐེག་པ་ཆེན་པོའི་རིགས་ཁམས་ཡོངས་སུ་བརྟས། བཻ་རོའི་ཐུགས་སྤྲུལ་རོང་སྟོན་ལྕགས་རྣ་ཅན་ནམ་པདྨ་བདེ་ཆེན་གླིང་པའི་སྔོན་རབས་གསལ་བོར་དྲན། དགུང་གྲངས་བཅུ་དགུ་པའི་ཐོག་ནས་ཡིག་དྲུག་དུང་ཕྱུར་ཐེམས་པས་འཕགས་པ་སྤྱན་རས་གཟིགས་ཀྱིས་ཞལ་བསྟན་ཅིང་ཚེ་རབས་ནས་འབྲེལ་བའི་བླ་མ་དང་སྒྲུབ་གནས་སོགས་ལུང་བསྟན་པ་བཞིན། ཉེར་ཐམ་ནས་ཕ་ཡུལ་རྒྱབ་ཏུ་བོར་ནས་དབུས་གཙང་གི་གནས་སྐོར་དང་སྦྲགས་རྒྱལ་ཚབ་བསྟན་འཛིན་ཆོས་རྒྱལ་གྱི་ཞབས་པད་བསྙེན་ནས། ལས་ཅི་ལ་ཐུག་ཀྱང་རི་མི་འབབས་པ་དང༌། བླ་མའི་གཟིམས་སྤྱིལ་དང་ཆོས་ར་མ་གཏོགས་གཞན་གྱི་སྒོ་ཐེམ་མི་འགོམ་པ་དང༌། གསེར་དངུལ་སོགས་རིན་པོ་ཆེ་ལ་མི་རེག་པ་སོགས་ཀྱི་དམ་བཅའི་ཁུར་བཞེས་ནས་སྐུ་ཚེ་རིལ་པོར་སྒྲུབ་སྡེ་བདེ་ཆེན་པདྨ་འོད་གླིང་དུ་དབང་ཕྱུག་མི་ལ་རས་པའི་རྣམ་ཐར་བཟུང༌། དགུང་གྲངས་སུམ་ཅུའི་ཐོག་ཡན་ཆོད་དུ་དཀྱིལ་འཁོར་ཉི་ཤུ་རྩ་ལྔའི་བསྙེན་པ། སིངྔྷི་དུང་གཅིག ཡིག་དྲུག་དུང་གཉིས། བསམ་ལྷུན་འབུམ་ཐེར། བརྒྱད་སྟོང་པ་སྟོང་ཐོག་བརྒྱ་བཞག་གྲུབ། མཚན་བཅས་ཀྱི་རྫོགས་རིམ་ལ་གཙོ་བོར་བཏོན་པས་བདེ་གསལ་མི་རྟོག་པའི་ཉམས་ཀྱིས་མྱོས་པ་ལོ་དགུར་བྱུང༌། སུམ་ཅུའི་ཐོག་བླ་མ་སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཐུན་མོང་མ་ཡིན་པའི་རྐྱེན་གྱིས་ཤེས་ཉམས་ཡིད་དཔྱོད་ཀྱི་འཛིན་པ་དབྱིངས་སུ་དག་ནས་མངོན་སུམ་རང་ཐོག་ཏུ་ཕེབས། དེ་ནས་བཟུང་བླ་མའི་རྣལ་འབྱོར་ཁོ་ན་རྩལ་དུ་བཏོན་ཏེ་ཕྱི་ནང་གི་བྱ་བ་དགུ་ཕྲུགས་སུ་བཏང་སྟེ་རྫོགས་པ་ཆེན་པོ་ཀ་དག་དང་ལྷུན་གྲུབ་ཀྱི་ཉམས་ལེན་ཁོ་ན་ལ་དྲིལ་བས་སྣང་བཞིའི་ཡེ་ཤེས་མཐར་ཕྱིན་ཏེ་སྒོམ་མེད་ཆོས་སྐུའི་གཏན་སྲིད་ཟིན། ཚེ་གཅིག་ལུས་གཅིག་ལ་དྲུག་པ་རྡོ་རྗེ་འཆང་གི་རྒྱལ་སར་གཤེགས་པ་ཡིན་ཏེ་ཉིད་ཀྱི་རྡོ་རྗེའི་མགུར་ལས། རྗེ་དག་པ་གཉིས་ལྡན་མི་གཟུགས་ཅན། ། ཕ་བླ་མ་དམ་པའི་ཞབས་ལ་འདུད། ། ཁྱོད་རྩེ་གཅིག་བསྙེན་པའི་བྱིན་རླབས་ཀྱིས། ། བདུད་ཉེར་ལེན་ལྔ་ཕུང་ཞིག་ནས་ཐལ། ། རྟག་ཆད་ཀྱི་གྲུབ་མཐའ་འཛིན་དོན་མེད། ། ཁོང་བླ་མ་རྩ་གསུམ་ཀུན་འདུས་སུ། ། མཐོང་བསྒོམས་ཀྱིས་གཞན་སྣང་བོར་ཏེ་ཐལ། ། ལྷ་ཞི་ཁྲོ་ཌཱ་ཀི་སྒྲུབ་འདོད་མེད། ། སྐྱབས་མཆོག་གསུམ་བླ་མར་བལྟས་བལྟས་ནས། ། མགོན་གཞན་ལ་རེ་བ་ཡལ་ནས་ཐལ། ། བདག་སྐྱོབ་མཁན་གཞན་ཞིག་ཚོལ་བསམ་མེད། ། ཡབ་མཚན་ལྡན་བླ་མའི་བྱིན་རླབས་ཀྱིས། ། ཉམས་དགའ་བཞིའི་ཡེ་ཤེས་མྱོང་ནས་སོང༌། ། ཡིད་བསླུ་བྲིད་གཟུགས་ལ་ཆགས་དོན་མེད། ། ཆོས་མཐུན་གྱི་བསམ་པ་བསྐྱངས་བསྐྱངས་ནས། ། སྡིག་མི་དགེ་ཕལ་ཆེར་བརྗེད་ནས་ཐལ། ། སེམས་དགེ་བར་འཇུག་ཐབས་བྱ་རྒྱུ་མེད། ། ཡུལ་སྣོད་བཅུད་སྒྱུ་མར་སྦྱངས་སྦྱངས་ནས། ། ཐ་མལ་གྱི་སྣང་ཞེན་སྲབ་ནས་ཐལ། ། བློས་བཏགས་ཀྱི་ལྷར་སྒོམ་དགོས་པ་མེད། ། བདེན་མེད་ལ་གོམས་འདྲིས་བྱས་བྱས་ནས། ། ཁོས་བྱ་བྱེད་བྱས་ཟིན་བརྗེད་དེ་ཐལ། ། འཁོར་གསུམ་ལ་རྣམ་པར་རྟོག་དོན་མེད། ། ཕྱོགས་འཛིན་གྱི་འགོང་པོ་བཤིག་བཤིག་ནས། ། སེམས་གཉིས་སུ་མེད་པར་ཁོ་ཐག་ཆོད། ། ཡོད་མེད་ཅེས་རེ་དོགས་བྱ་དོན་མེད། ། གཟུང་འཛིན་གྱི་མདུད་པ་བཀྲོལ་བཀྲོལ་ནས། ། ཕྲན་རྨོངས་ཀྱི་ཤེས་རྒྱུད་དག་ནས་ཐལ། ། མཁའ་དབྱིངས་ལ་མདུད་པ་འབོར་དུ་མེད། ། ལོ་མང་ནས་གང་ཤར་གང་སྣང་ལ། ། སེམས་འཛིན་གྱི་ཐག་པ་ཆད་ནས་ཐལ། ། སྡུག་བརྩིར་གྱི་འགྱུར་བུས་བཅིང་དོན་མེད། ། གནད་ཆེན་པོ་གསུམ་གྱི་ལྟ་གྲུབ་རྟོགས། ། ཐེ་ཚོམ་གྱི་དོགས་པ་ཟད་ནས་ཐལ། ། ད་གྲུབ་མཐའི་ཁ་འཛིན་བྱེད་སྙམ་མེད། ། དོན་གཉིས་སྣང་སྤྲོས་པ་དབྱིངས་སུ་ནུབ། ། རང་རིག་གི་རྒྱལ་ས་ཟིན་ལ་ཉེ། ། བློས་བཅོས་བཟོ་ཆེད་བསྒོམ་བྱ་རྒྱུ་མེད། ། འདི་དོན་མེད་ཁ་ཕོ་མ་ཡིན་ཏེ། ། སྐྱབས་བླ་མ་དྲན་ནས་ཉམས་སྣང་འུར། ། ཚིག་གང་དྲན་ཐོལ་བྱུང་སྨྲས་པ་ཡིན། ། ཞེས་དང༌། དང་པོ་ཆོས་སྒོར་ཞུགས་ནས་སྒོ་གསུམ་གྱི། ། དགེ་སྦྱོར་སྡུག་རུས་བྱས་ནས་ཚེ་ཕྱེད་སོང༌། ། བར་དུ་ཤེས་རབ་རང་རྩལ་རྫོགས་པ་ང༌། ། སྣང་བ་ཐད་ཀ་ཆོད་ནས་ལོ་མང་སོང༌། ། ཐ་མ་ཀུན་གཞི་ཆོས་སྐུར་ཐིམ་པ་ངས། ། སྣང་ཤེས་སྒོམ་རྒྱུ་མ་ལོན་ལོ་ཤས་སོང༌། ། ཞེས་སོགས་གསུངས་པས་མཚོན་པར་ནུས་ལ། གདུལ་བྱ་ཐུན་མོང་བའི་ངོར་ཡང་སྣང་རིག་འདྲེས་པའི་རྟགས་སུ་རྡོ་ལ་ཕྱག་ཞབས་ཀྱི་རྗེས་འཇོག་པ་གཞན་སེམས་ཤེས་པའི་མངོན་ཤེས་ཐོགས་མེད་དུ་གསུངས་པ། སྐུ་གདུང་གིས་འབྱུང་བཞིའི་འཇིག་པ་སྲུང་བ་སོགས་ངོ་མཚར་བའི་རྣམ་ཐར་མང༌། རིག་རྩལ་སོ་སོར་རྟོགས་པའི་ཡེ་ཤེས་སུ་འབར་བས་སྒོམ་བྱུང་གི་ཤེས་རབ་ཀློང་རྡོལ་ནས་གསུང་རྩོམ་ཡང་པུསྟི་ཀ་བཞི་ལྔ་ཙམ་ཡོད་པར་གསུང་མགུར་ལས་གསལ་ཡང་སྡུད་པ་པོ་མ་བྱུང་བས་ད་ལྟ་ཆེར་མཇལ་དུ་མི་སྣང་ལ། གསུང་མགུར་ཁྲིད་ཡིག རྩོད་ལེན་སོགས་པོད་ཆུང་ཙམ་ཞིག་བཞུགས་པ་ནི་ཀུན་མཁྱེན་ཡབ་སྲས་ཀྱི་གསུང་དང་རྣམ་དབྱེར་མེད་པའི་ལེགས་བཤད་དུ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་པ་སོགས་དམ་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བསྔགས་པར་སྣང་ངོ༌། ། སྐུའི་སྐྱེ་སྲིད་དེ་མ་ཐག་པ་ནི་འཁོར་ལོའི་དབང་ཕྱུག་བློ་གྲོས་མཐའ་ཡས་ཡིན་པར་རྗེ་བླ་མ་ཉིད་ཀྱིས་རྣམ་ཐར་རྟོགས་བརྗོད་དུ་གསལ་བོར་ཞལ་གྱིས་བཞེས་པས་ཤེས་པར་ནུས་སོ། ། པཎ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལམ་འཇམ་མགོན་བསྟན་འཛིན་འཕེལ་རྒྱས་ནི། འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་སྤྲེལ་སྒོམ་བྱང་ཆུབ་སེམས་དཔའ། གངས་ལྗོངས་སྣང་བའི་མིག་གཅིག་ཐུ་མིའི་སམ་བྷོ་ཊ། རྒྱལ་མོ་གཡུ་སྒྲ་སྙིང་པོ། དྲག་སྔགས་མཐུ་ཡི་བཀའ་བབས་དུམ་རྒྱ་ཞང་ཁྲོམ། ཧེ་རུ་ཀཿཔ་ཟུར་ཆུང་ཤེས་རབ་གྲགས་པ། ནག་ཚོ་ལོ་ཙཱ།གསལ་སྟོང་སྒོམ་ཤེ། གཏེར་སྟོན་དྲི་མེད་ཀུན་དགའ། རྩེ་ལེ་སྣ་ཚོགས་རང་གྲོལ། ལོ་ཆེན་ངྷརྨ་ཤྲཱི། མཁན་ཆེན་ཨཽ་ཌི་ཡཱ་ན་རྣམས་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་རྣམ་འཕྲུལ་དུ་ལུང་གིས་ཟིན་ཅིང༌། སྐུ་དངོས་ཀྱི་སྐྱེ་བ་སྔ་མ་ནི་གྲུབ་དབང་པདྨ་རྒྱལ་མཚན་གྱི་རིགས་དབོན་རྟོགས་ལྡན་སངས་རྒྱས་རབ་བརྟན་ཞེས་རྗེ་རབ་འབྱམས་གཉིས་པའི་ཐུགས་སྲས་ཀྱི་གཙོ་བོ་ཚེ་དང་སྒྲུབ་པ་མཉམ་པ་དེ་ཉིད་ཡིན། མེ་མོ་ལུག་གི་ལོ་ལ་མདོ་ཁམས་ལྷོ་རྒྱུད་དུ་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་འཁྲུངས། འཁྲུངས་མ་ཐག་ཐུགས་ཆེན་སྙིང་པོ་ཡིག་བཅུ་གསུངས་པ་དང༌། ཀློག་ཡིག་མ་བསླབ་གོང་ཀཻ་ཤ་ཅན་གྱི་ཡི་གེ་གཟིགས་ཚེ་འདི་ཀློག་དུས་རིང་པོར་འཐེན་དགོས་གསུངས་པས་མཚོན་ངོ་མཚར་བའི་ལོ་རྒྱུས་མང༌། དགུང་ལོ་བཞིའི་ཐོག་གོང་མའི་གདན་ས་གཤང་ནག་རི་ཁྲོད་དུ་སྤྱན་དྲངས། དེ་ནས་མི་རིང་བར་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭ་ཆེན་པོ་འདིར་བྱོན་ནས་རིགས་བདག་མཚུངས་མེད་རྒྱལ་ཚབ་བསྟན་འཛིན་ཆོས་རྒྱལ་གྱི་ཞབས་པད་བསྟེན་པས་དགོངས་པའི་གསང་མཛོད་ལོན། དམ་པ་དེ་ཉིད་ཀྱིས་བསྐུལ་བཞིན་སྔ་འགྱུར་བསྟན་པའི་ཆུ་མགོ་གཅིག་པུར་གྱུར་པའི་དབུས་འགྱུར་མ་ག་དྷཱ་གཉིས་པ་ཀཿཐོག་རྡོ་རྗེ་གདན་དུ། ཀུན་གཟིགས་མ་ཧཱ་པཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱི་ཞབས་པད་ལོ་ལྔར་བསྟེན་ནས་བཅུ་ཕྲག་རིག་པ་ཡན་ལག་དང་བཅས་པ་ཐུགས་སུ་ཆུབ་ཅིང་དོན་གྱི་བསྟན་པ་གཏད། གོང་སྨོས་འགྲན་ཟླ་དང་བྲལ་བའི་བཀའ་དྲིན་ཅན་གྱི་བླ་མ་རྣམ་གཉིས་དང༌། གཞན་ཡང་སྨིན་གླིང་ཁྲི་ཆེན་པདྨ་དབང་རྒྱལ་སོགས་བཤེས་གཉེན་ལྔ་ཕྲག་ལྔ་བསྟེན་ནས་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་དུ་ཕྱིན་ཏེ་ཐམས་ཅད་མཁྱེན་པའི་གནས་ལ་བདག་གིར་མཛད། དེ་དག་ཀྱང་ཐོས་པ་ཙམ་དུ་མ་བཞག་པར་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་ལོ་གསུམ་དང༌། སྒྲུབ་སྡེ་བདེ་ཆེན་པདྨ་འོད་གླིང་དུ་ལོ་དྲུག་གཙོ་བོར་གྱུར་པར་བསམ་སྒོམ་གྱིས་གཏན་ལ་ཕབ་པས་གྲུབ་པའི་རྒྱལ་ས་མཐོན་པོར་གཤེགས་པ་ཡིན་ཏེ། ཕྱི་ཚུལ་དམ་པའི་ཆོས་འདུལ་བ་ནས་གསུངས་པའི་ཁྲིམས་ཉིས་བརྒྱ་དང་ལྔ་བཅུར་ཉེས་ལྟུང་གི་རྙོག་མས་མ་བསླད་པའི་མཁན་ཆེན་འདུལ་བ་འཛིན་པ་ཆེན་པོ། ནང་དུ་རང་དོན་ཡིད་བྱེད་ཀྱི་འཆིང་བ་ལྷོད་པོར་གྱུར་པས་རྟག་པར་གཞན་དོན་ལས་མི་གཡེལ་བའི་རྒྱལ་སྲས་སེམས་དཔའ་ཆེན་པོ། གསང་བ་དམ་ཚིག་རྣམ་པར་དག་ཅིང་རིམ་གཉིས་ཀྱི་ལམ་མཐར་གཤེགས་པའི་སྔགས་སྤྱོད་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ། ཡང་གསང་རྫོགས་པ་ཆེན་པོ་ལྷུན་གྲུབ་འོད་གསལ་གྱི་སྣང་བ་ཚད་ལ་ཕེབས་ཏེ་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོར་མཉམ་པ་ཉིད་དུ་སྤྱོད་ནུས། དུས་གསུམ་སྒྲིབ་མེད་དུ་གཟིགས་པས་ལྐོག་གྱུར་གྱི་ཆོས་ཀུན་གཏན་ལ་དབབ་པ་ལ་མི་བསྙིངས། དམ་ཅན་བྲན་དུ་ཁོལ་བས་ལས་གང་རྩོམ་ཐོགས་མེད་དུ་གྲུབ་ཀྱང་གཞན་ལ་གནོད་པའི་མཐུ་གཏད་དང་ལས་སྦྱོར་མི་མཛད། ལུང་རིགས་ཀྱི་སྤོབས་པ་མཐོ་བས་འཇིགས་མེད་སེངྒེའི་ངང་ཚུལ་བརྟན་ཡང་གཞན་ལུགས་ཀྱི་གྲུབ་མཐར་དཔྱས་གདགས་མི་གནང༌། དགོན་གཙང་ཁག་ལྔ་སོགས་ཆེན་པོ་རྣམས་ཀྱི་ཏི་ཤྲཱི་བཀུར་ཀྱང་ཁེངས་དྲེགས་དང་སྙེམས་པ་མི་མངའ། ཆོས་བརྒྱད་ཀྱི་འཛིན་པ་དག་པས་ཆེ་ཐབས་དང་སྙན་གྲགས་མི་སྒྲུབ། གསུང་རབ་ཐམས་ཅད་གདམས་ངག་ཏུ་ཤར་བས་གྲུབ་མཐའི་ཁ་འཛིན་དང་ཕྱོགས་ཞེན་མི་མངའ་བ་སོགས་དམ་པའི་རྣམ་ཐར་སྨོས་ཀྱིས་མི་ལང༌། རྒྱལ་དབང་བཅུ་བཞི་པ་ཐེག་པ་མཆོག་གི་རྡོ་རྗེས་ཟེ་ཆེན་མ་ཧཱ་པཎྜི་ཏ་ཞེས་པའི་མཚན་གྱི་ཅོད་པཎ་དཔྱངས། དགུང་གྲངས་བཅུ་དགུའི་ཐོག་རྒྱལ་ཚབ་མཆོག་ནས་བསྟན་པ་གཏད་པས་དེ་ཕྱིན་ཆོས་སྡེ་ཆེན་པོ་འདི་ཉིད་མ་ལག་དང་བཅས་པའི་འཛིན་སྐྱོང་སྤེལ་གསུམ་གྱི་ཕྲིན་ལས་བླར་འཕེལ། ཐིག་ལེ་སྟོང་གསལ་ཆེན་པོའི་རྒྱུད་ཀྱི་ལུང་དོན་གསལ་བྱེད་ཐེག་པ་མཐའ་དག་གི་ལམ་རིམ་སྦྲང་ཆུང་རྩི་བཅུད་སོགས་ལེགས་བཤད་ཀྱི་གཏེར་ཆེན་པོར་གྱུར་པའི་བཀའ་རྩོམ་ཡང་པོད་དྲུག་ཏུ་ལོངས་བས་མཚོན་འཁོར་ལོ་གསུམ་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས་པའི་ཞལ་སློབ་ཀྱི་གཙོ་བོ། ངོ་མཚར་བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པ། སྔོན་མེད་མཛོད་ལྔའི་ཤིང་རྟ་ཀུན་མཁྱེན་བློ་གྲོས་མཐའ་ཡས། བེ་ལོ་ཚེ་དབང་ཀུན་ཁྱབ་ཀྱི་རྣམ་འཕྲུལ་སྒོམ་རོ་གཅིག་གི་རྟོགས་པ་མངོན་དུ་བརྙེས་པའི་ལྔ་རིགས་སྨྲ་བའི་དབང་པོ་ལྷོ་ཨ་གྲོ་སྒྲ་རམས་པ་གྲུབ་དབང་བསྟན་འཛིན་ཉི་མ། མདོ་རྒྱུད་རིགས་གནས་དང་བཅས་པ་ཁོང་དུ་ཆུབ་པའི་ལྷོ་སེང་ཚ་སྨན་རམས་པ་བློ་གྲོས་མཆོག་རྒྱས་འོད་ཟེར་ཏེ་ནང་ཐུགས་ཀྱི་སྲས་བཞི་དང༌། འཕགས་མཆོག་སྡུག་བསྔལ་རང་གྲོལ་མི་ཡི་རྫུ་ལ་ཞུགས་པ་མཁྱེན་རྟོགས་འཕགས་ཡུལ་གྱི་སློབ་དཔོན་ཤཱནྟ་དེ་ཝ་དང་རྣམ་དབྱེར་མ་དམིགས་པ་རྫ་དཔལ་དགེ་སྤྲུལ་སྐུ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། པདྨའི་ཐུགས་སྤྲུལ་མདོ་ཁམས་ལྔ་པ་སྒྲུབ་བརྒྱུད་ཉི་མ། ཞྭ་སེར་བསྟན་པའི་གཙུག་རྒྱན་བྲག་གཡབ་སྐྱབས་མགོན་ནོ་མི་ཧན། ཏྲེའོ་དགོན་གསར་ཆོས་རྗེ། ཀཿཐོག་རྡོ་རྗེ་གདན་གྱི་ཆོས་ཀྱི་ཁྲི་སྐྱོང་བ་སི་ཏུ་རིན་པོ་ཆེ། སྔ་འགྱུར་བསྟན་པའི་སྒྲོན་མེ་མཆིམས་ཕུའི་ཟུར་མཁར་སྤྲུལ་སྐུ། རྒྱལ་ཚབ་གསུམ་པ་པདྨའི་འོད་ཟེར་མི་བསྐྱོད་མཁས་གྲུབ་རྒྱ་མཚོ་སོགས་རང་དགོན་མ་ལག་རྣམས་ཀྱི་བླ་སྤྲུལ་དམ་པ་རྣམས་ཀྱིས་མཚོན། ཆེ་བཙུན་མཁས་པའི་བཤེས་གཉེན། ལུང་རིགས་སྨྲ་བའི་སྟོན་ཆེན། ཉམས་མྱོང་ཅན་གྱི་སྒྲུབ་བ་པ། བསྟན་ལ་ཕྱག་རྗེས་ཆེ་བའི་མཁས་གྲུབ་མཐའ་ཡས་པ་བྱུང༌། དེ་དག་སློབ་བརྒྱུད་དང་བཅས་པའི་ཕྲིན་ལས་ཀྱིས་ནི་ས་ཆེན་པོ་འདི་ཉིད་ཁྱབ་པ་བཞིན་དུ་གྱུར་པ་ནི་མངོན་སུམ་གྱིས་གྲུབ་པ་འདིའོ། ། འདི་དག་གི་རྣམ་ཐར་རྒྱས་པ་ནི་འདིར་ཡི་གེས་འཇིགས་ནས་མ་སྨོས་ལ། འཇམ་མགོན་རྡོ་རྗེ་འཆང་རྣམ་གཉིས་ཀྱི་རྣམ་ཐར་མདོར་བསྡུས་ནི་འོག་ཏུ་འཆད་པར་འགྱུར་ཞིང༌། དམ་པ་འདི་གཉིས་ཀྱི་སློབ་ཚོགས་རྒྱུ་སྐར་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་འཕགས་པའི་ཁྱབ་བདག་བླ་མ་འཇམ་དཔལ་དགྱེས་པའི་རྡོ་རྗེ་ནི། ངེས་པའི་དོན་དུ་རྗེ་བཙུན་བསྟན་པའི་འཁོར་ལོ་ཉིད་སྣང་ཚུལ་ཙམ་དུ་དགེ་བའི་བཤེས་གཉེན་གྱི་རྣམ་པར་བསྟན་པ་སྟེ། དེ་ཡང་རུས་ཆེན་དྲུག་གི་ཡ་གྱལ་འབྲི་ཆུ་ཁམས་པའི་རིགས་ཀྱི་བྱེ་བྲག་འཇུ་ཞེས་མཁས་གྲུབ་ཀྱི་སྐྱེས་བུ་དུ་མ་བྱོན་པའི་རྒྱུད་དུ་འཁྲུངས། ཆུང་ངུ་ནས་ཐེག་པ་ཆེན་པོའི་རིགས་ཁམས་ཡོངས་སུ་སད་པའི་མཐུས་ངེས་གསང་སྙིང་པོའི་བསྟན་པ་ལ་འཕྲོག་ཏུ་མེད་པའི་དད་མོས་དང་སྙིང་སྟོབས་ཀྱི་བརྩོན་པའི་གོ་ཆ་ཆེས་བརླིང་ཞིང༌། འཇུ་མོ་ཧོར་གསང་སྔགས་བཤད་སྒྲུབ་གླིང་དུ་གྲྭ་བཙུན་དཀྱུས་མའི་ཚུལ་དུ་ཞུགས། ཟུང་འཇུག་གི་གོ་འཕང་བརྙེས་པ་ལབ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེ་ལས་པཎྜི་ཏ་མ་ཏིའི་ལུགས་ཀྱི་འཇམ་དཀར་གྱི་རྗེས་གནང་གསན་པས་གྲུབ་པའི་རྟགས་མཚན་ཕལ་གྱི་མཐུན་སྣང་དུ་གྲུབ་པ་བྱུང༌། དེ་ནས་བཟུང་མ་བསླབས་པའི་མཁྱེན་པ་ཀློང་རྡོལ། རིགས་བདག་མཚུངས་མེད་ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་རྩལ་གྱི་ཞབས་པད་བསྟེན་པས། སྔོན་རྡོ་ཐོག་ཐེལ་པ་རྡོ་རྗེ་རྒྱལ་མཚན་ཞེས་པའི་མཁས་གྲུབ་ཆེན་པོ་བྱམས་ཆོས་སྡེ་ལྔ་ཚར་བརྒྱ་བཤད་ཅིང༌། ཕྱིས་རྒྱ་ནག་གི་དབུ་བླར་ཕེབས་པར་སྔགས་པ་ཡིན་གཤིས་ཉམས་སད་པའི་ཕྱིར་མཆོད་རྟེན་ནང་སྒྲོམ་དུ་བཅུག་ནས་ལོ་གཅིག་གི་བར་སྒོ་བསྡམས། སླར་བལྟས་པས་ཕར་བཞག་དུས་དང་འདྲ་བར་བཞུགས་ཤིང༌། དེར་ཡུད་ཙམ་གྱི་སྣང་བ་ལས་མ་བྱུང་ཚུལ་གསུངས་པས། རྒྱ་ནག་རྒྱལ་པོ་འཁོར་དང་བཅས་པ་སྔགས་པར་དད་ནས་བཀུར་བཟོས་རྒྱ་ཆེན་པོ་དང་བཅས་ཏེ་སླར་བོད་དུ་ཕེབས་པས་སྔགས་པ་རྣམས་ལ་ཕན་ཐོགས་ཆེར་མཛད་པ་དེའི་སྐྱེ་བར་དབུགས་དབྱུང་ནས། དོན་གྱི་རྒྱུ་མཚན་བཞི་དང་འབྲེལ་བར་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ཞེས་པའི་མཚན་གསོལ་དང་བཅས་དོན་གྱི་རྒྱལ་ཚབ་ཏུ་དབང་བསྐུར་ཅིང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྨིན་གྲོལ་གཞུང་བཤད་ཉམས་མྱོང་དམར་ཁྲིད་དང་བཅས་པ་མཐའ་ཡས་པ་སྩལ་ཅིང་སྐུ་གསུང་ཐུགས་ཀྱི་གསང་བ་ཟབ་མོས་བྱིན་གྱིས་བརླབས་པས། གསུང་རབ་ཐམས་ཅད་ཀྱི་དགོངས་པའི་གཏིང་ཕྱིན། སྤོབས་པ་རྗེ་བཙུན་འཇམ་པའི་དབྱངས་དང་མཉམ་པར་གྱུར་ཏོ། ། གཞན་ཡང་སྔ་རྗེས་ཅི་རིགས་པར་འཇམ་མགོན་གྲུབ་པའི་དཔའ་བོ་པདྨ་གར་དབང་བློ་གྲོས་མཐའ་ཡས། རྒྱལ་བའི་སྲས་པོ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། མཁན་ཆེན་ཐམས་ཅད་མཁྱེན་པ་པདྨ་བཛྲ་སོགས་སྐྱེས་ཆེན་དུ་མ་ལས་ཟབ་རྒྱས་ཀྱི་གདམས་པའི་བདུད་རྩི་རྒྱ་ཆེར་གསོལ། གསན་སྦྱངས་དང་འཆད་སྤེལ་གྱི་སྐབས་ཕྲན་བུ་མ་གཏོགས་སྐུ་ཚེ་རིལ་པོར་སྒྲུབ་པའི་རྒྱལ་མཚན་བརྟན་པས་རྟོགས་པ་དོན་བརྒྱུད་ཀྱི་རྒྱལ་ས་ཟིན་ཏེ་སའི་སྟེང་ན་འགྲན་ཟླ་དང་བྲལ་བའི་པཎ་གྲུབ་ཆེན་པོར་གྱུར། ཁྱད་པར་མདོ་ལས་གསུངས་པའི།བརྗེད་པ་མེད་པས་དྲན་པའི་གཏེར་དང༌། བློས་རབ་ཏུ་འབྱེད་པས་བློ་གྲོས་ཀྱི་གཏེར་དང༌། མདོ་སྡེ་ཐམས་ཅད་ཀྱི་དོན་གྱི་རྣམ་པ་ཁོང་དུ་ཆུད་པས་རྟོགས་པའི་གཏེར་དང༌། ཐོས་པ་ཐམས་ཅད་ཀུན་ཏུ་འཛིན་པས་གཟུངས་ཀྱི་གཏེར་དང༌། ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པས་སྤོབས་པའི་གཏེར་དང༌། དམ་པའི་ཆོས་ཡོངས་སུ་བསྲུང་བས་ཆོས་ཀྱི་གཏེར་དང༌། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པས་བྱང་ཆུབ་སེམས་ཀྱི་གཏེར་དང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་སྒྲུབ་པའི་གཏེར་ཏེ་གཏེར་ཆེན་པོ་བརྒྱད་ལ་རང་དབང་དུ་འབྱོར་པས། གསུང་རབ་དགོངས་འགྲེལ་དང་བཅས་པའི་ཟབ་ཅིང་རྒྱ་ཆེ་བའི་དོན་གྱི་གནད་མཐའ་དག་བདེ་བླག་ཏུ་རྟོགས་པར་བྱེད་པའི་བསྟན་བཅོས་མཁས་པའི་ཚུལ་ལ་འཇུག་པའི་སྒོ་སོགས་རྒྱལ་བ་སྲས་དང་བཅས་པའི་དགོངས་པ་ཕྱིན་ཅི་མ་ལོག་པའི་ཤིང་རྟའི་རིང་ལུགས་གསལ་པོར་དབྱེ་བའི་ལེགས་བཤད་ཀྱི་སྒོ་ཐུན་མོང་དང་ཐུན་མོང་མ་ཡིན་པ་མཐའ་ཡས་པ་སྩལ་ཅིང༌། དེ་དག་གིས་ཀྱང་དཀར་ནག་རྒྱ་ཡི་ཡུལ་གྲུ་ཚུན་ཆོད་ཁྱབ་སྟེ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གྲགས་པའི་རྔ་ཆེན་སྲིད་ཞིའི་ཁོངས་སུ་སྙན་པ་སྟེ། མདོར་ན་རྗེ་ཉིད་ཀྱི་ཞལ་སྔ་ནས། རང་ཁྱད་འབྱིན་སླད་བསྟོད་པས་མ་བསྒྲགས་ཀྱང༌། ། སེམས་ཉིད་མཁའ་ལ་རྣམ་དཔྱོད་ཁྱིམ་གྱི་མེ། ། གཟི་བརྗིད་ཅི་འདྲ་ཚིག་གི་ལམ་ནས་ནི། ། བློ་གྲོས་མིག་དང་ལྡན་པས་བལྟ་བར་བྱོས། །ཞེས་གསུངས་པ་ལྟར་གནས་དུས་ཀྱི་ཁྱད་པར་ཕྲན་བུ་ཙམ་མ་གཏོགས་ཤིང་རྟ་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་སོགས་འཛམ་གླིང་མཛེས་པའི་རྒྱན་མཆོག་རྣམས་དང་མཁྱེན་རྟོགས་རྣམ་དབྱེར་མེད་པ་ནི་གཟུ་བོར་གནས་ཤིང་ཆོས་ཀྱི་སྤྱན་དང་ལྡན་པ་དག་གིས་ལེགས་པར་བཤད་པའི་བསྟན་བཅོས་ཆེན་པོ་རྣམས་ལ་གཟིགས་པས་ཤེས་པར་ནུས་པའི་ཕྱིར་མང་དུ་སྨོས་མ་དགོས་ལ། ད་ལྟའི་དུས་ཀྱང་སྐུ་འཚོ་ཞིང་གཞེས་ལ་ཆོས་ཀྱི་འཁོར་ལོ་སྐོར་བཞིན་པ་སྟེ། ད་དུང་ཡང་བསྐལ་པ་ཞིང་གི་རྡུལ་སྙེད་དུ་གཟུགས་སྐུ་རྡོ་རྗེ་ལྟ་བུར་བརྟན་ཞིང་ཟབ་རྒྱས་ཐེག་པའི་སྒོ་འཕར་བརྒྱ་ཕྲག་འབྱེད་པར་གསོལ་བ་འདེབས་སོ། ། གཞན་ཡང་སྨིན་གླིང་གཏེར་ཆེན་སྐུ་མཆེད་ཀྱི་ཞལ་སློབ་གཙོ་བོ་འོ་བྲན་དཔལ་གྱི་དབང་ཕྱུག་གི་རྣམ་འཕྲུལ་རིག་པ་དང་གྲོལ་བའི་སྤོབས་པ་ཅན་ད་ལའི་ཧུ་ཐོག་ཐུ་ཆེན་པོས་ཀྱང་བྱང་ཕྱོགས་ཀྱི་རྒྱུད་དུ་སྙིང་པོའི་བསྟན་པ་ལ་བྱ་བ་ཆེར་བྱས་ཤིང༌། ཞིག་གླིང་ཆོས་བདག་གཙང་པ་པདྨ་རྒྱལ་མཚན་ཁམས་ཀཿཐོག་ཏུ་བྱོན་པའི་སློབ་མ། ཀུན་མཁྱེན་ཀློང་ཆེན་པའི་རྣམ་འཕྲུལ་ཁམས་དབུས་གཉིས་ཀའི་བསྟན་པའི་སྣང་བྱེད་ཆེན་པོར་གྱུར་པ་སྟག་བླ་པདྨ་མ་ཏི་ཞེས་ཡོངས་སུ་གྲགས་པའི་དབོན་བརྒྱུད་སྟག་བླ་རིམ་བྱོན་རྣམས་ཀྱང་མཁས་ཤིང་དངོས་གྲུབ་བརྙེས་པ་ཤ་སྟག་སྟེ་བསྟན་པ་ལ་ཕྱག་རྗེས་ཤིན་ཏུ་ཆེ། གནས་མདོ་ཀརྨ་ཆགས་མེད་ཀྱི་ཞལ་སློབ་གནམ་ཆོས་མི་འགྱུར་རྡོ་རྗེའི་ཆོས་བདག་ཏུ་གྱུར་པ་ཀར་རྙིང་གཉིས་ཀའི་བསྟན་པའི་གསལ་བྱེད་ཆེན་པོ། དཔལ་ཡུལ་ཀུན་བཟང་ཤེས་རབ་སྤྲུལ་སློབ་བརྒྱུད་པར་བཅས་པ་སྤྱི་དང༌། ཁྱད་པར་རྗེ་བླ་མ་རྒྱ་སྤྲུལ་རིན་པོ་ཆེ་ཡབ་སྲས་རྣམས་ཀྱིས་སྔ་འགྱུར་བཀའ་མ་ཡོངས་རྫོགས་ཀྱི་སྒྲུབ་མཆོད་གསར་འཛུགས་དང་དབང་ལུང་འཆད་སྤེལ། ཡིག་རྙིང་ཡོངས་རྫོགས་སྤར་དུ་བཀོད་པ་སོགས་ཕྱག་རྗེས་དང་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན་ནོ། །

རྒྱལ་བ་རྒྱ་མཚོ་དགོངས་བརྒྱུད་དག་པའི་མཁར། །

སྨིན་པ་རྒྱ་མཚོ་བརྡ་བརྒྱུད་ཉི་ཟླའི་དལ། ། མོས་པ་རྒྱ་མཚོ་སྙན་བརྒྱུད་རླུང་གིས་དྲངས། ། འགྲོ་ཁམས་རྒྱ་མཚོ་སྣང་བའི་དཔལ་འདི་རྨད། ། ཆོས་དབྱིངས་ཀློང་དུ་རྒྱལ་རྣམས་དགོངས་མཉམ་ཡང༌། ། གདུལ་དཀའི་འགྲོ་ལ་ཐུགས་རྗེ་འཇུག་པའི་གར། ། བསིལ་ལྗོངས་སྣང་བའི་སྒོ་འཕར་ཐོག་མ་རུ། ། འབྱེད་མཛད་སྔ་འགྱུར་ལོ་པཎ་དང་མཚུངས་སུ། ། མཁན་སློབ་ཆོས་རྒྱལ་ཐུགས་བསྐྱེད་དགོས་འབྱུང་དབང༌། ། འགྲོ་བསོད་རྒྱལ་མཚན་རྩེ་མོར་ལེགས་བཀོད་རྒྱུས། ། ཕན་བདེའི་འདོད་པ་འཇོ་བའི་བཀའ་དྲིན་ཕུལ། ། གཟུགས་སུ་གྲུབ་ནས་སྟོང་གསུམ་སྣོད་དུ་ཆུང༌། ། དོན་བརྒྱུད་རྟོགས་པའི་རྩལ་གསུམ་ལེགས་རྫོགས་ཤིང༌། ། བཤད་བརྒྱུད་ལུང་གི་གཡུ་རལ་ངོམ་བཞིན་དུ། ། ཐེག་མཆོག་གངས་རིའི་སྤོ་ལ་གནས་བཅས་པའི། ། གྲུབ་མཆོག་གདོང་ལྔའི་ཚོགས་རྣམས་མི་བསྔགས་སུ། ། སྣང་བར་བྱས་སོ་འཕྲལ་ཡུན་ཕན་བྱེད་སྒོ། ། བསླབ་པ་གསུམ་སྟོན་རྒྱལ་བཀའ་དྲི་མ་མེད། ། ཚད་མ་གསུམ་འབྲེལ་དགོངས་འགྲེལ་བསྟན་བཅོས་ཚོགས། ། ཚེ་འདིར་གྲོལ་བྱེད་འབྲས་བུའི་ཐེག་པ་ཡང༌། ། གྲོལ་བ་དྲུག་ལྡན་རྡོ་རྗེ་རྩེ་མོ་ཡི། ། ལམ་ལས་ཚེ་འདིར་ལོངས་སྐུའི་ཞིང་མྱུལ་ནས། ། འཇའ་ལུས་རྡོ་རྗེའི་ཕྲེང་བ་སྤེལ་བའི་རྒྱུས། ། འོག་མིན་ཞིང་ལའང་རེ་བ་ལྷོད་པོར་བྱས། ། ཀུན་བཟང་པདྨའི་ཐུགས་བཅུད་ཨ་མྲྀ་ཏ། ། ཌཱ་ཀིའི་ཞལ་གྱི་དྲོད་རླངས་ཐོ་ལེ་བ། ། མཁས་གྲུབ་བྱེ་བའི་ཐུགས་ཀྱི་ཀེ་ལ་ཤར། ། ལེགས་བསྐྱིལ་དེང་ཡང་སྤྱོད་ཡོད་ཨེ་མ་མཚར། ། མང་མང་མཁས་གྲུབ་ཆོས་ཀྱི་ཚོང་བརྡལ་དུ། ། ཟབ་ཟབ་ནོར་བུའི་མཛོད་བརྒྱ་སྒོ་དབྱེ་བས། ། ཡང་ཡང་འདི་འདྲའི་དུས་སྟོན་རྙེད་དཀའ་བས། ། ལེགས་ལེགས་གཏན་འབྱོང་ཚགས་སུ་ཚུད་མཛོད་ཀྱཻ། ། ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་སྟེ་སྔ་འགྱུར་རྙིང་མའི་སྐབས་བཤད་ཟིན་ཏོ།། །། སྒྲུབ་བརྒྱུད་ཕྱི་མ་རྣམས་མདོར་བསྡུས་རྗེ་བླ་མའི་གསུང་ཉིད་འབྲི་བ། ༈ ད་ནི་སྒྲུབ་བརྒྱུད་ཕྱི་མ་རྣམས་མདོར་བསྡུས་རྗེ་བླ་མའི་གསུང་ཉིད་འབྲི་བ་ལ། གཉིས་པ་བཀའ་གདམས་པ་ནི། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་རྣམ་འཕྲུལ་ས་གསུམ་དུ་གྲགས་པས་ཁྱབ་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས། ལོག་པའི་རྒྱལ་པོ་གླང་དར་མས་ཆོས་རྒྱལ་མེས་དབོན་གྱི་བསྟན་པ་བསྣུབས་པའི་སྐྱོན་གྱིས་མདོ་འདུལ་ཉམས། གསང་སྔགས་འཆོལ་བར་སྤྱོད་པ་འགོག་ཅིང་ཐུབ་བསྟན་དྲི་མ་མེད་པ་སླར་ཡང་གསལ་བར་མཛད་པའི་སླད་དུ་མདོ་སྡེ་རྒྱན་དང་བྱང་ས་སོགས་ཀྱི་བསྟན་དོན་སྐྱེས་བུ་གསུམ་གྱི་ལམ་རིམ་ཡོངས་སུ་རྫོགས་པ་བྱང་ཆུབ་ལམ་སྒྲོན་མཛད། ལྟ་བ་དབུ་མ། སྤྱོད་པ་འདུལ་བ། གདམས་ངག་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གཙོར་སྟོན། རྒྱལ་བའི་བཀའ་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་གདམས་ངག་ཏུ་ཤར་བའི་ཁྲིད་སྲོལ་བཙུགས་པ་ལས། བརྒྱུད་འཛིན་རྣམས་ལྷ་བཞིའི་ལུས་བརྒྱན་ཅེས། བསྟན་པའི་བདག་པོ་ཤཱཀྱ་ཐུབ་པ། བྱམས་སྙིང་རྗེའི་བདག་པོ་སྤྱན་རས་གཟིགས། ཕྱིའི་བར་ཆད་སེལ་བ་སྒྲོལ་མ། ནང་གི་བར་ཆད་སེལ་བ་མི་གཡོ་བ་རྣམས་དང༌། སྡེ་སྣོད་གསུམ་གྱིས་ངག་བརྒྱན། བསླབ་པ་གསུམ་གྱིས་ཡིད་བརྒྱན་ཅེས་དེ་གཉིས་རྗོད་བྱེད་དང་བརྗོད་བྱའི་དབང་གིས་གཅིག་ཏུ་བསྡུས་ཏེ་ལྷ་ཆོས་བདུན་ལྡན་གྱི་མངའ་བདག་ཏུ་གྲགས།ཇོ་བོའི་སློབ་མའི་ཐུ་བོ་རིགས་གསུམ་སེམས་དཔའི་རྣམ་འཕྲུལ་ཁུ་རྔོག་འབྲོམ་གསུམ་ལས། རྔཽག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭ་བཏབ། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་སོལ་ནག་ཐང་པོ་ཆེ་ལ་ཉམས་གསོས་མཛད། སྤྱན་རས་གཟིགས་དངོས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་བྱང་རྭ་སྒྲཻང་གི་ཆོས་གྲྭ་བཏབ་ཅིང་སློབ་ཚོགས་མཐའ་ཡས་པ་བྱུང་བའི་ནང་ནས་གཙོ་བོ་སྐུ་མཆེད་གསུམ་དུ་གྲགས་པའི། པུ་ཏོ་བ་རིན་ཆེན་གསལ་ལས་གླང་ཤར་ཉི་ཟླ་ཟུང་འབྲེལ་སོགས། སྐྱེས་ཚོམ་དད་པ་སྐྱེད་པའི་གཞུང༌། བསླབ་སྤྱོད་སྤྱོད་པ་སྟོན་པའི་གཞུང༌། ས་རྒྱན་ཏིང་ངེ་འཛིན་གྱི་གཞུང་སྟེ་གཞུང་དྲུག་གི་བཤད་སྲོལ་འཛིན་པ་བཀའ་གདམས་གཞུང་པ་དང༌། སྤྱན་སྔ་ཚུལ་ཁྲིམས་འབར་ལས་བདེན་བཞི་གདམས་ངག་ཏུ་སྟོན་པ་བྱ་ཡུལ་བ་སོགས་བརྒྱུད་པའི་གདམས་ངག་པ། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་ལས་མན་ངག་ཐིག་ལེ་བཅུ་དྲུག་གི་སྨིན་གྲོལ་རྒྱབ་རྟེན་གསང་ཆོས་གླེགས་བམ་རིན་པོ་ཆེ་བཅས་སྟབས་ཀ་བ་སོགས་ལས་བརྒྱུད་པ་མན་ངག་པ་སྟེ་གསུམ་དང༌། གཞན་ཡང་ནག་ཚོའི་བཀའ་བརྒྱུད་རྒྱ་ཆེར་བྱོན་པས་ཁམས་དབུས་ཀུན་ཏུ་ཁྱབ། ཕྱིས་སུ་རང་རྐང་འཛིན་པའི་སྡེ་ཅུང་ཟད་འགྲིབས་པ་ན་འཇམ་དབྱངས་རྣམ་འཕྲུལ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་བསྟན་པ་སླར་ཡང་གསལ་བར་མཛད་པའི་ཕྲིན་ལས་ཀྱི་སྣང་བས་བསྟན་པ་ས་སྟེང་ཀུན་ཏུ་ཁྱབ་པར་གྱུར་ཏོ།། །།


༣༽ ལམ་འབྲས་བུ་དང་བཅས་པའི་ལོ་རྒྱུས་བཤད་པ། ༈ གསུམ་པ་ལམ་འབྲས་བུ་དང་བཅས་པ་ནི། རྣལ་འབྱོར་དབང་ཕྱུག་དཔལ་ལྡན་ཆོས་སྐྱོང་ལ་རྡོ་རྗེ་བདག་མེད་མས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར། ས་དྲུག་པའི་རྟོགས་པ་མངོན་དུ་གྱུར་ནས་གྲུབ་ཆེན་བི་རཱུ་པའམ་བིརྺ་པ་ཞེས་གྲགས་པ་དེ་ཉིད་ཀྱིས། ཀྱཻ་རྡོ་རྗེའི་རྒྱུད་ལ་བརྟེན་ནས་ཤར་ཕྱོགས་ནག་པོ་པའི་དོན་དུ་ལམ་འབྲས་རྡོ་རྗེའི་ཚིག་རྐང་སྩལ། རྒྱུད་ཀྱི་བཤད་བཀའ་བསྡུས་པ་དང༌། ལམ་འབྲས་བུ་དང་བཅས་པའི་གདམས་ངག་རྒྱས་པར་གནང༌། ཌོམ་བྷི་པ་ལ་རྒྱུད་བཤད་རྒྱས་པ་དང་གདམས་ངག་བསྡུས་པ་གནང༌། དེ་དག་ལས་གྲུབ་པའི་སློབ་དཔོན་རྣམས་རིམ་པར་བརྒྱུད་དེ་བྱོན་པ་ལས། བོད་ཡུལ་བསྟན་པ་ཕྱི་དར་གྱི་ལོ་ཙཱའི་ནང་ནས་མར་འགོས་འབྲོག་གསུམ་ཞེས་གསང་སྔགས་རྡོ་རྗེ་ཐེག་པའི་འབྱུང་ཁུངས་སུ་བྱེད་པའི་ཡ་གྱལ་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱིས་ག་ཡ་ངྷ་ར་དང་དཔའ་བོ་རྡོ་རྗེ་ལས་གཞུང་དང་གདམས་ངག་ཡོངས་སུ་རྫོགས་པ་ཞུས། གྲུབ་ཆེན་མཚོ་སྐྱེས་ཀྱི་གདམས་པ་སོགས་ལམ་སྐོར་ཕྱི་མ་བརྒྱད་པོ་རྣམས་ཀྱང་གསན་ནས་བོད་དུ་གནང་བའི་སློབ་མ་གྲུབ་ཐོབ་བདུན། གཞུང་རྫོགས་པའི་སློབ་མ་བདུན། མན་ངག་རྫོགས་པའི་སློབ་མ་བཞི་རྣམས་སུ་བྱོན་པ་ལས་ལམ་འབྲས་སྲས་སློབ་བརྒྱུད་པ་གསུམ་བྱུང་བའི་ནང་ཚན་སེ་མཁར་ཆུང་བ་ལས་ཐོབ་པ་རབ་འབྲིང་ཐ་གསུམ་ལས་འབྲིང་པོ་ཞ་མ་ལས་འཕེལ་བ་ལའང་ལུགས་སྲོལ་བདུན་ཙམ་བྱུང་བ་དང༌། རབ་ཐོབ་པ་ཞང་སྟོན་ཆོས་འབར་ལས་ས་ཆེན་ཀུན་དགའ་སྙིང་པོས་གསན་ཅིང་སྔ་བུ་ཕག་གྲུ་དང་ལྕེ་སྒོམ་གྱི་ལུགས། ཕྱི་བུ་ལ་རིང་བརྒྱུད་ཉེ་བརྒྱུད་གཉིས་རྣམས་བྱུང༌། གྱི་ཇོ་ལོ་ཙཱ་བས་ཀྱང་ག་ཡ་ངྷ་ར་ལས་གསན་ནས་རིམ་པར་བརྒྱུད་པ་བཅས་ལམ་འབྲས་ལུགས་སྲོལ་བཅོ་བརྒྱད་འབྲོག་ལུགས་ལ། སྐུ་སྲས་ཐུགས་སྲས་གཉིས། སེའི་བརྒྱུད་པ་ཞ་མ་ཕོ་ལ་སློབ་སྲས་གཉིས། མོ་ལ་གསུམ། བསྲེས་བརྒྱུད་བཞི་བཅས་བདུན། ས་ལུགས་ལ་བཞི། མང་ལམ་ཞིང་ཕུག་གཉིས། གྱི་ཇོ་ལུགས་གཅིག་བཅས་བཅོ་བརྒྱད་དོ། །མཆན། དུ་གྲགས་པ་བྱུང་བ་ལས་ས་ལུགས་ཉིད་དེང་སང་གི་བར་དུ་ཕྲིན་ལས་དར་རྒྱས་སུ་བཞུགས། དེ་ཡང༌། ཇོ་བོ་རྗེས་ས་དཀར་པོའི་ལོགས་ལ་ངྷཱི་བདུན་ཧཱུྃ་གཅིག་གསལ་བར་གཟིགས་པས་འཇམ་དབྱངས་བདུན་དང་ཕྱག་རྡོར་གཅིག་འབྱོན་པར་ལུང་བསྟན་པ་ལྟར་ཐོག་མར་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ་ལ། འབྲོག་མི། མལ་ལོ། རིན་བཟང༌། བ་རི་ལོ་ཙཱ་ཆེན་པོ་བཞི་ལས་བརྒྱུད་པའི་གདམས་པའི་བཀའ་བབས། ཁྱད་པར་རྗེ་བཙུན་བིར་ཝ་པ་ཆོས་སྒོ་སྐྱེལ་གྱི་ཚུལ་དུ་བྱོན་ཏེ་ལྕགས་རི་ལས་མི་འདའ་བའི་ཟབ་ཆོས་བཞི།རྒྱུད་སྡེ་བདུན་ཅུ་རྩ་གཉིས་ཀྱི་དབང་བཤད་མན་ངག ལམ་འབྲས་ཉེ་བརྒྱུད་སྦས་བཤད་བཅས་སྩལ། དེས་རྗེ་བཙུན་བསོད་ནམས་རྩེ་མོ་དང་གྲགས་པ་རྒྱལ་མཚན་མཆེད་ལ་གནང༌། སྔ་མ་སྐུ་ལུས་མ་སྤངས་པ་མཁའ་སྤྱོད་དུ་བཞུད། ཕྱི་མ་བོད་ཡུལ་ཙམ་ན་ཆེ་བའི་རྡོ་རྗེ་འཛིན་པ་ཆེན་པོར་གྱུར་ཅིང་ས་ཆེན་གྱི་ཡེ་ཤེས་ཀྱི་སྐུས་ཀྱང་ལམ་འབྲས་ཉེ་བརྒྱུད་བརྡ་དོན་གསལ་བ་གནང༌། དེ་ནས་འཇམ་མགོན་ས་སྐྱ་པཎ་ཆེན་དང༌། འགྲོ་མགོན་ཆོས་རྒྱལ་འཕགས་པ་སོགས་རིམ་གྱིས་བརྒྱུད་པ་སྟེ། འདི་ལའང་གྲུབ་ཆེན་བུད་དྷ་ཤྲཱི་ལས་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་གསན་ཅིང་དེ་ནས་རིམ་པར་བརྒྱུད་པ་ངོར་ལུགས་ཚོགས་བཤད་དང༌། སྔགས་འཆང་གཟུངས་ཀྱི་དཔལ་བ་ལས་བརྒྱུད་ཅིང་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་བའི་བཀའ་སྲོལ་ལམ་འབྲས་རྫོང་ལུགས་དང༌། རྡོ་རིང་ཀུན་སྤངས་པ་ཆེན་པོ་ལས་ཚར་ཆེན་བློ་གསལ་རྒྱ་མཚོས་གསན་ཅིང་ཐུགས་སྲས་ཉི་ཟླ་ལྟ་བུ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་དང་མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་གཉིས་ལས་བརྒྱུད་པ་ཚར་ལུགས་སློབ་བཤད་བཅས་བྱུང་བ་རྣམས་ཀྱང་ད་ལྟའི་བར་བཞུགས་པ་ཉིད་དོ། ། སྤྱིར་བླ་ཆེན་འབྲོག་མི་ལོ་ཙཱ་ལ་བཀའ་བབས་ཀྱི་ལམ་སྐོར་དགུར་གྲགས་པའི་གདམས་ངག་ཁྱད་པར་ཅན་གྱི་ཐོག་མ་ རྣལ་འབྱོར་དབང་ཕྱུག་བིརྺ་པས་མཛད་པའི་ལམ་འབྲས་བུ་དང་བཅས་པ་ནི་གོང་དུ་སོང༌། ལམ་སྐོར་ཕྱི་མ་བརྒྱད་ལ་བདེ་ཀྱེ་གསང་གསུམ་གྱི་རྫོགས་རིམ་དུ་འགྲོ་བ་དྲུག རྒྱུད་སྡེ་སྤྱི་འགྲེལ་གཉིས་ལས་ཐོག་མར་ཀྱེ་རྡོར་འགྲེལ་པ་ལུགས་ཀྱི་རྫོགས་རིམ། ཌོམྦྷི་ཧེ་རུ་ཀས་རྒྱུད་བརྟག་པ་གཉིས་པ་ལ་བརྟེན་ནས་ལྷན་ཅིག་སྐྱེས་གྲུབ་མཛད། གཉིས་པ་སློབ་དཔོན་པདྨ་བཛྲས་རྡོ་རྗེ་གུར་གྱི་རྒྱུད་ལ་བརྟེན་ནས་སྒྲུབ་ཐབས་མཚོ་སྐྱེས་མཛད་པ་ལ་ཀྱེ་རྡོར་མཚོ་སྐྱེས་ལུགས་སུ་གྲགས་པའི་རྫོགས་རིམ་ཟབ་པའི་ཚུལ་དགུ་དང་མར་མེའི་རྩེ་མོ་ལྟ་བུའི་གདམས་ངག གསུམ་པ་ནག་པོ་སྤྱོད་པའི་རྡོ་རྗེས་བདེ་མཆོག་བཤད་རྒྱུད་ལ་བརྟེན་ནས་ནག་པོ་གཞུང་དྲུག་མཛད། དེ་དག་གི་ནང་ནས་ཨོ་ལ་པ་ཏིའི་ཉམས་ལེན་གཏུམ་མོ་ལམ་རྫོགས། བཞི་པ་སློབ་དཔོན་ཨུ་ཙི་ཏ་འཆི་བ་མེད་པས་མཛད་པའི་དཔྱིད་ཀྱི་ཐིག་ལེའི་རྩ་སྡོམ་ཉམས་སུ་ལེན་པ་ཡོན་པོ་བསྲང་བའི་མན་ངག ལྔ་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གསང་བ་འདུས་པ་ལ་བརྟེན་ནས་བྱང་ཆུབ་སེམས་འགྲེལ་མཛད། དེའི་ཉམས་ལེན་མཆོད་རྟེན་དྲུང་དུ་སེམས་ཐག་གཅོད་པའི་མན་ངག་གསང་འདུས་མི་བསྐྱོད་པ་དང་འབྲེལ་བའི་རྫོགས་རིམ།དྲུག་པ་པཎ་ཆེན་ངག་གི་དབང་ཕྱུག་གྲགས་པས་དཔལ་གསང་བ་འདུས་པའི་དགོངས་པ་གཙོར་བཏོན་པའི་བསྟན་བཅོས་ཡན་ལག་བདུན་པ་སྣང་བྱེད་ལ་སོགས་པ་མཛད་པའི་ཉམས་ལེན། ཡེ་ཤེས་ཞབས་ལུགས་དང་འབྲེལ་བའི་ཕྱག་ཆེན་ཡི་གེ་མེད་པ། བདུན་པ་ཏོག་ཙེ་པས་སམྦུ་ཊི་ལ་བརྟེན་ནས་མཛད་པའི་བསམ་གྱིས་མི་ཁྱབ་པའི་རིམ་པའི་མན་ངག བརྒྱད་པ་ཆོས་རྒྱལ་ཨིནྜ་བྷཱུ་ཏིས་བླ་མེད་ཀྱི་རྒྱུད་སྡེ་ཀུན་ལ་བརྟེན་ནས་དབང་ཡོན་ཏན་གྱི་རིམ་པ་མཛད་པའི་ཉམས་ལེན་ཕྱག་རྒྱ་བཞི་རྫོགས་རྣམས་དང༌། འབྲཽག་མི་ལོ་ཙཱས་སློབ་གཉེར་རྫོགས་ནས་བོད་དུ་བྱོན་ཀར་བི་ཀྲ་མ་ཤཱི་ལའི་མཁས་པ་སྒོ་དྲུག་ལ་ཆོས་འབྲེལ་རེ་ཞུས་པ་ལ་གདམས་ངག་རེ་གནང་བའི་སྒོ་དྲུག་ཆོས་འབྲེལ་དུ་གྲགས་པ་སོགས་ཀྱང་ཁྲིད་དང་ལུང་གི་རྒྱུན་བར་མ་ཆད་དུ་བཞུགས་པ་ཡིན་ནོ། ། ༤༽ མངའ་བདག་མར་པའི་བཀའ་བརྒྱུད་ཀྱི་ལོ་རྒྱུས་བཤད་པ། ༈ བཞི་པ་མངའ་བདག་མར་པའི་བཀའ་བརྒྱུད་ནི། དཔལ་ཏེ་ལོ་པ་ཆེན་པོས་རིང་བརྒྱུད་འཕགས་པ་ཀླུ་སྒྲུབ་ཌོམྦྷི་པ་ལཱུ་ཧི་པ་སུ་ཁ་སིངྔྷི་རྣམས་ལས་བརྒྱུད་པའི་གདམས་ངག་གྲུབ་ཆེན་སོ་སོ་ལས་གསན་པས་བཀའ་བབས་བཞིའི་མངའ་བདག་ཏུ་གྱུར། སྒྲུབ་པ་ཡུན་རིང་མཛད་ཅིང་ལམ་གྱི་རྟོགས་པ་སྦྱངས་པས་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར་ཏེ་རྡོ་རྗེ་འཆང་དང་རྡོ་རྗེ་རྣལ་འབྱོར་མ་དངོས་ཀྱི་རྗེས་སུ་བཟུང་སྟེ་རྒྱུད་སྡེ་བཞིའི་མཛོད་གཏད། དེ་ལ་པཎ་ཆེན་ནཱ་རོ་པས་དཀའ་བ་ཆེན་པོ་བཅུ་གཉིས་སྤྱད་དེ་བསྟེན་པའི་མཐར་བརྡ་དང་ཚིག་ཙམ་གྱིས་དོན་མ་ལུས་པ་ཁོང་དུ་ཆུད་ཅིང་གྲུབ་པ་བརྙེས། ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་འཕགས་ཡུལ་དུ་ལན་གསུམ་མམ་བཞིར་བྱོན་ཅིང་ནཱ་རོ་མེ་ཏྲི་གཙོ་བོར་གྱུར་པའི་མཁས་གྲུབ་མང་པོ་ལས་མདོ་རྒྱུད་མཐའ་དག་གསན་ཅིང་ཁྱད་པར་ནཱ་རོ་པ་ཉིད་སྔ་རྗེས་བསྡམས་པར་ལོ་བཅུ་དྲུག་དང་ཟླ་བ་བདུན་དུ་བསྟེན་ནས་གསན་བསམ་བསྒོམ་པ་ཟུང་དུ་སྦྲཻལ་བས་གྲུབ་པའི་གོ་འཕང་ལ་གནས་པར་མཛད། འབྱོན་ཐེངས་རྗེས་མའི་སྐབས་ནཱ་རོ་པ་སྤྱོད་པ་ལ་གཤེགས་ཟིན་ཀྱང་དཀའ་སྤྱད་ཆེད་པོས་བཙལ་ཞིང་གསོལ་བ་བཏབ་པས་བྱང་པུ་པ་ཧ་རིར་མངོན་སུམ་དུ་མཇལ་ཞིང་ཟླ་བ་བདུན་དུ་བཞུགས་ཏེ་བདེ་མཆོག་ཡབ་ཡུམ་གྱི་སྙན་བརྒྱུད་རྫོགས་པར་གནང༌། བོད་ཡུལ་དུ་ཟབ་ཆོས་སྩལ་པའི་སློབ་མའི་གཙོ་བོ་ཀ་ཆེན་བཞི་ལས་མེས་རྔོག་མཚུར་གསུམ་ལ་བཤད་བརྒྱུད་དང༌། རྗེ་བཙུན་མི་ལ་རས་པར་སྒྲུབ་བརྒྱུད་ཀྱི་བཀའ་བབས། མི་ལའི་སློབ་མ་མཁའ་སྤྱོད་དུ་གཤེགས་པ་བདུན། རས་པ་མཆེད་བརྒྱད་སོགས་མང་དུ་བྱོན་པ་རྣམས་ཀྱི་གཙོ་བོ་ཐུགས་སྲས་ཟླ་བ་ལྟ་བུ་རས་ཆུང་རྡོ་རྗེ་གྲགས་པ་ལས་རས་ཆུང་བཀའ་བརྒྱུད་བྱུང༌། ཚེ་དཔག་མེད་དང་གཏུམ་མོ་སོགས་གདམས་ངག་འགའ་ཞིག་ནི་གངས་ཅན་ཐམས་ཅད་ལ་ཁྱབ། ཉི་མ་ལྟ་བུ་དྭགས་པོ་ཟླ་འོད་གཞོན་ནུ་ཞེས་རྒྱལ་བའི་ལུང་གིས་བསྔགས་པའི་མཉམ་མེད་སྒོམ་པོ་པ་ཆེན་པོ་ནི་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་ཆོས་མཚུངས་པས་སྨིན་གྲོལ་དུ་མཛད་པའི་སློབ་མ་བསམ་གྱིས་མི་ཁྱབ་ཀྱང་བརྒྱུད་འཛིན་གཙོ་བོ་འབའ་རོམ་པ་དར་མ་དབང་ཕྱུག་ལས་འབའ་རོམ་བཀའ་བརྒྱུད། ཕག་གྲུ་རྡོ་རྗེ་རྒྱལ་པཽ་ལས་ཕག་གྲུ་བཀའ་བརྒྱུད། དཔལ་ལྡན་དུས་གསུམ་མཁྱེན་པ་ལས་ཀརྨ་བཀའ་བརྒྱུད། དབོན་སྒོམ་ཚུལ་ཁྲིམས་སྙིང་པོའི་སློབ་མ་ཞང་ཚལ་བ་བརྩོན་འགྲུས་གྲགས་པ་ལས་ཚལ་པ་བཀའ་བརྒྱུད་དེ་ཆེ་བཞིར་གྲགས་པ་དང༌།དྭགས་པོ་རྩ་བའི་གདན་སར་དྭགས་པོ་ཁུ་དབོན་གསུམ་ནས་རིམ་པར་བྱོན་པ་དྭགས་པོ་བཀའ་བརྒྱུད་བཅས་ལྔ་བྱུང༌། ཕག་གྲུའི་སློབ་མ་གདུགས་ཐོགས་ལྔ་བརྒྱར་གྲགས་པའི་གཙོ་བོ་རྣམས་ལས་བཀའ་བརྒྱུད་ཆུང་བརྒྱད་དམ་ཟུང་བཞི་ཡ་བརྒྱད་དུ་གྲགས་པ་རྣམས་བྱུང་སྟེ། སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོ་ལས་འབྲི་གུང་བཀའ་བརྒྱུད། ཐང་པ་བཀྲ་ཤིས་དཔལ་བ་ལས་སྟག་ལུང་བཀའ་བརྒྱུད། འགྲོ་མགོན་རྒྱལ་ཚ་ཁུ་དབོན་ལས་ཁྲོ་ཕུ་བཀའ་བརྒྱུད། གླིང་རས་པདྨ་རྡོ་རྗེ་ལས་གླིང་རས་བཀའ་བརྒྱུད། སྨར་པ་རིན་ཆེན་བློ་གྲོས་ལས་སྨར་ཚང་བཀའ་བརྒྱུད། ཡེལ་བ་ཡེ་ཤེས་བརྩེགས་ལས་ཡེལ་བ་བཀའ་བརྒྱུད། ཟར་པ་ཡེ་ཤེས་སེངྒེའི་སློབ་མ་རྒྱལ་བ་གཡའ་བཟང་པ་ལས་གཡའ་བཟང་བཀའ་བརྒྱུད། སྙི་ཕུ་གྱེར་སྒོམ་ཆོས་ཀྱི་སེངྒེ་ལས་ཤུགས་གསེབ་བཀའ་བརྒྱུད་རྣམས་དང༌། དེ་རེ་རེ་ལའང་གདན་ས་ཆོས་བརྒྱུད་ཕྲིན་ལས་མཐའ་ཡས་པ་བྱུང་ཞིང༌། ཁྱད་པར་གླིང་རས་པའི་ཐུགས་སྲས་འགྲོ་མགོན་གཙང་པ་རྒྱ་རས་ཀྱི་བུ་སློབ་གཙོ་བོ་རྒོད་ཚང་པ་མགོན་པོ་རྡོ་རྗེ་ལས་སྟོད་འབྲུག་གནམ་གྱི་སྐར་མར་གྲགས་པ་དང༌། འདིའི་སློབ་བརྒྱུད་ལས་རྒྱལ་བ་ཡང་དགོན་པ། ལ་སྟོད་ཤེས་རབ་མགོན་པོ། འབའ་ར་བ་རྒྱལ་མཚན་དཔལ་བཟང་སོགས་ཀྱི་བཀའ་བརྒྱུད་ཟུར་དུ་བྱུང༌། ལོ་རས་དར་མ་དབང་ཕྱུག་ལས་སྨད་འབྲུག་ས་ཡི་དྲེག་པ། གདན་ས་འཛིན་པའི་སེངྒེ་དགུ་ཚར་ལས་བར་འབྲུག་གི་བཀའ་བརྒྱུད་བར་མ་ཆད་དུ་བྱོན། རྗེ་དུས་གསུམ་མཁྱེན་པ་ཉིད་ཐུགས་བསྐྱེད་དང་སྨོན་ལམ་གྱི་ཁྱད་པར་གྱིས་བསམ་བཞིན་དུ་སྐྱེ་བ་བཞེས་པའི་སྐུ་ཕྲེང་རེ་རེའི་བུ་སློབ་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་ཀྱང་ཀཾ་ཚང་རྩ་བའི་བཀའ་བརྒྱུད་དུ་འདུ་ཞིང༌།རྗེ་ལྔ་པ་དེ་བཞིན་གཤེགས་པས་སྙན་བརྒྱུད་ནོར་བུ་སྐོར་གསུམ་གྱི་བདག་པོར་མངའ་གསོལ་བ་དྲུང་རྨ་སེ་བློ་གྲོས་རིན་ཆེན་ལས་ཟུར་མང་བཀའ་བརྒྱུད་དང༌། གར་དབང་དྲུག་པ་ཆོས་ཀྱི་དབང་ཕྱུག་གི་ཞལ་སློབ་མཁས་གྲུབ་ཀརྨ་ཆགས་མེད་ལས་གནས་མདོ་བཀའ་བརྒྱུད་གཉིས་སུ་གྱེས། ཕྱིས་བསྟན་པ་ཅུང་ཟད་ཉམས་པའི་ཚེ། དགྱེས་མཛད་མར་པ་ལོ་ཙཱ་བསམ་བཞིན་སྤྲུལ་པར་བཞེངས་པ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ལ། རྗེ་རང་བྱུང་ཞབས་དང༌།རྗེ་བདུན་པ། སྤྱན་སྔ་ཆོས་གྲགས་སོགས་སྔོན་གྱི་བཀའ་བརྒྱུད་གོང་མའི་བཞེད་པ་ཉིད་ཕ་ནོར་བུ་བདག་གི་ཚུལ་དུ་ངོ་འཕྲོད་པས་ངེས་དོན་ཕྱིར་མི་ལྡོག་པའི་སེངྒེའི་སྒྲ་ཆེན་པོ་སྒྲོགས་པར་མཛད་པའི་རྟེན་འབྲེལ་ལས་སྒྲུབ་བརྒྱུད་བསྟན་པའི་སྲོག་རྩ་བརླིང༌། གཞན་ཡང་མདོ་རྒྱུད་རིག་གནས་དང་བཅས་པ་ཉིན་མོ་བཞིན་དུ་གསལ་བར་མཛད་པས་བསྟན་རྒྱུན་སྤྱི་ལའང་བཀའ་དྲིན་ཤིན་ཏུ་ཆེའོ། ། དེ་རྣམས་ལས་ད་ལྟ་ནི་བཀའ་བརྒྱུད་ཆེ་བཞིའི་ཡ་གྱལ་ཀརྨ་བཀའ་བརྒྱུད་དང༌། ཆུང་བརྒྱད་ལས་འབྲུག་པ་དང་འབྲི་སྟག་གཉིས་རྐང་ཚུགས་པར་བཞུགས་ཤིང༌།གཞན་འགའ་ཞིག་གི་སྨིན་གྲོལ་ཕྲན་ཚེགས་རེའི་རྒྱུན་མ་ནུབ་ཙམ་ལས་ཆེར་མི་སྣང་ངོ༌། ། ༥༽ ཤངས་པ་བཀའ་བརྒྱུད་ཀྱི་ལོ་རྒྱུས་བཤད་པ། ༈ ལྔ་པ་ཤངས་པ་བཀའ་བརྒྱུད་ནི། རྒྱལ་བས་ཉན་ཐོས་རྫུ་འཕྲུལ་ཆེན་པོ་ཞེས་ལུང་བསྟན་པའི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དེ་ཉིད་ཐོག་མར་ཡབ་ཆོས་བོན་དང་རྙིང་མ་ལ་རིམ་གྱིས་ཞུགས་ཏེ་སོ་སོར་མཁས་ཤིང་གྲུབ་པ་བརྙེས་ཀྱང་བྱང་ཆུབ་སེམས་དཔའི་སྨོན་ལམ་དུས་སུ་སོན་པའི་སྟོབས་ཀྱིས་དེ་ཙམ་གྱིས་ཐུགས་མ་ཚིམས་ཏེ་འཕགས་ཡུལ་དུ་བྱོན། རྡོ་རྗེ་གདན་པ་སོགས་རྩ་བའི་བླ་མ་རྣམ་བཞི་གཙོ་བོར་གྱུར་པའི་མཁས་གྲུབ་བརྒྱ་དང་ལྔ་བཅུའི་ཞབས་ལ་གཏུགས་ཏེ་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན། ཁྱད་པར་རྡོ་རྗེ་འཆང་ལས་དངོས་སུ་ཆོས་གསན་ཅིང་དག་པའི་ས་གསུམ་ལ་བཞུགས་པ་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་དང༌། སུ་ཁ་སིདྡྷི་དངོས་སུ་མཇལ་ཞིང་གདམས་པ་ཟབ་མོ་བསྩལ་པས་སྐུ་ཡི་གནས་ལྔར་གཏུམ་མོ་སྟོན་པའི་མཐར་ཐུགས་དགྱེས་མཛད། ལས་རྒྱ་མཐར་ཐུག་བདེ་མཆོག སྒྱུ་ལུས་འོད་གསལ་མཐར་ཐུག་གསང་འདུས། རྨི་ལམ་མཐར་ཐུག་མ་ཧཱ་མཱ་ཡཱ། ཕྲིན་ལས་མཐར་ཐུག་རྡོ་རྗེ་འཇིགས་མཛད་དེ། རྒྱུད་སྡེ་ལྔ་དངོས་སུ་གྲུབ་པས་མཚོན། མདའ་བསྣུན་ཞབས་སོགས་མཆོག་གི་གྲུབ་ཆེན་རྣམས་དང་དབྱེར་མི་ཕྱེད་པའི་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར། གཙང་གཡས་རུ་ཤངས་ཀྱི་ཞང་ཞུང་དུ་གདན་ས་མཛད་པས་བླ་མ་ཤངས་པ་དང༌། བརྒྱུད་འཛིན་རྣམས་ལའང་ཤངས་པ་བཀའ་བརྒྱུད་དུ་གྲགས། དགུང་ལོ་བརྒྱ་དང་ལྔ་བཅུར་བཞུགས་ཤིང་གདུལ་བྱ་བསམ་གྱིས་མི་ཁྱབ་པ་སྨིན་གྲོལ་མཛད་པས་བཤེས་གཉེན་ཁྲི་ཕྲག་བཅོ་བརྒྱད་ལ་སོགས་པའི་བུ་སློབ་རྣམས་ཀྱི་གཙོ་བོ་ནི། དྲི་མེད་ཤེས་རབ་ཀྱི་སྡོང་པོ་རྨེའུ་སྟོན་པ། ཕན་སེམས་ཡལ་ག་གཡོལ་པོ་རྒྱ་མོ་ཆེ། སྙིང་རྗེའི་ལོ་འདབ་དངུལ་སྟོན་རིན་དབང༌། བྱམས་པའི་མེ་ཏོག་ལ་སྟོད་དཀོན་མཆོག་མཁར། འོད་གསལ་སྙིང་པོ་ཞང་སྒོམ་ཆོས་སེང་སྟེ། སྔ་བུ་ལྔ་དང་ཕྱི་བུ་རྨོག་ལྕོགས་པ་བཅས་དྲུག་པོ་རྣམས་ཡིན་ཅིང༌། དེ་ལས་རྡོ་རྗེ་འཆང་གི་གསང་ཚིག་ཆིག་བརྒྱུད་ཀྱི་བཀའ་བབས་ནི་རྨོག་ལྕོགས་པ་རིན་ཆེན་བརྩོན་འགྲུས་ཁོ་ན་ཡིན་ལ། དེ་ནས་རིམ་བཞིན་དབོན་སྟོན་སྐྱེར་སྒང་པ། སངས་རྒྱས་གཉེན་སྟོན། འགྲོ་མགོན་སྟོན་པའི་བར་དུ་བརྒྱུད། ཆིག་བརྒྱུད་རྡོ་རྗེའི་རྒྱ་རྡོ་རྗེ་འཆང་དང་ཡེ་ཤེས་ཌཱ་ཀིས་ལུང་བསྟན་པ་བཞིན་དུ་རིན་ཆེན་བདུན་པ་ཆོས་རྗེ་སྟོན་པས་བཀྲོལ་ཏེ་གྲུབ་ཐོབ་ཀྱི་སློབ་མས་འཛམ་གླིང་དང་གླིང་ཕྲན་ཚུན་ཆོད་ཁྱབ་པར་མཛད་པ་ལས། བརྒྱུད་འཛིན་གཙོ་བོ་གཙང་མ་ཤངས་སྟོན། བསམ་ལྡིང་པ་གཞོན་ནུ་གྲུབ། འཇག་ཆེན་རྒྱལ་མཚན་འབུམ་སྟེ་མཁས་གྲུབ་རྣམ་པ་གསུམ་གྱིས་གདམས་ངག་ཡི་གེར་བཀོད། འཇག་བསམ་གཉིས་ཀྱི་གདན་ས་སློབ་བརྒྱུད་མཐའ་ཡས་པ་བྱུང༌། གཙང་མ་ཤངས་སྟོན་སློབ་མ་ཁྱུང་པོ་ཚུལ་མགོན་སོགས་རིན་ཆེན་རྣམ་བདུན་ཕྱི་མར་གྲགས་པའི་སྐྱེས་ཆེན་ཁྱད་པར་ཅན་བྱོན། གཞན་ཡང་ཆོས་རྗེ་སྟོན་པའི་དངོས་སློབ་གསེར་གླིང་པ་བཀྲ་ཤིས་དཔལ་ལས་གྱེས་པ་དང༌། ལ་སྟོད་དཀོན་མཆོག་མཁར་གྱི་སློབ་བརྒྱུད་ལས་གྱེས་པ་སོགས་མཐའ་ཡས་ཤིང༌། ཕྱིས་སུ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་སྟོད་བརྒྱུད་སྨད་བརྒྱུད་སོ་སོར་གསན་ནས་ཐུགས་ཉམས་སུ་བཞེས་པས་ཡེ་ཤེས་མཁའ་འགྲོ་དངོས་ཀྱིས་རྗེས་སུ་བཟུང་བའི་ཉེ་བརྒྱུད་རིམ་པ་གསུམ་བྱུང་བའང་ད་ལྟའི་བར་རྒྱུན་བཞུགས་པ་དང༌། རྗེ་བཙུན་གྲོལ་མཆོག་ཞབས་ཀྱིས་རིང་བརྒྱུད་རྣམས་གྲངས་ཉེར་བཞི་གསན། ཉེ་བརྒྱུད་ཌཱ་ཀིས་གདམས་པ་དངོས་སུ་སྩལ་པའི་ངོ་མཚར་ཤིན་ཏུ་ཉེ་བརྒྱུད་བཅས་པ་བརྒྱུད་པའི་རྣམ་གྲངས་ཉེར་ལྔ་རྗེ་བཙུན་ཏཱ་ར་ན་ཐའི་ཁྲིད་ཡིག་འདིར་འདུུ་བ་ཡིན་ལ། མཁས་གྲུབ་ཁྱུང་པོའི་ཁྱད་པར་གྱི་ཆོས་སྐྱོང་མྱུར་མཛད་ཡེ་ཤེས་མགོན་པོའི་ཆོས་སྐོར་ནི་སྔོན་དུས་སྟོད་ལུགས་པས་ཕལ་ཆེར་ལ་ཁྱབ། ཕྱིས་དུས་རི་གོང་ནས་བརྒྱུད་པའི་སྨད་ལུགས་ཀྱིས་གྲུབ་མཐའ་ཕལ་ཆེར་ཁྱབ་ཅིང་ཁྱད་པར་རྗེ་རིན་པོ་ཆེ་ཡབ་སྲས་རྣམས་ཀྱིས་ཆོས་སྐྱོང་གི་གཙོ་བོར་མཛད་པས་དབུས་གཙང་ཁམས་གསུམ་རྒྱ་སོག་ཡན་ཆད་དུ་མཆོད་བསྟོད་སྒྲུབ་ཕྲིན་གྱིས་ཁྱབ། གསེར་ཆོས་རྩ་བ་རྣམས་ནི་རྐང་ཚུགས་པའི་ལུགས་འཛིན་དེང་སང་ཤིན་ཏུ་དཀོན་པར་སྣང་ངོ༌། །





༦༽ ཞི་བྱེད་ཡན་ལག་དང་བཅས་པའི་ལོ་རྒྱུས་བཤད་པ།


༈ དྲུག་པ་ཞི་བྱེད་ཡན་ལག་དང་བཅས་པ་ནི། རྒྱ་གར་བཻ་ཏཱའི་ཡུལ་གྱི་ཙ་ཏ་སེང་ངར་སྐུ་འཁྲུངས་པའི་མཁས་པ་ཆེན་པོ་ཀ་མ་ལ་ཤཱི་ལའམ་བོད་དང་རྒྱ་ནག་ཏུ་ཕ་དམ་པ་སངས་རྒྱས་སུ་གྲགས་པ་དེས་གྲུབ་ཐོབ་ཕོ་མོ་ལྔ་བཅུ་ང་བཞི་ལས་གདམས་པ་ཟབ་མོ་མཐའ་དག་གསན་ནས་རྩེ་གཅིག་ཏུ་སྒྲུབ་པ་མཛད་པས་བཅུད་ལེན་སོགས་གྲུབ་པ་ཆེན་པོ་བརྒྱད་ཐོབ་པས་དགུང་ལོ་ལྔ་བརྒྱ་དང་བདུན་ཅུ་བཞུགས། ཐུགས་དམ་བདེ་གཤེགས་བཅུ་གཉིས་དང༌། ངོ་མཚར་མཁའ་སྤྱོད་ཀྱི་བླ་མ་སུམ་ཅུ་རྩ་དྲུག་སོགས་ཀྱིས་ཞལ་གཟིགས། མཆོག་གི་དངོས་གྲུབ་མཐོང་ལམ་ཆེན་པོའི་ཡེ་ཤེས་བརྙེས་པ་དེ་ཉིད་ཀྱིས་རྟེན་གཞིའི་གཙོ་བོ་ཤེར་ཕྱིན་རྒྱས་འབྲིང་བསྡུས་གསུམ། ཨཱ་ལི་ཀཱ་ལི་ཆུ་ཀླུང་ཆེན་པོའི་རྒྱུད་སོགས་ཀྱི་དོན་ཉམས་ལེན་དུ་དྲིལ་བ། རྟེན་སྡོམ་པ་གསུམ་ལྡན། ལམ་དཀའ་ཐུབ་ཀྱི་སྲང༌། འབྲས་བུ་གཞན་དོན་སྤྱོད་པ་ཉིད་ཀྱི་རྣམ་པར་ཐར་པ་དང་མཐུན་པར་ལས་ཅན་གནམ་གྱི་སྐར་མ་ཙམ་སངས་རྒྱས་ཀྱི་ས་ལ་བསྒྲལ་བར་མཛད་པའི་དམ་ཆོས་སྤྱི་མིང་སྒེར་དུ་ཆགས་པ་སྡུག་བསྔལ་ཞི་བྱེད་ཅེས་བྱ་བ་འདི་ཉིད་ལ་དབང་པོའི་རིམ་པས་ཁྲིད་ཚུལ་བསམ་གྱིས་མི་ཁྱབ་པ་མཆིས་ཀྱང༌། དམ་པ་ཉིད་བོད་ཡུལ་འདིར་སྔ་ཕྱི་ལྔ་ཙམ་ཕེབས། ཞི་བྱེད་ཀྱི་བརྒྱུད་པ་རིམ་པ་གསུམ་དུ་གྲགས་པའི་བརྒྱུད་པ་དང་པོ་ཁ་ཆེ་ཛྙཱ་ན་གུ་ཧྱ་ལ་ཞི་བྱེད་སྒྲོན་མ་སྐོར་གསུམ་གནང་བ་ཨང་པོ་ལོ་ཙཱ་སོགས་ནས་བྱུང་བ་དང༌། བརྒྱུད་པ་བར་མའི་གཙོ་བོ་རྨ་སོ་ཀམ་གསུམ་ནི། རྨ་ཆོས་ཀྱི་ཤེས་རབ་ལ་ཕྱག་ཆེན་ཚིག་བརྒྱུད་དོན་བརྒྱུད་སོ་ཆུང་དགེ་འདུན་འབར་ལ་རིག་པ་གཅེར་མཐོང་གི་མན་ངག་ཚིག་བརྒྱུད་དང་དོན་བརྒྱུད། ཀམ་ཡེ་ཤེས་རྒྱལ་མཚན་ལ་ཤེར་ཕྱིན་གྱི་གདམས་པ་ཡས་བརྒྱུད་དང་མས་བརྒྱུད་རྣམས་དང་བརྒྱུད་ཕྲན་གསུམ་ནི། དགེ་བཤེས་གྲ་པ་ལ་ཞི་བྱེད་སྒྲོན་མ་དྲུག་སྐོར། ལྕེ་ཙནྡྲ་ཀཱིརྟི་ལ་མདོ་རྒྱུད་ཞལ་སྦྱོར་གྱི་གདམས་པ། ལྗང་བཀའ་གདམས་པ་ལ་ཤེར་ཕྱིན་ཡི་གེ་མེད་པའི་གདམས་ངག་གནང་བ་དང༌། བརྒྱུད་པ་ཐོར་བུ་ལབ་སྒྲོན་ལ་གཅོད་ཀྱི་གདམས་པ་སོགས་གདམས་ཕྲན་བཅོ་ལྔ་ཙམ་བྱུང་བར་གྲགས། བརྒྱུད་པ་ཐ་མ་ནི། དམ་པ་རྒྱ་ནག་ནས་ཡར་ཕེབས་དིང་རིར་བཞུགས་པའི་སྐབས་འཁྲུལ་ཞིག་ཉི་ཤུ་རྩ་དྲུག ཁྱད་འཕགས་བུ་ཆེན་བརྒྱ་རྩ། མ་ཇོ་ཉི་ཤུ་རྩ་བཞི། གདན་ནོན་གྱི་སློབ་མ་བཅུ་གཉིས་སོགས་བྱུང་བའི་སོ་སོ་ལ་གདམས་ངག་སྨིན་གྲོལ་གྱི་རྒྱུན་སྲོལ་ཚད་བཟུང་དུ་མ་མཆིས་ཀྱང་གཙོ་བོ་སྒོ་བའི་རྣལ་འབྱོར་པ་བཞི་ཡིན་ཏེ། ཤར་ན་དམ་པ་ཕྱར་ཆེན་གྱིས་བཀའ་མདོ་སྦྱོར་གྱི་སྐོར། ལྷོ་བཛྲ་ཀྲོ་ངྷས་རིན་ཆེན་དོན་སྡེབ་ཀྱི་སྐོར། ནུབ་ན་དམ་པ་ཕྱར་ཆུང་གིས་དུམ་དུམ་ཁྲིད་ཀྱི་སྐོར། བྱང་ན་བྱང་ཆུབ་སེམས་དཔའ་ཀུན་དགས་བཀའ་ཆོ་ལུའི་སྐོར་གྱི་བཀའ་བསྡུ་མཛད་ཅིང་ཡི་གེར་བཀོད། དེ་ལ་བརྒྱུད་པ་བར་པ་ནི་བཀའ་ཐ་མ་ངེས་དོན་གྱི་མདོ་སྡེ་རྣམས་དང་མཐུན་ལ། ཕྱི་མ་ནི་སྔགས་དང་གཙོ་བོར་མཐུན་པར་བཤད། དེ་དག་ཐམས་ཅད་ལས་ཀྱང་ལམ་ཡོངས་སུ་རྫོགས་པས་ཁྱད་པར་དུ་འཕགས་པ་ནི་ཉིད་དང་དགོངས་པ་མཉམ་པར་ཞལ་གྱིས་བཞེས་པ་དམ་པ་ཀུན་དགའི་བཀའ་སྲོལ་ཉིད་ཡིན་ཞིང༌། ཆོས་སྐོར་འདི་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡེ་ཚན་རྒྱ་ཆེར་བཞུགས་ཤིང༌། བརྒྱུད་པ་གསུམ་ག་རོག་བདེ་གཤེགས་ཆེན་པོ་ལ་བཀའ་བབས་ཤིང༌། དེ་ནས་རོག་ཐམས་ཅད་མཁྱེན་པ་སོགས་རིམ་གྱིས་བརྒྱུད་དེ་སྔར་དར་རྒྱས་སུ་བཞུགས་པར་འདུག་ཀྱང་དེང་སང་མཚན་ཙམ་དུ་གྱུར་ཅིང༌། སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིས་འབད་རྩོལ་ཆེན་པོས་རྒྱུན་གང་བཞུགས་གསན་ཅིང་ཡིག་ཆ་བཀླག་ཆོག་ཏུ་མཛད་པའི་བཀའ་དྲིན་ལས།བརྒྱུད་པ་སྔ་ཕྱི་བར་གསུམ་དང༌། ཁྱད་པར་དམ་པ་ཀུན་དགའ་ལུགས་ཀྱི་སྨིན་གྲོལ་རྩ་བ་ཙམ་བཞུགས་པར་སྣང་ངོ༌། །


ཡན་ལག་གཅོད་ཡུལ་ལ་ཕོ་གཅོད་མོ་གཅོད་གཉིས་སུ་གྲགས་པ་ལས། སྔ་མ་ནི། ཕ་དམ་པ་སངས་རྒྱས་ཀྱིས་སྐྱོ་སྟོན་ཤཱཀྱ་ཡེ་ཤེས་དང་ཡར་ལུང་སྨ་ར་སེ་བོ་ལ་མདོ་ལུགས་རང་རྐང་གི་གཅོད་ཨཱརྱ་དེ་བའི་གཞུང་ཆུང་ལྔ་བཅུ་པའི་དོན་གདམས་ངག་བྲུལ་ཚོ་དྲུག་པ་ཞེས་བྱ་བ་གནང༌། སྐྱོས་རང་གི་དཔོན་བསོད་ནམས་བླ་མ། དེས་མ་གཅིག་ལབ་སྒྲོན་ལ་བྲུལ་ཚོ་བཞི་གནང་བར་གྲགས། སྨ་ར་སེ་བོ་ལས་བརྒྱུད་པའི་སྐོར་རོག་ཤེས་རབ་འོད་དང་མཁས་གྲུབ་གཞོན་ནུ་གྲུབ་རྣམས་ལས་འཕེལ་བ་ནི་ཕོ་གཅོད་དུ་གྲགས་པའོ། །


མོ་གཅོད་ནི་ཡུམ་ཆེན་མོ་ཤེས་རབ་ཕར་ཕྱིན་མི་མོའི་རྣམ་པར་སྣང་བ་མ་གཅིག་ལབ་སྒྲོན་ཉིད། ཤེར་ཕྱིན་བཀླགས་པས་སྟོང་ཉིད་ཀྱི་ལྟ་བ་སྐྱེས། དམ་པས་སྙིང་གཏམ་ཚིག་གཅིག་གསུངས་པས་རྒྱུད་གྲོལ་ཏེ་རང་བཞིན་གྱི་རྣལ་འབྱོར་མར་གྱུར། ཤེར་ཕྱིན་གྱི་དགོངས་དོན་མ་གཅིག་ཉིད་ཀྱི་དགོངས་ཉམས་ལས་འཁྲུངས་པའི་གཅོད་ཡུལ་གྱི་ལམ་སྲོལ་རྒྱ་ཆེན་པོ་ཕྱེས་ཏེ་གདམས་སྐོར་བསམ་གྱིས་མི་ཁྱབ་པ་མཛད་པ་ཐམས་ཅད་ཕ་བརྒྱུད་ཐབས། མ་བརྒྱུད་ཤེས་རབ། གཉིས་མེད་དོན། མཁའ་འགྲོ་ཉམས་ཀྱིས་བརྒྱུད་པ་བཞིས་བསྡུས་ཤིང༌།ཞལ་སློབ་གྲུབ་ཐོབ་ཕོ་མོ་བརྒྱ་དང་རྩ་བརྒྱད་སོགས་སློབ་ཚོགས་མང་པོས་བོད་ཁམས་ཁྱབ་པར་གྱུར་པའི་གཙོ་བོ་དབོན་སྲས་རྒྱལ་བ་དོན་གྲུབ། བརྒྱུད་འཛིན་སྟོང་སྡེའི་ངག་གི་དབང་ཕྱུག ཐུགས་སྲས་གྲོལ་སྡེ་རྒྱལ་བའི་འབྱུང་གནས། ཁུ་སྒོམ་ཆོས་སེང་སྟེ་ཐུགས་སྲས་བཞི།འབྲོག་ཚ་རྒྱན། དཔལ་ལྡན་རྒྱན། བསོད་ནམས་རྒྱན། རིན་ཆེན་རྒྱན་ཏེ་སྲས་མོ་བཞི། སྐྱེ་མེད་དགའ་ཡན། ཕོ་སྨྱོན་སེང་གེ། སྨྱོན་པ་རང་སྣང༌། དོལ་པ་ཟང་ཐལ། ཞིག་པོ་ཧུར་ཐོན། སྐལ་ལྡན་སེང་གེ། རྒྱ་སྒོམ་ཧར་ཐོན། རྗེ་བཙུན་ཟིལ་གནོན་ཏེ་རང་མཉམ་བརྒྱད་བཅས་བཀའ་བབས་བུ་ཆེན་བཅུ་དྲུག་གི་ཕྲིན་ལས་ཀུན་ཏུ་འཕེལ། མདོའི་བརྒྱུད་འཛིན་སྲས་གླང་ལུང་པ་རྒྱལ་བ་དོན་གྲུབ་བརྒྱུད་པའི་གཙོ་བོར་གྱུར། སྔགས་ཀྱི་བརྒྱུད་འཛིན་ཐོད་སྨྱོན་བསམ་འགྲུབ་གྲུབ་ཐོབ་ཡོངས་གྲགས་སུ་གྱུར་པས་གངས་པ་ཞེས་པའི་གཅོད་བརྒྱུད་ཁྱད་པར་ཅན་ཟུར་དུ་བྱུང༌། ཟུང་འཇུག་གི་བརྒྱུད་འཛིན་ཁུ་སྒོམ་ཆོས་ཀྱི་སེངྒེའི་བརྒྱུད་པ་གྲུབ་ཐོབ་སོ་སོ་ལས་བརྒྱུད་པ་མང་དུ་འཕེལ། ཁྱད་པར་རྒྱལ་དབང་རང་བྱུང་རྡོ་རྗེས་གནམ་མཚོ་དོ་པ་མི་བསྐྱོད་རྡོ་རྗེ་ལས་གཅོད་ཡུལ་གསན་ཅིང་དེ་ལས་བརྒྱུད་པ་ལ་རུ་བའི་གཅོད་བརྒྱུད་རྣམས་དང༌། ཕྱིས་ཟུར་མང༌། གནས་མདོའི་ལུགས་རྣམས་འཕེལ། རྗེ་བཙུན་སྐྱ་སེ་རྟོགས་ལྡན་ལས་སྐྱབས་ཆེ་དང༌། ཏྲེ་ཧོ་ཆོས་ཀྱི་དབང་པོ་ལས་ཏྲེ་གཅོད་ཀྱི་རྒྱུན་བྱུང་བས་མཚོན་བརྒྱུད་འཛིན་སོ་སོ་ལས་མཐའ་ཡས་པ་འཕེལ། སྲས་མོ་ལ་ལྕམ་ལས་རིམ་པར་བརྒྱུད་པའི་རིང་བརྒྱུད་དང༌། རྒྱལ་ཐང་པ་བསམ་གཏན་འོད་ཟེར་གྱིས་བརྒྱུད་སྲོལ་མཐའ་དད་པ་མང་དུ་གསན་ཅིང་མ་གཅིག་དངོས་དང་མཇལ་ནས་གདམས་པ་སྩལ་པ་ཉེ་བརྒྱུད་རྒྱལ་ཐང་ལུགས་དང༌། ཟབ་ཆོས་མང་པོ་སློབ་མ་རྣམས་ལ་མ་གནང་བར་གཏེར་དུ་སྦས་ལ་ཕྱིས་མ་གཅིག་ཉིད་ཀྱི་རྣམ་སྤྲུལ་ལ་འདུས་རྡོ་རྗེ་སྒྲོན་མས་བཏོན་པ་དང༌། ཁུ་སྒོམ་སྐྱེ་བ་ཀུན་སྤངས་བརྩོན་འགྲུས་སེངྒེས་གཏེར་ནས་བྱུང་བ་ཟབ་ཅིང་རྒྱ་ཆེ་བ་བཞུགས་པ་ལས། ཕྱི་མའི་རྒྱུན་རྒྱ་སྟོན་གཅོད་བརྒྱུད་ད་ལྟ་བར་ཟམ་མ་ཆད་པར་སྣང་ངོ༌། ། ༧༽ རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པའི་ལོ་རྒྱུས་བཤད་པ། ༈ བདུན་པ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པ་ནི། སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་རྡོ་རྗེ་ཐེག་པ་བླ་མེད་ཀྱི་རྩ་བའི་རྒྱུད་མཐའ་དག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འདུས་པ་ཆེན་པོའི་འཁོར་རྣམས་ལ་བསྟན་པའི་ཚེ། སྤྲུལ་པའི་ཆོས་རྒྱལ་ཟླ་བ་བཟང་པོས་གསོལ་བ་བཏབ་པའི་ངོར་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་གསུངས་པ་ཉིད་ཤམྦྷ་ལའི་ཡུལ་དུ་ཆོས་རྒྱལ་བདུན་རྫོགས་ཀྱི་བར་དར་རྒྱས་སུ་སྤྱོད། དེ་ནས་རིགས་ལྡན་འཇམ་དཔལ་གྲགས་པས་དེ་ལས་བསྡུས་པའི་རྒྱུད་མཛད་པ་ལ། རིགས་ལྡན་པདྨ་དཀར་པོས་འགྲེལ་ཆེན་གྱིས་བཀྲལ། སྤྲུལ་པའི་རིགས་ལྡན་རིམ་པར་བྱོན་པ་རྣམས་ཀྱིས་སྤེལ་བར་མཛད་པ་སས་འཕགས་ཡུལ་དུའང་སྔ་ཐོག་ཞིག་ནས་གྲུབ་ཆེན་རྣམས་ལ་ཐོར་བུར་སྣང་མོད། ཐུན་མོང་གི་སྤྱོད་ཡུལ་དུ་ཐོག་མར་སྣང་བར་མཛད་པ་པོ་ནི་ཙི་ལུ་པཎྜི་ཏ་སྟེ། དེ་ཉིད་ཤམྦྷ་ལར་སེམས་འགྲེལ་ཚོལ་བར་བྱོན་པའི་ལམ་ཀར་རིགས་ལྡན་གྱི་སྤྲུལ་པས་རྗེས་སུ་བཟུང་སྟེ་དབང་རྒྱུད་འགྲེལ་མན་ངག་མཐའ་དག་གནང་ཞིང་བྱིན་གྱིས་བརླབས་པས་མཐའ་དག་ཁོང་དུ་ཆུད། དེའི་སློབ་མ་པིཎྜོ་ཨཱ་ཙརྱ་སྟེ་སློབ་དཔོན་བསོད་སྙོམས་པར་གྲགས་པ་ལས། དུས་འཁོར་ཞབས་ཆེན་པོའམ་ཙི་ལུ་པ་ཆུང་བར་ཡང་གྲགས་པ་འཇམ་པའི་རྡོ་རྗེས་གསན། སྤྲུལ་པའི་རིགས་ལྡན་གྱིས་བྱིན་གྱིས་བརླབས་པའི་མཐུས་གྲུབ་པ་བརྙེས་ཏོ་ཀ་ལཱ་པར་དངོས་སུ་ཕེབས་ཏེ་དབང་རྒྱུད་མན་ངག་རྫོགས་པར་མཛད་འདི་ཉིད་རྩལ་དུ་བཏོན་ཏེ་འཆད་ཉན་མཛད་པས། ནཱ་རོ་པ། རཏྣ་ཀ་ར་གུཔྟ་སོགས་སློབ་མ་མང་དུ་བྱུང་བ་ལས། ཨ་བ་ངྷཱུ་ཏི་པ། ཤྲཱི་བྷ་དྲ་བྷོ་ངྷི། ནཱ་ལེནྡྲ་བ་གསུམ་ལ་དུས་ཞབས་པ་ཆུང་བ་སོ་སོར་གྲགས། བོད་ཡུལ་འདིར་ཐོག་མ་གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱིས་དུས་ཞབས་པ་ཤྲཱི་བྷ་དྲས་སྤྱན་དྲངས་ནས་རྒྱུད་འགྲེལ་བསྒྱུར་ཅིང་མན་ངག་བསྒྱུར། ཁྲོམ་ལོ་ཙཱ་བ་པདྨ་འོད་ཟེར་སོགས་བུ་ཆེན་བཞིར་གྲགས་པ་བྱུང༌། ཁྲོམ་ལོ་ནས་བརྒྱུད་པ་གྱི་ཇོ་ལུགས་དང༌། ནཱ་ལེནྡྲ་བའི་སློབ་མ་མཉྫུ་ཀཱིརྟི། དེའི་སློབ་མ་བལ་པོ་ས་མནྟ་ཤྲཱི།དེ་ལས་རྭ་ལོ་ཙཱ་བ་ཆོས་རབ་ཀྱིས་གསན་པའི་རྭ་ལུགས་དང༌། ཡང་ནཱ་ལེནྡྲ་བའི་སློབ་མ་ཁ་ཆེ་ཟླ་བ་མགོན་པོ། དེ་ལས་འབྲོ་ལོ་ཤེས་རབ་གྲགས། སྒོམ་པ་དཀོན་མཆོག་སྲུང་སོགས་ལས་བརྒྱུད་པ་འབྲོ་ལུགས་དང༌། ནཱ་ལེནྡྲ་བ། ཙཱ་མི་སངས་རྒྱས་གྲགས། དེ་ལས་རིམ་པར་བརྒྱུད་པ་ཙཱ་མི་ལུགས། དེའི་སློབ་མ་སེ་ལོ་ཙཱ་བ་གཞོན་ནུ་ཚུལ་ཁྲིམས། དེ་ལས་གཉོས་དར་མ་འོད་ཀྱིས་གསན་པ་སོགས་གཉོས་ལུགས། ཡང་ནཱ་ལེནྡྲ་བ། ཨ་བྷ་ཡཱ་ཀ་ར། ནིཥྐ་ལངྐ༌། བལ་པོ་པཎྜི་ཏ་རེ་བནྡྲ། ཆག་ལོ་ཆོས་རྗེ་དཔལ་ལས་བརྒྱུད་པ་ཆག་ལོ་ལུགས། ཨ་བྷ་ཡཱ། བི་ཁྱཱ་ཏ་དེ་བ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིར། དཔལ་ཆོས་ཀྱི་བཟང་པོ་ནས་བརྒྱུད་པ་པཎ་ཆེན་ལུགས་སམ་དཔྱལ་ལུགས། རྭ་ཆོས་རབ་ནས། ཡེ་ཤེས་སེདྒེ། འབུམ་སེང༌། རོང་བ་རྒ་ལོ་རྣམ་རྒྱལ་རྡོ་རྗེ་སོགས་ལས་བརྒྱུད་པ་རོང་ལུགས། ཙཱ་མི་ནས་ཁམས་པ་རྒྭ་ལོ་གཞོན་ནུ་དཔལ།དེས་ཞང་ཚལ་བ་ལ་གནང་བ་ཚལ་ལུགས། རྒྭ་ལོ་ནས་ས་སྐྱ་པ་ཆེན་པོ་ལ་གནང་བའི་ས་ལུགས།གྲུབ་ཆེན་ཤ་བ་རི་དབང་ཕྱུག་གིས་པཎ་ཆེན་བྷཱུ་ཏི་ཙནྡྲ་ལ་དངོས་སུ་སྩལ། དེས་ཀོ་བྲག་པ་བསོད་ནམས་རྒྱལ་མཚན་ལ་གནང་བ་ཀོ་བྲག་ལུགས། མཉྫུ་ཀིརྟི་དང་ཨ་བྷ་ཡས་གཉན་ལོ་དང་རྒྭ་ལོ་ལ་གནང༌། དེ་གཉིས་ཀ་ལས་འགོས་ཀྱིས་གསན་པ་འགོས་ལུགས། ཡང་ཆག་ཆོས་རྗེ་དཔལ་ནས། གོ་ལུང་པ་མདོ་སྡེ་དཔལ། མཁས་གྲུབ་ཨོ་རྒྱན་པ། སྙེ་མདོ་བ་ཀུན་དགའ་དོན་གྲུབ། རྗེ་རང་བྱུང་པ་སོགས་ལས་བརྒྱུད་པ་དང༌། ཙཱ་མའི་ལུགས་གཙོ་བོར་བཏོན་པ་ཀར་ལུགས། གཞན་ཡང་ཤངས་དཔང་ནས་བརྒྱུད་པ་བོ་དོང་ལུགས། ལྐོག་འཕྲང་པའི་ལུགས་དང༌། ལ་སྟོད་དབང་རྒྱལ་ལུགས་སོགས་མང་དུ་བྱོན་ཀྱང༌། ཕྱིས་ནས་དུས་ཀྱི་འཁོར་ལོ་གངས་ལྗོངས་འདིར་ཤིན་ཏུ་དར་བར་མཛད་པ་ནི་ཇོ་ཞལ་གཉིས་ཏེ། འདི་གཉིས་ཀས་དང་པོ་རྭ་པའི་བརྒྱུད་པ་གསན་ཅིང༌། ཕྱིས་སུ་འབྲོ་ལུགས་ལ་ཞུགས་པས་རྭ་འབྲོའི་བརྒྱུད་འཛིན་དུ་གྱུར་མོད། བུ་ལུགས་གཙོ་བོར་བཤད་པའི་བཀའ་བབས་ད་ལྟའི་བར་དུ་བུ་སྟོན་ཆེན་པོ་ལས་བརྒྱུད་པའི་རྒྱུད་བཤད་རྒྱུན་མ་ཆད་པར་བཞུགས་པར་སྣང་བ་དང༌། ཇོ་ནང་པ་རིགས་ལྡན་སྤྲུལ་པའི་སྐུ་རིམ་པར་བྱོན་པ་རྣམས་ལས་ཀུན་སྤངས་ཆེན་པོས་བོད་དུ་འགྱུར་རོ་ཅོག་གི་དུས་འཁོར་ལུགས་སྲོལ་རྫོགས་པར་གསན། སློབ་མ་ཀུན་སྤངས་བུ་བཞིར་གྲགས་པར་བྱུང༌།ཀུན་མཁྱེན་དོལཔོ་པ་ཆེན་པོས་རྣལ་འབྱོར་ཡན་ལག་དྲུག་པའི་ཕྲིན་ལས་ངོ་མཚར་བསམ་གྱིས་མི་ཁྱབ་པ་སྤེལ་བ་ལས། གཙོ་བོར་རང་མཉམ་སློབ་མ་བཅུ་བཞི་པོ་སོ་སོས་གདམས་སྲོལ་སྤེལ་བའི་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་ཆགས་པས་སྒྲུབ་བརྒྱུད་ཀྱི་བཀའ་བབས། ཀུན་མཁྱེན་སྒྲོལ་མགོན་ཞབས་སོགས་བརྒྱུད་ཉམས་རྟོགས་ཕུལ་དུ་བྱུང་བའི་རྒྱུན་ད་ལྟ་མ་ཉམས་པར་བཞུགས་པ་ལས། དེ་དག་གི་རྒྱུན་འཇམ་མགོན་རྡོ་རྗེ་འཆང་རྣམ་གཉིས་ལས། ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པའི་རྡོ་རྗེས་གསན་ཅིང༌། བསྡུས་བརྒྱུད་ཀྱི་འགྲེལ་ཆེན་དང་སྒྲུབ་དཀྱིལ་ཁྲིད་ཡིག་སོགས་སྔ་ན་མེད་པའི་ལེགས་བཤད་ཀྱི་གཏེར་ཆེན་པོ་ཕྱེས་ཏེ་ཤིན་ཏུ་ཡང་གསལ་བར་མཛད་དོ། །སྤྱིར་རྒྱ་གར་འཕགས་པའི་ཡུལ་དུ་དུས་ཞབས་པ་ཆེ་ཆུང༌། ཤ་བ་རི་བ། དཔེ་མེད་མཚོ། ཉི་མ་དཔལ་ཡེ་ཤེས། ནཱ་རོ་པཎ་ཆེན། ཁ་ཆེ་པཎ་ཆེན། གྲུབ་ཆེན་ཞི་བ་སྦས་པའི་ལུགས་སོགས་བྱུང་བར་སྣང་ཞིང༌། བོད་འདིར་གྲགས་ཆེ་བ་གྱི་ཇོ་འབྲོ་ རྭ། དིང་རི་ཆོས་གྲགས་ཏེ་སྔོན་བྱོན་བཞི། མན་ལུང་གུ་རུ། ཐར་ལོ། ཨོ་རྒྱན་པ། བི་བྷཱུ་ཏི་ཙནྡྲ་སྟེ་བར་བྱོན་བཞི། ཤ་བ་རི་ཐོག་མཐའ་བར་གསུམ། ཕྱིས་བྱོན་པཎ་ཆེན་ནགས་ཀྱི་རིན་ཆེན་ལས་བྱུང་བའི་བཀའ་སྲོལ་རྣམས་སུ་སྣང་ངོ༌། ། ༨༽ རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ལོ་རྒྱུས་བཤད་པ། ༈ བརྒྱད་པ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ནི། མཁས་གྲུབ་ཨོ་རྒྱན་པ་རིན་ཆེན་དཔལ་དེ་ཉིད་མདོ་སྔགས་ཀྱི་སྦྱངས་པ་མཐར་ཕྱིན། ཁྱད་པར་དུས་ཀྱི་འཁོར་ལོ་ལ་མཁས་པའི་ཕུལ་དུ་གྱུར། རྒྱལ་བ་རྒོད་ཚང་པ་ལས་རྟོགས་པ་མཐར་ཐུག་སྐྱེས་ཏེ་མཐོང་ལམ་གྱི་བདེན་པ་གཟིགས། ཆོས་རྗེས་ཀྱང་བརྟུལ་ཞུགས་རང་དང་མཉམ་པའི་ཐུགས་སྲས་སུ་བསྔགས་པ་དེས་སྤྱོད་པ་མཐར་ཕྱིན་པར་བྱ་བའི་ཕྱིར་ཛ་ལེནྡྷ་ར་སོགས་གནས་ཡུལ་མང་དུ་བྱོན། ཁྱད་པར་དུ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་བྱོན་པ་ན་བར་ཆད་དང་ཆོ་འཕྲུལ་མང་དུ་བྱུང་བ་ལྟ་བའི་གདེང་དང་བརྟུལ་ཞུགས་ཀྱི་ཟིལ་གྱིས་མནན།ཡུལ་དབུས་དྷཱུ་མ་ཐ་ལའི་ཕྱོགས་བཞིར་རིགས་བཞི་མཁའ་འགྲོས་བྱིན་གྱིས་བརླབས། སྤྲུལ་པའི་མཛེས་མས་ལུང་བསྟན་པ་བཞིན་ཀ་པོ་ཀ་ཞེས་པའི་གྲོང་དུ་རྡོ་རྗེ་རྣལ་འབྱོར་མ་ཉིད་སྨད་འཚོང་མའི་གཟུགས་སུ་བསྟན་ནས་བཟའ་བཏུང་དང་རེག་བྱའི་བདེ་བ་སྩལ་ཏེ་རྩ་ཡི་མདུད་པ་བཀྲོལ། སྒྲ་དང་ས་གཡོ་བ་ལ་སོགས་ལྟས་ཆེན་པོ་དང་བཅས་སླར་རྡོ་རྗེ་བཙུན་མོ་དངོས་སུ་སྣང་བས་གདམས་པ་རྫོགས་པར་གནང༌། སྔར་གྱི་མཁའ་འགྲོ་བཞི་དང་སེདྒེའི་གདོང་ཅན་ལྔ་པོས་ཀྱང་གདམས་པ་སྣ་རེ་གནང་བས་མཆོག་ཐུན་མོང་གི་གྲུབ་པ་བརྙེས། བོད་དུ་བྱོན་ནས་ཐོག་མར་ལུང་བསྟན་ཐོབ་པའི་སློབ་མ་མཁར་ཆུ་རིན་པོ་ཆེས་གསོལ་བ་བཏབ་པའི་ངོར་རྡོ་རྗེའི་ཚིག་རྐང་ཡི་གེར་བཀོད། དམིགས་རྐང་གནང་བ་རྣམས་བརྗེད་ཐོ་བསྡུས་པའང་མཛད། ཁྲིད་གཉེར་བ་ཟླ་བ་སེངྒེས་མན་ངག་རྣམས་གླེགས་བམ་དུ་བསྡོམས། གོ་ལུང་པ་གཞོན་ནུ་དཔལ་གྱིས་དྲི་བ་ཞུས་པའི་ལན་འདེབས་གནང་བ་ཐོར་བཀོད་པ་དང༌། ཟུར་ཕུག་པ་རིན་ཆེན་དཔལ་བས་མཛད་པའི་ཊཱི་ཀ་ཆེན་མོ་དང༌། མཁས་པ་ཤངས་སྟོན་དང༌། སྙེ་མདོ་ཀུན་དགའ་དོན་གྲུབ་གཉིས་ཀྱི་རྡོ་རྗེའི་ཚིག་རྐང་གི་རྣམ་བཤད་མཛད་པ་རྣམས་ལ་ཊཱིཀ་ཆེན་བཞི་ཟེར། སྦུ་ཏྲ་བ་བསོད་ནམས་འོད་ཟེར་ལས་ཆོས་རྗེ་གངས་པ་བརྒྱུད་དཔལ་ལྡན་བླ་མ་བསོད་ནམས་རྒྱལ་མཚན་ནས་གསན་པ་སོགས་བརྒྱུད་སྲོལ་ཡང་མང་དུ་བྱུང་ཞིང༌། ཀུན་མཁྱེན་རང་བྱུང་ཞབས་ཀྱིས་གྲུབ་ཆེན་ཉིད་ལས་གདམས་སྐོར་རྫོགས་པར་གསན་ཏེ་རྡོ་རྗེའི་ཚིག་གི་མདུད་གྲོལ་དང་གདམས་ངག་གི་གནད་གཞན་ལས་ཁྱད་པར་དུ་འཕགས་པའི་ལམ་བཟང་པོ་གསལ་བར་མཛད་དོ། ། དགུ་པ་ཞར་བྱུང་ཕྲན་ཚེགས་གཞན་བྱུང་བ་ནི། ངོ་མཚར་བའི་གཏམ་བཅོ་བརྒྱད་དང་ལྡན་པའི་གྲུབ་ཆེན་མི་ཏྲ་ཛོ་ཀི་དེ་ཉིད་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་སྤྱན་དྲངས། ཟབ་ཆོས་ཞུས་པས་ཤེས་བྱའི་ཡན་ལག་ཏུ་བསྟན་པ་ཐུན་མོང་གི་སྐོར། ནང་སྒྲུབ་ཐབས་སུ་བསྟན་པ་ཉམས་ལེན་བྱེ་བྲག་གི་སྐོར། གསང་བ་བྱིན་རླབས་ཀྱི་འཇུག་པ་སྟོན་པ་ཁྱད་པར་གྱི་སྐོར་གསུམ་གནང་བ་ཁྲོ་ཕུ་པ་ལས་རིམ་པར་བརྒྱུད་པ་དང༌། ས་ར་ཧས་གནང་བའི་ཕྱག་ཆེན་འཁོར་བ་རྒྱུན་གཅོད་ཀྱི་གདམས་ངག་དོན་མོ་རིར་མཚན་ལྡན་འཁྲུལ་ཞིག་ཆེན་པོ་ལ་གནང༌། དེས་རྟོགས་ལྡན་གྲགས་པ་སེང་གེ་ལ་གནང་བ་དང༌། ཡང་བལ་རས་ཞེས་བྱ་བའི་རྣལ་འབྱོར་པར་བརྫུས་ནས་གྲགས་པ་སེང་གེ་ལ་མཁའ་སྤྱོད་བསྙེན་སྒྲུབ་གནང་བ་ཕྱི་མ་གཉིས་ལ་མཁའ་སྤྱོད་དབང་པོས་ཡིག་ཆའང་མཛད་པ་དང༌། ཡང་མི་ཏྲ་ཁྲིད་དྲུག་ཏུ་གྲགས་པ་པཎྜི་ཏ་ཤཱ་རི་པུ་ཏྲ་ལ་གནང༌། དེས་མི་ཉག་གྲགས་རིན་དང་ཀུ་ཅོར་རྟོགས་ལྡན་ལས་བརྒྱུད་པ་དང༌། རྡོ་རྗེ་ཕྲེང་པའི་དབང་བསྐུར་བརྒྱ་རྩ་པཎ་ཆེན་དོན་ཡོད་རྡོ་རྗེ་ལས་བརྒྱུད་པ་སོགས་བྱུང༌། ཡང་སྤྲུལ་སྐུ་ལ་སྟོད་དམར་པོ་ལ་རྡོ་རྗེ་གདན་པ་ཆེ་བས་གནང་བའི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་དང་བསིལ་བ་ཚལ་དུ་མཁའ་འགྲོ་སྡེ་ལྔས་གནང་བའི་གདམས་ངག་གི་སྐོར་རྣམས་དང༌། གཙང་ཁ་རག་སྒོམ་ཆུང་བློ་གྲོས་དབང་ཕྱུག་ལ་ཨ་རོ་ནས་བརྒྱུད་པའི་སེམས་ཕྱོགས་དང༌། ཇོ་བོ་ནས་བརྒྱུད་པའི་བློ་སྦྱོང་གི་བཀའ་བབས། གདམས་པ་དེ་གཉིས་བསྲེས་པ་ལ་བྱང་ཆུབ་སེམས་སྦྱོང་ཞེས་བྱ་བའི་གཞུང་མཛད། ཕྱིས་ཁ་རག་སྐོར་གསུམ་དུ་གྲགས་ཏེ།ལྷོ་པ་ངྷརྨ་སྐྱབས། བྱང་སྒོམ་མཆེད་གསུམ་སོགས་ནས་རྒྱ་ཆེར་འཕེལ། གཞན་ཡང༌། སྤྱན་རས་གཟིགས་ཀྱི་དམར་ཁྲིད་རིགས་བཞི། དུས་ཞབས་ཆེ་ཆུང་ནས་བལ་པོ་ཀཱ་ཡ་ཤྲཱི་སོགས་ལ་བརྒྱུད་པའི་ནམ་མཁའ་སྐོར་གསུམ། ཕྱག་རྒྱ་ཆེན་པོ་ཐིག་ལེའི་སྐོར། མན་ལུང་པའི་སྒོམ་རིམ་གཅིག་ཤེས་ཀུན་གྲོལ་སོགས་གདམས་ངག་གི་རིགས་དང༌། ཨ་བྷ་ཡི་རྡོ་རྗེ་ཕྲེང་བ་དང་སྒྲུབ་ཐབས་བརྒྱ་རྩ། ད་ཏྤན་ཨཱ་ཙརྱའི་བྱ་བ་བཏུས་པ་སོགས་དབང་དང་སྒྲུབ་ཐབས་ཀྱི་རིགས་ཚད་དང་ལྡན་ཞིང་སྒྲུབ་བརྒྱུད་ཀྱི་བཀའ་སྲོལ་ཟུར་པ་མེད་པའི་ཕྲན་ཚེགས་ཀྱི་བྱུང་བ་མཐའ་ཡས་སོ། །

དེ་ལྟར་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་རྗེས་འབྲང་དང་བཅས་པ་དེ་ཐམས་ཅད་ཀྱི་སྨིན་གྲོལ་བཤད་བཀའ་དེང་སང་རྒྱུན་གང་བཞུགས་ཐམས་ཅད་འཇམ་མགོན་བླ་མ་ཡབ་སྲས་ཀྱིས་འབད་པ་ཆེན་པོས་བཙལ་ཞིང་གསན་ཏེ་ཉམས་བཞེས་མཐར་ཕྱིན་པར་མཛད་ཅིང༌། བྱིན་རླབས་ཉེ་བརྒྱུད་ཀྱི་གདམས་པའི་བཀའ་བབས་དང་བཅས་ཏེ་མན་ངག་གི་སྙིང་པོ་མཐའ་དག་གདམས་མཛོད་སྤྲུལ་པའི་གླེགས་བམ་ཆེན་པོར་བཀའ་ཡི་བསྡུ་བ་མཛད་དེ་དུས་ཀྱི་མཐར་ཡང་ཉམས་པ་མེད་པར་བཀའ་གཙིགས་ཕྱག་རྒྱའི་རེ་ཁས་བཏབ་པ་སྟེ། བདག་གིས་ཀྱང་འཇམ་མགོན་རྡོ་རྗེ་འཆང་དངོས་ལས་གདམས་གཏད་ཐུན་མིན་དང༌། ཡོངས་ཀྱི་འདྲེན་པ་ཆེན་པོ་རྒྱལ་སྲས་བཀྲ་ཤིས་འོད་ཟེར་གྱི་ཞལ་སྔ་ནས་སྨིན་གྲོལ་ཚངས་སྤྲུགས་སུ་ཐོབ་པའི་སྐལ་བཟང་ཉམས་སུ་མྱོང་བས་དལ་རྟེན་སྙིང་པོར་བྱས་པ་ཡིན་ནོ། །
གངས་ལྗོངས་ཡོངས་ལ་གྲགས་པའི་སྒྲུབ་བརྒྱུད་བརྒྱད། །

རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར། ། བརྒྱུད་པའི་ཁུངས་དང་རྣམ་ཐར་བསམ་མི་ཁྱབ། ། ཟབ་ཁྱད་ཆེ་ཡོན་མཐའ་དག་སུས་བརྗོད་ནུས། ། མཚན་ཙམ་གྱིས་ཀྱང་སྲིད་པའི་གྲོང་ཁྱེར་བརྒྱ། ། རྡུལ་དུ་གཞིག་ལ་སོམ་ཉིའི་སྐབས་མིན་ན། ། ནན་ཏན་ཉམས་སུ་ལེན་རྣམས་སྨོས་ཅི་དགོས། ། དེ་ཕྱིར་འདི་དང་འཕྲད་རྣམས་སྐལ་བ་མཆོག ། ཕྱོགས་རེར་ཞེན་པའི་བློ་ངན་རང་མཚང་སྐྱོན། ། བདག་བསྟོད་གཞན་ལ་སྨོད་པ་མི་དགེའི་བཤེས། ། དོན་མེད་དགག་སྒྲུབ་མང་པོའི་གཉེར་མེད་པས། ། དག་སྣང་དཀར་པོའི་མིག་བཟང་བསྐྱེད་འཚལ་ལོ། ། ད་ནི་དེ་དག་ཐམས་ཅད་ཀྱི་རྣམ་ཐར་གཅིག་ཏུ་ཟླུམ་པའི་བདག་ཉིད་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལྟ་བུ་ངོ་མཚར་བའི་བཀའ་བབས་བདུན་དང༌། སྔོན་མེད་མཛོད་ལྔའི་ཤིང་རྟའི་ལམ་སྲོལ་གསར་དུ་འབྱེད་པ་པོ་ཀུན་མཁྱེན་བླ་མ་རྣམ་གཉིས་ཀྱི་གཏམ་བརྗོད་པར་བྱ་སྟེ། དེ་ཡང་ལྷ་དང་བཅས་པའི་འཇིག་རྟེན་གསུམ་ན་མཚན་གྱི་རྔ་བོ་ཆེ་སྙན་པར་གྲགས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ་པདྨ་འོད་གསལ་མདོ་སྔགས་གླིང་པ་ནི། ངོ་བོ་རྒྱལ་ཀུན་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས་ཉིད། རྣམ་པ་གང་འདུལ་གདུལ་བྱའི་སྣང་ངོར་འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན། བི་མ་ལ། དྲིལ་བུ་པ། སྒོ་མཐའ་ཡས་པའི་བློ་གྲོས། ཕྱིས་བྱོན་ནགས་ཀྱི་རིན་ཆེན་སོགས་དང༌། བོད་དུ་ཆོས་རྒྱལ་ཁྲི་སྡེ། རྒྱལ་སྲས་ལྷ་རྗེ། ནག་ཚོ་ལོ་ཙཱ། འབྲོམ་སྟོན་པ། རས་ཆུང་རྡོར་གྲགས། དྭགས་པོ་ལྷ་རྗེ། རྗེ་བཙུན་གྲགས་རྒྱལ། བློ་གྲོས་རྒྱལ་མཚན། ཀློང་ཆེན་རབ་འབྱམས། དགེ་འདུན་གྲུབ། མཁྱེན་རབ་ཆོས་རྗེ། ལྕགས་ཟམ་པ། མཁྱེན་བརྩེའི་དབང་ཕྱུག ནམ་མཁའ་འཆི་མེད། རིག་འཛིན་འཇིགས་མེད་གླིང་པ་རྣམས་དང༌། གཞན་ཡང༌། ཕ་དམ་པ། ཨ་མོ་གྷ་བཛྲ། སྙེ་མདོ་ཐམས་ཅད་མཁྱེན་པ་སོགས་དང༌། ཁྱད་པར་ཆོས་རྒྱལ་ཆེན་པོའི་སྐུ་སྤྲུལ་མངའ་བདག་ཉང་རལ། གསུང་སྤྲུལ་གུ་རུ་ཆོས་དབང༌། ཐུགས་སྤྲུལ་མངའ་རིས་པཎ་ཆེན། ཡོན་ཏན་གྱི་སྤྲུལ་པ་བཀྲ་ཤིས་སྟོབས་རྒྱལ། ཕྲིན་ལས་ཀྱི་སྤྲུལ་པ་རྒྱལ་མཆོག་ལྔ་པ་རྣམས་དང༌། རྒྱལ་སྲས་ལྷ་རྗེའི་སྤྲུལ་པ་གཏེར་སྟོན་སངས་རྒྱས་བླ་མ་ནས་ཆོས་རྗེ་གླིང་པའི་བར་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གཉིས་སོགས་གང་འདུལ་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོ་རིམ་དང་ཅིག་ཅར་དུ་སྣང་བས་བསྟན་འགྲོའི་དོན་མཐའ་ཡས་པ་མཛད་ནས། མངའ་བདག་ཉང་རིན་པོ་ཆེའི་གཏེར་ལུང་ལས། རྩེ་སྒང་ཞེས་པའི་རི་བོའི་མདུན༔ ཕ་ཝོང་ཀླུ་དབང་འཁྱིལ་བའི་སྟེང༔ མངའ་བདག་འཇམ་པའི་དབྱངས་ཞེས་འབྱུང༔ བཅུ་གསུམ་ཟབ་མོའི་གཏེར་ལ་སྤྱོད༔ ཅེས་པས་མཚོན་གཏེར་ཁ་གསར་རྙིང་དུ་མ་ནས་རྡོ་རྗེའི་ལུང་གིས་བསྔགས་པ་བཞིན། མངའ་བདག་གི་སྐུ། པདྨའི་གསུང༌། ནམ་མཁའི་སྙིང་པོའི་ཐུགས། བི་མ་ལའི་ཡོན་ཏན། ལང་གྲོ་ལོ་ཙཱའི་ཕྲིན་ལས་ཀྱིས་རྣམ་པར་འཕྲུལ་བའི་ཚུལ་གྱིས། མདོ་ཁམས་གནས་ཆེན་ཉེར་ལྔའི་ནང་ཚན་ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས་མཆོག་རི་བོ་དབང་ཞུ་སོགས་གནས་ཆེན་གནས་ཕྲན་མང་པོས་བསྐོར་ཅིང་གཏེར་ཆེན་གཏེར་ཕྲན་དུ་མས་གཏམས་པས་གཏེར་ཀླུང་ཞེས་པའི་ཡུལ་ལྗོངས་སུ། རྒྱབ་རི་རྩེ་སྒང་ཞེས་པའི་མདུན་རོལ། བྲག་རི་སྦྲུལ་འཁྱིལ་བའི་གཟུགས་སུ་གནས་པའི་སྟེང་དིལ་མགོ་ཞེས་པར། རུས་ནི་ཤིང་ཁམས་སྒ་དང༌། རིགས་ནི་འོད་གསལ་ལྷ་ལས་ཆད་པའི་མྱོས། ཡབ་དྲུང་ཆེན་རིན་ཆེན་དབང་རྒྱལ་དང༌། ཡུམ་སོག་མོ་བཟའ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་ཆུ་སྟོད་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་པར་དབུ་སྐྲ་ནག་སི་ལེ་བས་སྙན་ཡན་ཁེབས་པ་དང༌། ཕྲུུ་མ་ཆོས་གོས་བཞིན་དུ་དཀྲིས་པའི་སྟེང་དུ་རྩ་མཆོག་ཀུ་ཤས་བསྡམས་བཞིན་ངོ་མཚར་བའི་ལྟས་དང་བཅས་ཏེ་བལྟམས། ཐུགས་ཀྱིས་དྲན་ཙམ་དུ་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་དང་སྔགས་སྲུང་ཨེ་ཀ་ཛ་ཊིས་ཡང་ཡང་བརྩེ་ཞིང་སྐྱོང་བ་དང་སྔོན་གྱི་སྐྱེ་བ་མང་པོ་རྗེས་སུ་དྲན། ཆུང་ངུ་ནས་ཐེག་པ་ཆེན་པོའི་རིགས་སད་པའི་རྟགས་དང༌། སྐུ་རྩེད་ཀྱང་དབང་བསྐུར་ཆོས་བཤད་བཀའ་འདུས་ཀྱི་སྒྲུབ་ཆེན་འཛུགས་པའི་ཚུལ་སོགས་ཕལ་པའི་སྤྱོད་པ་ལས་འདས། མཁྱེན་རབ་དང་རྣམ་དཔྱོད་འགྲན་ཟླ་བྲལ་བས་འབྲི་ཀློག་སོགས་ཚེགས་མེད་པར་མཁྱེན་ཅིང་གླེགས་བམ་ཕལ་ཆེར་ཚར་རེ་གཟིགས་པས་ཚིག་དོན་གྱི་ཆ་ཐུགས་སུ་ཆུད། དགུང་ལོ་བཅུ་གཉིས་པའི་ཐོག་ཐར་རྩེ་མཁན་རིན་པོ་ཆེ་བྱམས་པ་ཀུན་དགའ་བསྟན་འཛིན་ནས་མཁན་ཆེན་ནམ་མཁའ་འཆི་མེད་ཀྱི་སྤྲུལ་སྐུར་ངོས་འཛིན་གནང་ནས་མངའ་གསོལ། འདི་ཡན་ཆད་ནས་རིགས་ཀྱི་ནུས་པ་སད་དེ་ཅིའང་མ་བསླབས་པར་སྙན་ངག་གི་བསྟོད་ཚོགས་དང༌། ཉམས་མགུར་སོགས་ཚིག་དོན་ཤིན་ཏུ་བཟང་བས་མཁས་པ་དང་གྲུབ་པ་རྣམས་ཀྱང་ཐུགས་འཕྲོག་ནུས་པ་བྱུང༌། དགུང་གྲངས་བཅུ་དྲུག་ཐོག་ལུང་དོན་ལྟར་ཁ་བ་དཀར་པོའི་ཕྱོགས་སུ་ཕེབས་གྲུབ་པ་ཞིག་བྱུང་ན་འབམ་ལྷ་མདུན་དུ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་འཕྲུལ་མཁའ་འགྲོ་ཞིག་ཡོད་པས་གྲོགས་བྱས་ནས་གཏེར་ཁ་བཅུ་གསུམ་རིམ་པར་བཞེས། དབུས་གཙང་མཚམས་སུ་ཆོས་སྡེ་ཞིག་བཙུགས་ནས་གསང་ཆེན་རྡོ་རྗེ་ཐེག་པའི་འབྱུང་གནས་བྱེད། མཐའ་དམག་ལོ་བརྒྱའི་བར་དུ་ཟློག སྐུ་ཚེའི་མཇུག་ཏུ་སྨད་གཡུ་ལུང་གངས་རའི་གནས་སྒོ་འབྱེད་ནས་དེར་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་འགྲུབ་པ་ཡིན་ནའང་རྟེན་འབྲེལ་གཞན་དབང་དུ་སོང་བས། བཅུ་བདུན་པར་མཁའ་འགྲོ་དེ་ཉིད་ཀྱང་གཤེགས་པའི་མཚན་རྟགས་བཅས་མཁའ་འགྲོ་འཁྲུགས་པའི་རྐྱེན་གྱིས་སྙུན་དྲག་པོས་ཟིན་ནས་སྐུ་སྐྱེ་འཕོས་པ་ལྟ་བུས་བྲིས་ཀློག་ཚུན་མུ་མཐུད་དུ་མཁྱེན་དགོས་པ་བྱུང་བས་སྔར་གྱི་ཤེས་རབ་དེའི་བཞི་ཆ་ཙམ་ཞིག་ལས་མ་བྱུང་གསུངས། དགུང་གྲངས་བཅོ་བརྒྱད་པར་ཞེ་ཆེན་རི་ཁྲོད་པདྨ་འོད་གླིང་དུ་ཕེབས། བཅུ་ཕྲག་རིག་པའི་གནས་མཐར་སོན་པའི་པཎྜི་ཏ་ཆེན་པོ། སྣང་བ་བདེན་འཛིན་གྱི་འཁྲུལ་པ་གཏད་མེད་དུ་ཞིག་པའི་གྲུབ་བརྙེས་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དཔལ་བཟང་པོའི་ཞབས་པད་དུ་བསྙེན་ཏེ། བརྡ་སྤྲོད་རིག་པའི་གཞུང་ཆེན་གསུམ། སྡེབ་སྦྱོར། སྙན་དངགས་མེ་ལོང་མ། མངོན་བརྗོད་འཆི་མེད་མཛོད་རྩ་འགྲེལ་སོགས་དུས་ཐུང་ངུས་ཐུགས་སུ་ཆུབ་པས། སློབ་དཔོན་ནས་ཀྱང་མཁྱེན་རབ་ཆེ་བའི་བསྔགས་བརྗོད་བཅས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན། ཚངས་སྲས་དགྱེས་པའི་བློ་ལྡན་གདོང་དྲུག་དགའ་བའི་ལང་ཚོ་ཞེས་སྩལ། གཞན་ཡང་མངའ་རིས་པཎ་ཆེན་གྱི་སྡོམ་གསུམ་རྩ་འགྲེལ། སྒྱུ་འཕྲུལ་ཞི་ཁྲོའི་དབང་དང༌། རྩ་རྒྱུད་གསང་བ་སྙིང་པོའི་བཤད་པ་གཙོ་བོར་གྱུར་པའི་རྙིང་མ་བཀའ་གཏེར་མང་པོའི་སྨིན་གྲོལ་བཅས་དོན་གྱི་བསྟན་པ་གཏད།དེ་ནས་རིམ་པར་ཉིད་ཀྱི་རྣམ་ཐར་ཞལ་གསུང་མར། ཉེར་གཅིག་ལོ་ཡི་གུང་སོན་ཚེ། ། སྨིན་གྲོལ་ཆོས་ཀྱི་གླིང་ཆེན་པོར། ། བརྟན་མཁས་རྫོགས་པའི་དགེ་བའི་བཤེས། ། རིག་འཛིན་བཟང་པོར་བསྙེན་པར་རྫོགས། ། ཁྲི་ཆེན་སངས་རྒྱས་ཀུན་དགའ་ལས། ། དབུ་མ་ལུགས་ཀྱི་སེམས་བསྐྱེད་དང༌། ། དཔལ་ཆེན་ཡང་དག་སོ་ལུགས་དང༌། ། རིག་འཛིན་ཐུགས་ཏིག་དབང་བསྐུར་ངོས། ། སྡོམ་པ་གསུམ་དང་ལྡན་པར་བྱས། ། སྔ་ཕྱིར་ཁམས་དབུས་གཙང་གསུམ་དུ། ། མི་ལོ་བཅུ་གསུམ་ཐོས་པ་བཙལ། ། རྡོ་རྗེ་འཆང་དང་དགེ་བའི་བཤེས། ། རིག་བྱེད་གཞུང་ལ་མཁས་པ་སོགས། ། གཙུག་ནོར་བརྒྱ་དང་ལྔ་བཅུ་བསྟེན། ། བཟོ་གསོ་སྒྲ་ཚད་ཡན་ལག་བཅས། ། འདུལ་འཛོད་དབུ་ཕར་བཤད་སྲོལ་ཐོས། ། གསར་རྙིང་རྡོ་རྗེ་ཐེག་པ་ཡི། ། དབང་དང་བྱིན་རླབས་རྗེས་གནང་སོགས། ། བཀའ་གཏེར་བཀའ་གདམས་ས་སྐྱ་པ། ། འབྲི་སྟག་མཚུར་དང་གདན་འབྲུག་གི། ། སྔོན་གྱི་ལུགས་སྲོལ་མ་ཉམས་པར། ། བཞུགས་པའི་སྨིན་གྲོལ་གདམས་ངག་དང༌། ། བདེ་དགྱེས་གསང་གསུམ་དུས་འཁོར་ལོ། ། སྒྱུ་འཕྲུལ་གསང་བ་སྙིང་པོ་སོགས། ། རྒྱབ་རྟེན་རྒྱུད་ཀྱི་བཤད་པ་དང༌། ། བཀའ་བསྟན་དམ་པའི་གསུང་རབ་ལུང༌། ། གླེགས་བམ་བདུན་བརྒྱ་ལྷག་ཙམ་ཉན། ། མདོར་ན་བཤད་རྒྱུད་ཤིང་རྟ་བཅུའི། ། རིང་ལུགས་རྒྱུན་བཞུགས་ཕལ་ཆེར་ཐོས། ། ཅུང་ཟད་སྦྱངས་ཤིང་ཕྱོགས་ཙམ་ཤེས། ། རང་གཞན་གྲུབ་མཐའི་ཁས་ལེན་དང༌། ། ཆོས་རྒྱུས་ཤིན་ཏུ་ཆེ་བ་བྱུང༌། ། ཐོས་པ་དེ་རྣམས་ཕལ་ཆེར་ཞིག ། ཡང་ནས་ཡང་དུ་འཆད་པ་དང༌། ། ལན་རེ་མ་འཆད་མེད་པ་ལྟར། ། དམ་པའི་སྐྱེས་བུ་མཆོག་རྣམས་དང༌། ། ཕལ་པ་མུ་ཏོ་ཡན་ཆད་ལ། ། ཉིན་མཚན་ཆོས་སྦྱིན་ཅི་ནུས་སྤེལ། ། བསྟན་པའི་རྒྱུན་ཙམ་འབྱུང་རེ་བའི། ། ལྷག་བསམ་སྨོན་པ་སྙིང་ནས་བགྱིས། ། གསེར་ཟངས་འབའ་ཞིག་ལས་གྲུབ་པའི། ། སྐུ་རྟེན་སྟོང་ཕྲག་གཉིས་ཙམ་དང༌། ། ཁྱད་པར་གསུང་རྟེན་གླེགས་བམ་ནི། ། པུསྟི་བཞི་བཅུ་ཉེ་བའི་སྤར། ། བྲིས་དང་སྤར་ལ་བསྡོམས་པ་ཡི། ། གླེགས་བམ་སྟོང་ཕྲག་གཉིས་ཙམ་བཞེངས། ། དེ་རྣམས་བཞུགས་པའི་ལྷ་ཁང་ཁག ། བཅུ་གསུམ་ཙམ་ཞིག་བཀོད་མཛེས་བསྐྲུན། ། ཐུགས་རྟེན་མཆོད་སྡོང་ཆེན་མོས་གཙོས། ། གསེར་ཟང་ལས་གྲུབ་བརྒྱ་ཕྲག་ལྷག ། བཞེངས་ཤིང་ཅི་ནུས་མཆོད་འབུལ་བགྱིས། ། གནས་གཞི་གསར་དུ་བཞེངས་པ་ནི། ། དུས་ཀྱི་མཐར་འཁྱོལ་དཀའ་བས་ན། ། བསྐྲུན་པའི་རྩོལ་བ་མ་མཆིས་ཀྱང༌། ། ཕྱོགས་འདིར་སྟོད་སྨད་འཁྲུགས་ལོང་གིས། ། དགོན་གནས་ཕལ་ཆེར་ཉམས་པ་རྣམས། ། རྒྱ་བོད་ཆོས་རྒྱལ་སྡེ་དགེ་བཅས། ། དཔོན་བློན་རྣམས་ཀྱི་རྒྱུད་བསྐུལ་ནས། ། ཉམས་གསོས་ཞལ་འདེབས་ཞལ་བསྐོས་དང༌། ། རང་ངོས་མཛུབ་མགོའི་མཆོད་པའི་དཔེས། ། དངོས་ཇ་སུམ་སྟོང་ལྷག་པ་ཕུལ། ། ཕལ་ཆེར་གསར་བཞེངས་ཉམས་གསོས་སོགས། ། ཚགས་སུ་ཚུད་པའི་བྱ་བ་བསྒྲུབས། ། ཕན་ཚུན་ཆོས་ཀྱི་སྡེ་རྣམས་སུ། ། ལོ་རེ་བཞིན་དུ་ཡོན་སྦྱར་ནས། ། གཟུངས་སྔགས་བསྔོ་བ་སྨོན་ལམ་རྟེན། ། སྔ་རྗེས་དངོས་ཇ་བཞི་སྟོང་གི། ། རྩ་བ་ཉམས་པ་མེད་ཕུལ་ནས། ། འབྲེལ་ཚད་དོན་ལྡན་སྨོན་པ་བགྱིས། ། ས་ཀར་རྙིང་མ་དགེ་ལུགས་ཀྱི། ། བསྟན་འཛིན་སྐྱེས་མཆོག་དམ་པ་སོགས། ། དགེ་བའི་བཤེས་གཉེན་མཐའ་ཡས་དང༌། ། རྒྱ་བོད་དཔོན་ཆེན་གཙོར་གྱུར་པའི། ། འདུས་པ་ཚད་གཟུང་མེད་པ་ལ། ། ཆོས་ཀྱི་མཆོད་པ་འབུལ་བ་དང༌། ། རྐྱེན་སེལ་དབང་དང་བྱིན་རླབས་སོགས། ། བློ་སྣ་སུན་སུན་རེ་བ་བསྐངས། ། གོང་མའི་ཡུལ་རྣམས་ཐམས་ཅད་ལ། ། ཅི་ནུས་མཆོད་པའི་སྤྲིན་ཡང་སྤྲོས། ། རང་ཉིད་གྲུབ་མཐའ་གང་ལའང༌། ། གུས་ཤིང་དད་པ་མ་གཏོགས་པ། ། ལོག་རྟོག་ཅུང་ཟད་མེད་པའི་མཐུས། ། གཡུང་དྲུང་བོན་ལུགས་ཚུན་ཆོད་ཀྱི། ། སློབ་འབྲེལ་རྒྱ་ཆེ་མུ་མེད་བྱུང༌། ། སྤོང་བ་བསམ་གཏན་དེ་ཁོ་ནར། ། མཉམ་པར་འཇོག་པ་དཀའ་ནའང༌། ། ཆུང་ནས་གདུལ་བྱ་གྲོང་ཆོག་སོགས། ། རྨི་ལམ་དུ་ཡང་མ་དྲན་ཅིང༌། ། ཚེ་འདི་བློ་ཡིས་ཐོངས་པ་ཡིས། ། བྱ་བཏང་ཁོ་ནའི་ཚུལ་དུ་འཁུམས། ། མཆོག་དམན་སུ་ལའང་ངོ་སྲུང་དང༌། ། རེ་དོགས་སྤྲོས་པ་དམར་ཐག་བཅད། ། སྔ་ཕྱིར་མི་ལོ་བཅུ་གསུམ་ཙམ། ། ལྷག་པའི་ལྷ་ཡི་བསྙེན་སྒྲུབ་དང༌། ། ཟབ་ཁྲིད་བརྒྱ་རྩ་ཤར་སྒོམ་བགྱིས། ། ཉམས་དང་རྟོགས་པས་དབེན་མོད་ཀྱང༌། ། ཁས་བླངས་ཆ་ཙམ་བསྒྲུབ་པ་ཡིས། ། སྙིགས་དུས་སྐལ་བཟང་བྲལ་ཚུད་ཙམ། ། བྱུང་བས་ཡིད་བདེ་འབའ་ཞིག་ཤར། ། དེ་ལྟར་འཁོར་ལོ་རྣམ་གསུམ་གྱི། ། ཕྱི་ཡི་རྣམ་ཐར་མདོར་བསྡུས་སོ། ། ཞེས་གསུང༌། སྤྱིར་སྐུ་ཆུང་ངུའི་དུས་ནས་རིམ་བགྲོད་ཐེག་པའི་ལམ་ལ་མ་ལྟོས་པར་ འཕགས་ལམ་ཆོས་ཉིད་ཀྱི་བདེན་པ་རང་བཞིན་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་མངོན་དུ་གྱུར་པས་སྣང་སྤྱོད་ཐམས་ཅད་ཡེ་ཤེས་ཀྱི་རང་མདངས་དག་པའི་གཟིགས་སྣང་འབའ་ཞིག་ལ་གཡེངས་པའི་ཕྱིར་དུས་སྐད་ཅིག་མ་རེ་རེར་གཟིགས་པའི་ཤས་ཙམ་ཡང་བརྗོད་ལས་འདས་མོད། ཕྱོགས་ཙམ་རྣམ་ཐར་ཆེན་མོར་གསལ་བ་དང༌། འོག་ཏུའང་སྟོན་པས་ཤེས་ནུས་ལ། སྔ་ཕྱིར་སྒྲུབ་པའི་མཚན་རྟགས་ཕལ་པའི་སྤྱོད་ཡུལ་དུ་སྣང་བའང༌། ཆུ་བོ་རིའི་ཚེ་ཆུ་ཕུག་དང༌། ཡར་ཀླུང་ཚེ་ཆུ་འབུམ་པ་གཉིས་ནས་ཚེ་ཆུ་དངོས་སུ་བབས་པ་དང༌། ཇོ་བོ་རང་བྱུང་ལྔ་ལྡན་ལས་རིང་བསྲེལ་ཕེབས་པ། ཁྲོས་ནག་དབང་གི་སྐབས་སུ་དབང་རྟེན་ཐོད་པ་རེག་ཏུ་མི་བཏུབ་ཙམ་གྱི་དྲོད་འབར་བ་དང༌། ཚེ་སྒྲུབ་ལོ་གསུམ་མཛད་རིང་ཚེ་ཆང་རྒྱུན་བཞག་དབྱར་མི་རུལ། དགུན་མི་འཁེང༌། ཁ་དོག་སེར་སྨུག་ཤིན་ཏུ་སྐ་བའི་ཉམས་ཅན། དབུས་ནས་གྱེན་དུ་ཕྱུར་བ་ལ་དྲི་རོ་གང་གིས་ཀྱང་མཚོན་དུ་མེད་པའི་ཡ་མཚན་ཅན་དང༌། རྫ་མ་མོའི་མདོར་དཔལ་སྤྲུལ་རིན་པོ་ཆེའི་རྡོ་འབུམ་ལ་མེ་ཏོག་དངོས་སུ་ཕེབས་པ་དང༌། ཚེས་བཅུའི་སྐབས་ཐུགས་ཉམས་འུར་ཏེ་ཌཱ་དྲིལ་བར་སྣང་ལ་བཞག་པ་སོགས་དང༌།དད་པ་ཅན་རྣམས་ཀྱིས་ཐོག་མར་མཇལ་སྐབས་ཐང་སྟོང་རྒྱལ་པོ་སོགས་ཀྱི་སྐུར་མཐོང་བ་དང༌། འཕགས་མ་ཡིད་བཞིན་འཁོར་ལོའི་སྐུར་མཐོང་བ་སོགས་མང༌། ཁྱད་པར་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་རིང་ལུགས་དེང་སང་རྒྱུན་གང་བཞུགས་ཀྱི་རིང་བརྒྱུད་བར་མ་ཆད་པ་ལས་འབད་པ་ཆེན་པོས་གསན་ཅིང༌། ཐུན་མོང་མ་ཡིན་པའི་ཉེ་བརྒྱུད་ཀྱི་བཀའ་བབས་བརྙེས་ཚུལ་ནི། སྔ་འགྱུར་རྙིང་མ་ལ། དགུང་གྲངས་ཉེར་བཞིར་བཞེས་པ་ཆུ་ཡོས་ས་ཟླའི་ཚེས་དྲུག་གི་ཉིན་ཤང་མདོའི་སྲམ་པ་སྒྲུབ་ཁང་གི་དཔལ་ཆེན་གྱི་སྐུ་ཉིད་དཔལ་ཆེན་དངོས་སུ་མཇལ།སྒོ་དྲུང་དུ་ཟུར་པ་ཡབ་སྲས་བཞད་གད་ཐིག་གེར་བཞུགས་ནས་རུ་ལུའི་སྔགས་ཀྱི་དབང༌། བཛྲ་ས་ཏྭའི་རྒྱུད་བཤད། ཧཱུྃ་ཡིག་གི་མན་ངག་གནང་བའི་ཉམས་སྣང་ཆེས་གསལ་ཞིང་བརྟན་པར་བྱུང་བས་སྒྱུ་འཕྲུལ་གྱི་ཉེ་བརྒྱུད་ཐོབ། མེ་སྦྲུལ་ལོར་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་འཕྲུལ་མཁན་པདྨ་བཛྲ་ལས་འདུས་མདོའི་དབང་གསན་སྐབས། དབང་དངོས་གཞིའི་སྐབས་སུ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་གསལ་སྣང་བརྟན་པོར་ཤར། དེ་ནུབ་མནལ་ལམ་དུ་སོ་ཡེ་ཤེས་དབང་ཕྱུག་མཇལ་ནས་འདུས་མདོའི་སྨིན་གྲོལ་ཡོངས་རྫོགས་ཀྱི་ཉེ་བརྒྱུད་ཐོབ།དགུང་ལོ་བཅུ་དྲུག་པའི་ཐོག་ས་ཟླའི་ཚེས་བརྒྱད་ལ་མནལ་ལམ་དུ། རྒྱ་གར་རྡོ་རྗེ་གདན་གྱི་ཀེའུ་ཚང་རིམ་དགུའི་རིམ་པ་བརྒྱད་པར་སློབ་དཔོན་འཇམ་དཔལ་བཤེས་གཉེན་མཇལ་ནས་གསོལ་བཏབ་མཛད་པས། གཡོན་ཕྱོགས་ནས་ཤེར་ཕྱིན་སྡུད་པའི་གླེགས་བམ་ཞིག་བླངས་ནས་དབུར་བཞག་སྟེ་དགོངས་པ་གཏད་དེ་མཚན་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་བཀའ་ལུང་རྫོགས་པ་ཡིན་ནོ་གསུངས། གཡས་ཕྱོགས་ནས་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་བླངས་ཏེ་དབུར་བཞག་ནས་དགོངས་པ་གཏད་དེ་གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་སྤྱི་དང༌། ཁྱད་པར་རྫོགས་ཆེན་སྡེ་གསུམ་གྱི་ཚིག་དོན་བྱིན་རླབས་ཐམས་ཅད་རྫོགས་པ་ཡིན་ནོ་གསུངས།ལུང་བསྟན་འགའ་ཞིག་ཀྱང་མཛད་པའི་མཐར་དགྱེས་པའི་ཚུལ་གྱིས་འོད་དུ་ཞུ་ནས་རྗེ་ཉིད་ལ་ཐིམས་པས་དར་ཅིག་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་འབྱམས། དེ་སང་ནས་ཕྱིར་ཕེབས་ལམ་རྩེག་འོག་མ་རྣམས་སུ་སེམས་སྡེའི་མཁས་པ་ཉེར་གཅིག་སོགས་ལས་བྱིན་རླབས་ཞུས་ནས་སྒོར་ཕེབས་པའི་ཚེ་གཙུག་ལག་གི་སྒོ་དེར་མེ་ཆེན་པོ་ཞིག་འདུག་པ་དེར་ཞུགས་པས་གདོས་བཅས་ཀྱི་ཕྱི་ནང་ཐམས་ཅད་ཚིག་པའི་རྗེས་སུ་སྣང་བ་དེ་དག་འགགས་ནས་ལུས་འོད་ལུས་བི་མ་མི་ཏྲ་ཡིན་སྙམ་པ་དང་བདེ་སྟོང་ཟག་མེད་ཀྱི་ཡེ་ཤེས་མུ་མཐའ་མེད་པར་འབྱམས་སུ་ཀླས་ཏེ་རྫོགས་ཆེན་སེམས་སྡེའི་ཉེ་བརྒྱུད་ཐོབ། ཆུ་བྱི་ཟླ་བ་བཅུ་པའི་ནང་མནལ་ལམ་དུ་ཝ་སེངྒེ་བྲག་ཏུ་སྤང་མི་ཕམ་མགོན་པོ་མཇལ་ཞིང་གསོལ་བ་བཏབ་པས་བརྡ་བཞི་བསྟན་བྱུང་བས་ཀློང་སྡེའི་སྨིན་གྲོལ་ཚང་བར་ཐོབ་པའི་ངེས་ཤེས་སྐྱེས་ནས་ཀློང་སྡེའི་བཀའ་བབས་བརྙེས། ཉེར་གཅིག་པར་གཞོ་སྟོད་ཏི་སྒྲོར་གུ་རུ་ཡབ་ཡུམ་གྱིས་མཁའ་འགྲོ་སྙིང་ཐིག་དང༌། གངས་རི་ཐོད་དཀར་དུ་ཀུན་མཁྱེན་ཆེན་པོས་མཁའ་འགྲོ་ཡང་ཏིག་གི་བྱིན་རླབས་བླ་མ་སྒྲུབ་པའི་དབང་དང་ཁྲིད་བཅས་གནང་བ་སོགས་ཀྱིས་མན་ངག་སྡེ་པདྨའི་བཀའ་བབས།ཆུ་ཡོས་ས་ཟླའི་ཚེས་བཅུ་གསུམ་ཉིན་འོ་ཡུག་སྡིང་མའི་ལམ་དུ་ཕེབས་པའི་ཆིབས་ཐོག་ཏུ།ཐོག་མར་སྣང་ཡུལ་ཐམས་ཅད་འོད་དམར་སེར་གྱིས་ཁྱབ་པས་ཐ་མལ་གྱི་རྟོག་པ་འགགས་ཏེ་ཕྱི་གོང་རྫའི་ར་བར་ཕེབས་ནས་ལྕེ་བཙུན་སེངྒེ་དབང་ཕྱུག་ལ་མཁའ་འགྲོ་མང་པོས་བསྐོར་བའི་གྲལ་དུ་འཁོད། འདས་རྗེས་ཞལ་ཆེམས་ཀྱི་ཚུལ་དུ་ལྕེ་བཙུན་སྙིང་ཐིག་སྩལ་པའི་སྔོན་གནས་རྗེས་སུ་དྲན། ཌཱ་ཀི་དཔལ་གྱི་བློ་གྲོས་ཀྱིས་བྱིན་ཀྱིས་བརླབས་པས་ཚིག་དོན་ཐམས་ཅད་ཕྱིས་ཡུན་རིང་མོར་སོང་ཡང་མི་བརྗེད་པར་བཀྲ་ལམ་མེར་ཐུགས་ལ་གནས་པར་བྱུང་བ་ནི་མན་ངག་སྡེ་བི་མའི་ལུགས་ཀྱི་བཀའ་བབས་བརྙེས་པའོ། ། གཉིས་པ་བཀའ་གདམས་པ་ནི། བྱང་རྭ་སྒྲེང་དུ་ཕེབས་སྐབས་སྔ་རྗེས། ཇོ་བོ་འཇམ་པའི་རྡོ་རྗེ་དང༌། འདྲ་ཐང་དབུ་ཡོན་མ་མཇལ་སྐབས་དེ་དང་དེར་དངོས་སུ་མཇལ་བའི་དག་སྣང་གསལ་བ་དང༌། ཤུག་པའི་གསེབ་ཏུ་འབྲོམ་སྟོན་ཡབ་སྲས་རྣམས་བཞུགས་པས་གཞུང་གདམས་མན་ངག་བཅས་པའི་བཀའ་རྫོགས་པར་གཏད་པའི་གསལ་སྣང་བྱུང༌། གསུམ་པ་ལམ་འབྲས་ནི། མང་མཁར་དུ་ཚར་ཆེན་གྱིས་བྱིན་གྱིས་བརླབས་ཤིང༌། མྱུ་གུ་ལུང་སྒྲ་བསྒྱུར་རྒྱ་གར་ཕུག་ཏུ་འབྲོག་མི་ལོ་ཙཱས་གླེགས་བམ་ཞིག་དབུ་ཐོག་ཏུ་བཞག་ནས། རྒྱུད་ཀྱི་བཤད་བཀའ་འདིས་རྫོགས་པ་ཡིན་མན་ངག་རྗེས་སུ་འབྱུང་གསུང༌། ཕྱིས་དགུང་ལོ་ཞེ་གཅིག་པར། ས་ཆེན་སྐུ་ཤིན་ཏུ་གསལ་བར་མཇལ་བའི་སྐུ་འོད་ཀྱི་རང་བཞིན་གྱི་ཐུགས་ཀའི་དབུས་སུ་འོད་ཀྱི་གོང་བུ་ཤེལ་སྔོན་པོའི་མཆོད་རྟེན་དབྱིབས་ལྟ་བུའི་སྟོད་ཆར་ཡང་དག་ལྷ་དགུ། བར་དུ་དགྱེས་རྡོར་ལྷ་དགུ། འོག་གི་ཆར་ཕུར་པ་གཙོ་རྐྱང་བཅས་སྐུ་དངོས་དང་མཚུངས་པར་གསལ་བའི་བླ་མ་ཡི་དམ་དབྱེར་མེད་ཀྱི་ཞལ་ནས་ཡང་ཕུར་དང༌། ལམ་འབྲས་བསྐྱེད་རྫོགས་སྙིང་པོ་ཁྱད་པར་ཅན་སྩལ་པ་གསན། བཞི་པ་མར་པའི་བཀའ་བརྒྱུད་ནི། ལྷོ་བྲག་སྲས་མཁར་གྱི་མར་པའི་སྐུ་མཇལ་ཚེ་མར་པ་དངོས་ཀྱི་དག་སྣང་ཤར། དེ་ནུབ་མནལ་ལམ་དུ་ཡེ་ཤེས་མཁའ་འགྲོའི་རྡོ་རྗེའི་ཚིག་རྐང་ལ་གསུང་བཤད་མཛད་པ་གསན། གཞུང་སྤྲེ་ཞིང་དུ་ཕེབས་ལམ་ཆིབས་ཐོག་ནས་མངའ་བདག་མར་པ་སྐུ་དར་ཡོལ་ཞིག་མདུན་མཁར་བཞུགས་ནས་རྒྱུད་དང་གདམས་ངག་གི་སྙིང་པོ་སྩལ། རྔོག་ཆོས་རྡོར་ཡིན་པའི་གསལ་སྣང་ལམ་ཙམ་ཤར། བྱིན་རླབས་ཀྱི་ཟིལ་ཆེན་པོ་བྱུང༌། གཞན་ཡང་སྔ་ཕྱིར། མཚུར་ཕུའི་དུས་མཁྱེན་ཕུག་གི་སྣང་བརྙན། ཕག་གྲུའི་འཇག་སྤྱིལ་གྱི་སྐུ་འདྲ། འབྲི་གུང་སྐྱོབ་པའི་གསེར་ཁང་མ། སྟག་ལུང་གཟིམས་སྤྱིལ་གྱི་ཐང་པ། ར་ལུང་རྒྱ་རས་ཀྱི་སྐུ་འབག་ཁམས་གསུམ་ཟིལ་གནོན་རྣམས་འཇལ་སྐབས་དད་མོས་དྲག་པོ་རེས་རྐྱེན་བྱས་ཏེ་སོ་སོའི་སྐུར་དངོས་སུ་འཇལ་བ་དང་བྱིན་རླབས་ཀྱི་བབས་ཆེན་པོ་རེ་བྱུང་ཞིང༌།སྔ་རྗེས་འགའ་ཞིག་ཏུ་རས་ཆུང་རྡོར་གྲགས་ཡིན་པའི་གསལ་སྣང་འལ་འོལ་ཤར་གསུངས།ལྔ་པ་ཤངས་ཆོས་ནི། དགུང་ལོ་བཅོ་ལྔ་པའི་ཐོག་གྲུབ་ཆེན་ཐང་རྒྱལ་ལས་ཕྱག་ཆེན་གྭའུ་མ།བོགས་འདོན་ནི་གུ་ཆོས་དྲུག་གསན། ཕྱིས་ཞང་ཞུང་གི་ཁྱུང་པོའི་འདྲ་ཞལ་མཇལ་སྐབས། དབུ་སྟེང་དུ་གདུགས་ལྟ་བུའི་འོད་སྔོན་པོའི་ནང་དུ་རྒྱུད་སྡེའི་ལྷ་ཚོགས་མང་པོ་སྟོང་གཟུགས་ལྟ་བུར་ལམ་གྱིས་ཤར། མཐར་འདྲ་སྐུ་རིན་པོ་ཆེར་ཐིམ་པའི་ཞལ་ནས། ཨེ་ཝཾ་མཱ་ཡཱ་ཧོཿ ཞེས་པའི་སྔགས་ཀྱི་བརྡ་དང༌། ཐུགས་ཀ་ནས་འོད་ཟེར་རང་ལ་ཐིམ། ཤངས་ཆོས་ཀྱི་བག་ཆགས་གསལ་པོར་སད། དྲུག་པ་ཞི་གཅོད་ནི། རྩི་ཁོག་དམ་པའི་སྒྲུབ་ཕུག་ཏུ་ཚོགས་མཆོད་མཛད་པའི་ཚེ། སྒྲུབ་ཕུག་དེ་འོད་ཀྱི་རང་བཞིན་དུ་གྱུར་པའི་མདུན་མཁར་དམ་པ་སངས་རྒྱས་ཉིད་ཆ་ལུགས་ཉི་འདེ་མའི་རྣམ་པར་བཞུགས་པ་མཇལ། ཞི་བྱེད་སྐོར་གྱི་མན་ངག་དགོངས་པ་གཏོད་པའི་ཚུལ་གྱིས་གནང་བའི་མཐར་ཨོ་རྒྱན་པདྨ་སམ་བྷ་ཝར་གནས་གྱུར་ནས་སྙན་བརྒྱུད་སྐོར་གསུངས་པ་ཐུགས་ལ་བཀྲ་ལམ་གྱིས་ཤར་བ་དང༌། ཟངས་རི་མཁར་དམར་དུ་མ་ལབ་སྒྲོན་གྱི་འདྲ་སྐུ་མཇལ་སྐབས་ཞལ་བཞད་ཅིང་སྐུ་གཡོ་འགུལ་མཛད་པས་དངོས་སུ་ས་གཡོ་བ་ལྟ་བུ་ཐམས་ཅད་ཀྱིས་ཚོར་བ་བྱུང༌། བྱིན་རླབས་ཀྱི་ཟིལ་ཆེན་པོ་ཐོབ་པས་གདམས་པའི་སྙིང་པོ་ཐུགས་ལས་བརྡོལ། བདུན་པ་རྡོ་རྗེའི་རྣལ་འབྱོར་ནི། སྔར་དུས་ཞབས་པ་ཆེན་པོ་རྗེ་བཙུན་བློ་གྲོས་མཐའ་ཡས་དང༌། ཞྭ་ལུ་བློ་གསལ་བསྟན་སྐྱོང་ལས་ཇོ་ལུགས་དང་བུ་ལུགས་གསན་པའི་སྐབས་སོ་སོར་བྱིན་རླབས་ཀྱི་བབས་ཆེན་པོ་ཐོབ་པ་དང་ཁྱད་པར་ཇོ་ནང་སྐུ་འབུམ་ཆེན་མོ་མཇལ་བར་ཕེབས་སྐབས། མཁའ་འགྲོའི་རིགས་ཅན་གྱི་བུད་མེད་གཅིག་གིས་སྣ་དྲངས་ནས་ཐོག་མར་ཕེབས་སྐབས་དེ་ལས་རློན་ཟིལ་ལྟ་བུ་ཞིག་སྐུ་ལུས་ལ་ཕོག་པའི་རྐྱེན་གྱིས་བདེ་སྟོང་གི་ཉམས་མུ་མཐའ་མེད་པ་སྐྱེས་པས་རྐྱེན་བྱས། ས་ཕྱོགས་ཐམས་ཅད་དག་པའི་ཞིང་ཁམས་ལྟ་བུ་དང༌། ཆོས་རྒྱལ་རིགས་ལྡན་བརྒྱུད་པ་དང་བཅས་པ་དངོས་སུ་མཇལ་བའི་གསལ་སྣང་ཤིན་ཏུ་བརྟན་པའི་མཐར། ནམ་མཁའ་ནས་ཨེ་ཝཾ་གྱི་སྔགས་སྒྲ་ཞིག་གསན་པས་རྒྱུད་དང་མན་ངག་གི་སྙྀང་པོ་ཐུགས་ལ་ལམ་ལམ་འཆར་བ་བྱུང༌། བརྒྱད་པ་བསྙེན་སྒྲུབ་ནི། ཨོ་རྒྱན་པའི་དུས་སུ་རྟོགས་ལྡན་ཟླ་བ་སེང་གེ་ཡིན་པའི་ཐུགས་ཤེས་ཤིན་ཏུ་གསལ་བའི་བག་ཆགས་ཀྱིས་ཨོ་རྒྱན་བསྙེན་སྒྲུབ་སྐོར་ཨི་ཐོབ་ཀྱི་ཐུགས་འདུན་བསྟར་ཆགས་སུ་བྱུང་བའི་སྐབས་ཤིག་མནལ་ལམ་དུ། དང་པོ་རྗེ་རང་བྱུང་རྡོ་རྗེ་ལམ་ཙམ་གསལ། སླར་གྲུབ་ཐོབ་ཨོ་རྒྱན་པ་ཡིན་པའི་ཕྱག་ཏུ་པུསྟི་ཞིག་བསྣམས་པ་རྗེ་ཉིད་ཀྱི་དབུུ་ལ་བཞག་ནས་བྱིན་གྱིས་བརླབས་པ་ཞིག་བྱུང་ནས་མི་རིང་བར། རྒྱལ་དབང་བཅུ་བཞི་པ་ལས་འདིའི་གདམས་ངག་རྫོགས་པར་གསན་གྲུབ་པར་བྱུང་བས་སྐལ་པ་བཟང་པོར་གྱུར་གསུངས་པས་མཚོན་ནོ། །


ཐུན་མོང་མ་ཡིན་པ་རྫོགས་ཆེན་སྡེ་གསུམ་གྱི་ལུང་བྱང་ལས། བཀའ་ནས་བཀའ་བརྒྱུད་བར་མ་ཆད༔ ཟབ་མོ་དངོས་དང་དགོངས་པའི་གཏེར༔ ཡང་གཏེར་རྗཻས་སུ་དྲན་པའི་གཏེར༔དག་སྣང་སྙན་དུ་བརྒྱུད་པ་ཡི༔ བཀའ་བབས་བདུན་གྱི་ཆུ་བོ་ནི༔ མངའ་བདག་ཡབ་སྲས་སྐལ་བར་བབས༔ སྙིགས་དུས་བསྟན་པའི་བཙས་ཆེན་བྱེད༔ ཟབ་རྒྱས་ཉི་འོད་ལྷག་པར་བརྡལ༔ ཞེས་སོགས་བསླུ་མེད་རྡོ་རྗེའི་ལུང་གིས་བསྔགས་པ་ལྟར་བཀའ་བབས་བདུན་གྱི་དང་པོ་གསང་སྔགས་གསར་རྙིང་གཉིས་སུ་གྲགས་པ་རྣམས་བཀའ་ནས་བཀར་བརྒྱུད་པའི་བཀའ་བབས་བརྙེས་ཚུལ་ནི། དགུང་གྲངས་བཅུ་དྲུག་པའི་ས་ག་ཟླ་བའི་ཚེས་བཅུའི་ཐོ་རངས་དག་པའི་སྣང་བར་རྔ་ཡབ་པདྨ་འོད་དུ་ཕེབས། དེའང་བྲག་རི་ལྷུན་ཆགས་པའི་ཕུག་པའི་ནང་དུ་སྤྲིན་དཀར་ཤིན་ཏུ་མཛེས་པའི་ཁྲོད་ན་གུ་རུ་མཚོ་སྐྱེས་རྡོ་རྗེ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བའི་བཀོད་པ་ཅན་མཇལ། དགོངས་པས་བྱིན་གྱིས་བརླབས་ཤིང་བརྡ་ཡི་དབང་བསྐུར་བ་དང་བཀའ་བབས་བདུན་འབྱུང་བའི་དབུགས་དབྱུང་རྒྱས་པར་སྩལ་པའི་མཐར་སྤྱན་ལྟ་ལྟངས་དང་བཅས་ཏེ། གཟུང་བའི་ཡུལ་གྱིས་མ་གོས་ཤིང༌། །

འཛིན་པའི་རྟོག་པས་མ་བསླད་པ། ། རིག་སྟོང་རྗེན་པར་བསྐྱངས་པ་ནི། ། སངས་རྒྱས་ཀུན་གྱི་དགོངས་པའོ། ། ཞེས་གསུངས་ཏེ་འཁོར་དང་བཅས་པ་རྗེ་ཉིད་ལ་ཐིམ་པས་ཐུགས་ཡིད་དབྱེར་མེད་དུ་འདྲེས་པའི་ཉམས་ཤར་ཏེ་གནས་ལུགས་ལ་བརྟན་པ་ཐོབ། དེ་ལ་ཐུགས་སྤྲོ་བ་དང་བརྟས་ནས་གསོལ་འདེབས་ཡང་ཡང་མཛད་པས་མདོ་རྒྱུད་བཀའ་གཏེར་གསར་རྙིང་གི་སྨིན་གྲོལ་རྒྱབ་རྟེན་བཅས་རྒྱུན་ཤིན་ཏུ་དཀོན་པ་རྣམས་ཀྱང་འབད་མེད་དུ་རྙེད་ནས་བསྟན་པའི་མེ་རོ་རྨང་ནས་གསོ་བར་མཛད་པ་སྟེ་ཞིབ་པར་གོང་དུ་བསྟན་པ་དང་རྣམ་ཐར་ཆེན་མོ་སོགས་ལས་གསལ་ལོ། ། གཉིས་པ་ས་གཏེར་ནི། གཙོ་བོ་གཙང་གཡས་རུ་རྩིས་ཀྱི་ལྷ་ཁང་དུ་བཞུགས་པའི་རྩ་གསུམ་བཀའ་འདུས་ཆེན་མོ་ཡིན་ནའང་ཕྱག་ཏུ་སྨིན་པ་མ་བྱུང༌། གཞན་བྲག་དམར་མགྲིན་བཟང་ནས་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོའི་སྐོར། འདམ་ཤོད་སྙིང་དྲུང་ནས་བླ་མ་སྐུ་བཞིའི་སྒྲུབ་སྐོར། སེང་ངུ་གཡུ་མཚོ་ནས་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་དང༌། ཏནྟྲ་སྡཻ་བཅོ་བརྒྱད་ཀྱི་རྩ་བ་འདུས་པ་རྩ་གསུམ་སྒྱུ་འཕྲུལ་དྲྭ་བ། ཞི་ཁྲོ་ཕུག་པ་ནས་གྲོལ་ཏིག་སྐོར་གསུམ། ཁྱུང་ཙང་བྲག་ནས་རྩ་གསུམ་བཀའ་འདུས་ཆ་ལག་རྗེ་འབངས་ཉེར་ལྔ་སོ་སོའི་སྒྲུབ་ཐབས། པདྨ་ཤེལ་རི་ནས་རྩ་གསུམ་སྤྱི་འདུས། རྩི་རྐེ་ནོར་བུ་སྤུན་གསུམ་ནས་ཐུགས་སྒྲུབ་ཡིད་བཞིན་ནོར་བུས་མཚོན་མང་ཞིང་ཕྱག་ཁར་འབྱོར་ནའང་བོད་ཁམས་སྤྱི་མཐུན་གྱི་བསོད་ནམས་དང་རྩ་བའི་རྟེན་འབྲེལ་གྱི་དབང་གིས་ཐུགས་སྒྲུབ་ཡིད་ནོར་ཙམ་ལས་གཞན་རྣམས་རྫོགས་པར་གཏན་ལ་དབབ་མ་གྲུབ་ཅིང་ཕལ་ཆེར་ཡང་གཏེར་དུ་སྦས་པར་མངོན་ནོ། ། གསུམ་པ་དེ་ལས་འཕྲོས་པའི་ཡང་གཏེར་ནི། དོན་འགྲུབ་ས་ལུག་ལོར་གུ་རུ་རིན་པོ་ཆེ་གཏེར་སྟོན་སངས་རྒྱས་གླིང་པའི་སྐུར་སྣང་བས་གླེགས་བམ་སྩལ་ཅིང་བྱིན་གྱིས་བརླབས་པའི་དག་སྣང་ཁྱད་པར་ཅན་གྱི་སྒོ་ཕྱེས་ཏེ་གཏེར་སྟོན་རྣམས་ཀྱི་རྣམ་ཐར་དང་གཏེར་ཆོས་གང་བཞུགས་ཐུགས་ལ་གསལ་ཞིང་དེ་དག་བཀའ་བབས་པའི་བཀའ་ལུང་ཐོབ་པ་ལྟར། ཕལ་ཆེར་སྔར་གྱི་གཏེར་སྟོན་སོ་སོས་ཡང་གཏེར་དུ་སྦས་པའི་ཤོག་སེར་རྣམས་ཡེ་ཤེས་ཀྱི་མཁའ་འགྲོས་ཕུལ་བ་བརྡ་བསྒྱུར་བ་དང༌། འགའ་ཞིག་བརྡ་ཡིག་སྤྱན་ལམ་དུ་ཤར་བ་དང༌། དགོངས་པའི་ཀློང་དུ་རྩོལ་མེད་རང་གསལ་བ་ཉིད་གཏན་ལ་ཕབ་ཅིང༌། དེ་དག་གི་སྐབས་སུ་གུ་རུ་རིན་པོ་ཆེ་དངོས་དང་གཏེར་སྟོན་སོ་སོའི་སྐུའི་རྣམ་པར་བསྒྱུར་ནས་སྨིན་གྲོལ་ཆིག་རྫོགས་སུ་སྩལ་པའི་ཚུལ་ངོ་མཚར་རྨད་དུ་བྱུང་ཞིང་ཕལ་ཆེར་གཏན་ལ་ཕབ། གཞན་ཡང་གཏེར་རྙིང་རྒྱུན་དཀོན་གྱི་རིགས་བྱིན་རླབས་ཉེ་བརྒྱུད་ཀྱིས་གཏན་ལ་འབེབས་པར་མཛད་དོ། ། བཞི་པ་ཟབ་མོ་དགོངས་གཏེར་ནི། དགུང་གྲངས་བཅོ་ལྔ་པར་གྲུབ་ཆེན་ཐང་སྟོང་རྒྱལ་པོས་བྱིན་གྱིས་བརླབས་པ་ལ་བརྟེན་ནས་གྲུབ་ཐོབ་ཐུགས་ཐིག་གི་ཆོས་སྐོར་དང༌། ཉེར་གཉིས་པར་གུ་རུ་མཚོ་སྐྱེས་རྡོ་རྗེས་བྱིན་གྱིས་བརླབས་པས། བླ་སྒྲུབ་སྐོར་གསུམ་གྱི་གསང་སྒྲུབ་མཚོ་སྐྱེས་སྙིང་ཐིག་གི་ཆོས་སྐོར་བྱོན། སོ་ལྔ་པར་འཕགས་མ་ཡིད་བཞིན་འཁོར་ལོས་ཞལ་གཟིགས་ཤིང་འཆི་མེད་གྲུབ་པའི་སློབ་དཔོན་རྣམ་གསུམ་གྱིས་བྱིན་གྱིས་བརླབས་པ་ལ་བརྟེན་འཕགས་མ་སྙིང་ཐིག་གི་ཆོས་སྐོར་རྣམས་བྱོན་ནོ། ། ལྔ་པ་དེ་ལས་འཕྲོས་པའི་རྗེས་དྲན་ནི། གོང་དུ་སྨོས་པ་ལྟར་ལྕེ་བཙུན་ཆེན་པོ་འོད་ལུས་སུ་གཤེགས་པའི་གནས་དུས་ཇི་ལྟ་བ་རྗེས་སུ་དྲན་ནས་ལྕེ་བཙུན་སྙིང་ཐིག་དང༌། ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱི་སྔོན་གནས་རྗེས་སུ་དྲན་པའི་ཚེ་སྒྲུབ་བཻ་རོའི་ཐུགས་ཏིག སེང་གདོང་དཀར་མོའི་བཅུད་ལེན་སོགས་སྣང་བར་མཛད་དོ། ། དྲུག་པ་དག་སྣང་ནི། འཆི་མེད་ཐུགས་ཏིག་གི་ཚེ་ཡུམ་ཙནྡྲ་ལཱིའི་གདམས་སྐོར་དང༌། ཀློང་སྙིང་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་གྱི་ཡིག་ཆ། མཆོག་གླིང་བླ་སྒྲུབ་སྐུ་གསུམ་རིགས་འདུས་ཀྱིས་མཚོན་མང་དུ་བཞུགས་པར་སྣང༌། བདུན་པ་དེ་མཐུན་སྙན་བརྒྱུད་ནི། དགུང་གྲངས་བརྒྱད་པའི་ཐོག་གུ་རུ་རིན་པོ་ཆེ་ཡབ་ཡུམ་གྱིས་བྱིན་གྱིས་བརླབས་ཤིང་མཚོ་རྒྱལ་གྱིས་ཡང་ཕུར་སྦྲགས་མའི་སྙན་བརྒྱུད་སྩལ་པ་དང༌། ཁྱད་པར་དགུང་གྲངས་ཞེ་བརྒྱད་བཞེས་པ་མེ་ཡོས་ཟླ་བ་གསུམ་པའི་ནང༌། རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་སུ་བཞུགས་སྐབས་དག་པའི་སྣང་བར་མཆོད་རྟེན་བདེ་བྱེད་བརྩེགས་པའི་དྲུང་དུ་ཕེབས། དེའི་ཕྱོགས་མཚམས་བརྒྱད་དབུས་དང་དགུར་གུ་རུ་མཚན་བརྒྱད་ཀུན་འདུས་གུ་རུ་རིན་པོ་ཆེ་དང་དགུར་སྣང་བར་མཛད་ནས། རྒྱུད་སྒྱུ་འཕྲུལ་ཞི་ཁྲོ། སྒྲུབ་ཆེན་བཀའ་བརྒྱད་ཀྱི་གཞུང་གདམས་ངག་སོ་སོར་གསན། སློབ་དཔོན་ཆེན་པོས་ལུང་ཨ་ནུ་དང༌།རྫོགས་ཆེན་ཨ་ཏིའི་གདམས་པ་རྣམས་ཀྱང་སྩལ་པ་ལས། ཕྱིས་བཀའ་བརྒྱད་ལས་འཇིག་རྟེན་ལས་འདས་པ་ལྔ་དང༌། མ་མོ་རྦོད་གཏོང་རྣམས་གཏན་ལ་དབབ་པར་མཛད་དོ། ། གོང་སྨོས་ས་གཏེར་སོགས་རེ་རེ་ལའང༌། ལུང་བསྟན། ཁ་བྱང་བབས་ཚུལ། སྐུལ་བྱང༌། དངོས་གཏེར་སོགས་བཞེས་པའི་སྐབས་དང༌། གཏེར་སྒྲུབ་སོགས་ཀྱི་སྐབས་གཟིགས་སྣང་དང་སྨིན་གྲོལ་གསན་པའི་ཚུལ། ཆོས་ཚན་གྱི་བཞུགས་བྱང་སོགས་མཐའ་ཡས་པའི་ཕྱིར་འདིར་ཡི་གེར་འདྲེན་པར་མ་ནུས་ལ། དེར་མ་ཟད་ཟབ་ལམ་གྱི་བཀའ་བབས་ཀྱང་བརྙེས་ཚུལ་བཅས་རྩ་བའི་རྣམ་ཐར་ཆེན་མོ་ལས་ཤེས་པར་བྱ་ཞིང་མཐར་དགུང་གྲངས་དོན་གསུམ་པར་སྤྲུལ་གཞི་རི་བོ་རྩེ་ལྔར་པཎ་ཆེན་བི་མ་ལའི་ཐུགས་ཀར་བསྡུས་ཤིང༌། ངོ་མཚར་སྤྲུལ་པའི་ཟློས་གར་གྱིས་རིས་མེད་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པའི་བསླུ་མེད་རྡོ་རྗེའི་ལུང་གིས་མངོན་རྟགས་ཀྱང་མངོན་དུ་གསལ་བཞིན་པ་འདིའོ། །

ཨེ་མ་འཕགས་བོད་མཁས་གྲུབ་ཆེས་མང་ཡང༌། །

ཀུན་མཁྱེན་བླ་མའི་རྣམ་ཐར་དཔོག་ནུས་སུ། །

མཁའ་ངོས་གསལ་བྱེད་ཕྲེང་བས་མཛེས་མོད་ཀྱི། ། ཉིན་མོར་བྱེད་པའི་དཔལ་དེ་གཉིས་པ་མིན། ། རིས་སུ་མ་ཆད་ལྷར་བཅས་སྐྱེ་དགུའི་མགོན། ། ཕྱོགས་སུ་མ་ལྷུང་ཐུབ་བསྟན་ཡོངས་ཀྱི་བདག ། ཐུན་མོང་མ་གྱུར་རྣམ་ཐར་བསམ་མི་ཁྱབ། ། བརྗོད་འདོད་མ་ཡིན་དོན་གྱི་སངས་རྒྱས་དངོས། ། མཚན་ཐོས་ཙམ་གྱིས་གདུལ་བྱ་སྨིན་མཛད་ཅིང༌། ། དྲན་པ་ཙམ་གྱིས་ཡིད་ལ་ཡེ་ཤེས་སྐྱེད། ། ཡིད་བཞིན་ནོར་མཆོག་ཕལ་དང་འདི་མི་མཚུངས། ། དེ་སླད་བརྗོད་པ་འདི་ཡང་དོན་ལྡན་ཉིད། ། ཚུལ་དེ་ལྟ་བུའི་ངོ་མཚར་རྨད་དུ་བྱུང་བའི་གསང་བ་ཟབ་མོས་གཏན་ལ་དབབ་པར་མཛད་པའི་ངེས་གསང་སྙིང་པོའི་བཀའ་ཡི་སྡུད་པ་པོར་གསང་བདག་རྡོ་རྗེ་ཆོས་ཉིད་སླར་ཡང་སྙིགས་འགྲོའི་མགོན་དུ་བཞེངས་ནས། སྔོན་མེད་མཛོད་ལྔའི་ཤིང་རྟའི་ལམ་སྲོལ་གསར་དུ་འབྱེད་པ་པོ་ཀུན་མཁྱེན་པདྨ་གར་དབང་བློ་གྲོས་མཐའ་ཡས་སམ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ནི། མདོ་སྡེ་དུ་མ་ནས་རྫོགས་པའི་སངས་རྒྱས་ཀྱིས་ལུང་བསྟན་པའི་སྐྱེས་བུ་ཡིན་ཏེ། ཏིང་འཛིན་རྒྱལ་པོ་ལས། གང་གི་ལག་ན་ཏིང་འཛིན་མཆོག་ཡོད་པ། ། རྒྱལ་བ་བྱམས་པ་གྲགས་པ་མཐའ་ཡས་བཞིན། ། སེམས་ཅན་ཀུན་གྱི་དོན་རབ་བྱེད་འགྱུར་ཞེས། ། བློ་གྲོས་མཐའ་ཡས་དེ་ནི་ངས་ལུང་བསྟན། །


ཞེས་དང༌། ཡེ་ཤེས་ཕྱག་རྒྱའི་མདོ་ལས། འདི་དང་ལྡན་པར་འདྲེན་པར་འགྱུར་ཏེ་བློ་གྲོས་མཐའ་ཡས་བློ་གྲོས་མཆོག ། ཕྱོགས་བཅུའི་སངས་རྒྱས་བྱེ་བ་ཕྲག་བརྒྱ་མར་པོ་དག་གི་དགོངས་པར་འགྱུར། ། མདོ་སྡེ་བརྒྱ་ཡི་ཚུལ་དག་ཤིན་ཏུ་རབ་འབྱེད་བསམ་ཡས་དཔག་མེད་དེ། ། མདོ་སྡེ་འདི་ལ་རབ་ཏུ་སྦྱོར་བ་མི་ཟད་གཟུངས་ཐོབ་རྙེད་པར་འགྱུར། ། ཞེས་དང༌། ལང་གཤེགས་ལས། དེ་ཡི་འོག་ཏུ་བྱས་དུས་ལ། ། འདྲེན་པ་བློ་གྲོས་ཞེས་བྱ་བ། ། ཤེས་བྱ་ལྔ་རྣམས་སྟོན་པ་པོ། ། དཔའ་བོ་ཆེན་པོ་འབྱུང་བར་འགྱུར། ། ཞེས་དང༌། ཕལ་པོ་ཆེ་ལས། ཡོ༵ན་ཏ༵ན་རྒྱ༵་མཚོ༵་རྣམས་ཀྱི་ཡེ་ཤེས་ཟབ། ། མཐའ་དང་དབུས་མེད་དེས་ནི་ཞིང་ཀུན༵་ཁྱབ༵། ། སེམས་ཅན་བསམ་ལ་སྦྱོར་བ་ཇི་བཞིན་སྣང༌། ། རྣམ་པར་སྣང་མཛད་ཆོས་ཀྱི་འཁོར་ལོ་འོ། ། ཞེས་དང༌། སྔ་འགྱུར་སྒྱུ་འཕྲུལ་ཀལྤ་དུམ་བུའི་རྒྱུད་ལས། འཇིག་རྟེན་ཁ་བ་ཅན་ཞེས་སུ༔ པདྨའི་སྙིང་པོ་ཀུན་དགའ་དང༔ བློ་གྲོས་བཻ་རོ་ཙཱའ་ན་མཆན་མཐའ་ཡས་ལ་སོགས་པས༔ འཛིན་པས་བསྟན་པ་རྒྱས་པར་འགྱུར༔ ཞེས་དང༌། གཏེར་ཆེན་པདྨ་གླིང་པའི་ལུང་བསྟན་ལས། ལྕགས་རྟ་ལོ་ལ་མཐའ་དམག་བོད་དུ་བརྡོལ༔ ང་ཡི་སྤྲུལ་པ་དགེ་སློང་བློ་གྲོས་མིང༔ ཁམས་ཕྱོགས་གསེར་ལྡན་འབབ་པའི་འགྲམ་ནས་འབྱུང༔ སྨོན་ལམ་དབང་གིས་དུས་ཀྱི་འཁྲུགས་པ་ཟློག༔ ལྕགས་ལུག་ལོ་ལ་སྐྱིད་པའི་ཉི་མ་ཤར༔ ཞེས་དང༌། གཞན་ཡང་གུ་རུའི་གཏེར་ལུང་ལས། བཻ་རོའི་སྤྲུལ་པ་བློ་གྲོས་མིང༔འཆད་རྩོམ་མཐའ་ཡས་བཀའ་བབས་འབྱུང༔ ཞེས་དང༌། ཁྱད་པར་འཕགས་པའི་སྐྱེས་བུ་ནི༔ དགེ་སློང་ཀུན་དགའི་སྤྲུལ་པ་སྟེ༔ བློ་གྲོས་རྒྱ་མཚོ་ལྟ་བུ་ཡི༔ ཤེས་བྱ་མཐའ་ཡས་ཅན་དུ་འབྱུང༔ འབུམ་ཕྲག་ལྔ་ཡི་འགྲོ་བ་འདྲེན༔ གང་མཇལ་ཐར་པའི་ལམ་བྱེད་འགྱུར༔ མཐའ་མི་དབུས་སུ་མི་ཉེ་བའི༔ བརྟུལ་ཞུགས་སྤྱོད་པ་རྒྱུད་དུ་སྐྱོང༔ སྐུ་ཚེ་མཐར་ཕྱིན་འགྲོ་དོན་མཛད༔ཅེས་སོགས་གཏེར་ཁ་གསར་རྙིང་དུ་མ་ནས་རྡོ་རྗེའི་ལུང་གིས་བསྔགས་ཤིང༌། དོན་དུ་གསང་བ་གྲུབ་པའི་རྒྱུད་ལས། འདི་ཡི་སྡུད་པར་བྱེད་པ་པོ། ། གཞན་དག་ཡོད་པ་མ་ཡིན་ཞེས། ། བདག་ཉིད་འབའ་ཞིག་སྨྲ་བར་བྱེད། ། རྒྱུད་མཛད་པ་ནི་ཐུགས་རྡོ་རྗེ། ། ཞེས་དང༌། ཡེ་ཤེས་ཐིག་ལེ་ལས། ལྟ་བ་ཀུན་ནི་བསྲུང་དོན་ཕྱིར། ། སྣ་ཚོགས་པ་ཡི་གཟུགས་སུ་སྤྱོད། ། ལ་ལར་རྡོ་རྗེ་འཛིན་པ་དང༌། ། ལ་ལར་སངས་རྒྱས་ཀྱི་ནི་གཟུགས། ། ལ་ལར་ཧེ་རུ་ཀ་ཡི་གཟུགས། ། ལ་ལར་དེ་བཞིན་གཤེགས་པ་དང༌། ། ལ་ལར་བྱང་ཆུབ་སེམས་པའི་གཟུགས། ། ལ་ལར་ཉན་པ་ལྟ་བུར་བཞུགས། ། ལ་ལར་འཆད་དོ་དགྱེས་པདྨ། ། ལ་ལར་ཀློག་པའི་ཚུལ་དུ་བཞུགས། ། ལ་ལར་རྒྱུད་དང་བསྟན་བཅོས་ནི། ། མཛད་པ་དང་ནི་ལ་ལར་འཛིན། ། མང་དུ་བརྗོད་ལྟ་ཅི་ཞིག་དགོས། ། དེ་སྟོན་ཕྱག་ན་རྡོ་རྗེ་རྒྱལ། ། ཞེས་བསླུ་མེད་རྡོ་རྗེའི་ལུང་དོན་གསལ་བོར་གྲུབ་པ་བཞིན། ཀུན་བཟང་ཆོས་ཀྱི་སྐུ་ཉིད་དབྱིངས་ནང་གསལ་ཆེན་པོ་ལས་མ་གཡོས་བཞིན་དུ།རང་རྩལ་འགགས་པ་མེད་པའི་རང་མདངས་རྣམ་པར་སྣང་མཛད་གངས་ཅན་མཚོར་བཞེངས་ནས། རྒྱུད་དག་པའི་སེམས་དཔའ་སོགས་གདུལ་བྱ་མཐའ་ཡས་པའི་རང་སྐལ་དང་འཚམ་པར། ཕྱེད་སྣང་དང༌། རང་བཞིན་དང༌། འགྲོ་བ་འདུལ་བའི་སྤྲུལ་པའི་བཀོད་པ་འབྱམས་སུ་ཀླས་པ་ལས། གསང་བདག་རྡོ་རྗེ་ཆོས། ཀུན་དགའ་བོ། ཨིནྡྲ་བྷཱུ་ཏི། ཆོས་རྒྱལ་ཟླ་བཟང༌།རྒྱལ་པོ་ཛཿ ཨཱརྱ་དེ་ཝ། ནག་པོ་སྤྱོད་པ། ཤནྟི་གརྦྷ། ཐུ་མི་སམ་བྷོ་ཊ། ལོ་ཆེན་བཻ་རོ། ཀླུ་མེས་ཚུལ་ཤེ། ལོ་ཆེན་རིན་བཟང༌། རྔོག་བློ་ལྡན་ཤེས་རབ། བདེ་གཤེགས་ཟུར་པོ་ཆེ། རོང་ཟོམ་པཎྜི་ཏ། གྲྭ་པ་མངོན་ཤེས། བྱ་འདུལ་འཛིན། ཁྱུང་པོ་རྣལ་འབྱོར། ཙཱ་མི་སངས་རྒྱས་གྲགས། ཞང་བརྩོན་འགྲུས་གྲགས། རོག་དོལ་བ་དམར་ཞུར་པ། དཔལ་ཆེན་ཆོས་ཡེ། ས་སྐྱ་པཎ་ཆེན། གཡག་སྡེ་པཎ་ཆེན། ཀློང་ཆེན་རབ་འབྱམས། འབུམ་ཕྲག་གསུམ་པ། བོན་པོ་ལྷ་འབུམ་ར་ཤག་ཆེན་མོ། གྲུབ་ཐོབ་དངོས་གྲུབ། ཞིག་པོ་ཉི་སེང༌། གུ་རུ་ཇོ་ཚེ། ཡེ་ཤེས་ཁྱུང་གྲགས། དབུས་པ་སངས་འབུམ། སྙེ་མདོ་ཀུན་དགའ་དོན་གྲུབ། རྡོ་རྗེ་གླིང་པ། ཀུན་སྐྱོང་གླིང་པ། བོ་དོང་པཎ་ཆེན། བཀའ་བཞི་པ་རཏྣ་བྷ་དྲ། བ་ཡོ་ཆོས་ཀྱི་བློ་གྲོས། མུས་ཆེན་སངས་རྒྱས་རིན་ཆེན། མཁས་གྲུབ་སོག་བཟློག་པ། མཆོག་ལྡན་མགོན་པོ། རྗེ་བཙུན་ཏཱ་ར་ནཱ་ཐ། རྩེ་ལེ་པདྨ་ལེགས་གྲུབ། སྨིན་གླིང་གཏེར་ཆེན། རང་སྟོན་པདྨ་བདེ་ཆེན་གླིང་པ། རྟའུ་རོག་རྗེ་གླིང་པ་སོགས་དག་པའི་སྐུའི་སྐྱེ་སྲིད་རིམ་དང་ཅིག་ཅར་གྱི་ཚུལ་དུ་སྣང་བར་མཛད་ནས། སྐུའི་སྐྱེ་སྲིད་སྔ་མ་གྲུབ་ཆེན་ཤེས་རབ་ཡར་འཕེལ་ཉིད་འཆི་སྲིད་ཆོས་སྐུའི་དགོངས་པ་མངོན་དུ་མཛད་པའི་རྗེས་ཐོབ་དེ་མ་ཐག་པར་སྙིང་རྗེས་གཟུགས་སྐུ་འགྲོ་བའི་དོན་དུ་བཞེངས་པ་སྟེ། དེ་ཡང་བྱའི་རིགས་ལ་གྲུབ་ཐོབ་བརྒྱད་བཅུ་འབྱུང་བར་ལུང་བསྟན་པ་ལྟར། རྗེ་བཙུན་མི་ལ་དང༌། ཁྱུང་པོ་རྣལ་འབྱོར་སོགས་མཁས་གྲུབ་སྐྱེས་ཆེན་མཐའ་ཡས་པ་བྱོན་པའི་གདུང་ལས་ཡབ་ཁྱུང་པོ་བླ་མ་གཡུང་དྲུང་བསྟན་འཛིན་དང༌། ཡུམ་བཀྲ་ཤིས་མཚོ་བྱ་བའི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཆུ་མོ་བྱ་ཡི་ལོ་ཟླ་བ་བཅུ་པའི་ཚེས་བཅུའི་ཉི་ཤར་ལ་གནས་མཆོག་པདྨ་ལྷ་རྩེའི་མདུན་རོལ་དུ་ངོ་མཚར་བའི་ལྟས་དང་བཅས་ཏེ་ཡུམ་ལ་གནོད་པ་མེད་པར་སྐུ་འཁྲུངས། ཀ་ཁ་ཙམ་ཡང་མ་བསླབས་པའི་གོང་དགུང་གྲངས་བཞི་པའི་ཐོག་ནས་འཇམ་དཔལ་དཀར་པོའི་སྒྲུབ་ཐབས་རང་རྡོལ་དུ་གསུངས་པ་དང༌། བྱིས་པའི་རྩེ་ར་ཚུན་དུ་དབང་བསྐུར་བ། ཆོས་བཤད་པ། ལྷ་ཁང་བཞེངས་པ། རང་ཉིད་གུ་རུའི་རྣམ་འཕྲུལ་དུ་ཞལ་གྱིས་བཞེས་པ་སོགས་དམ་པའི་རྣམ་ཐར་སྒྲིབ་མེད་དུ་གསལ། དགུང་གྲངས་བཅོ་ལྔ་པའི་ཐོག་དག་པའི་གཟིགས་སྣང་དུ་ནམ་མཁར་ཨོ་རྒྱན་རིན་པོ་ཆེ་ཟ་ཧོར་མའི་ཆས་ཅན་འོད་ཀྱི་དཀྱིལ་འཁོར་དམར་སེར་གྱིས་ཁྱབ་པའི་གཟི་བརྗིད་ཉི་འོད་ལྟར་འབར་བ་ལས་འོད་མེ་ལོང་ཙམ་ཞིག་བྱུང་ནས་སྐུ་ལུས་ལ་ཕོག་པས་ཐུགས་གཏད་མེད་དུ་སོང༌། དེ་ལས་སད་ཙ་ན། བུད་མེད་འགས་ད་དུང་ནམ་མཁའ་ལ་ལྟོས་དང་སྲིད་པའི་རྒྱལ་མོ་དབུ་བརྒྱ་ཕྱག་སྟོང་བྱོན་འདུག་ཟེར་བ་དང་གཟིགས་པས་ནམ་མཁའ་འཇའ་ཚོན་གྱིས་གང་བའི་ནང་ན་སྐུ་ཅུང་ཟད་གསལ་ཉམས་བྱེད་པ་ཙམ་ལ་སད། དེ་ནས་བཟུང་དགོངས་གཏེར་གྱི་རིགས་དུ་མ་ཐུགས་ལས་བརྡོལ།བཅུ་དྲུག་པའི་ཐོག་སྦྱིན་བདག་ཁང་གསར་པའི་མཐུན་རྐྱེན་ཕྲན་བུ་དང་བཅས། ཞེ་ཆེན་སྒྲུབ་སྡེ་པདྨ་འོད་གླིང་དུ་པཎ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱི་ཞབས་པད་བསྟེན་ཅིང༌། སྐུ་སྔོན་མ་གྲུབ་ཆེན་པའི་ཉེ་གནས་བླ་རྒན་ཨོ་རྒྱན་དཔལ་འབྱོར་གྱི་རྩར་བཞུགས། དེ་ནས་བཟུང་ལོ་དྲུག་གི་བར་དུ་པཎ་ཆེན་བླ་མ་མཆོག་ལས་ཕྱི་ཐ་སྙད་རིག་པ་ཡན་ལག་དང་བཅས་པ། ནང་ཐེག་པའི་རིམ་པ་དང་གྲུབ་མཐའ་རྒྱ་མཚོའི་རྣམ་བཞག གསང་བ་རྡོ་རྗེ་ཐེག་པ་ལམ་རིམ་པ་གཉིས་ཀྱི་མན་ངག་གི་སྐོར་སོགས་གསན་བསམ་མཐར་ཕྱིན་པར་མཛད། ཁྱད་པར་པཎ་ཆེན་བླ་མ་དེ་ཉིད་དུས་གསུམ་སྒྲིབ་མེད་དུ་གསལ་བའི་ཡེ་ཤེས་ཀྱི་གཟིགས་པ་ལ་ཆགས་ཐོགས་རྡུལ་ཙམ་ཡང་མི་མངའ་བས། ཕྱི་མཐར་གཟིགས་པའི་ལུང་བསྟན་ངོ་མཚར་བའི་དབུགས་དབྱུང་དང་བཅས། སྨད་འདུལ་སྔ་འགྱུར་པའི་སྡོམ་རྒྱུན་གྱིས་ཚིག་གསུམ་བར་མ་ཆོད་པའི་བསྙེན་རྫོགས་དང༌། འདུལ་བའི་ལག་ལེན་ཞིབ་ཁྲིད། བཀའ་བརྒྱད་དང་འདོད་བུམ་གཙོ་བོར་གྱུར་བའི་གསང་ཆེན་སྨིན་གྲོལ་ཞལ་ཤེས་དམར་ཁྲིད་དང་བཅས་པ། དེ་དག་གི་རྒྱབ་རྟེན་དུ། བཀའ་འགྱུར། རྙིང་རྒྱུད། བླ་མ་དགོངས་འདུས། ཀུན་མཁྱེན་ཡབ་སྲས་ཀྱི་བཀའ་འབུམ། དོལ་པོའི་རི་ཆོས། རང་བྱུང་ཞབས་ཀྱི་ནང་དོན། སྨིན་གླིང་པའི་སྡོམ་གསུམ་སོགས་ཀྱིས་མཚོན་ཆོས་བཀའ་མཐའ་ཡས་པ་སྩལ་ཅིང་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་བའི་རྟེན་འབྲེལ་བཅས་བཤད་སྒྲུབ་ཀྱི་བསྟན་པ་གཏད། དེ་དག་གི་བར་མཚམས་རྣམས་སུ་དེར་བཞུགས་ཀྱི་མཁས་གྲུབ་དུ་མ་ལས་སྨིན་གྲོལ་བཤད་བཀའ་ཉམས་མྱོང་གོ་ཁྲིད་སོགས་ངོམས་མེད་དུ་གསོལ་བ་ལས་སྒྲུབ་ཆེན་བསྟན་འཕེལ་གྱིས་ཐུགས་ཆེན་བདེ་ཀུན་གྱི་དབང་བཞི་པའི་སྐབས་མེ་ལོང་ལ་བརྟེན་ནས་ངོ་སྤྲོད་ཞིབ་མོར་སྩལ་པས་གནས་ལུགས་ཀྱི་གོ་བའི་གཏིང་རྙེད། རི་བསྐོར་ལ་ཕེབས་སྐབས་སྔགས་རམས་པ་ཀུན་བཟང་གསང་སྔགས་ལ་བརྟེན་ནས་བདེ་སྟོང་ཕྱག་རྒྱ་ཆེན་པོ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར། གནས་འདིར་བཞུགས་རིང་བར་ཆད་ཀྱི་གཡུལ་ལས་རྒྱལ་བའི་རྟགས་མཚན་དང་དག་པའི་གཟིགས་སྣང་མཐའ་ཡས། ཁྱད་པར་གནས་ནང་དེར་གཏེར་རྟགས་དང་གཏེར་སྒོ་གསལ་བར་གཟིགས་ཀྱང་ཆེད་གཉེར་མ་མཛད་མོད། རྡོ་རྗེ་བེ་ཅོན་དང་ལྷ་མོའི་སྐོར་སོགས་དགོངས་གཏེར་གྱི་ཆོས་ཚན་ཆ་ཤས་གཏན་ལ་འབེབས་པར་མཛད་པ་བཅས་ཐོག་མའི་རྟེན་འབྲེལ་ལེགས་པར་འགྲིགས། དེ་ལྟར་ལོ་དྲུག་ཟིན་མཚམས་དེད་དཔོན་ཆེན་པོ་རྒྱ་མཚོ་ནས་དོན་ལེགས་པར་གྲུབ་པ་བཞིན་ལུང་རྟོགས་ཡོན་ཏན་གྱི་འབྱོར་པའི་སྐྱེས་ཚད་མེད་པ་དང་བཅས་གངས་རིའི་ཁྲོད་ཀྱི་ཤམ་བྷ་ལ་དཔལ་སྤུངས་ཡིད་དགའ་ཆོས་འཛིན་དུ་ཕྱག་ཕེབས། རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོས་ཐུགས་སྲས་ཀྱི་ཐུ་བོར་བཟུང་ནས། སླར་ཡང་སྟོད་འདུལ་ཁ་ཆེ་ལུགས་ཀྱི་སྡོམ་རྒྱུན་གྱིས་མཚོན་སྡོམ་པ་གསུམ་གྱི་རྒྱུད་སྡོམ་པ་སྔོན་དུ་འགྲོ་བས་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུས་རྗེས་སུ་བཟུང་ཞིང༌། རྗེ་ཆོས་ཀྱི་འབྱུང་གནས་ཀྱིས། རྒྱལ་དབང་བདུད་འདུལ་རྡོ་རྗེ་དང༌། དེས་རྗེ་ཉིད་ལ་བསྟན་པ་གཏད་པ་བཞིན་ངེས་གསང་སྙིང་པོའི་བསྟན་པ་གཏད་ནས་དོན་གྱི་རྒྱལ་ཚབ་གཅིག་པུར་དབང་བསྐུར། གཞན་ཡང་རིས་མེད་ཀྱི་སྐྱེས་ཆེན་བརྒྱ་ཕྲག་ཕྱེད་ཀྱི་ཞབས་པད་བསྟེན་ནས། བོད་འདིར་ཡོངས་སུ་གྲགས་པའི་བཤད་རྒྱུན་འདེགས་པའི་ཀ་ཆེན་བཅུ་དང༌། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་རྗེས་འབྲང་དང་བཅས་པ་རིང་ལུགས་དེང་སང་རྒྱུན་གང་བཞུགས་ཐུགས་མཚོར་བསྐྱིལ། དེ་དག་ཀྱང་སྒྲུབ་པ་ཉམས་ལེན་གྱི་སྒོ་ནས་གཏན་ལ་ཕབ་སྟེ། གསར་རྙིང་གི་དཀྱིལ་འཁོར་ཆེན་པོ་བརྒྱ་ཕྲག་ཏུ་ཉེ་བའི་ལྗགས་བསྙེན་དང༌། དེ་དག་གི་རྫོགས་རིམ་ཟབ་མོ་རྣམས་ཀྱི་ཉམས་བཞེས་མཐར་ཕྱིན་པར་མཛད་པས་སའི་སྟེང་ན་འགྲན་ཟླ་དང་བྲལ་བའི་མཁས་གྲུབ་ཆེན་པོར་གྱུར། དེ་དག་གི་སྐབས་སུ་དངོས་ཉམས་རྨི་ལམ་གྱི་ཚུལ་དུ་གྲུབ་པའི་མངོན་རྟགས་མཐའ་ཡས་པ་བྱུང་བ་ནི། རྗེ་ཉིད་ཀྱི་རྣམ་ཐར་ཞལ་གསུང་མར། ལར་འདི་སྐོར་ནས་དབང་ལུང་གསར་ཐོབ་དང་འདོན་བྱ་ཆེ་ཆུང་གང་བྱས་ཀྱང་དེའི་ལྟས་མཚན་རེ་རྒྱུན་དུ་འོང་བ་ཞིག་ཡོད་ཅེས་གསུངས་པས་མཚོན་ནུས་ལ། གུ་རུ་རིན་པོ་ཆེའི་གཏེར་ལུང་ནས་གསལ་བ་ལྟར་ངེས་གསང་སྙིང་པོའི་བསྟན་པའི་བཙས་གཅིག་པུར་དགོངས་པས་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་རྟེན་དང་བརྟེན་པར་བཅས་པ་གསར་བསྐྲུན་དང༌། སྙིང་པོའི་སྒྲུབ་པ་པོ་རྒྱུན་འཇོག དེ་དག་གི་ཉམས་ལེན་གྱི་ཁྲིད་ཀ་སོགས་ཞིབ་པར་ཡང་ཁྲོད་དཀར་ཆག་ཆེན་མོར་གསལ་བ་དང༌། རྫོང་ཤོད་བདེ་གཤེགས་འདུས་པའི་གནས་སུའང་ཕལ་ཆེར་དེ་མཚུངས།བོད་ཁམས་བདེ་བའི་ཕྱིར་མདོ་ཁམས་གནས་ཆེན་རྣམས་གཙོ་བོར་གྱུར་པར། སྔ་རྗེས་བཀའ་གཏེར་གྱི་སྒྲུབ་ཆེན་ཁོ་ནའང་བརྒྱ་ཕྲག་ཕྱེད་གཉིས་ལྷག་བཅས་མཚོན་ཨོ་རྒྱན་དུས་གསུམ་མཁྱེན་པའི་ལུང་དོན་བཞིན་བསྟན་འགྲོའི་བདེ་ཐབས་འབའ་ཞིག་ཏུ་བརྩོན་པའི་རྣམ་ཐར་གཅིག་པུའང་སུས་ཀྱང་འགྲན་བྱར་མ་གྱུར་ཞིང༌། དེ་དག་གི་སྐབས་སུ་རྩ་བ་གསུམ་གྱི་ལྷག་པའི་ལྷས་ཞལ་སྟོན་པ་དང་དབང་བསྐུར་བྱིན་གྱིས་བརླབས་ཤིང་རྗེས་སུ་གདམས་པ་དང་ལུང་སྟོན་པ་སོགས་ཐུན་མོང་མ་ཡིན་པའི་གསང་བ་ཟབ་མོ་རྣམས་ཕལ་གྱི་སྤྱོད་ཡུལ་དུ་མི་འགྱུར་ནའང༌། ངོ་མཚར་བའི་རྟགས་མཚན་ཀུན་གྱི་མཐུན་སྣང་དུ་གྲུབ་པར། སྔར་མཐོང་མ་མྱོང་བའི་འཇའ་འོད་ཀྱི་གུར་དང་མེ་ཏོག་གི་ཆར། དམ་རྫས་ར་ས་ཡ་ན་སྒྲུབ་པའི་དྲིས་རྒྱང་རིང་དུ་ཁྱབ་པ། ཉིན་མཚན་དུ་སྙིང་པོ་སྔགས་ཀྱི་རང་སྒྲ་དིར་དིར་དུ་སྒྲོགས་པ། བདུད་རྩི་ཁོལ་ཞིང་རཀྟ་ཕྱུར་བ། ཚོགས་འཁོར་གྱི་སྐབས་སུ་ཌཱ་ཀི་འདུ་རྟགས་བྱ་རྒོད་མང་པོ་ཚོགས་ལ་ལོངས་སྤྱོད་པ་སོགས་ཆེར་མང་ཞིང༌། གཞན་ཡང་སྒྲུབ་ཁང་ལ་ཟང་ཐལ་དུ་གཤེགས་པ།རྡོ་ལ་ཕྱག་ཞབས་ཀྱི་རྗེས་འཇོག་པ། མངོན་ཤེས་སྒྲིབ་མེད་དུ་གསལ་བ། སྙིགས་དུས་ཀྱི་དམ་སྲི་གདུག་པ་ཅན་རྣམས་ཚར་གཅོད་པ་སོགས་གྲུབ་པའི་མངོན་མཚན་སྨོས་ཀྱིས་མི་ལང༌།ཁྱད་པར་སྔོན་གྱི་སྨོན་ལམ་དུས་སུ་སྨིན་པའི་དབང་གིས་ཐུན་མིན་མཛོད་ལྔའི་བཀའ་བབས་ཚུལ་ནི། རིགས་ཀུན་ཁྱབ་བདག་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་དང་སྐུ་ཆུང་ངུའི་དུས་ནས་ཕན་ཚུན་ཕ་བུ་འཕྲད་པ་བཞིན་དུ་ཐུགས་ཤིན་ཏུ་ཉེ་བས་དབང་ཆོས་ཀྱི་བདུད་རྩི་སྟོབས་རེས་དང༌། ཕྱིས་གོང་དུ་སྨོས་པ་བཞིན་སྒྲུབ་བརྒྱུད་བརྒྱད་དང་བཀའ་བབས་བདུན་གྱི་གསང་མཛོད་ཟབ་མོའི་སྒོ་དབྱེ་བའི་སྐབས་ལུང་ཟིན་རྩ་བའི་ཆོས་བདག་གཅིག་པུར་དགོངས་ནས་ཟབ་རྒྱས་ཀྱི་གདམས་པ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་སྩལ་ཅིང་བསྟན་པ་གཏད། དེ་བཞིན་དུ་གོང་སྨོས་ལུང་གིས་གསལ་བ་བཞིན། ལྷ་སྲས་རྣམ་འཕྲུལ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ་ལའང་བཀའ་བབས་བདུན་གྱི་གསང་མཛོད་སྤྱི་དང༌། ཁྱད་པར་སྔ་འགྱུར་བཀའ་གཏེར་གྱི་བཀའ་བབས་ཐུན་མོང་མ་ཡིན་པ་མངའ་བས་དེ་དག་གི་སྨིན་གྲོལ་གྱི་རྒྱུན་དང་བཀའ་རྒྱ་གདམས་གཏད་ཐུན་མིན་སྩལ་པ་དང༌། གུ་རུ་རིན་པོ་ཆེས་ཀྱང༌།ལས་འཕྲོ་དང་སྨོན་ལམ་གྱི་ཤུགས་ཡིན་པས་གང་འདོད་བསྡུ་སྒྲིགས་ཆོག་པའི་བཀའ་ལུང་ཐོབ་པ་བཅས་ཀྱིས་ཐུགས་སྤྲོ་བ་བརྟས་ཏེ་བཀའ་ཡི་བསྡུ་བར་ཞུགས་བའི་སྐབས། རབ་ཚེས་མེ་ཡོས་ཟླ་བ་བཅུ་གཅིག་པའི་དགའ་བ་དང་པོར་ཡང་ཁྲོད་སྒྲུབ་ཁང་གི་རབ་གནས་སུ་རྗེ་མཁྱེན་བརྩེ་རིན་པོ་ཆེ་ཕེབས་པར་དག་པའི་སྣང་བ་མུ་མེད་པར་ཤར། སྐབས་ཤིག་རི་བོ་ལྟ་བུའི་མཆོད་རྟེན་ཞིག་གི་ཕྱོགས་བཞིར་སྒོ་བཞི། ནང་དུ་མཛོད་ལྔ་ཡོད་པའི་མཛོད་རེ་རེ་བཞིན་ཆོས་གཏེར་གྱིས་གཏམས་པ་ལ་པཎ་གྲུབ་དང་མཁའ་འགྲོ་མང་པོས་བརྡ་སྤྲད། རྗེ་ཉིད་ནས་ཀྱང་གཟིགས་པ་བཙལ་བས་དེ་དག་ལ་དོན་གང་ཡོད་ཐུགས་ལ་ངེས་ཤིང་དེའི་སྲུང་མ་ཆོས་སྲུང་ཁྱད་པར་ཅན་བཞི་ཡོད་པ་སོགས་ཀྱི་གཟིགས་སྣང་ལ་བརྟེན་མཛོད་ལྔའི་བཀའ་བབས་སུ་ལུང་བསྟན་ཅིང་ཆོས་སྡེ་སོ་སོའི་དཀར་ཆག་གནང་བས་མཚོན་སྔ་རྗེས་ཡང་ཡང་གསུང་བསྐུལ་གནང་བ་བཞིན། གཞི་ལམ་འབྲས་བུའི་བར་གྱི་ཤེས་བྱ་མཐའ་དག་ལ་ཁྱབ་ཅིང་གསལ་བར་སྟོན་པའི་གཞུང་སྐབས་བཅུ་ལ་རྐང་པ་རེ་བཞི་ཡོད་པ་རྩ་བ་དང་འགྲེལ་པར་བཅས་པ་ཐུན་མོང་ཤེས་བྱའི་མཛོད་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་སྟེགས་ལྟ་བུ། མངའ་བདག་མར་པ་ལོ་ཙཱ་ནས་བརྒྱུད་པའི་བདེ་དགྱེས་གསང་གསུམ་གཙོས་བླ་མེད་ཀྱི་རྒྱུད་སྡེ་ཟབ་ཅིང་གཉན་ལ་ཆེས་དཀོན་པ་རྣམས་ཀྱི་སྨིན་གྲོལ་དང་ལྷག་པའི་ལྷ་འགའ་ཞིག་གི་རྗེས་གནང་སྐོར་ཕྱོགས་གཅིག་བསྡུས་པ། ཕྱོགས་དེར་གཏོགས་པའི་ནང་བརྟགས་རྒྱུད་གསུམ་གྱི་འགྲེལ་པ་སོགས་བཀའ་རྒྱུད་སྔགས་མཛོད་ཆེན་མོ། རྙིང་མ་བཀའ་མའི་གྲས་ཡང་དག་དང་ཕུར་པ་འཁོན་ལུགས། ཡང་དག་སོག་ལུགས་ཀྱི་སྒྲུབ་ཁོག་དང་བསྙེན་ཡིག གཤིན་རྗེ་གདོང་དྲུག་སྒྲུབ་དཀྱིལ་དབང་ཆོག རྣམ་འཇོམས་ཁྲོ་དཀར་ནག་སོགས་ཀྱང་བཀའ་མཛོད་འདིར་གཏོགས་པ་དང༌། གཏེར་སྟོན་སངས་རྒྱས་བླ་མ། རྒྱ་ལོ་ཙཱ། རྡོར་འབུམ་ཆོས་གྲགས་ནས་བཟུང༌། མཆོག་གི་སྤྲུལ་སྐུ་གསུམ། གླིང་པ་བཅུ་གཉིས་གཙོ་བོར་གྱུར་པའི་གཏེར་ཆེན་གཏེར་ཕྲན། དེང་སང་བྱོན་པའི་གཏེར་སྟོན་རྒྱལ་པོ་ལྔའི་ཡ་གྱལ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང༌། མཆོག་གྱུར་བདེ་ཆེན་གླིང་པའི་བར་གཏེར་སྟོན་ཉིས་བརྒྱར་ཉེ་བའི་གདམས་ཕྲན་རིགས་ཕྱོགས་གཅིག་བསྡུས་པ་རིན་པོ་ཆེ་གཏེར་གྱི་མཛོད་དེ་འདི་གཉིས་ནི་རིན་པོ་ཆེ་འབྱུང་བའི་མཚོ་ལྟ་བུའོ། །


སྐབས་འདིར་དགོས་དབང་ཁྱད་པར་ཅན་དང་རྗེས་སུ་འབྲེལ་བར་དྲན་པ་ཡབ་སྲས་ཀྱི་བླ་སྒྲུབ་ཙམ་འཇོག་གནང་བར་དཔྱོད་ལྡན་ཁ་ཅིག་གི་ཐུགས་ལ་དོགས་པ་འཁྲུངས་བར་སྣང་མོད། ཚུལ་འདི་ལྟ་བུ་ནི་རྒྱལ་བ་རྣམས་ཀྱི་གསང་བ་ཟབ་མོའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བ་ཡིན་ཏེ། ཕལ་པོ་ཆེ་ལས། ཀྱེ་རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཚད་མེད་དེ་འགྲོ་བ་གང་དང་གང་འདུལ་བ་དེ་དང་དེའི་གཟུགས་དང་ཁ་དོག་དང་མིང་གིས་དོན་མཛད་དོ། ། ཞེས་དང༌། ཡུམ་བར་བ་ལས། རབ་འབྱོར་སེམས་ཅན་གྱི་ཁམས་ན་དེ་བཞིན་གཤེགས་པས་འདུལ་བར་མི་འགྱུར་བའི་སེམས་ཅན་དེ་ནི་འགའ་ཡང་མེད་དོ། ། ཞེས་དང༌། བཟང་པོ་དཔལ་གྱི་ལེའུ་ལས། རྫུ་འཕྲུལ་རྣམ་པར་འཕྲུལ་བས་སེམས་ཅན་འདུལ། ། དེ་དག་ཐབས་ཚུལ་རྣམ་པ་སྣ་ཚོགས་ཀྱིས། ། འཇིག་རྟེན་རྒྱུ་ཞིང་འགྲོ་བའི་དོན་རྣམས་བྱེད། ། འཇིག་རྟེན་མི་ཆགས་ཆུ་ལ་པདྨ་བཞིན། ། དགའ་ཞིང་དད་པར་བྱེད་ལ་མངོན་པར་རྒྱུ། ། དེ་དག་སྙན་དངགས་མཁན་ལ་སྙན་དངགས་སྦྱོར། ། གར་མཁན་རྔ་མཁན་གྱད་དང་རོལ་མོ་མཁན། ། བཞག་མཛེས་རྒྱན་ཕྲེང་ཐོགས་ཤིང་གར་བྱེད་དང༌། ། སྒྱུ་མ་མཁན་པོ་གཟུགས་མང་ཀུན་ཏུ་སྟོན། ། གྲོང་པ་གྲོང་དཔོན་ཁ་ལོ་སྒྱུར་བར་འགྱུར། ། དེ་བཞིན་དེད་དཔོན་ཚང་དཔོན་ཁྱིམ་བདག་འགྱུར། ། རྒྱལ་པོ་བློན་པོ་འདུན་འདོན་ཕོ་ཉ་དང༌། ། སྨན་པ་འཇིག་རྟེན་བསྟན་བཅོས་ཆོ་ག་མཁན། །དེ་དག་དགོན་པར་ལྗོན་ཤིང་ཆེན་པོར་འགྱུར། །ཞེས་པ་ནས། འཇིག་རྟེན་ལྟ་བས་འཁྲུགས་པ་ཤེས་བྱས་ནས། ། ལྟ་བ་ངན་ལ་གནས་པའི་མུ་སྟེགས་ཅན། ། ཀུན་ལ་ཕྲ་བའི་གཞི་དང་ཐབས་ཚུལ་གྱིས། ། དེ་དག་རྣམས་ལ་བདེན་པ་སྟོན་པར་བྱེད། ། ལ་ལར་འགྲོ་ལྡིང་བ་ཡི་སྔགས་ཀྱི་གཞི། ། ཤིན་ཏུ་གསང་བའི་གཞི་ཡིས་བདེན་པ་སྟོན། ། ལ་ལ་དག་ལ་གསལ་ཞིང་དྲང་ཚིག་གིས། ། ལ་ལ་དག་ལ་ལྷ་ཡི་གསང་ཚིག་གིས། ། ལ་ལ་དག་ལ་ཡི་གེ་དབྱེ་ཚིག་དང༌། ། དོན་ལ་རྣམ་ངེས་རྡོ་རྗེའི་ཚིག་རྣམས་དང༌། ། རྒོལ་བ་འདུལ་བ་ཤེས་པའི་ཚིག་རྣམས་དང༌། ། བསྟན་བཅོས་ཐུབ་མེད་ཐར་པའི་ཚིག་རྣམས་ཀྱིས། ། ལ་ལ་དག་ལ་མི་སྐད་ཚིག་རྣམས་དང༌། ། ཀུན་ལ་འཇུག་པའི་ཚིག་ངེས་ཚིག་རྣམས་ཀྱི། ། ལ་ལ་དག་པ་ལྷ་ཡི་ངེས་ཚིག་དང༌། ། ཀླུ་ཡི་ངེས་ཚིག་གནོད་སྦྱིན་ངེས་ཚིག་གིས། ། ལ་ལར་སྲིན་པོ་འབྱུང་པོ་ཤ་ཟ་དང༌། ། དྲི་ཟ་གྲུལ་བུམ་ལྟོ་འཕྱེ་ཆེ་ཚིག་དང༌། ། མི་ཅི་ལྷ་མིན་མཁའ་ལྡིང་ཚིག་རྣམས་ཀྱིས། ། བདེན་པ་བསྟན་ཅིང་ཐར་པར་འདྲེན་པར་བྱེད། ། དེ་དག་བདེན་དང་ངེས་ཚིག་ཚུལ་ཤེས་ཏེ། ། ཇི་ལྟར་རྒྱལ་བའི་ཆོས་རྣམས་མ་ལུས་པའི། ། ཆོས་ཉིད་བསམ་ཡས་ཚིག་ལམ་ཤེས་པ་སྟོན། ། དེ་དག་ཏིང་འཛིན་རྣམ་འཕྲུལ་དེ་འདྲའོ། ། ཞེས་པའི་བར་གྱིས་བསྟན་པ་དང༌། སྒྱུ་འཕྲུལ་རྩ་རྒྱུད་ལས། ཕྱོགས་བཅུ་དུས་བཞི་བསམ་ཡས་སུ། ། འདུལ་བའི་དོན་རྣམས་སོ་སོར་སྟོན། ། ཐེག་པ་མཐོ་དམན་ཐམས་ཅད་དང༌། ། ཕྱིན་ཅི་ལོག་རྣམས་བསམ་ཡས་དང༌། ། ཞི་ཁྲོའི་ཚོགས་ཆེན་ཐམས་ཅད་ལ། ། སོ་སོར་མཐུན་བྱས་ཀུན་ཏུ་སྣང༌། ། ཞེས་དང༌། དཔུང་བཟང་གི་རྒྱུད་ལས། གང་གི་རང་བཞིན་ཆགས་སྡང་རྣམ་བྲལ་ཡང༌། ། ཆགས་པ་ཅན་ལ་ཆགས་པ་ལྟར་སྟོན་ཅིང༌། ། གདུག་པ་འདུལ་ཕྱིར་ཁྲོ་ལ་ཁྲོ་བཽར་སྟོན། ། ཐབས་ཀྱི་རྣམ་འདྲེན་དེ་ལ་ཕྱག་འཚལ་ལོ། ། ཞེས་དང༌། རྡོ་རྗེ་དྲྭ་བའི་རྒྱུད་ལས། གང་དང་གང་གིས་གཟུགས་ཀྱིས་ནི། ། ལུས་ཅན་རྣམས་ནི་འདུལ་གྱུར་པ། ། དེ་དང་དེ་ནི་རྣམ་སྟོན་ཏེ། ། སྣ་ཚོགས་ནོར་བུ་ཇི་བཞིན་ནོ། ། འདུལ་བའི་ཐབས་ནི་གང་གང་གིས། ། སེམས་ཅན་རྣམས་ནི་འདུལ་གྱུར་པ། ། རྣམ་པ་དེ་དང་དེ་དག་གིས། ། ཆོས་རྣམས་སྟོན་པར་འགྱུར་བ་ཡིན། ། ཞེས་དང༌། སངས་རྒྱས་གསང་བའི་ལམ་རིམ་ལས། ལྷུན་གྲུབ་རིག་འཛིན་སར་བཞུགས་ནས། ། ཞིང་ཁམས་ཐུག་པ་མེད་པ་དག ། འདུལ་ཕྱིར་སྤྲུལ་སྐུའི་མཛད་པའང་སྟོན། ། སྲིད་གསུམ་འགྲོ་བ་བསམ་ཡས་སུ། ། ཐུགས་རྗེས་སྤྲུལ་པ་བསམ་མི་ཁྱབ། ། དོན་དང་མཐུན་པ་འབའ་ཞིག་སྟོན། ། ཞེས་དང༌། ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་ཀྱི་རྣམ་བཤད་ལས། སེམས་ཅན་སྐྱབས་པའི་བསམ་པ་ནི། ། སྲིད་པའི་འདམ་དུ་སྐྱེ་མོད་ཀྱི། ། འོན་ཀྱང་འདམ་གྱི་པདྨ་བཞིན། ། སྲིད་པའི་སྐྱོན་གྱིས་གོས་པ་མེད། ། ཅེས་སོགས་མདོ་རྒྱུད་བསྟན་བཅོས་ཀུན་ནས་གསལ་པོར་བསྟན་པའི་དོན་ཇི་ལྟ་བར། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཉིད་དོན་གྱི་དགོངས་པ་སངས་རྒྱས་ཀུན་དང་རྣམ་དབྱེར་མེད་ཅིང་དབང་བཅུའི་གོ་འཕང་ཁྱད་པར་བ་ལ་མངའ་འབྱོར་པའི་ཕྱིར། དཔེར་ན་བཅོམ་ལྡན་འདས་ཀྱང་དགོས་པའི་དབང་གིས་དྲི་ཟ་རབ་དགའ་སོགས་འདུལ་བའི་ཕྱིར་དྲི་ཟ་པི་ཝཾ་ལེན་པ་སོགས་སུ་སྤྲུལ་པར་མདོ་དུ་མ་ལས་གསུངས་པ་དང༌། འཕགས་པ་སྤྱན་རས་གཟིགས་ཀྱིས་ཕྱི་རོལ་པ་རྣམས་འདུལ་བའི་ཕྱིར། སརྦ་ཛྙཱ་ཞེས་པའི་ཏིང་ངེ་འཛིན་ལ་ཞུགས་ནས་སྐུའི་གནས་རྣམས་ལས། ཉི་མ་དང་ཟླ་བ། དབང་ཕྱུག་དང་ཚངས་པ་སོགས་སྤྲུལ་པར་མདོ་སྡེ་ཟ་མ་ཏོག་སོགས་ལས་གསུངས་པ་བཞིན། ངོ་མཚར་བའི་སྐུ་ཡི་བཀོད་པ་དེ་ལྟར་དུ་བསྟན་པ་ཡིན་ཏེ། ཆོས་དབང་གཏེར་བྱོན་གནམ་སྐས་ཅན་གྱི་བཀའ་རྩིས་ལས། རྡོ་རྗེ་གདན་ལ་མཉམ་པར་བཞག་པའི་ཚེ༔ སྤྱན་རས་གཟིགས་ཀྱིས་རབ་བསྐུལ་བོད་མཆིས་ཀྱང༔ བོན་གྱིས་དབང་བསྒྱུར་དམ་ཆོས་སྤཻལ་དཀའ་ནས༔ གཤེན་ལྷ་འོད་དཀར་ཞེས་བྱར་སྐུ་སྤྲུལ་ཏེ༔ ཆོས་རྒྱལ་ཐོ་ཐོ་རི་ལ་བཀའ་རྟགས་སྩལ༔ ཆོས་ཕྱོགས་མོས་བསྒྱུར་དགེ་སྡིག་ངོ་ཤེས་ཤིང༔ གཤེན་རབ་རྣམས་ཀྱང་དཀར་ཆོས་བོན་བློར་བསྒྱུར༔ ཞེས་དང༌། ཁྱད་པར་གཏེར་ཆེན་ཀློང་གསལ་སྙིང་པོའི་གཏེར་བྱོན་བཀའ་ཡི་ཐང་ཡིག་ལས། དེ་ནས་ཞང་ཞུང་གི་ཡུལ་དུ་བྱོན་པར་དགོངས་པས་གཟིགས་པ་ན། བོན་གྱིས་འདུལ་བ་ཁོ་ནར་གཟིགས་ཏེ༔ དེར་སོང་སྟེ་རང་མདངས་ཀྱི་འཁོར་དང་བཅས་པས་འདི་སྐད་དུ༔ ཀྱེ་རིགས་ཀྱི་བུ་རྣམས་ཤེས་པར་གྱིས་ཤིག༔ང་ཡི་ཡབ་ནི་དྲན་པ་ཡེ་ཤེས་ཀྱི་ནམ་མཁའ་འོ༔ མ་ནི་འོད་ལྡན་འབར་མ་ཡིན་ནོ༔ གཅེན་ནི་ཚེ་དབང་རིག་འཛིན་ཡིན་ནོ༔ ང་བོན་ཉིད་མི་འགྱུར་བའི་དབྱིངས་ནས་རང་བྱུང་ངོ༔ ཞེས་རྟག་པ་དང་ཆད་པའི་མཐའ་ལ་མི་གནས་པའི་བོན་གྱི་གདམས་པ་གྲངས་ལས་འདས་པའི་སྒོ་ཕྱེས་ཏེ་ཚོམ་བུ་འབུམ་ཕྲག་བཅོ་བརྒྱད་གྲོལ་ལོ༔ འབྱུང་འགྱུར་ལ་གྲངས་དང་མཐའ་དང་མུ་མེད་དོ༔ ཞེས་རྡོ་རྗེའི་ལུང་གིས་གསལ་པོར་བསྟན་ཅིང༌། རིགས་པས་ཀྱང་གྲུབ་སྟེ། མགོན་པོ་བྱམས་པས། གཞན་གྱིས་དབང་གིས་ངེས་འབྱུང་དང༌། ། བདག་དང་སེམས་ཅན་མཚུངས་གཟིགས་དང༌། ། མཛད་པ་ཡོངས་སུ་མ་རྫོགས་ཕྱིར། ། འཁོར་བ་སྲིད་དུ་མཛད་མི་འཆད། ། ཅེས་གསུངས་པ་ལྟར། འཕགས་པ་སྤྱན་རས་གཟིགས་ཀྱིས་བོད་ཀྱི་གདུལ་བྱ་མཐའ་དག་འདུལ་བར་ཐུགས་བསྐྱེད་ཅིང་སྨོན་ལམ་བཏབ་པའི་ཕྱིར་དང༌། གདུལ་བྱ་བོན་རྣམས་ཀྱང་ཆོས་སྐུ་བདེ་གཤེགས་སྙིང་པོས་ཁྱབ་ཅིང་ཆོས་ཉིད་དག་པའི་རང་བཞིན་ཅན་དུ་རིགས་གཅིག་པའི་ཕྱིར་དང༌། དེ་ལྟར་མ་བསྟན་ན་ནི་གདུལ་དཀའ་འདུལ་བར་མི་ནུས་པས་མཛད་པ་ཡོངས་སུ་མ་རྫོགས་པའི་ཕྱིར་ཏེ་རྒྱུ་མཚན་གསུམ་གྱིས་ཡིན་ལ། དེ་ལྟར་སྒྲུབ་པའི་ཚུལ་འདི་ཡང་རྩོད་བྲལ་གྱི་གཏེར་ཆེན་རྒྱལ་པོ་ལྔའི་ནང་ཚན་སྤྲུལ་སྐུ་རྡོ་རྗེ་གླིང་པའི་ཟབ་གཏེར་ལས་བྱོན་པ་སྟེ། དེ་ཡང་དོན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཆོས་ཐམས་ཅད་ལ་ཡེ་ནས་སངས་རྒྱས་པ་ཉིད་རྣམ་པ་རྟགས་ཀྱི་ལྷ་ཡབ་ཡུམ་སྲས་གསུམ་དུ་བསྟན་ནས་སྒྲུབ་པ་ཡིན་པས། དེ་ལྟར་རྟོགས་ཤིང་གོམས་པ་བྱས་ན་སྣང་སྤྱོད་ཐམས་ཅད་ལ་ཡེ་ཤེས་ཆེན་པོའི་རྩིས་ཐེབས་ཏེ་བསྐྱེད་རྫོགས་ཟུང་འབྲེལ་དུ་འགྱུར་བའི་ཕྱིར་ལས་དང་དངོས་གྲུབ་ཐམས་ཅད་ཐོགས་མེད་དུ་གྲུབ་པར་འགྱུར་ལ། ཚུལ་འདིས་སྐྱབས་སྡོམ་དང་འགལ་མིན་སོགས་ཀྱི་དོགས་པ་མི་དགོས་ཏེ། སྣང་སྤྱོད་ཐམས་ཅད་བླ་མའི་སྐུ་གསུང་ཐུགས་ཀྱི་རོལ་པར་ཤེས་ཤིང་གོམས་པར་བྱ་བ་ལས་ལྷག་པའི་ལམ་ཁྱེར་གཞན་མེད་པའི་ཕྱིར་རོ། ། གཞན་ཡང༌། བཀའ་རྩིས་ལས། ཆོས་གཏེར་བོན་གཏེར་སྨན་རྩིས་བཟོ་རིགས་སོགས༔ གང་ལ་གང་འཐད་ཡིད་དང་གང་འཐད་པ༔ རི་བྲག་གཙུག་ལག་ཁང་དང་མཆོད་རྟེན་དང༔ ས་མཚན་ཤིང་ཆེན་ཕ་ཝོང་རྒྱལ་ཁབ་སོགས༔ ས་ཕུག་ལ་སོགས་ཀུན་ཁྱབ་གཏེར་གྱིས་བཀང༔ ཞེས་གསུངས་པ་ལྟར། མ་འོངས་པའི་གདུལ་བྱའི་དོན་དུ་བོན་གཏེར་ཡང་མཐའ་ཡས་པར་སྦ་བར་མཛད་པ་ཕྱིས་དུས་ལ་བབས་པའི་ཚེ། བྱང་གཏེར་རིག་འཛིན་རྒོད་ཀྱི་ལྡེམ་ཕྲུ་ཅན་སོགས་གཏེར་ཆེན་ཚད་མ་རྣམས་ཀྱིས་སྤྱན་དྲངས་ཤིང་གདུལ་བྱ་བོན་གྱི་རིགས་ཅན་རྣམས་ལ་གནང་བར་མཛད་པ་ཡང་མཐའ་ཡས་པས། དེ་ཐམས་ཅད་ཀྱང་གདུལ་དཀའ་རྗེས་སུ་འཛིན་པའི་ཕྲིན་ལས་ཡོངས་ལ་སྙོམས་པར་འཇུག་པའི་སྒོ་ཐབས་མཁས་ཀྱི་མཛད་པ་རྨད་དུ་བྱུང་བ་ཡིན་པས་ཀུན་ལ་དག་སྣང་བསྐྱེད་ནས་རང་གཞན་ཆོས་སྤང་གི་གཡང་ལས་སྲུང་བ་འདི་གལ་ཆེ་བར་སེམས་སོ། ། དེ་ལྟར་འཕྲོས་དོན་དུ་སྨྲོས་ནས། ཡང་སྔ་འགྱུར་རྙིང་མ། བཀའ་གདམས་གསར་རྙིང༌། ལམ་འབྲས་བུ་དང་བཅས་པ། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད། ཤངས་པ་བཀའ་བརྒྱུད། ཞི་བྱེད་དང་གཅོད་ཡུལ། རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པ། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་བཅས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་དང༌། མི་ཏྲའི་གདམས་ཁྲིད་སོགས་ཁྲིད་ཕྲན་མང་པོའི་གཞུང་དང་དབང་གདམས་ངག་ཡོངས་སུ་རྫོགས་པ་ཕྱོགས་གཅིག་ཏུ་བསྡུས་པ་གདམས་ངག་རིན་པོ་ཆེའི་མཛོད་ནི་གང་དུ་ཉེ་བར་བགྲོད་པའི་གྲུ་གཟིངས་བཟང་པོ་ལྟ་བུ་དང༌། ཞུགས་ནས་རིན་པོ་ཆེ་བླངས་སྟེ་རང་གཞན་གྱི་དབུལ་བ་སེལ་བ་ལྟ་བུ་ཐུན་མིན་གསང་བའི་མཛོད་ནི། ཉིད་ཀྱི་ཟབ་གཏེར་གྱི་སྐོར་ཏེ། དེ་ཡང་གོང་སྨོས་སྟར་སྐུ་ཆུང་ངུ་ནས་བཀའ་བབས་བརྙེས་ཀྱང༌། བར་སྐབས་རྐྱེན་འགའ་ཞིག་ལ་བརྟེན་ནས་བཏང་སྙོམས་སུ་ལུས་པར། ཕྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་ཞལ་ཐོག་མར་འབྱེད་བའི་སྐབས་གཏེར་ཆེན་རྣམ་གསུམ་ཞལ་འཛོམས་ཀྱིས་བཀའ་བརྒྱད་ཀྱི་སྒྲུབ་ཆེན་གྲུབ་པའི་རྗེས་ཐོག་དེར། གཏེར་ཆེན་རྣམས་གཉིས་ནས་ཙིཏྟ་གསང་ཕུག་ཏུ་རྡོ་ཁྲི་མཐོན་པོ་བརྩེགས་པའི་ཁར་བཞུགས་སུ་གསོལ་ནས། སྐུ་གསུང་ཐུགས་རྟེན། རིན་ཆེན་དང་པོའི་མཎྜལ་བཅས། རྗེ་ཉིད་ལ་གུ་རུ་རིན་པོ་ཆེས་གསོལ་བའི་མཚན་ཨོ་རྒྱན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ཡིན་པས་ཕྱིན་ཆད་མཚན་དེ་ལྟར་འདོགས་པ་དང༌། ཟབ་གཏེར་གྱི་རྟེན་འབྲེལ་ཉམས་པ་སོར་ཆུད་དགོས་པའི་གསུང་ནན་བཅས་ཞབས་བརྟན་གནང་བར་མཛད་པ་སོགས་ཀྱིས་དགུང་གྲངས་ང་བརྒྱད་པར་ལྷ་མདོ་འབུམ་མོ་བདེ་ཆེན་པདྨོ་བཀོད་པ་ནས་རྩ་གསུམ་དགོངས་པ་འདུས་པའི་ཆོས་སྡེ། འཕགས་པ་ཀུན་དགའ་བོའི་སྐུ་ཆོས་སློབ་དཔོན་ཧཱུྃ་ཀ་རའི་གསང་གོས་སོགས་སྤྱན་དྲངས་པ་ནས་བཟུང་རིམ་པར་གཏེར་ཀ་བཅུ་གཅིག་ཙམ་ཕྱག་ཏུ་སྨིན་པ་ལས། ཁྱད་པར་རྩ་གསུམ་དགོངས་འདུས་ཉིད་མཛོད་ལྔ་ཡོངས་སུ་རྫོགས་པའི་ཆོས་སྡེ་ཟབ་ཅིང་རྒྱ་ཆེ་བར་བཞུགས་ཤིང༌། བརྡ་ཡིག་ཀྱང་དེ་མཚུངས་རིགས་མི་འདྲ་བ་མང་དུ་བཞུགས་པ་ཡིད་ཆེས་ཤིང་ཐེ་ཚོམ་གྱི་དྲི་མ་བསལ་བའི་ཕྱིར་ཡབ་སྲས་ཞལ་འཛོམས་ཀྱིས་འབེབས་བཞེད་སྐབས། ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེས། འདི་ལ་མཁའ་འགྲོའི་བརྡ་སྒྱུར་ཆེན་མོའི་དབང་དུ་བྱས་ན་སངས་གླིང་བླ་མ་དགོངས་འདུས་ཙམ་ཞིག་འབྱུང་བར་སྣང་ཡང་བརྡ་བསྒྱུར་འབྲིང་པོའི་དབང་དུ་བྱས་པའི་རྒྱས་བསྡུས་འཚམ་པ་ཞིག་ལེགས་གསུངས་ནས། མཛོད་ལྔའི་ནང་ནས་གལ་ཆེ་བའི་ལུང་གཏེར་གྱི་མཛོད་ལ་རྩ་གསུམ་ཆོས་སྐྱོང་གི་སྐོར་བཞི་བཞུགས་པ་ལས་བླ་མ་རིག་འཛིན་མཆོག་སྒྲུབ་ཀྱི་ཆོས་སྡེའི་ཚན་དྲུག་ཙམ་འབེབས་གནང་སྐབས་ཡབ་སྲས་གཉིས་ཀར་དག་པའི་གཟིགས་སྣང་དང་བྱིན་རླབས་ཀྱི་བབས་སོགས་ངོ་མཚར་རྨད་དུ་བྱུང་བའི་ལོ་རྒྱུས་ཀྱིས་མཚོན་རྣམ་ཐར་ཆེན་མོར་གསལ་བ་ལྟར་ལ། ལེགས་པར་གཏན་ལ་ཕབ་གྲུབ་པ་ནི། གང་སྨོས་རྩ་གསུམ་དགོངས་འདུས་ཀྱི་ཆོས་ཚན་དྲུག ཙཱ་འདྲའི་གཏེར་བྱོན་གསང་ཐིག་ཡབ་བཀའ་ཡུམ་བཀའ། རོང་མེ་དཀར་མོ་སྟག་ཚང་གི་གྲོ་ལོད་སྒྲུབ་ཐབས། ལམ་ཟབ་ལེའུ་བདུན་མ། དག་སྣང་ཚིག་བདུན་ཡབ་བཀའ་ཡུམ་བཀའ་སོགས་ཡིན་ལ། དེ་དག་དང་ལྷན་དུ་བྱོན་པའི་དམ་རྫས་རིགས་སོགས་ཀྱི་འགྲོ་ཕན་གྱི་ཕྲིན་ལས་ཀྱིས་ནི་ཁམས་དབུས་གཙང་གསུམ་དུ་ཁྱབ་པར་གྱུར་ཏོ། ། མཛོད་ཆེན་ལྔ་དེ་དག་ཅི་རིགས་པ་དང་རྗེས་སུ་འབྲེལ་བའི་གསུང་ཐོར་བུའི་སྐོར་བསྟོད་ཚོགས་ནས་བསྔོ་སྨོན་ཤིས་བརྗོད་ཡན་འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེས་དཀར་ཆག་ཏུ་མཛད་པ་ཟླ་བ་ཉ་བའི་གྲངས་ལྡན་བཅས་གསུང་རབ་ཀྱི་གླེགས་བམ་བགྲངས་ན་བརྒྱ་ཕྲག་ཏུ་ཉེ་བ་དང༌། དེ་དག་འཆད་སྤེལ་གྱི་ཕྲིན་ལས་ཀྱང༌། སྤྱིར་སྒྲ་ཀ་ཙན་དབྱངས་གསུམ། སུམ་རྟགས། སྡེབ་སྦྱོར། སྙན་ངག གསོ་རིགས་རྒྱུད་བཞི། རྩིས་དཀར་ནག་སོགས་ཐ་སྙད་རིག་གནས་ཀྱི་སྐོར་འཆད་པ་ཆེས་མང་ཞིང༌། ཁྱད་པར་རྒྱུད་གསང་སྙིང༌།ནང་བརྟགས་རྒྱུད་གསུམ་སོགས་ཀྱི་བཤད་པ་ལན་གྲགས་མང་བ་དང༌། རྒྱལ་བཀའ་རིན་པོ་ཆེའི་བཀླགས་ལུང་ཚར་གཅིག རྙིང་རྒྱུད་ཚར་གཉིས། བསྟན་འགྱུར་ལས་མཁོ་བཏུས་ཚར་ཁ་ཤས། ཤེས་བྱ་མཛོད་ཀྱི་བཤད་ལུང་ལན་བཞི། བཀའ་བརྒྱུད་སྔགས་མཛོད་ཚར་བདུན། རིན་ཆེན་གཏེར་མཛོད་ཚར་ལྔ། གདམས་ངག་མཛོད་ཚར་གསུམ། སྨིན་གླིང་འདོད་བུམ་ཚར་བརྒྱད། ཇོ་ནང་རིན་འབྱུང་ཚར་གསུམ། གཞན་བཀའ་བརྒྱུད་དང་རྙིང་མ་གཙོར་བྱས་གང་གསན་ཕལ་ཆེར་ལན་གྲངས་དང༌། ཐ་ན་ཚར་རེ་མ་འཆད་པ་ནི་གང་ཡང་མི་མངའ་ཞིང༌། གོང་སྨོས་མཛོད་ཆེན་བཞི་གཙོར་གྱུར་གསུང་འབུམ་ཡོངས་རྫོགས་སྤར་དུ་འཁོད་པ་དང༌། བརྒྱུད་འཛིན་བུ་སློབ་ཀྱིས་ནི་ཤར་ནུབ་རྒྱ་མཚོའི་མཐའ་ཚུན་ཆོད་ཁྱབ་ཅིང༌། བསྟན་པ་འཛིན་སྐྱོང་སྤེལ་གསུམ་ནུས་པའི་སྐྱེས་ཆེན་བཟང་ལ་མང་བ་བཅས་སྒོ་དུ་མ་ནས་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལྟ་བུའི་རྣམ་ཐར་ནི་ཚུར་མཐོང་བྱིས་བློའི་སྤྱོད་ཡུལ་ལས་བརྒལ་བ་སྟེ། གསན་སྦྱོང་དང༌། འཆད་སྤེལ། སྒོམ་སྒྲུབ། བསྟན་བཅོས་རྩོམ་པ་རྣམས་རེ་རེའང་མི་ཕལ་པའི་ཚེ་གཅིག་ལ་གཏན་ནས་རྫོགས་ཐབས་མེད་པ་ནི་མངོན་སུམ་གྱིས་གྲུབ་པ་འདི་ལྟར་ན། འདི་ལྟ་བུའི་གྲུབ་པའི་སྤྱོད་པ་ལས་གོང་ན་གཞན་མེད་པ་ནི་བློ་གཟུ་བོར་གནས་པ་རྣམས་ཀྱིས་བརྟགས་པས་ཤེས་པར་ནུས་སོ། ། དེ་ལྟར་སྐུ་ཚེ་དང་ཕྲིན་ལས་མཐར་ཕྱིན་ཅིང༌། དེའི་རིང་ལ་མཐའ་དམག་ཀླ་ཀློའི་འཚེ་བ་ཟློག་པར་མཛད་པ་སོགས་གོང་གི་ལུང་དོན་མཐའ་དག་མངོན་དུ་གྱུར་ཅིང༌། མཐར་དགུང་གྲངས་གྱ་བདུན་པར་ངོ་མཚར་བའི་ལྟས་དང་བཅས་ནུབ་ཕྱོགས་ཤཱནྟ་པུ་རིར་དཔའ་བོ་ཐོད་པའི་དུམ་བུ་རྩལ་གྱི་ཐུགས་ཀར་ཐིམ་པའི་ཚུལ་བསྟན་ཅིང༌། གང་འདུལ་གདུལ་བྱའི་སྐལ་བ་དང་འཚམ་པའི་རྣམ་འཕྲུལ་ཚད་མེད་པས་འཁོར་བ་མ་སྟོང་གི་བར་དུ་འགྲོ་བའི་དོན་རྟག་ཁྱབ་ལྷུན་གྲུབ་ཏུ་མཛད་པ་དང༌། ཁྱད་པར་སྐལ་བཟང་འདིའི་རྣམ་འདྲེན་སྟོང་གི་ཐ་མར་བདེ་གཤེགས་མོས་པར་སྣང་དུ་འཚང་རྒྱ་བའི་ཚུལ་བསྟན་ཏེ་སངས་རྒྱས་སྔ་མ་རྣམས་ཀྱི་སྐུ་ཚེ་དང་མཛད་ཕྲིན་མཐའ་དག་བདག་གིར་བཞེས་ཏེ། ད་ལྟའི་དུས་ཀྱི་མི་མཇེད་ཞིང་འདིའི་འགྲོ་བ་འབུ་སྲིན་ཕྲ་མོ་ཡན་ཆད་ཀྱང་རྣམ་གྲོལ་གསུམ་གྱི་ལམ་ལ་འགོད་པར་མཛད་པ་ནི་བསླུ་མེད་རྡོ་རྗེའི་ལུང་གིས་གྲུབ་པ་ཉིད་དོ། །

ཨེ་མ་ཨེ་མ་ཐུབ་པའི་བསྟན་པ་ལ། །

ངོ་མཚར་ངོ་མཚར་རྒྱལ་བའི་མཛད་པ་ཅན། ། བསམ་གྱིན་བསམ་གྱིན་ཁྱོད་འདྲའི་སྟོན་པ་སུ། ། དྲན་ནོ་དྲན་ནོ་སྐུ་དྲིན་འཁོར་མཐའ་ཅི། ། ཁྱོད་གསུང་ཉི་འོད་ཀྱིས་བསྐྱངས་བཤད་སྒྲུབ་ཚལ། ། ལུང་རྟོགས་འདབ་སྟོང་བཞད་པའི་ཀེ་སར་བཅུད། ། སྐལ་བཟང་རྐང་དྲུག་དགའ་བའི་གསོས་སྨིན་འདིས། ། རྫོགས་ལྡན་བྲིས་པའི་རི་མོ་ཉིད་དུ་བྱས། ། སྲས་བཅས་རྒྱལ་བའི་དགོངས་བཅུད་རཏྣའི་སྒྲོམ། ། འབུམ་ཕྲག་གཅིག་ཏུ་བསྡོམས་པའི་མཛོད་ཆེན་སྒོ། ། འབྱེད་པའི་རྣམ་དཔྱོད་འདི་ཞེས་མི་བསྟོད་དེ། ། ཁྱོད་མིན་གསང་བའི་གཉེར་ཁ་གཞན་མེད་ཕྱིར། ། ཇི་ལྟར་འཛམ་གླིང་ཆུ་ཀླུང་བྱེ་བ་སྙེད། ། མ་དྲོས་གནས་པའི་ཀླུ་བདག་གང་གི་མཐུ། ། དེ་བཞིན་འདི་ལྟའི་ལེགས་མཛད་ཟབ་མོའི་ཚུལ། ། རྒྱལ་བའི་བྱིན་རླབས་མཐུ་ལས་གཞན་སུ་ཞིག ། དེ་ཚུལ་ཤེས་པའི་བློ་ལྡན་འགའ་མཆིས་ན། ། གསེར་ཞིང་ནོར་བུས་གཏམས་པས་མཚོན་མིན་པའི། ། འདི་འདྲའི་ཟབ་དོན་ཐོག་མར་བརྡལ་དུས་འདིར། ། རང་གཞན་གཏན་གྱི་དབུལ་བ་སེལ་མཛོད་ཀྱེ། ། དེ་ལྟར་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་ཞིང༌། ངོ་མཚར་བའི་རྣམ་ཐར་དང་བཀའ་དྲིན་སུས་ཀྱང་འགྲན་བྱར་མ་གྱུར་པའི་རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་གཉིས་ཀྱི་སྔོན་གྱི་ཐུགས་སྨོན་བཙན་པོ་དུས་སུ་སྨིན་པའི་དབང་གིས། སྙིགས་མ་ལྔའི་མཐར་ཐུག་པའི་དུས་འདི་ལྟ་བུ་ལའང༌། ངེས་གསང་སྙིང་པོ་སྒྲུབ་བརྒྱུད་བརྒྱད་ཀྱི་བསྟན་པ་རིས་སུ་མ་ཆད་པར་ཉིན་མོ་བཞིན་དུ་གསལ་བར་མཛད་ཅིང༌། དུས་ཕྱི་མའི་མུ་མཐར་ཡང་མི་ཉམས་པར་བྱ་བའི་ཕྱིར་སྔོན་མེད་པའི་བཀའ་ཡི་བསྡུ་བ་མཛད་པའི་ཕན་ཡོན་དང་དགོས་ཆེད་ཀྱང༌། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། ། དེ་ནི་དེ་བཞིན་གཤེགས་ལ་བྱས་གཟོ་ཡིན། ། རྒྱལ་བ་རྣམས་ཀྱི་འཛོད་འཛིན་ཡིད་བརྟན་ཞིང༌། ། ཕྱོགས་བཅུ་རྣམས་སུ་སངས་རྒྱས་མཆོད་པ་ཡིན། ། སངས་རྒྱས་སྤྱན་གྱིས་གཟིགས་པའི་ཞིང་མང་པོ། ། རིན་ཆེན་བཀང་སྟེ་དེ་བཞིན་གཤེགས་ལ་ཕུལ། ། ཟད་པའི་དུས་ན་ཇི་ལྟར་ཆོས་འཛིན་ལྟར། ། བསོད་ནམས་ཕུང་པོ་དེ་ཙམ་འཕེལ་མ་ཡིན། ། ཞེས་དང༌། དེ་དག་རྣམས་ཀྱི་ཡོན་ཏན་ཕན་ཡོན་རྣམས། ། བསྐལ་པ་རྒྱུན་མི་འཆད་པར་བརྗོད་བྱས་ཀྱང༌། ། དམ་ཆོས་འཛིན་པའི་ཕན་ཡོན་འདི་དག་ནི། ། བརྗོད་པས་མཐའ་མར་ཕྱིན་པར་མི་འགྱུར་རོ། ། ཞེས་སོགས་ལུང་མཐའ་ཡས་ཤིང་ཕྱོགས་མཚོན་ཙམ་ནི་ཡིད་ཆེས་ལུང་གི་ཉི་མར་བཤད་ཟིན་པས་དེར་བལྟ་བར་བྱའོ། ། རྒྱུ་མཚན་དེའི་ཕྱིར་བསྟན་པ་ལ་དགོངས་པའི་དམ་པ་རྣམས་ཀྱིས་འཆད་པ་དང་སྒྲུབ་པའི་སྒོ་ནས་རྒྱལ་བ་རྣམས་ཀྱི་གསང་བའི་མཛོད་ཆེན་པོ་འདི་ཉིད་ཚིག་དང་དོན་གྱི་སྒོ་ནས་འཇིག་རྟེན་གྱི་ཁམས་འདིར་མི་ཉམས་པར་ཡོངས་སུ་འཛིན་པ་ནི་ཅི་ནས་ཀྱང་དོན་ཆེ་སྟེ། མདོ་ལས། གང་ལ་ཕན་ཕྱིར་ང་ཡི་ཆོས། ། ཚུལ་བཞིན་བསྟན་པས་མཆོད་འགྱུར་གྱི། ། མེ་ཏོག་བྱུག་པ་མར་མེ་ཡིས། ། རྒྱལ་བ་ཡང་དག་མཆོད་མ་ཡིན། ། ཞེས་དང༌། བྱམས་པ་སེདྒེ་སྒྲའི་མདོ་ལས་ཀྱང༌། གདྒཱའི་བྱེ་སྙེད་རིན་ཆེན་གསེར་དག་གིས། ། བཀང་སྟེ་གང་ལ་སྦྱིན་པ་བྱིན་པ་བས། ། དུས་ངན་ཚེ་ན་ཚིགས་བཅད་གཅིག་བརྗོད་པ། ། དེ་ཡི་ཕན་འདོགས་ཅི་འདྲ་དེ་ལ་མེད། ། ཅེས་དང༌། རྟོགས་པ་རྒྱས་པའི་མདོ་ལས། ཐང་ཅིག་བསམ་གཏན་ཐུན་ཞུགས་ན། ། ཁམས་གསུམ་གང་བའི་མི་རྣམས་ལ། ། སྲོག་སྦྱིན་པས་ནི་འདི་དོན་ཆེ། ། ཞེས་དང༌། དེ་ཁོ་ན་ཉིད་བསྟན་པའི་མདོ་ལས། ཤཱ་རིའི་བུ། གང་གིས་བསྐལ་པ་གཅིག་གི་བར་དུ་ཉན་པ་བས། གང་གིས་སེ་གོལ་གཏོགས་པ་གཅིག་ཙམ་ཉིད་དུ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་ན་བསོད་ནམས་འཕེལ་ལོ། ། ཤཱ་རིའི་བུ་དེ་ལྟ་བས་ན་དེ་ཁོ་ན་ཉིད་ཀྱིས་ཏིང་ངེ་འཛིན་འདི་གཞན་ལ་ནན་གྱིས་གདམ་པར་བྱའོ། ། ཞེས་དང༌། འཕགས་པ་སྤྱན་རས་གཟིགས་ཞེས་བྱ་བའི་མདོ་ལས། གང་དག་ཕྱིན་ཆད་མདོ་སྡེ་འདི་འཛིན་པ། ། དེ་དག་རྟག་ཏུ་ང་དང་མཐུན་པའི་སྲས། ། སངས་རྒྱས་བྱེ་བས་དེ་དག་བསྔགས་བརྗོད་ཀྱང༌། ། དེ་དག་བསྔགས་པ་མཐར་ནི་ཕྱིན་མི་འགྱུར། ། ཞེས་དང༌། དེ་བཞིན་གཤེགས་པའི་གསང་བ་བསྟན་པ་ལས། དམ་ཆོས་འཛིན་པའི་བསོད་ནམས་ནི། ། སངས་རྒྱས་ཀུན་གྱིས་ནན་ཏན་དུ། ། བསྐལ་པ་བྱེ་བར་བརྗོད་མཛད་ཀྱང༌། ། མཐར་མི་ཕྱིན་པར་འགྱུར་བ་ལགས། ། ཞེས་གསུངས་པ་སོགས་ཀྱིས་མཚོན་ནུས་པས་ན། འདི་དག་གི་ཚུལ་ཐུགས་ལ་བཅངས་ནས་བཤད་སྒྲུབ་ལས་གསུམ་གྱིས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་པར་སྙིང་ཐག་པ་ནས་གསོལ་བ་འདེབས་པ་ལགས་སོ། ། ཞར་བྱུང་དུ་བསྟན་པའི་གནས་ཚད་ཅུང་ཟད་བཤད་པ། ༈ གཞན་ཡང་ཞར་བྱུང་དུ་བསྟན་པའི་གནས་ཚད་ཅུང་ཟད་བཤད་ན། སྤྱིར་ཐུན་མོང་བ་འདུལ་བ་ལུང་ཕྲན་ཚེགས་ལས་བསྟན་པ་ལོ་ལྔ་སྟོང་དུ་བཤད་པ་དང༌།འཕགས་པ་བློ་གྲོས་མི་ཟད་པར་བསྟན་པའི་མདོ་ལས། སླད་མའི་དུས་ལྔ་བརྒྱའི་ཐ་མ་ལ་ཞེས་པའི་འགྲེལ་པར། དཔེར་ན་མིའི་ཚེ་ལོ་བརྒྱ་ཐུབ་པ་ལ་ལོ་ལྔ་བཅུའི་བར་དུ་ནི་འཕེལ་བའི་དུས་ཏེ། ལུས་དང་ཤེས་རབ་དང་རྩལ་ལ་སོགས་པ་འཕེལ་ཞིང་སྐྱེའོ། ། དེ་ལྟར་ལོ་ལྔ་བཅུ་འདས་ནས་དེའི་ཕྱི་མ་ལྔ་བཅུ་ནི་འགྲིབ་པའི་དུས་ཏེ། ལུས་དང་ཤེས་རབ་དང་རྩལ་ལ་སོགས་པ་ཉམས་ཤིང་འགྲིབ་པར་འགྱུར་རོ། ། དེ་བཞིན་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འབྲས་བུ་ཐོབ་པ་དང༌། ཤིན་ཏུ་རྒྱས་པའི་དུས་ནི་ལོ་སྟོང་ཞིག་འཛམ་གླིང་དུ་གནས་སོ། ། དེ་ཡང་ཕྱེད་དུ་བགོས་ཏེ། ལྔ་བརྒྱ་པ་སྔ་མ་ནི་འཕེལ་བའི་དུས་སུ་བཞག་ལ། ལྔ་བརྒྱ་ཐ་མ་ནི་འགྲིབ་པའི་དུས་ཞེས་བྱའོ། ། ཞེས་དང༌། སྙིང་རྗེ་པདྨ་དཀར་པོ་ལས། ང་མྱ་ངན་ལས་འདས་ནས་ལོ་སྟོང་དུ་དམ་པའི་ཆོས་གནས་པར་གྱུར་ཅིག ཡང་ལོ་ལྔ་བརྒྱར་དམ་པའི་ཆོས་ཀྱི་གཟུགས་བརྙན་གནས་པར་གྱུར་ཅིག ཅེས་དང༌། ཟླ་བའི་སྙིང་པཽས་ཞུས་པའི་མདོ་ལས། ང་མྱ་ངན་ལས་འདས་ནས་དམ་པའི་ཆོས་ཀྱི་གཟུགས་བརྙན་ལོ་ཉིས་སྟོང་དུ་གནས་པར་འགྱུར་རོ། །ཞེས་དང༌། ཆོས་ཉིད་རང་གི་ངོ་བོ་ལས་མི་གཡོ་བར་ཐ་དད་པར་སྣང་བའི་མདོར། འཇམ་དཔལ་ང་མྱ་ངན་ལས་འདས་ནས་ལོ་ལྔ་བརྒྱ་དང༌། དགུ་བརྒྱ་དང༌། སྟོང་དགུ་བརྒྱ་དང༌། ཉིས་སྟོང་དང༌།ཉིས་སྟོང་ལྔ་བརྒྱའི་བར་དུ་ཆོས་ལ་བརྟག་པའི་མཐའ་ལྔ་པོ་འདི་དག་ལ་སོ་སོར་རྟོག་པའི་གང་ཟག་རིམ་པས་འབྱུང་ངོ༌། ། ཞེས་དང༌། འཕགས་པ་དགའ་བའི་བཤེས་གཉེན་གྱི་རྟོགས་པ་བརྗོད་པ་ལས་ཡར་འཕེལ་དྲུག་བརྒྱའི་བར་དུ་ཡང་གནས་པར་བཤད། རྡོ་རྗེ་གཅོད་པའི་འགྲེལ་པར། ལྔ་བརྒྱ་ཐ་མ་ལ་ཞེས་བྱ་བ་ལ། བརྒྱ་ཕྲག་ལྔའི་ཚོགས་ནི་ལྔ་བརྒྱ་སྟེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལྔ་བརྒྱ་ཕྲག་ལྔའི་བར་དུ་གནས་ཞེས་གྲགས་པས། དེའི་ཕྱིར་ཐ་མ་ཞེས་བྱེ་བྲག་ཏུ་གསུངས་སོ། ། ཞེས་དང༌། བསྐལ་བཟང་ལས། དམ་པའི་ཆོས་ནི་ལོ་ལྔ་བརྒྱའི་བར་དུ་གནས་སོ། ། ལོ་ལྔ་བརྒྱའི་བར་དུ་ནི་དམ་པའི་ཆོས་ལྟར་སྣང་ངོ༌། །ཞེས་དང༌། དཾཥྟ་སེ་ནའི་འབུམ་ཊཱིཀ་ཏུ། ཕྱི་མའི་དུས་ལྔ་བརྒྱ་ཐ་མར་ཞེས་པ། བཅོམ་ལྡན་འདས་ཀྱི་བསྟན་པ་ལོ་ལྔ་སྟོང་དུ་གནས་པ་ལ་སྟོང་ཕྲག་རེ་རེ་ཕྱེད་ཕྱེད་དུ་བཅད་པས། ལྔ་བརྒྱ་ཕྲག་བཅུ་ལ་ལེའུར་འགྱུར་ཏེ། དེ་ལ་ལྔ་བརྒྱ་པ་དང་པོ་དང་གཉིས་པ་དང་གསུམ་པ་རྣམས་ལ་རིམ་པ་ལྟར་དགྲ་བཅོམ་པ་དང་ཕྱིར་མི་འོང་བ་དང་རྒྱུན་དུ་ཞུགས་པ་མང་དུ་འབྱུང་བས་དེ་རྣམས་ཀྱི་ལེའུ་ཞེས་བྱ་སྟེ་འབྲས་བུའི་དུས་གསུམ་མམ་ཁོང་དུ་ཆུད་པའི་ལེའུ་གསུམ་དང༌། དེ་ནས་ལྔ་བརྒྱ་པ་བཞི་པ་དང་ལྔ་པ་དང་དྲུག་པ་རྣམས་ལ་གོ་རིམ་བཞིན་དུ་ལྷག་མཐོང་དང་ཏིང་ངེ་འཛིན་དང་ཚུལ་ཁྲིམས་དང་ལྡན་པ་མང་དུ་འབྱུང་བས་དེ་རྣམས་ཀྱི་ལེའུ་ཞེས་བྱ་སྟེ་སྒྲུབ་པའི་དུས་གསུམ་དང༌། དེ་ནས་ལྔ་བརྒྱ་པ་བདུན་པ་དང་བརྒྱད་པ་དང་དགུ་པ་རྣམས་རིམ་བཞིན་མངོན་པ་དང་མདོ་སྡེ་དང་འདུལ་བ་སྟོན་པ་མང་དུ་འབྱུང་བས་དེ་རྣམས་ཀྱི་ལེའུ་སྟེ་ལུང་གི་ལེའུ་གསུམ་དང༌། ལྔ་བརྒྱ་པ་བཅུ་པ་ནི། རབ་ཏུ་བྱུང་བའི་རྟགས་ཙམ་ལས་ལྟ་སྤྱོད་རྣལ་མ་དང་མི་ལྡན་པས་རྟགས་ཙམ་འཛིན་པའི་ལེའུ་སྟེ་འདི་ཉིད་ལ་ལྔ་བརྒྱ་པ་ཐ་མ་ཞེས་བྱའོ། ། ཞེས་བཤད་དེ་རྣམས་ལས་མཁས་པ་ཕལ་ཆེར་གྱིས་ལོ་སྟོང་སོགས་ནི་དྲང་དོན་དགོངས་པ་ཅན་ཏེ། དེ་ཡང་དགོངས་གཞི་སྟོང་ནས་ཕྱེད་སུམ་སྟོང་གི་བར་ཙམ་ལས་མི་གནས་པར་བཤད་པ་ནི་འབྲས་སྒྲུབ་ཀྱི་བསྟན་པ་ལ་དགོངས། ཡར་འཕེལ་ལ་ཐུག་པར་བཤད་པ་ནི་སྐུ་གདུང་དང་གླེགས་བམ་སོགས་གནས་པ་ཙམ་ལ་དགོངས། དགོས་པ་ཕྱེད་དང་སུམ་སྟོང་གི་བར་ཙམ་ལས་མི་གནས་པར་བཤད་པ་ནི། གདུལ་བྱ་སྐྱོ་བ་བསྐྱེད་དེ་ཆོས་ལ་བསྐུལ་བའི་ཕྱིར་དང༌། ཡར་འཕེལ་དུ་གནས་པར་བཤད་པ་ནི་ཧ་ཅང་ཞུམ་པ་གཟེངས་བསྟོད་དེ་ཆོས་ལ་བསྐུལ་བའི་ཆེད་ཡིན། ཡང་དག་པའི་བསྟན་པའི་གནས་ཚད་ལྔ་སྟོང་ཉིད་ལ་ཞལ་མཐུན་པ་ཤས་ཆེ་བ་དང༌། ལུང་དང་ཡང་མཐུན་ཤས་ཆེ་བས་རེ་ཞིག་ལྔ་སྟོང་དུ་གནས་པར་ཁས་བླང་ངོ་ཞེས་སྨིན་གླིང་མཁན་ཆེན་ཨཽ་ཌི་ཡཱ་ན་བཞེད་དེ་ལྟར་གྱིས་འདས་ལོ་ཕུག་ལུགས་ལྟར་བརྩིས་ན། ད་ལྟ་ཚུལ་ཁྲིམས་ཀྱི་ལེའུའི་ཉིས་བརྒྱ་དང་དགུ་བཅུའི་མཚམས་སུ་བསླེབས་པས། འདི་ཕྱིན་གོང་ལྷག་ཚུལ་ཁྲིམས་ཀྱི་ཉིས་བརྒྱ་བཅུ་དང༌། ལུང་གི་ལྔ་བརྒྱ་ཕྲག་གསུམ་བཅས་བསྟན་པ་རྣལ་མ་ཆིག་སྟོང་བདུན་བརྒྱ་བཅུ་གནས་ཤིང༌། དེའི་སྟེང་དུ་རྟགས་ཙམ་གྱི་ལྔ་བརྒྱ་ཕྲག་གཅིག་གནས་པ་ཡིན་ལ། དུས་འཁོར་དང་བསྟུན་ན་ཕུག་ལུགས་ལས་ལོ་གསུམ་ཉུང་བས་ད་ལྟ་ཉིས་སྟོང་གྱ་བདུན་པ་ཡིན། དེ་ལྟ་ན་ཚུལ་ཁྲིམས་ཀྱི་ཉིས་བརྒྱ་གྱ་བདུན་འདས། ལྷག་ཉིས་བརྒྱ་བཅུ་གསུམ་ཡོད། ཤམྦྷ་ལར་རིགས་ལྡན་ཉི་ཤུ་པ་སྟོབས་པོ་ཆེ་ཁྲི་ལ་བཞུགས་ནས་ལོ་གྱ་གསུམ་པ་ཡིན་པས། རབ་ཚེས་ལྕགས་ཁྱི་འདི་ནས་བཟུང་ལོ་བཞི་བརྒྱ་དང་བཅུ་བདུན་མཚམས་འཁོར་ལོ་ཅན་ཁྲིར་ཕེབས། གོ་བརྒྱད་པ་ལ་ཀླ་ཀློ་འདུལ་དུ་བྱོན་པ་ཡིན་པས། ལྕགས་ཁྱི་ནས་ལོ་ལྔ་བརྒྱ་དང་བཅུ་བཞི་འདས་པ་ན་རིགས་ལྡན་གྱི་སྤྲུལ་པའི་དམག་གིས་ཀླ་ཀློ་བཅོམ་ཞིང་གླིང་འདིར་རྫོགས་ལྡན་འདྲེན་པར་མཛད། དེའི་ཚེ་ན་བསྟན་པ་ལྔ་བརྒྱ་ཕྲག་བཅུ་ལས་ཚུལ་ཁྲིམས་རྫོགས་ནས་མངོན་པའི་དུས་ཀྱི་སྟེང་ནས་སུམ་བརྒྱ་དང་གཅིག་འདས་མཚམས་ཡིན་པར་ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པས་བཞེད་དོ། ། ངེས་དོན་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན། གསེར་འོད་དམ་པ་ལས། སངས་རྒྱས་མྱ་ངན་ཡོངས་མི་འདའ། ། ཆོས་ཀྱང་ནུབ་པར་མི་འགྱུར་རོ། །ཞེས་དང༌། ཡིད་བཞིན་རྣམ་པར་བཀོད་པའི་རྒྱུད་ལས། སེམས་ཅན་ཀུན་གྱི་ཚོགས་ཆེན་པོ། ། ཇི་སྲིད་རྣམ་པར་གནས་དེ་སྲིད། ། སངས་རྒྱས་སྤྲུལ་པ་རྒྱུན་མི་ཆད། ། གྲོལ་བའི་ཆོས་ཀྱང་ནུབ་པ་མེད། ། ཅེས་གསུངས་པ་ལྟར།འཆར་གཞི་ནམ་མཁའི་ཟླ་བ་ལྟ་བུ་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུའི་དཀྱིལ་འཁོར་རྟག་ཏུ་བྲི་གང་འཕོ་འགྱུར་བྲལ་བར་དུས་བཞི་མཉམ་པ་ཉིད་དུ་བཞུགས་པའི་དབང་གིས་གང་ཟག་སྐལ་པ་དང་ལྡན་པ་རྣམས་ལ། སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་དང༌། བྱང་ཆུབ་སེམས་དཔའ་དང༌། རིག་པ་འཛིན་པ་དང༌། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པས་རྟག་པར་ཞལ་སྟོན་པ་དང༌། གདམས་ངག་དང་རྗེས་སུ་བསྟན་པ་དང༌། གླེགས་བམ་འབྱོན་པ་ལ་སོགས་པ་ཐབས་སྣ་ཚོགས་པའི་སྒོ་ནས་དྭངས་པའི་ཆུ་སྣོད་དུ་ཟླ་གཟུགས་འཆར་བའི་ཚུལ་གྱིས་སྲིད་པ་ཇི་སྲིད་གནས་ཀྱི་བར་དུ་ལྷུན་གྲུབ་རྒྱུན་མི་ཆད་པའི་ཕྲིན་ལས་ཀྱིས་འཇིག་རྟེན་ན་དཀོན་མཆོག་གསུམ་གྱི་གདུང་ཆད་པ་མེད་པར་མཛད་པ་ཡིན་པས་བསམ་གྱིས་མི་ཁྱབ་པའི་གནས་འདི་ལ་ཡིད་ཆེས་པར་བྱས་ནས་ཀུན་ཏུ་བཟང་པོའི་སྤྱོད་པ་རྒྱ་མཚོ་ལ་རྟག་ཏུ་བསླབ་པར་མཛོད་ཅིག ཤྲཱི་ཤྲཱི་ཤྲཱི་སྭསྟི་སིདྡྷི་ཛ་ཡན་ཏུ། རབ་དཀར་བསོད་ནམས་ཤིང་རྟས་སྲིད་ན་མངོན་མཐོ་གདོང་བཞི་པ་དང་དེ་བཞིན་ཤིས་བརྗོད་ཉན། ། དྲག་པོ་རྣམ་གནོན་ཤེ་ཥ་འཁོར་ལོས་སྒྱུར་སོགས་ལྷ་དབང་ཀླུ་མཆོག་མི་ཡི་བདག་རྣམས་ཀྱིས། ། ཁེངས་པའི་ལག་པད་ཟུམ་པའི་གཙུག་ནོར་འོད་ཀྱིས་གང་གི་ཞབས་སེན་ཟླ་ཚེས་མངོན་མཛེས་པའི། ། མཚོ་སྐྱེས་རྡོ་རྗེ་འགྲོ་བའི་བླ་མས་དུས་གསུམ་ཀུན་ཏུ་དགེ་བའི་ཤིས་པ་སླར་སྩོལ་ཅིག ། མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་དེད་དཔོན་འཕགས་པའི་ཚོགས་རྣམས་ཀྱིས། ། ཐུགས་བསྐྱེད་བ་དན་སྒྲེང་བའི་རྣམ་དཔྱོད་གྲུ་ཡིས་འཕགས་ཡུལ་རིན་འབྱུང་ལས། ། མཁས་གྲུབ་ཀླུ་མཆོག་བྱེ་བའི་གཙུག་ནོར་ངེས་གསང་སྙིང་པོ་སྒྲུབ་བརྒྱུད་བརྒྱད། ། ཉེར་དྲངས་བསིལ་ལྗོངས་རྒུད་པའི་དབུལ་བསལ་ཐར་གྲོལ་འབྱོར་དགུས་ཕྱུག་པར་བྱས། ། གྲགས་པའི་གཏེར་གྱུར་མ་སྨད་ཡོན་ཏན་འབུམ་ཕྲག་རླབས་ཕྲེང་ཆེར་གཡོ་ཞིང༌། ། རླབས་ཆེན་ཕྲིན་ལས་གཏིང་མཐའ་དཔོག་མིན་རིག་འཛིན་པཎ་གྲུབ་རྒྱ་མཚོ་ཡི། ། ཤེར་བརྩོན་མཐུ་ཡིས་རིས་བྲལ་ཐུབ་བསྟན་བཤད་སྒྲུབ་སྙིང་པོའི་ས་ཆེན་ཁྱོན། ། དུས་ཀྱི་མཐར་ཡང་མི་ནུབ་བརྟན་པའི་ངོ་མཚར་བཀའ་དྲིན་སུ་ཡིས་འཚོབ། ། དེང་སང་ཁ་ཅིག་རྟོག་གེར་མངོན་འཆེལ་ངེས་དོན་ཟབ་མོར་རྒྱབ་ཀྱིས་ཕྱོགས། ། ལ་ལ་རྨོང་ཞེན་བདག་བསྟོད་གཞན་སྨོད་ཆགས་སྡང་ཆོས་ཀྱི་སྙིང་པོར་མཛིན། ། ཚུལ་དེ་གཉིས་ཀའང་བཟང་པོ་མ་ལགས་དམ་པས་སྨད་འོས་བདུད་ཀྱི་ལས། ། དེས་ན་གསུང་རབ་ཐམས་ཅད་གདམས་པར་ཤར་བའི་ཐོས་སྒོམ་གནད་སྨིན་གཅེས། ། ཁྲིམས་གཙང་འཛིན་མའི་གཞི་ལ་རྣམ་གསུམ་ཤེས་རབ་གྲོང་ཁྱེར་བཀོད་ལེགས་ཤིང༌། ། ཆོས་སྤངས་དགྲ་ཡིས་མི་བརྫི་རྟོན་པ་བཞི་ཡི་ལྕགས་རི་མུ་ཁྱུད་བརླིང༌། ། གཟུངས་དང་ཏིང་འཛིན་འབྱོར་ཚོགས་རྒྱ་ཆེ་གཞན་ཕན་བསྡུ་བཞིའི་ཕྱག་ཡངས་པའི། ། བཤེས་གཉེན་མཆོག་དེ་གང་ན་བཞུགས་ཀྱང་ལྷར་བཅས་སྐྱེ་དགུས་མཆོད་པར་འོས། ། ཉོན་མོངས་ཉེས་པའི་དྲི་མས་ཡོངས་བཏང་ཕུལ་བྱུང་མཁྱེན་བརྩེའི་འོད་ཟེར་གྱིས། ། ས་གསུམ་རྒུད་པའི་མུན་བསལ་ངན་འགྲོའི་ལྡེང་ཀ་སྐེམ་པའི་ཕྲིན་ལས་ཀྱིས། ། བདུད་རིགས་འབྱུང་བྱའི་དགའ་བའི་མིག་ཟུམ་སྐལ་བཟང་ཐར་གྲོལ་པདྨོའི་ཚལ། ། ཆེས་ཆེར་བཞད་ནུས་བཤེས་གཉེན་ཉིན་མོར་བྱེད་དེ་སུ་ཡིས་བསྔགས་མི་བྱེད། ། དམ་པའི་རྣམ་ཐར་གཟུགས་རྒྱན་རང་བཞིན་ཡོན་ཏན་ལྡན་པའི་སྐྱེས་བུའི་བྱད། ། སྡེབ་ལེགས་ཚིག་གི་མེ་ལོང་ལ་འཕོས་དེ་ཡིས་དང་བའི་དད་པ་འཕེལ། ། དེས་ཀྱང་ཐར་པའི་སྲོག་རྩ་རླིང་བྱེད་དེ་ལས་དོན་གང་ཆེ་བ་སུ། ། དེས་ན་བདག་བློ་དམན་ཡང་ཚུལ་འདི་བགྱིད་ལ་གཅིག་ཏུ་སྤྲོ་བ་བརྟས། ། འོན་ཀྱང་འཕགས་པའི་རྣམ་ཐར་མཁའ་ལྟར་ཤིན་ཏུ་རྒྱ་ཆེ་གཏིང་ཟབ་པ། །བདག་ལྟ་བློ་ཆུང་སྦྲང་བུའི་རྩལ་གྱིས་བགྲོད་རློམ་མཁས་པའི་བཞད་གད་གནས། ། དེ་ལྟ་ན་འང་སྐྲ་རྩེའི་ཆབ་ཀྱིས་རྒྱ་མཚོ་ཆེན་པོའི་རོ་ཤེས་ལྟར། ། ཉུང་ངུར་བརྗོད་པ་འདིས་ཀྱང་ཕྱོགས་ཙམ་མཚོན་སླད་འགལ་བ་མེད་སྙམ་བགྱིད། ། བདག་གི་བླ་མ་ཐེག་དང་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་སོན་གྱུར་པས། ། གསར་རྙིང་ཆོས་ལ་ཕྱོགས་རིས་མི་མངའ་ཡོངས་རྫོགས་བསྟན་པའི་ཉི་མ་དངོས། ། དེ་སླད་དམ་པའི་དྲིན་གྱིས་ཆོས་སྤངས་སྒྲུབ་པའི་སྙིང་ཁམས་བདག་ལ་མེད། ། དེས་ན་བརྗོད་པ་འདི་ཡང་དོན་ལྡན་གཟུར་གནས་ཀུན་དགའི་གསོས་འགྱུར་སྙམ། ། འོན་ཀྱང་མ་རྟོགས་ལོག་རྟོག་ཕྱོགས་རྟོགས་བདག་བློ་རྨོངས་པའི་དྲི་མ་ཡིས། ། བསླད་དང་ཧ་ཅང་ཚིག་ཉོག་མང་དང་ཧ་ཅང་བསྡུས་པའི་སྐྱོན་ལ་སོགས། ། ནོངས་གྱུར་གང་མཆིས་མཁས་པའི་སྤྱན་སྔར་སྙིང་ནས་འགྱོད་པས་བཤགས་བགྱིད་ན། ། དམ་པ་རྣམས་ཀྱིས་བརྩེ་བས་རྗེས་དགོངས་དག་ཚངས་ཁྲུས་ཀྱིས་བགྲུང་བར་མཛོད། ། ཚུལ་འདིར་འབད་པའི་བསོད་ནམས་ཉུང་ཟད་དེ་རིང་བདག་གིས་འཐོབ་པ་དང༌། ། དུས་གསུམ་བྱས་བསགས་རྣམ་དཀར་ཆུ་ཀླུང་ཇི་སྙེད་གཅིག་ཏུ་བསྡོམས་པའི་རྒྱུན། ། བྱང་ཆེན་རྒྱ་མཚོར་ལེགས་ཞུགས་དེ་མཐུས་འགྲོ་ལ་ཕན་བདེ་འབྱུང་བའི་སྒོ། ། མཚུངས་མེད་ཐུབ་པའི་བསྟན་མཆོག་སྲིད་མཐའི་བར་དུ་མི་ཉམས་གནས་གྱུར་ཅིག ། མི་ཕམ་རྒྱལ་བའི་དགོངས་པ་ལེགས་རྟོགས་སྤོབས་པ་མི་ཟད་འཇམ་པའི་དབྱངས། ། ཕྱོགས་ལས་རྣམ་རྒྱལ་བསྟན་པ་རྒྱ་མཚོའི་མགོན་གྱུར་མཆོག་དང་རིས་བྲལ་གྱི། ། ཐུགས་བསྐྱེད་བརྩོན་པའི་ཕྲག་པས་རྒྱལ་བསྟན་ས་ཆེན་འདེགས་པའི་ཁུར་བཟོད་པའི། ། མཁས་གྲུབ་ཁྱབ་འཇུག་གཟུགས་ཅན་དེ་དག་བསྐལ་བརྒྱར་ཞབས་པད་བརྟན་གྱུར་ཅིག ། ངེས་འབྱུང་འཛིན་མའི་གཞི་ལས་ཉེར་འཁྲུངས་འཕགས་ཚོགས་འདུས་པའི་འདབ་སྟོང་ཚལ། ། ཕྱོགས་ལྷུང་འཁྲུགས་རྩོད་རྡོ་རྗེའི་ཆར་དང་འཆལ་སྤྱོད་བ་མོས་རྒུད་མིན་པར། །


བསླབ་གསུམ་ཡོན་ཏན་བཟང་པོའི་ཀེ་སར་མཁས་ཚུལ་དགུ་ཡི་ཟིལ་དངར་གྱིས། ། ཆེས་ཆེར་གཏམས་པའི་བསུང་ཞིམ་དང་འགྲོགས་ཐུབ་བསྟན་མཚོ་ཆེན་མཛེས་གྱུར་ཅིག ། ལྟ་བ་ངན་ཞེན་དུག་ཆུས་རབ་མྱོས་སྡང་བའི་མཚོན་འཁོར་དྲག་བསྐྱོད་པའི། ། རྒྱལ་བསྟན་ཡུལ་འཁོར་འཇོམས་ལ་མངོན་ཕྱོགས་བཟློག་དཀའ་ཀླ་ཀློ་གླང་པོའི་དཔུང༌། ། མཆོག་གསུམ་བདེན་མཐུ་གདོང་ལྔའི་སྡེར་མོས་མ་ལུས་མིང་གི་མཐར་བྱས་ནས། ། ཆོས་རྒྱལ་དཔག་བསམ་དབང་པོའི་གྲིབ་བསིལ་སྣུམ་པོར་འགྲོ་ཀུན་ངལ་འཚོར་ཤོག ། ལས་ཉོན་མུན་པས་རབ་སྒྲིབ་འཁོར་བའི་གཅོང་རོང་སྟུག་པོར་འཁྱམས་པ་རྣམས། ། དེང་ནས་བཤེས་གཉེན་ཟླ་འོད་དང་འགྲོགས་རྣམ་དག་དགེ་བཅུའི་གཞུང་ལམ་ཆེར༌། ། ཉེར་ཞུགས་ངན་འགྲོའི་གཡང་ས་ཀུན་བཀག་མཐོ་རིས་སྒོ་འཕར་ཡངས་ཕྱེས་ནས། ། ཐམས་ཅད་མཁྱེན་པའི་ཁང་བཟང་མཆོག་ཏུ་འགྲོ་འདི་མྱུར་བར་འཇུག་གྱུར་ཅིག ། བདག་ཀྱང་དེང་ནས་རྣམ་གཡེང་འདུ་འཛིའི་དགྲ་བཽ་ཐམས་ཅད་ཕམ་བྱས་ནས། ། འདོད་ཆུང་ཆོག་ཤེས་འཕགས་པའི་རིགས་དང་ནོར་བདུན་ཡོན་ཏན་འབྱོར་པས་ཕྱུག ། དབེན་གསུམ་ལྗོན་པའི་གྲིབ་བསིལ་ལ་བརྟེན་སྒྲུབ་བརྒྱུད་བརྒྱད་ཀྱི་ལམ་བཟང་ལས། ། དཀའ་བ་མེད་པར་གདོད་མའི་གསང་མཆོག་ཚེ་འདི་ཉིད་ལ་འགྲུབ་གྱུར་ཅིག ། སྐབས་འགར་དཔལ་ལྡན་པདྨ་ལས་འཁྲུངས་རྒྱལ་བའི་བྱིན་མཐུ་རྟ་ལྗོངས་གཟིས། ། སྙིང་ལ་ཉལ་བའི་ཀུན་རྨོངས་མུན་བཅིལ་བློ་མཆོག་སྤོབས་པའི་ཨུཏྤལ་དང༌། ། ལེགས་བཞད་རྩོད་འཆད་རྩོམ་པའི་སྦྲང་རྩིས་བློ་གསལ་ར་ཡིག་གཉིས་པའི་ཚོགས། ། ལུང་རྟོགས་ཡོན་ཏན་ལུས་སྟོབས་རྒྱས་བྱས་མཆོག་བསྟན་སྐྱེད་ཚལ་མཛེས་བྱེད་ཤོག ། ཇི་སྲིད་ནམ་མཁའ་གནས་པ་དེ་སྲིད་མཐའ་ཀླས་གདུལ་བྱའི་ཁམས་གནས་པས། ། དེ་སྲིད་བདག་ཀྱང་ས་སོགས་འབྱུང་བ་ཆེ་ལྟར་སྐྱོ་བའི་སྐབས་མེད་པར། ། ཀུན་བཟང་སྤྱོད་པ་རྒྱ་མཚོའི་རྗེས་འགྲོ་ཡིད་ཅན་རེ་བ་རྫོགས་བྱེད་ཅིང༌། ། སྲས་བཅས་རྒྱལ་བའི་མཛད་པ་མ་ལུས་བདག་ཉིད་གཅིག་པུས་སྒྲུབ་གྱུར་ཅིག ། གང་དག་བདག་ཉིད་མཐོང་ཐོས་དྲན་དང་བཟང་ངན་ལས་ཀྱིས་འབྲེལ་གྱུར་པ། ། དེ་དག་སྐྱེ་ཀུན་ལུས་སེམས་རྡོ་རྗེ་ལྟར་བརྟན་བདུད་དགྲའི་འཚེ་བ་བྲལ། ། འཁོར་ལོ་བཞི་ཡི་ཁྱད་པར་གྱིས་འབྱོར་ལམ་གྱི་རྟེན་འབྲེལ་ཀུན་འགྲིགས་ནས། ། དཀའ་བ་མེད་པར་རྫོགས་སྨིན་སྦྱངས་པ་རྒྱ་མཚོ་ལྟ་བུར་འཇུག་གྱུར་ཅིག ། བཀྲ་ཤིས་མཁའ་ལ་སྲས་བཅས་རྒྱལ་བའི་ཐུགས་རྗེའི་ཆུ་ཁུར་ཆེར་དཀྲིགས་པས། ། བཀྲ་ཤིས་དགེ་མཚན་བྱེ་བའི་དབྱར་གྱི་རྔ་གསང་དར་དིར་སྒྲོགས་པ་དང༌། ། བཀྲ་ཤིས་དཀར་ཕྱོགས་ལྷ་ཀླུ་རྨ་བྱ་དགའ་བའི་ཟློས་གར་བསྒྱུར་པ་ཡི། ། བཀྲ་ཤིས་རྣམ་འཕེལ་ཕྱོགས་དུས་ཀུན་ན་རྫོགས་ལྡན་དཔྱིད་དཔལ་རྒྱས་གྱུར་ཅིག ། ཅེས་གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པ་གཙོ་བོར་གྱུར་པའི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་རྗེས་འབྲང་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་མདོར་བསྡུས་ལེགས་བཤད་པདྨ་དཀར་པོའི་རྫིང་བུ་ཞེས་བྱ་བ་འདི་ནི། ཀུན་མཁྱེན་རྡོ་རྗེ་འཆང་རྣམ་གཉིས་ཀྱི་ཚད་མེད་པའི་བཀའ་དྲིན་གྱིས་རྗེས་སུ་བསྐྱངས་པའི་ཤཱཀྱའི་དགེ་ཚུལ་འགྱུར་མེད་པདྨ་རྣམ་རྒྱལ་ལམ། མིང་གཞན་ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་ཀྱི་ཞལ་སྔ་ནས་འགྱུར་མེད་པདྨ་བསྟན་འཛིན་མཁས་གྲུབ་རྒྱ་མཚོའི་དབང་པོ་ཞེས་སུ་སྩལ་པའི་རྨོངས་རྟུལ་སྙོམ་ལས་པས་སྔར་རང་ལོ་ཉེར་ལྔ་པའི་ཐོག་ཏུ་བྲིས་པ་ལ་ཕྲི་བསྣན་ཅུང་ཟད་དང་བཅས་ཏེ། བདག་ཅག་གི་སྟོན་པ་དྲག་པོ་ལྕགས་སྤྲེལ་ལ་བལྟམས་ནས་ལོ་ཉིས་སྟོང་བརྒྱད་བརྒྱ་བདུན་ཅུ་དང༌། ཨོ་རྒྱན་སངས་རྒྱས་གཉིས་པ་གངས་ལྗོངས་གདུལ་བྱའི་མགོན་དུ་ཕེབས་ནས་བགྲང་བྱ་ཆིག་སྟོང་གྱ་བརྒྱད་འདས་པ། སངས་རྒྱས་ཀྱི་བསྟན་པ་ལྔ་བརྒྱ་ཕྲག་བཅུ་ལས། ཚུལ་ཁྲིམས་ཀྱི་ལེའུའི་ཉིས་བརྒྱ་དང་དགུ་བཅུའི་མཚམས་སུ་བསླེབས་པ། འཕགས་ཡུལ་གྱི་སྐད་དུ་སཱ་ངྷ་ར་ཎ་ཞེས་འབོད་ཅིང་སྟོད་འགྲེལ་ལས་གངས་ཅན་པའི་སྐད་དུ་ཐུན་མོང་ཞེས་པ་དང༌། ཤར་ཕྱོགས་རྒྱ་ནག་གཏང་འཁུན་གྱི་གྲོང་ཁྱཻར་དུ་གིང་ཟུའི། འབྱུང་རྩིས་ལས་དབང་ཐང་དང་བསྟུན་ནས་ལྕགས་ཕོ་ཁྱིར་འབོད་པའི་ལོའི་ནག་པ་ཉ་བའི་འཕེལ་ཕྱོགས་ཀྱི་བཟང་པོ་གཉིས་པར། རང་གནས་དཔལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་བླ་བྲང་ཕུན་ཚོགས་ཡོངས་འདུའི་སྟེང་ཤག་བཀྲ་ཤིས་འཆི་མེད་འོད་སྣང་དུ་ཞལ་བཤུས་གྲུབ་པར་བགྱིས་པ་སྟེ། འདིས་ཀྱང་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།






༄༅། །མཁས་ཤིང་དངོས་གྲུབ་བརྙེས་པའི་རྡོ་རྗེའི་རིག་པ་འཛིན་དབང་འགྱུར་མེད་པདྨ་རྣམ་རྒྱལ་དཔལ་བཟང་པོ་སློབ་བརྒྱུད་དང་བཅས་པའི་རྣམ་ཐར་ཉུང་ངུར་བརྗོད་པ་ངོ་མཚར་ཟླ་བ་བདུད་རྩིའི་འཛུམ་ཕྲེང་ཞེས་བྱ་བ་བཞུགས་སོ།།

འཕོ་འགྱུར༵་མཚན་མེད༵་ཤིན་ཏུ་ཞི་བ་དང་པོའི་སངས་རྒྱས་ཀུན་ཏུ་བཟང༌། ། སྐུ་དང་ཡེ་ཤེས་ཡོན་ཏན་རྨད་བྱུང་པ༵དྨ༵་ལྟར་མཛེས་རྡོ་རྗེ་སེམས། ། སྲིད་ལས་རྣམ༵་རྒྱལ༵་ཞི་བའི་མཐའ་སྒྲོལ་ཐུགས་རྗེའི་སྤྲུལ་བསྒྱུར་རིགས་ཀུན་བདག ། རྡོ་རྗེའི་ཡེ་ཤེས་མངོན་སུམ་སྩོལ་མཛད་དཔལ་ལྡན་བླ་མ་རྒྱལ་གྱུར་ཅིག ། མཆོག་གི་རྣམ་ཐར་ཀུན་བཟང་སྤྱོད་པ་འཕགས་པའི་བློས་ཀྱང་དཔོག་མིན་མོད། ། དད་དང་མོས་གུས་ལྷག་པའི་སེམས་ཀྱིས་སྒྲོ་སྐུར་སྤངས་པའི་གཟུར་གནས་ངག ། བཟང་པོའི་གསེར་བཞིན་འདི་ན་བཀོད་འདིས་བསྟན་འགྲོའི་དཔལ་གྱི་རྒྱན་གྱུར་ནས། ། བདག་ཀྱང་སྐྱེ་ཀུན་བླ་མའི་ཞབས་ཏོག་མཉེས་པ་གསུམ་གྱིས་བསྒྲུབ་གྱུར་ཅིག ། དེ་ལ་སྤྱིར་རྣམ་ཐར་ཞེས་པའི་སྒྲ་དོན་ནི་མོཀྵ་ཞེས་པའི་སྒྲ་ལས་དྲངས་ན། ཉེ་བསྒྱུར་ནི་སྔོན་མའི་མུ་ཅོར་གྲོལ་བ་ལའོ་ཞེས་པའི་བྱིངས་དོན་འཁོར་བ་དང་ངན་སོང་ལས་གྲོལ་བ་ལྟ་བུ་དང༌། མེ་ཏོག་རྒྱ་གྲོལ་ནས་ཁ་བྱེ་ཞིང་རྒྱས་པ་ལྟ་བུ་ལ་འཇུག་པས། འདིར་ཕྱི་མའི་དབང་དུ་བྱས་ཏེ་པདྨ་རྣམ་པར་རྒྱས་པ་ལྟར་ལོ་རྒྱུས་གསལ་བར་མཚོན་པའི་དོན་ཏོ། ། གཞན་དུ་ཐུན་མོང་མ་ཡིན་པའི་སྒྲ་དོན། ཐར་པའི་རྣམ་པ་སྟེ་ཐར་པའི་འདྲ་འབག་ཅེས་བརྗོད་དེ། བླ་མ་སྐྱེས་བུ་དམ་པ་ཁྱད་པར་ཅན་གྱི་རྟོགས་པ་བརྗོད་པའི་དབུ་ཞབས་ཀྱི་དོན་མདོར་བསྡུ་ན། ཚོགས་ལམ་ནས་བཟུང་ལམ་ལྔ་ཡོངས་སུ་རྫོགས་པའི་བརྗོད་བྱ་རྗོད་བྱེད་དང་སྦྱར་དུ་ཡོད་པས་ན་གདམས་ངག་རྣམ་ཐར་གྱི་སྒོ་ནས་སྟོན་པ་ཞེས་གསུངས་པ་ལྟར་བདག་ཅག་གི་རྣམ་འདྲེན་དཔལ་ལྡན་བླ་མ་དམ་པ་དེ་ཉིད་ཀྱི་རྣམ་ཐར་སྙིང་པོ་སྒྲོ་སྐུར་དང་བྲལ་བར་རང་གཞན་དད་པའི་གསོས་སྨན་དང༌། སྔ་འགྱུར་རྒྱལ་བསྟན་རིན་པོ་ཆེའི་མཛེས་རྒྱན་དུ་བྲི་བ་ལ། སྤྱིར་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་གསུམ་གྱི་ཆོས་དབྱིངས་ཟབ་མོའི་ཀློང་དུ་དགོངས་པ་ཐ་དད་དུ་མ་མཆིས་ཀྱང༌། སློབ་པ་ལམ་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་ཁྱད་པར་དང་གདུལ་བྱ་དང་འདུལ་བྱེད་ཀྱི་རྟེན་འབྲེལ་ལས་རྣམ་ཐར་དང་མཛད་པའི་བཀོད་པ་སྣ་ཚོགས་པ་འཇའ་ཚོན་དང་ཆུ་ཟླ་བཞིན་གཅིག་ཏུ་མ་ངེས་པས་ཕྱོགས་དུས་སེམས་ཅན་གྱི་དོན་མཛད་པའི་ཆ་ཤས་རེ་རེའང་བསམ་གྱིས་མི་ཁྱབ་པར་སྟོན་པ་བཞིན། སྐུ་གསུམ་ཞིང་ཁམས་རྒྱ་མཚོའི་བྱེ་བྲག་བསྐལ་བཟང་སངས་རྒྱས་སྟོང་གི་གདུལ་ཞིང་སྟོང་གསུམ་མི་མཇེད་ཀྱི་ཆ་ཤས་འཛམ་བུའི་གླིང་གི་བྱང་ཕྱོགས་བོད་གངས་ཅན་གྱི་བསྟན་པ་རྒྱ་མཚོའི་ཕྱི་མོ། གསང་སྔགས་སྔ་འགྱུར་གྱི་བསྟན་པའི་འབྱུང་གནས་སྟོད་དུ་རྡོར་སྨིན་གཉིས་བར་དུ་ཞེ་རྫོགས་གཉིས་སྨད་དུ་ཀཿདཔལ་གཉིས་ཞེས་གྲགས་པའི་བྱེ་བྲག་གསང་སྔགས་རྙིང་མ་བའི་གདན་ས་ཆེ་དགུའི་ཡ་གྱལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་ཞེས་སྔ་འགྱུར་བཀའ་གཏེར་ཆོས་ཀྱི་རྒྱ་མཚོ་ཆེན་པོ་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱག་རྗེས་བཀྲ་ཤིས་ཀྱི་རེ་ཁཱ་ཆེས་ཆེར་བཀྲ་བར་རྫོགས་ཆེན་རབ་འབྱམས་མཆོག་གི་སྤྲུལ་པའི་སྐུ་དང་རྒྱལ་ཚབ་སྤྲུལ་སྐུ་རྣམ་པ་གཉིས་སུ་བྱོན་པ་ལས་ཕྱི་མའི་རྣམ་ཐར་ཅུང་ཟད་འགོད་པ་ལ། ༡༽ སྐུ་ཕྲེང་དང་པོ་པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ།


སྐུ་ཕྲེང་དང་པོ་པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ་ནི། འཕགས་ཡུལ་གྲུབ་པའི་སློབ་དཔོན་ཆེན་པོ་པྲ་བྷ་ཧསྟི། གནུབས་སྟོན་ནམ་མཁའི་སྙིང་པོ། བླ་ཆེན་དགོངས་པ་རབ་གསལ། ལང་ལབ་བྱང་ཆུབ་རྡོ་རྗེ། རྗེ་བཙུན་ཏཱ་ར་ནཱ་ཐ། རིག་འཛིན་གཏེར་བདག་གླིང་པ་སོགས་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་རྣམ་འཕྲུལ་དུ་ལུང་གིས་ཟིན་ཅིང༌། སྐུའི་སྐྱེ་བ་གོང་མ་ཨ་མཇའ་བླ་མ་གྲུབ་དབང་པདྨ་རྒྱལ་མཚན་ཞེས་མདོ་ཁམས་ལྷོ་རྒྱུད་དུ་འཁྲུངས། དགུང་ལོ་བཅུ་གསུམ་པའི་ཐོག་ཆོས་བྲོས་ལ་བྱོན་ཏེ་ཚེ་རབས་ནས་འབྲེལ་བའི་བླ་མ་རབ་འབྱམས་བསྟན་པའི་རྒྱལ་མཚན་གྱི་ཞབས་པད་མཉེས་པ་གསུམ་གྱིས་བསྟེན་ནས་མཚན་པདྨ་རྒྱལ་མཚན་དུ་གསོལ་ནས་ལོ་དགུའི་བར་འབྲལ་མེད་དུ་འགྲོགས་ཤིང་གདམས་ངག་གི་ཞུན་མཐར་བཅད། རྗེ་རབ་འབྱམས་པ་གཤེགས་རྗེས། རྡོར་སྨིན་དུ་བྱོན་ནས་སྨིན་གྲོལ་མང་དུ་གསན་མཐར། ཁོང་རང་དགུང་གྲངས་ཉེར་དྲུག་ནས་བརྩམས་སྐབས་གསེང་ཕྲན་བུ་མ་གཏོགས་སྒྲུབ་པ་ཉམས་ལེན་ཁོ་ན་ལ་གཙོ་བོར་བཏོན་པས། ཁྱོན་དྲིལ་ལོ་མཚམས་ཞེ་བདུན་སོང༌། བར་སྐབས་རྣམས་སུ་རྗེ་རབ་འབྱམས་པའི་ཡང་སྲིད་ཁྲི་འདོན་དང་ཕྱིས་ཆོས་གྲྭ་ཆེན་པོ་འདི་ཉིད་བཞེངས་པའི་སྐབས་སོགས་སུ་ཞབས་ཏོག་ཕུལ་དུ་བྱུང་བར་མཛད་པས་ཆོས་སྡེ་འདི་ཉིད་ཚུགས་པའི་བདག་རྐྱེན་ཐུན་མིན་གྲུབ་དབང་འདི་དང༌། རྭ་ལོ་རྡོ་རྗེ་གྲགས་པའི་རྣམ་འཕྲུལ་སིབ་རྫོགས་ཆེན་བླ་མ་ཨོ་རྒྱན་བསམ་གཏན་སྐུ་ཕྲེང་གོང་འོག་ཡིན་པར་རབ་འབྱམས་གཉིས་པའི་རྣམ་ཐར་དུ་གསལ། བླ་མ་དང་ལྷག་པའི་ལྷས་རྗེས་སུ་བཟུང་བས་མི་མིན་འབྱུང་པོས་དམ་ལ་ཉན། དབུ་རལ་གྱིས་མཚོན་ཆ་བསྲུང་བ་སོགས་གྲུབ་པའི་རྟགས་མཚན་མངོན་དུ་བརྙེས། རྫོགས་ཆེན་སྣང་བཞིའི་ཉམས་བཞེས་མཐར་ཕྱིན་ནས་དགུང་གྲངས་དོན་ལྔ་ལ་སྐུ་གཤེགས་སྐབས་ས་གཡོ་བ་སོགས་སྐྱེས་བུ་དམ་པ་ས་ནས་སར་འཕར་བའི་ལམ་རྟགས་ཡ་མཚན་པ་དང༌། སྐུ་གདུང་ཞུགས་ལ་ཕུལ་བར་དབུ་ཐོད་མ་ཉམས་པར་བཛྲ་གུ་རུ་རང་བྱོན་གསལ་དག་དང༌། ཐུགས་ཞུན་ཐིགས་ལྕགས་གཅོད་དབང་མདོག་ཏུ་འགྲིལ་བ་སོགས་རྡོ་རྗེ་འཛིན་པ་མཆོག་གི་ཆེ་ཡོན་རྫོགས་པ་དེས། སྔར་རང་ཉིད་ཞལ་བཞུགས་དུས་ནས་ལུང་བསྟན་པ་བཞིན་དུ། མངའ་བདག་ཆོས་ཀྱི་རྒྱལ་པོའི་གདུང་བརྒྱུད་ཅིག་ཁམས་སུ་འཕོས་པར་གྲགས་ཤིང་སྤྲུལ་པའི་གཏེར་ཆེན་ཡོན་དགེ་གཏེར་སྨྱོན་མི་འགྱུར་རྡོ་རྗེ་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མ་བྱོན་པའི་དཔོན་རྒྱུད་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པར་ལྕགས་འབྲུག་ཧོར་ཟླ་དང་པོའི་ཚེས་གཅིག་ལ་རིགས་ཞང་སེ་བོ་སྔགས་པ་ཉི་མ་ཐག་བརྟོད་ཀྱི་ཁྱིམ་དུ་ངོ་མཚར་བའི་ལྟས་དང་བཅས་ཏེ་འཁྲུངས། ཟླ་ངོ་མཐོང་ཙམ་ནས་ང་བླ་མ་པད་རྒྱལ་ཡིན་ཡང་ཡང་གསུངས་པ་དང༌། རབ་འབྱམས་སྐུ་ཕྲེང་གཉིས་པ་དང༌། སི་ཏུ་ཀུན་མཁྱེན་དྷརྨ་ཀ་ར་སོགས་ཀྱིས་ལུང་བསྟན་པ་བཞིན་གྲུབ་དབང་པདྨ་རྒྱལ་མཚན་གྱི་རྗེ་དབོན་སངས་རྒྱས་རབ་བརྟན་སོགས་ཀྱིས་གོང་མའི་གདན་ས་གཤང་ནག་རི་ཁྲོད་དུ་སྤྱན་དྲངས། དགུང་གྲངས་བདུན་པར་རྗེ་ཞེ་ཆེན་པ་ཆེན་པོར་གཙུག་ཕུད་ཕུལ་བས་མཚན་ཀུན་བཟང་བསྟན་པ་རབ་རྒྱས་སུ་གསོལ། སིབ་སྤྲུལ་པདྨ་དབང་རྒྱལ་གྱིས་གཙུག་ཕུད་བཞེས་ནས་མཚན་པདྨ་གསང་སྔགས་བསྟན་འཛིན་དུ་གསོལ། དགུང་གྲངས་བདུན་པའི་ཐོག་ནས་ཞེ་ཆེན་དུ་བྱོན་ནས་རབ་འབྱམས་གཉིས་པའི་ཞབས་པད་བསྟེན། མཛོད་ཆེན་བདུན། ངལ་གསོ་སྐོར་གསུམ། རཏ་གླིང་ཆོས་སྐོར། སྨིན་གླིང་ཟབ་གཏེར་སྐོར། བདེ་གཤེགས་ཀུན་འདུས་ཀྱི་དབང་ཁྲིད། རྗེ་རང་གི་བཀའ་འབུམ་གྱི་ལྗགས་ལུང་སོགས་སྨིན་རྒྱས་སུ་གསན་ནས་བླ་སློབ་སྐྱེ་བ་དུ་མར་འབྲེལ་བ་དང་སྐུ་ཚེ་འདིར་ཡང་དོན་བརྒྱུད་ཀྱི་རྒྱལ་ས་འཛིན་པའི་རྟེན་འབྱུང་ལ་དགོངས་པས་དགྱེས་པའི་དབུགས་དབྱུང་བཅས་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུས་རྗེས་སུ་བཟུང༌། ལྷག་པར་ཕུར་པ་ཡང་གསང་སྤུ་གྲིའི་སྒྲོལ་དབང་གི་སྐབས་སུ་བླ་མ་རྡོ་རྗེ་གཞོན་ནུའི་སྐུར་མངོན་སུམ་དུ་གཟིགས་ཤིང་རང་ཉིད་ལང་ལབ་བྱང་ཆུབ་རྡོ་རྗེ་ཡིན་པའི་ཐུགས་ཤེས་གསལ་པོར་འཁྲུངས། གཞན་ཡང་དུས་སྔ་ཕྱི་ཅི་རིགས་པར་གནུབས་ནམ་སྙིང༌། བླ་ཆེན་དགོངས་པ་རབ་གསལ། ཇོ་ནང་རྗེ་བཙུན། སྨིན་གླིང་གཏེར་ཆེན་སོགས་ངོས་ཟིན་པ་དང་མི་ཟིན་པའི་རྒྱལ་པོ། རབ་བྱུང༌། སྔགས་འཆང༌། གཏེར་སྟོན། ཁྱིམ་པ་བུད་མེད། རྣལ་འབྱོར་མ་སོགས་སྐུ་སྐྱེ་སྔ་མའི་བག་ཆགས་མང་པོ་སད་པའི་རྐྱེན་གྱིས་མཁྱེན་རྟོགས་ཀློང་རྡོལ། དགུང་ལོ་བརྒྱད་པའི་ཐོག་དག་པའི་སྣང་བར་གུ་རུ་རིན་པོ་ཆེ་མཇལ་ཞིང་གསོལ་བ་བཏབ་པས་གུ་རུའི་ཐུགས་ཀ་ནས་འཇའ་འོད་སྣ་ལྔའི་ཟེར་ཐག་འཕྲོས་པ་སྐུ་ལ་ཕོག་པའི་རྐྱེན་གྱིས་གུ་རུའི་སྐུ་དང་དབྱེར་མེད་དུ་འདྲེས་ནས་རིག་པ་གཏད་མེད་དུ་སོང་སྟེ་ཐུགས་རྒྱུད་ཀྱི་བྱིན་རླབས་འཕོས་པ་སོགས་དག་པའི་གཟིགས་སྣང་མཐའ་ཡས་པ་ཤར། དགུང་གྲངས་བཅུ་པའི་མཇུག་ཐོག་རྗེ་རབ་འབྱམས་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཕོ་བའི་དབང་བསྐུར་དང་བཅས་ཏེ་དོན་གྱི་བསྟན་པ་གཏད་ནས་རྒྱལ་ཚབ་ཏུ་མངའ་གསོལ་ཏེ་སྤྲུལ་པ་བསྡུས་པས། བཅུ་གཅིག་ནས་གཞན་དོན་གྱི་ཕྲིན་ལས་བསྐྱངས། རྡོར་བྲག་ཞབས་དྲུང་པདྨ་སྐལ་བཟང་དབང་ཕྱུག་ནས་དག་སྣང་པདྨ་དྲག་པོའི་ཆོས་བདག་དང་ནམ་སྙིང་སྤྲུལ་པར་དབུགས་དབྱུང༌། མཚན་པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ་དུ་གསོལ་ཞིང་བསྟན་འགྲོའི་དོན་ཆེན་འགྲུབ་པར་ལུང་བསྟན། ཀཿཐོག་རྨོག་གྲུབ་ནམ་མཁའ་ཆོས་དབང་ནས་དག་སྣང་མཁའ་འགྲོ་བཀའ་བརྒྱད་ཀྱི་ཆོས་བདག་དང་སློབ་དཔོན་པྲ་བྷ་ཧསྟིའི་རྣམ་འཕྲུལ་དུ་ངོས་བཟུང་ནས་ཀེ་སྟོད་འགྱིང་བ་བྲག་དཀར་དུ་ཚེ་གཅིག་སྒྲུབ་ལ་གཞོལ་ན་ཟག་ཟད་འོད་སྐུར་གྲོལ་བར་ལུང་བསྟན། གཞན་ཡང་སྨིན་གླིང་དུ་ཕེབས་ནས་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། དཔལ་རི་སྤྲུལ་སྐུ་པདྨ་ཆོས་འབྱོར་རྒྱ་མཚོ། ཀོང་པོ་གཏེར་ཆེན་སོགས་དམ་པ་རྣམས་ཀྱིས་བསླུ་མེད་རྡོ་རྗེའི་ལུང་གིས་མགྲིན་གཅིག་ཏུ་བསྔགས། སྔ་ཕྱི་ཅི་རིགས་པར་གོང་སྨོས་ཀྱི་དམ་པ་དེ་རྣམས་དང༌། མཁན་ཆེན་ཨོ་ཊི་ཡཱ་ན། གཙང་གྲུབ་ཆེན་པདྨ་བཤེས་གཉེན། ལྕགས་ཟམ་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། རྫོགས་སྤྲུལ་ངེས་དོན་བསྟན་བཟང༌། ཀཿཐོག་དྲི་མེད་ཞིང་སྐྱོང༌། པཎ་ཆེན་ཚེ་དབང་མཆོག་གྲུབ། ཀུན་བཟང་ངེས་དོན་དབང་པོ། རྗེ་དབོན་པདྨ་ཀུན་གྲོལ། འདྲེན་མཆོག་རིག་འཛིན་བཟང་པོ། ཕུ་ཁུང་པདྨ་རིན་ཆེན། གྲུབ་དབང་འཇིགས་མེད་ཕྲིན་ལས་འོད་ཟེར། འབར་ཆུང་འཇིགས་མེད་གོ་ཆ་སྐུ་མཆེད་སོགས་དང༌། སི་ཏུ་ཀུན་མཁྱེན་དྷརྨཱ་ཀ་ར། ཞྭ་ལུ་མཁན་ཆེན་ཀུན་དགའ་མཁྱེན་རབ། ར་ཉག་གྲུབ་ཆེན་བློ་བཟང་མཐུ་སྟོབས་སོགས་གྲུབ་མཐའ་རིས་མེད་ཁམས་བོད་ཀྱི་སྐྱེས་ཆེན་ལྔ་བཅུ་ཙམ་གྱི་ཞབས་པད་བསྟེན་ནས། ཟབ་རྒྱས་ཀྱི་གདམས་པ་མཐའ་ཡས་པ་གསན་ཅིང་ཐུགས་ཉམས་སུ་བསྟར་བས་སྣང་སྤྱོད་ཐམས་ཅད་དག་པ་ཡེ་ཤེས་ཀྱི་འཁོར་ལོར་འབྱམས་ཀླས་པས་གཟུང་འཛིན་གྱི་མཚན་མ་དབྱིངས་སུ་དག །མཉམ་བཞག་འོད་གསལ་རྣམ་པར་མི་རྟོག་པའི་ངང་ནས་རྗེས་ཐོབ་གང་ཤར་རང་གྲོལ་མཉམ་ཡངས་ཁྱབ་གདལ་གྱི་དགོངས་པ་རང་བྱུང་རང་བཞེངས་སུ་འཁྲུངས་པ་ལས་མཉམ་རྗེས་རེས་འཇོག་གི་ཤུན་པ་བུད་ནས་རིས་མེད་འོད་གསལ་འཁོར་ཡུག་གི་ཏིང་ངེ་འཛིན་ལ་རང་དབང་འབྱོར་ཏེ། གྲུབ་ཆེན་ས་ར་ཧ། ཨོ་རྒྱན་ཆེན་པོ། ཆོས་རྒྱལ་སྲོང་བཙན། ཡེ་ཤེས་མཚོ་རྒྱལ། ལྷ་ལུང་དཔལ་རྡོར། ལྷོ་བྲག་མར་པ། ཚར་ཆེན་བློ་གསལ་རྒྱ་མཚོ། སྨིན་གླིང་གཏེར་ཆེན་ཡབ་སྲས། རྗེ་བཙུན་བླ་མ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་སོགས་རྒྱ་བོད་གྲུབ་བརྙེས་རིག་འཛིན་དུ་མས་དག་པ་ཡེ་ཤེས་ཀྱི་སྐུས་དབང་བསྐུར་བྱིན་གྱིས་བརླབས་ཤིང་རྗེས་སུ་གདམས་པའང་གནང༌། ཆེ་མཆོག་ཧེ་རུ་ཀཿ རྡོ་རྗེ་ཕུར་པ་སོགས་ཡི་དམ་གྱི་ལྷ་དང༌། སངས་རྒྱས་བྱང་སེམས་མང་པོའི་ཞལ་གཟིགས། མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་བསྡུས། རྡོ་རྗེ་ཆོས་སྐྱོང་རྣམས་ཀྱིས་ལས་ཀྱི་སྟངས་ཕུལ། དཀར་ཕྱོགས་ཀྱི་ལྷ་ཀླུ་གཞི་བདག་ཐམས་ཅད་བྲན་དུ་ཁོལ། ནག་ཕྱོགས་ཀྱི་མི་དང་མི་མ་ཡིན་པ་རྣམས་ཚར་བཅད་པ་སོགས་ལས་གང་བརྩམས་ཐོགས་མེད་དུ་འགྲུབ་པའི་མངོན་རྟགས་ཀུན་གྱི་མཐུན་སྣང་དུ་གྲུབ་པ་སོགས་ཀྱིས་དུས་མཉམ་གྱི་ཆེ་དགུ་ཕལ་ཆེར་གྱིས་ཞབས་ལ་གཏུགས་པས་སྐུ་བསོད་དང་སྙན་གྲགས་རྒྱས། ཆོས་སྡེ་འདིའི་འདུ་ཁང་དང་མགོན་ཁང་ཙམ་མ་གཏོགས་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བསྐྲུན། འོག་མིན་གཉིས་པ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་ཇི་ལྟ་བ་བཞིན་དུ་སྤྲོས་བཅས་ཚེས་བཅུ་ཆེན་མོ་གཙོ་བོར་གྱུར་པའི་ཟླ་བ་དང་པོར་ཆོས་དབང་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྒྲུབ་ཆེན་མཁན་ཆེན་ཨོ་ཌཱི་ཡཱ་ནའི་སྒྲུབ་ཁོག་ལྟར་དང༌། ས་ག་ཟླ་བར་བཀའ་བརྒྱད་བདེ་འདུས་ཀྱི་སྒྲུབ་ཆེན། ལོ་མཇུག་འཇམ་དཔལ་གཤིན་རྗེ་དྲེགས་འཇོམས་དང༌། བཀའ་བརྒྱད་ཁྲོ་རོལ་གྱི་གཏོར་བཟློག་བཅས། ཟླ་བ་ལྔ་པར་ཆོས་དབང་བླ་མ་གསང་འདུས་ཀྱི་སྤྲོས་བཅས་ཚེས་བཅུ་ཆེན་མོ་བཅས་དུས་མཆོད་ཆེན་པོ་ལྔ་རྗེས་འབྲེལ་དང་བཅས་པ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་ཇི་བཞིན་པའི་རྒྱུན་འཛུགས་ཐོག་སྤྲོས་བཅས་ཀྱི་ཡོ་བྱད་སོགས་གང་དགོས་ཁྱད་ཐོན་དང༌། ཉེར་མཁོའི་སྒྲུབ་དཀྱིལ་ཁྲིད་ཡིག་སོགས་ཆ་ཚང་སྤར་དུ་བསྒྲུབས། ཞེ་ཆེན་བྱང་འདྲེན་འགྱུར་མེད་དོན་གྲུབ་ཀྱིས་དབྱངས་ཡིག་ནག་འགྲོས་དང་ཐུགས་སྲས་དབང་ཆེན་འབུམ་གྱིས་སྒྲུབ་ཡིག་ཕྱག་བཞེས་ཀྱི་མ་དེབ་གསར་བཀོད་ཕྱིས་འཇམ་མགོན་རྣམ་པ་གཉིས་ཀྱིས་ཀྱང་ཁུངས་བཙུན་པའི་མཆོག་ཏུ་ཐུགས་རྟོན་ཞིང་བསྔགས་བརྗོད་མཛད། སྒྲུབ་སྡེ་བདེ་ཆེན་པདྨ་འོད་གླིང་གསར་དུ་བཏབ་ནས་སྤོང་བ་བསམ་གཏན་པ་བཅུ་གསུམ་རྒྱུན་འཇོག་དང༌། གཞན་ཡང༌། སིབ་དགོན་གསང་ཆེན་བཀྲ་ཤིས་ཆོས་གླིང༌། གཤང་ནག་རིག་འཛིན་མཁའ་སྤྱོད་གླིང༌། ཕུག་དགོན་ཆོས་འཁོར་བདེ་ཆེན་ལྷུན་པོ། སྒོ་མེ་དེང་སྐྱ་དགོན་གསང་སྔགས་གླིང༌། འཇུ་མོ་ཧོར་གསང་སྔགས་བཤད་སྒྲུབ་གླིང༌། ཉག་གཟུར་བ་ལྷ་འབུམ་དགོན་གསང་སྔགས་ཆོས་གླིང་རྣམས་སུ་གཙུག་ལག་ཁང་གསར་བཞེངས། རྙིང་པ་ཞིག་གསོས་མཆོད་ཐེབས་རྟེན་གསུམ་བསྩལ་བ་སོགས་མཐའ་ཡས། ལྕགས་ཁྱི་ལོར་གུ་རུ་རིན་པོ་ཆེས་ཞལ་གཟིགས་ནས་ལུང་བྱང་བསྩལ་བ། ། པདྨས་བྱིན་རླབས་བདུད་འཇོམས་རོལ་པ་རྩལ། ། ཁྱོད་ནི་ཚེ་སྔོན་ནམ་མཁའི་སྙིང་པོའོ། ། བདག་ནི་སྣ་ཚོགས་སྐུར་སྟོན་པདྨ་འབྱུང༌། ། ཁྱོད་ལ་རྟག་ཏུ་བྱིན་གྱིས་བརླབ་ཕྱིར་འོང༌། ། ཁྱོད་ཀྱི་སེམས་ཉིད་ཡིད་བཞིན་ནོར་བུ་དེ། ། རང་ངོ་ཤེས་ན་ང་ཉིད་ལོགས་སུ་མེད། ། ཅེས་སོགས་ཁ་བྱང་ལུང་བསྟན་བསྩལ་བ་ལྟར་ཀེ་སྟོད་འགྱིང་བ་བྲག་དཀར་གནས་ཞལ་ཕྱེས། ཤིང་གླང་ལོར་དག་སྣང་ཁ་བྱང་ཕེབས་པ་བཞིན་གནས་མཆོག་སེངྒེ་གནམ་རྫོང་གནས་སྒོ་འབྱེད་པར་མཛད་པས་མཚོན་ཟབ་གཏེར་གྱི་ཁ་བྱང་ལུང་བསྟན་སྔ་རྗེས་མང་ཙམ་བྱུང་ཡང་སྙིགས་དུས་ཀྱི་སྐྱེ་བོའི་སྒྲོ་སྐུར་དང་བསྟན་པའི་མིག་རྐྱེན་སོགས་ལ་དགོངས་ནས་ཆེད་གཉེར་མ་མཛད། རབ་འབྱམས་གསུམ་པ་རིག་འཛིན་དཔལ་འབྱོར་རྒྱ་མཚོ་དང༌། རྒྱལ་ཚབ་རིན་པོ་ཆེ་རྣམ་པ་གཉིས་འདུལ་བའི་ཀུན་སྤྱོད་ཤིན་ཏུ་གཙང་བས་གཞིས་བྱེས་གང་དུ་ཕེབས་ཀྱང་རྒྱུད་ཆགས་གསུམ་པ་རྒྱུན་གསུང་དང༌། གསོ་སྦྱོང་ཡར་མར་གཉིས་མ་ཆགས་པར་སྟོན་འཁོར་ཐམས་ཅད་ཀྱིས་གནང་བར་མཛད། ལྷག་པར་བསྟན་རྒྱུན་ལ་དགོངས་པའི་འཆད་སྤེལ་སྤྱི་དང༌། བྱེ་བྲག་ཡང་གསང་རྫོགས་པ་ཆེན་པོ་སྡེ་གསུམ་སྙིང་པོའི་ཆོས་འཁོར་རྒྱ་ཆེར་བསྐོར་ཞིང༌། དེ་དག་ཀྱང་གང་ཟག་སོ་སོའི་བློ་རིམ་དང་འཚམས་པ་མྱོང་ཁྲིད་རྒྱུད་ལ་ཅི་སྨིན་ལ་གཙོ་བོར་མཛད་པས་ཞལ་སློབ་ཀྱང༌། པཎ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དང༌། ཀུན་སྤང་གྲུབ་ཆེན་ཤེས་རབ་ཡར་འཕེལ་ཏེ་ཟླ་བྲལ་གྱི་པཎ་གྲུབ་རྣམ་གཉིས་དང༌། གཞན་ཡང༌། རྣམ་འདྲེན་རྫོགས་ཆེན་བཞི་པ། རབ་འབྱམས་སྐུ་འཕྲེང་གོང་འོག ཀཿཐོག་ཞིང་སྐྱོང་དང་རྨོག་ཚའི་ཡང་སྤྲུལ། དགེ་ཕྱག་རྣམ་གཉིས། ཉི་སྤྲུལ་གསུམ་པ། རྡོ་གྲུབ་ཆེན་རིན་པོ་ཆེ། གྲུབ་དབང་འཇིགས་མེད་གོ་ཆ། གླིང་རྗེ་དྲུང་རིན་པོ་ཆེ། ར་ཉག་གྲུབ་ཆེན། སྐུ་ཞབས་ཡེ་ཤེས་རྡོ་རྗེ། མགོ་ཚ་མཆོག་སྤྲུལ། གོང་གསལ་དགོན་ལག་རྣམས་ཀྱི་བླ་སྤྲུལ་དམ་པ་རྣམས་ཀྱིས་གཙོས་བསྟན་འཛིན་གྱི་སྐྱེས་ཆེན་བཟང་ལ་མང་བ་དང༌། བྱེ་བྲག་སྙིང་པོའི་སྒྲུབ་པ་ལྷུར་ལེན་པའི་སྤོང་བ་པ་སྐུ་ཚེ་རིལ་པོར་སྒྲུབ་པའི་རྒྱལ་མཚན་བསྟེན་པ་གྲུབ་ཆེན་འགྱུར་མེད་བསྟན་འཕེལ་དང༌། འགྱུར་མེད་མཐའ་ཡས། སློབ་དཔོན་ཧཱུྃ་ཀ་རའི་རྣམ་འཕྲུལ་དུ་ལུང་གིས་ཟིན་ཅིང་རིག་པ་ཚད་ཕེབས་ཀྱི་རྟགས་ཚད་མཐར་ཕྱིན་པ་མཁས་གྲུབ་འགྱུར་མེད་བསྟན་འཛིན་གྲགས་པ། ཉང་གི་རྟ་ནག་དང་སྨིན་གླིང་རྡོར་སེམས་བདེ་གཤེགས་ཀུན་འདུས་གར་ཚེ་འོད་དཔག་མེད་བཅས་ཀྱི་བསྙེན་པ་དུང་ཕྱུར་རེ་ཐེམ་ཞིང་དཔལ་རྟ་མགྲིན་གྱི་ཞལ་དངོས་སུ་མཐོང་ཞིང་རྟ་སྐད་འཚེར་བ་སྒྲུབ་གྲྭ་དེར་བཞུགས་པ་ཀུན་གྱིས་ཐོས་པ་གྲུབ་ཆེན་ཀུན་བཟང་ངག་དབང༌། ཆོས་དབང་ཡང་འདུས་ཀྱི་སྙིང་པོ་ཡིག་དྲུག་དུང་ཕྱུར་བཅོ་ལྔ་འགྲུབ་ཅིང༌། འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་བསྟན་པའི་བླ་མ་བསམ་གཏན། བླ་མའི་ཞབས་པད་མཉེས་པ་གསུམ་གྱིས་བསྙེན་ཅིང་སྐྱེ་འཆི་ལ་རང་དབང་ཐོབ་པ་བླ་མ་དབང་ཆེན་འབུམ། ཉམས་རྟོགས་མཐར་ཕྱིན་པའི་སྔགས་རམས་པ་ཀུན་བཟང་གསང་སྔགས་སོགས་བར་དོ་གསུམ་གང་རུང་དུ་གྲོལ་བའི་གདེང་ཚད་མངོན་དུ་བརྙེས་པའི་ཡང་དབེན་གྱི་གྲུབ་ཆེན་བཅུ་གསུམ་གྱིས་མཚོན་རྟོགས་པ་དོན་བརྒྱུད་ཀྱི་རྒྱལ་ས་ཟིན་ངེས་ཀྱི་བུ་སློབ་ཆེས་མང་ཞིང༌། ཐ་ན་དམ་པ་འདི་ཉིད་ལས་སྒོམ་ཁྲིད་སྣ་རེ་ཐོབ་པའི་གྲྭ་རྒན་དཀྱུས་མ་རྣམས་ཀྱང་འདའ་ཀ་བླ་མའི་སྣང་བ་འཆར་བ་དང་འདའ་ཚད་ཟིན་པ་སོགས་རྟགས་ཡ་མཚན་བརྒྱུད་མར་འོང་བ་ཐོས་སོ། ། ༢༽ སྐུ་ཕྲེང་གཉིས་པ་ཨོ་རྒྱན་རང་བྱུང་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ། དེའི་ཡང་སྲིད་གཉིས་པ་ཨོ་རྒྱན་རང་བྱུང་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ་ནི། ཟིལ་ཁྲོམ་གངས་ཀྱི་ར་བའི་བྱང་ཕྱོགས་སྟག་མཛེས་མཚོ་ཁར་ཁྱིམ་བདག་དཀྱུས་མ་ཞིག་ཏུ་སྐུ་འཁྲུངས་པ། རྡོར་སྨིན་སོགས་དམ་པ་དུ་མའི་ལུང་གིས་ཟིན་པ་ལྟར་གོང་མའི་ཆོས་ཁྲིར་མངའ་གསོལ། ཆུང་ངུ་ནས་སྔོན་གནས་རྗེས་དྲན་སོགས་དམ་པའི་རྣམ་ཐར་སྒྲིབ་མེད་དུ་གསལ། དབོན་སྤྲུལ་ཐུགས་རྗེའི་གཏེར་ཆེན་དང༌། རྫོགས་ཆེན་བཞི་པ། སྨིན་གླིང་ཁྲི་ཆེན་ཡིད་བཞིན་དབང་རྒྱལ། འཇིགས་མེད་རྒྱལ་བའི་མྱུ་གུ། ལྷ་འབྲང་དཔལ་ལྡན་ཆོས་རྒྱལ་སོགས་དམ་པ་དུ་མ་བསྟེན་ནས་གསན་བསམ་གྱི་སྒྲོ་འདོགས་བཅད། སྒོམ་སྒྲུབ་ཀྱིས་ཉམས་སུ་བླངས་པས་གནས་ལུགས་ཀྱི་རྟོགས་པ་འཁྲུངས། ལྷག་པའི་ལྷ་རབ་འབྱམས་ཀྱིས་ཞལ་བསྟན་ཅིང་རྗེས་སུ་བཟུང༌། བར་སྲིད་ཀྱི་རྣམ་ཤེས་དང་ལྷ་འདྲེའི་སྤྱོད་ཚུལ་སོགས་ལྐོག་གྱུར་གྱི་ཆོས་རྣམས་སྒྲིབ་མེད་དུ་གཟིགས། ནུས་མཐུས་མི་དང་མི་མ་ཡིན་གདུག་པ་ཅན་རྣམས་ཚར་བཅད། ལྷ་ལྡན་ཕྱོགས་སུ་འབྲུམ་པ་ནག་པོའི་ནད་ཀྱང་དཀར་པོར་སྒྱུར་བ་སོགས་གྲུབ་པའི་སྤྱོད་པའང་ཅི་རིགས་མཛད། རང་དགོན་མ་ལག་རྣམས་འཛིན་སྐྱོང་སྤེལ་གསུམ་དང་ཉམས་པ་གསོ་བ། ཆོས་རྗེ་རབ་འབྱམས་གསུམ་པ་གོང་མའི་སེང་ཁྲིར་མངའ་གསོལ་བ་སོགས་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་མཐར་ཕྱིན་ཏོ། ། ཡང་ཆོས་རྗེ་རྒྱལ་ཚབ་པའི་ཞལ་སློབ་གཙོ་བོ་གོང་གསལ་གྲུབ་ཆེན་ཤེས་རབ་ཡར་འཕེལ་ནི། སྐུ་ཆུང་ངུ་ནས་དད་པ་དང་ངེས་འབྱུང་དང་སྙིང་རྗེ་དང་ཤེས་རབ་སོགས་ཐེག་པ་ཆེན་པོའི་རིགས་ཁམས་ཡོངས་སུ་བརྟས། བཻ་རོའི་ཐུགས་སྤྲུལ་རོང་སྟོན་ལྕགས་སྣ་ཅན་ནམ་པདྨ་བདེ་ཆེན་གླིང་པའི་སྔོན་རབས་གསལ་པོར་དྲན། དགུང་གྲངས་བཅུ་དགུ་པའི་ཐོག་ནས་ཡིག་དྲུག་དུང་ཕྱུར་ཐེམས་པས་འཕགས་པ་སྤྱན་རས་གཟིགས་ཀྱིས་ཞལ་བསྟན་ཞིང་ཚེ་རབས་ནས་འབྲེལ་བའི་བླ་མ་དང་སྒྲུབ་གནས་སོགས་ལུང་བསྟན་པ་བཞིན། ཉེར་ཐམ་ནས་ཕ་ཡུལ་རྒྱབ་ཏུ་བོར་ནས་དབུས་གཙང་གི་གནས་སྐོར་དང་སྦྲགས་རྒྱལ་ཚབ་བསྟན་འཛིན་ཆོས་རྒྱལ་གྱི་ཞབས་པད་བསྙེན་ནས་ལས་ཅི་ལ་ཐུག་ཀྱང་རི་ལས་མི་འབབ་པ་དང༌། བླ་མའི་གཟིམ་སྤྱིལ་དང་ཆོས་ར་མ་གཏོགས་གཞན་གྱི་སྒོ་ཐེམ་མི་འགོམ་པ་དང༌། གསེར་དངུལ་སོགས་རིན་པོ་ཆེ་ལ་མི་རེག་པ་སོགས་ཀྱི་དམ་བཅའི་ཁུར་བཞེས་ནས་སྐུ་ཚེ་རིལ་པོར་སྒྲུབ་སྡེ་བདེ་ཆེན་པདྨ་འོད་གླིང་དུ་དབང་ཕྱུག་མི་ལ་རས་པའི་རྣམ་ཐར་བཟུང༌། དགུང་གྲངས་སུམ་ཅུ་ཐོག་ཡན་ཆོད་དུ་དཀྱིལ་འཁོར་ཉི་ཤུ་རྩ་ལྔའི་བསྙེན་པ་སིདྡྷི་དུང་ཕྱུར་གཅིག ། ཡིག་དྲུག་དུང་ཕྱུར་གཉིས། བསམ་ལྷུན་འབུམ་ཐེར། བརྒྱད་སྟོང་པ་སྟོང་ཐོག་བརྒྱ་བཞག་གྲུབ། མཚན་བཅས་ཀྱི་རྫོགས་རིམ་ལ་གཙོ་བོར་བཏོན་པས་བདེ་གསལ་མི་རྟོག་པའི་ཉམས་ཀྱི་མྱོང་བ་ལོ་དགུར་བྱུང༌། སུམ་ཅུའི་ཐོག་བླ་མ་སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཐུན་མོང་མ་ཡིན་པའི་རྐྱེན་གྱིས་ཤེས་ཉམས་ཡིད་དཔྱོད་ཀྱི་འཛིན་པ་དབྱིངས་སུ་དག་ནས་མངོན་སུམ་རང་ཐོག་ཏུ་ཕེབས། དེ་ནས་བཟུང་བླ་མའི་རྣལ་འབྱོར་ཁོ་ན་རྩལ་དུ་བཏོན་ཏེ་ཕྱི་ནང་གི་བྱ་བ་དགུ་ཕྲུགས་སུ་བཏང་སྟེ་རྫོགས་པ་ཆེན་པོ་ཀ་དག་ལྷུན་གྲུབ་ཀྱི་ཉམས་ལེན་ཁོ་ན་ལ་དྲིལ་བས་སྣང་བཞིའི་ཡེ་ཤེས་མཐར་ཕྱིན་ཏེ་སྒོམ་མེད་ཆོས་སྐུའི་གཏན་སྲིད་ཟིན། ཚེ་གཅིག་ལུས་གཅིག་ལ་དྲུག་པ་རྡོ་རྗེ་འཆང་གི་རྒྱལ་སར་གཤེགས་པ་ཡིན་ཏེ། ཉིད་ཀྱི་རྡོ་རྗེའི་མགུར་ལས། རྗེ་དག་པ་གཉིས་ལྡན་མི་གཟུགས་ཅན། །


ཕ་བླ་མ་དམ་པའི་ཞབས་ལ་འདུད། ། ཁྱོད་ཚེ་གཅིག་བསྙེན་པའི་བྱིན་རླབས་ཀྱིས། ། བདུད་ཉེར་ལེན་ལྔ་ཕུང་ཞིག་ནས་ཐལ། ། རྟག་ཆད་ཀྱི་གྲུབ་མཐའ་འཛིན་དོན་མེད། ། ཁོང་བླ་མ་རྩ་གསུམ་ཀུན་འདུས་སུ། ། མཐོང་སྒོམ་གྱིས་གཞན་སྣང་ངོ་བོར་སྙེམས། ། ལྷ་ཞི་ཁྲོ་ཌཱ་ཀི་སྒྲུབ་འདོད་མེད། ། སྐྱབས་མཆོག་གསུམ་བླ་མར་བལྟས་བལྟས་ནས། ། མགོན་གཞན་ལ་རེ་བ་ཡལ་ནས་ཐལ། ། བདག་སྐྱོབ་མཁན་གཞན་ཞིག་ཚོལ་བསམ་མེད། ། ཡབ་མཚན་ལྡན་བླ་མའི་བྱིན་རླབས་ཀྱིས། ། ཉམས་དགའ་བཞིའི་ཡེ་ཤེས་མྱོང་ནས་སོང༌། ། ཡིད་བསླུ་བྲིད་གཟུགས་ལ་ཆགས་དོན་མེད། ། ཆོས་མཐུན་གྱི་བསམ་པ་བསྐྱངས་བསྐྱངས་ནས། ། སྡིག་མི་དགེ་ཕལ་ཆེར་བརྗེད་ནས་ཐལ། ། སེམས་དགེ་བར་འཇུག་ཐབས་བྱ་རྒྱུ་མེད། ། ཡུལ་སྣོད་བཅུད་སྒྱུ་མར་སྦྱངས་སྦྱངས་ནས། ། ཐ་མལ་གྱི་སྣང་ཞེན་བྲལ་ནས་ཐལ། ། བློས་བཏགས་ཀྱི་ལྟ་སྒོམ་དགོས་པ་མེད། ། བདེན་མེད་ལ་གོམས་འདྲིས་བྱས་བྱས་ནས། ། ཁོས་བྱ་བྱེད་བྱས་ཟིན་བརྗེད་དེ་ཐལ། ། འཁོར་གསུམ་ལ་རྣམ་པར་རྟོག་དོན་མེད། ། ཕྱོགས་འཛིན་གྱི་འགོང་པོ་བཤིག་བཤིག་ནས། ། སེམས་གཉིས་སུ་མེད་པར་ཁོ་ཐག་ཆོད། ། ཡོད་མེད་ཅེས་རེ་དོགས་བྱ་དོན་མེད། ། གཟུང་འཛིན་གྱི་མདུད་པ་བཀྲོལ་བཀྲོལ་ནས། ། ཕྲན་རྨོངས་ཀྱི་ཤེས་རྒྱུད་དག་ནས་ཐལ། ། མཁའ་དབྱིངས་ལ་མདུད་པ་འབོར་དུ་མེད། ། ལོ་མང་ནས་གང་ཤར་གང་སྣང་ལ། ། སེམས་འཛིན་གྱི་ཐག་པ་ཆད་ནས་ཐལ། ། སྡུག་བཙིར་གྱི་འཇུར་བུས་བཅིངས་དོན་མེད། ། གནད་ཆེན་པོ་གསུམ་གྱིས་ལྟ་གྲུབ་རྟོགས། ། ཐེ་ཚོམ་གྱི་དོགས་པ་ཟད་ནས་ཐལ། ། ད་གྲུབ་མཐའི་ཁ་འཛིན་བྱེད་སྙམ་མེད། ། དོན་གཉིས་སྣང་སྤྲོས་པ་དབྱིངས་སུ་ནུབ། ། རང་རིག་གི་རྒྱལ་ས་ཟིན་ལ་ཉེ། ། བློས་བཅོས་བཟོ་ཆེད་སྒོམ་བྱ་རྒྱུ་མེད། ། འདི་དོན་མེད་ཁ་ཕོ་མ་ཡིན་ཏེ། ། སྐྱབས་བླ་མ་དྲན་ནས་ཉམས་སྣང་འུར། ། ཚིག་གང་དྲན་ཐོལ་བྱུང་སྨྲས་པ་ཡིན། །


ཞེས་དང༌། དང་པོར་ཆོས་སྒོར་ཞུགས་ནས་སྒོ་གསུམ་གྱི། ། དགེ་སྦྱོར་སྡུག་རུས་བྱས་ནས་ཚེ་ཕྱེད་སོང༌། ། བར་དུ་ཤེས་རབ་རང་རྩལ་རྫོགས་པ་དང༌། ། སྣང་བ་ཐད་ཀར་ཆོད་ནས་ལོ་མང་སོང༌། ། ཐ་མ་ཀུན་གཞི་ཆོས་སྐུར་ཐིམ་པ་ངས། ། སྣང་ཤེས་སྒོམ་རྒྱུ་མ་ལོན་ལོ་མང་སོང༌། ། ཞེས་སོགས་གསུངས་པས་མཚོན་པར་ནུས་ལ། གདུལ་བྱ་ཐུན་མོང་བའི་ངོར་ཡང་སྣང་རིག་འདྲེས་པའི་རྟགས་སུ་རྡོ་ལ་ཕྱག་ཞབས་ཀྱི་རྗེས་འཇོག་པ་དང་གཞན་སེམས་ཤེས་པའི་མངོན་ཤེས་ཐོགས་མེད་དུ་གསུངས། སྐུ་གདུང་གིས་འབྱུང་བཞིའི་འཇིགས་པ་སྲུང་བ་སོགས་ངོ་མཚར་བའི་རྣམ་ཐར་མང༌། རིག་རྩལ་སོ་སོར་རྟོག་པའི་ཡེ་ཤེས་སུ་འབར་བས་སྒོམ་བྱུང་གི་ཤེས་རབ་ཀློང་རྡོལ་ནས་གསུང་རྩོམ་ཡང་པུསྟི་ཀ་བཞི་ལྔ་ཙམ་ཡོད་པ་གསུང་མགུར་ལས་གསལ་ཡང་སྡུད་པ་པོ་མ་བྱུང་བས་ད་ལྟ་ཆེར་མཇལ་དུ་མི་སྣང་ལ། གསུང་མགུར་ཁྲིད་ཡིག་རྩོད་ལན་སོགས་པོད་ཆུང་ཙམ་ཞིག་བཞུགས་པ་ནི་རྗེ་འདི་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་ཀློང་མངོན་དུ་གྱུར་པས་ཀུན་མཁྱེན་ཡབ་སྲས་ཀྱི་གསུང་དང་རྣམ་དབྱེར་མེད་པའི་ལེགས་བཤད་དུ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་དང༌། མི་ཕམ་འཇམ་པའི་དབྱངས་སོགས་དམ་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བསྔགས་པར་སྣང་ངོ༌། ། རྗེ་ཉིད་ཀྱི་ཐུགས་རྗེ་ཆེན་པོའི་ཡིག་དྲུག་ཞིག་རྡོ་ལ་ཕྱག་བྲིས་གནང་བ་རང་བྱོན་དུ་སོང་བ་དང་ནང་དུ་བཞུགས་པའི་རྡོ་མཁར་ལ་གྲུབ་ཆེན་ཤེར་འོད་ཀྱི་མ་ཎི་ཞེས་གྲགས་པ་ལ་ཕྱག་བསྐོར་བྱས་པས་ནད་གདོན་ལ་ཕན་པ་མྱོང་གྲུབ་མ་རི་ཁྲོད་པདྨ་འོད་གླིང་དུ་ད་ལྟའི་བར་བཞུགས་ཤིང་འགྲོ་དོན་ཤིན་ཏུ་རྒྱ་ཆེ། ཕྱིས་གྲུབ་ཆེན་མཆོག་གི་སྐུ་གདུང་རིལ་པོ་ཡང་དེར་བཞུགས་པ་དང༌། སྐུའི་སྐྱེ་སྲིད་དེ་མ་ཐག་པ་ནི་འཛམ་གླིང་ཆོས་ཀྱི་ཤིང་རྟ་གཅིག་པུ་བློ་གྲོས་མཐའ་ཡས་ཡིན་པ་རྗེ་བླ་མ་ཉིད་ཀྱི་རྣམ་ཐར་རྟོགས་བརྗོད་དུ་གསལ་པོར་ཞལ་གྱི་བཞེས་པས་ཤེས་པར་ནུས་སོ། །པཎ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལམ་འཇམ་མགོན་བསྟན་འཛིན་འཕེལ་རྒྱས་ནི། འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་སྤྲེལ་སྒོམ་བྱང་ཆུབ་སེམས་དཔའ་དང༌། གངས་ལྗོངས་སྣང་བའི་མིག་གཅིག་ཐུ་མི་སམ་བྷོ་ཊ། རྒྱལ་མོ་གཡུ་སྒྲ་སྙིང་པོ། དྲག་སྔགས་མཐུ་ཡི་བཀའ་བབས་དུམ་པ་རྒྱ་ཞང་ཁྲོམ། ཧེ་རུ་ཀ་པ་ཟུར་ཆུང་ཤེས་རབ་གྲགས་པ། ནག་ཚོ་ལོ་ཙཱ། གསལ་སྟོང་སྒོམ་ཤྭ། གཏེར་སྟོན་དྲི་མེད་ཀུན་དགའ། རྩེ་ལེ་སྣ་ཚོགས་རང་གྲོལ། ལོ་ཆེན་དྷརྨ་ཤྲཱི། མཁན་ཆེན་ཨོ་ཊི་ཡཱ་ན་རྣམས་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་རྣམ་འཕྲུལ་དུ་ལུང་གིས་ཟིན་ཅིང༌། སྐུ་དངོས་ཀྱི་སྐྱེ་བ་སྔ་མ་ནི་གྲུབ་དབང་པདྨ་རྒྱལ་མཚན་གྱི་རིགས་དབོན་རྟོགས་ལྡན་སངས་རྒྱས་རབ་བརྟན་ཞེས་རྗེ་རབ་འབྱམས་གཉིས་པའི་ཐུགས་སྲས་ཀྱི་གཙོ་བོ་ཚེ་དང་སྒྲུབ་པ་མཉམ་པ་དེ་ཉིད་ཡིན། མེ་མོ་ལུག་གི་ལོ་ལ་མདོ་ཁམས་ལྷོ་རྒྱུད་དུ་ངོ་མཚར་བའི་ལྟས་དང་བཅས་ཏེ་འཁྲུངས། འཁྲུངས་མ་ཐག་ཐུགས་ཆེན་སྙིང་པོ་ཡིག་བཅུ་གསུངས་པ་དང༌། ཀློག་ཡིག་མ་བསླབས་གོང་ཀཻ་ཤ་ཅན་གྱི་ཡི་གེ་གཟིགས་ཚེ་འདི་ཀློག་དུས་སྒྲ་རིང་པོར་འཐེན་དགོས་གསུངས་པས་མཚོན་ངོ་མཚར་བའི་ལོ་རྒྱུས་མང༌། དགུང་ལོ་བཞི་ཐོག་གོང་མའི་གདན་ས་གཤང་ནག་རི་ཁྲོད་དུ་སྤྱན་དྲངས། དེ་ནས་མི་རིང་བར་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭ་ཆེན་པོ་འདིར་བྱོན་ནས་རིགས་བདག་མཚུངས་མེད་རྒྱལ་ཚབ་བསྟན་འཛིན་ཆོས་རྒྱལ་གྱི་ཞབས་པད་བརྟེན་པས་དགོངས་པའི་གསང་མཛོད་ལོན། དམ་པ་དེ་ཉིད་ཀྱིས་བསྐུལ་བ་བཞིན། སྔ་འགྱུར་བསྟན་པའི་ཆུ་འགོ་གཅིག་པུར་གྱུར་པའི་དབུས་འགྱུར་མ་ག་དྷ་གཉིས་པ་ཀཿཐོག་རྡོ་རྗེ་གདན་དུ། ཀུན་གཟིགས་མ་ཧཱ་པཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱི་ཞབས་པད་ལོ་ལྔར་བརྟེན་ནས་བཅུ་ཕྲག་རིག་པ་ཡན་ལག་དང་བཅས་པ་ཐུགས་སུ་ཆུད་ཅིང་དོན་གྱི་བསྟན་པ་གཏད། གོང་སྨོས་འགྲན་ཟླ་དང་བྲལ་བའི་བཀའ་དྲིན་ཅན་གྱི་བླ་མ་རྣམ་གཉིས་དང༌། གཞན་ཡང་སྨིན་གླིང་ཁྲི་ཆེན་པདྨ་དབང་རྒྱལ་སོགས་བཤེས་གཉེན་ལྔ་ཕྲག་ལྔ་བསྟེན་ནས་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་ཏེ་ཐམས་ཅད་མཁྱེན་པའི་གནས་ལ་བདག་གིར་མཛད། དེ་དག་ཀྱང་ཐོས་པ་ཙམ་དུ་མ་བཞག་པར་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་ལོ་གསུམ་དང༌། སྒྲུབ་སྡེ་བདེ་ཆེན་པདྨ་འོད་གླིང་དུ་ལོ་དྲུག་གཙོ་བོར་གྱུར་པ་བསམ་སྒོམ་གྱིས་གཏན་ལ་ཕབ་པས་ཟབ་ལམ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་རྩ་བསྙེན་དུང་ཕྱུར་ལྗགས་བཟླས་སོགས་བསྐྱེད་རྫོགས་ཀྱི་ཉམས་བཞེས་ལ་དྲིལ་བས་གྲུབ་པའི་རྒྱལ་ས་མཐོན་པོར་གཤེགས་པ་ཡིན་ཏེ། ཕྱི་ཚུལ་དམ་པའི་ཆོས་འདུལ་བ་ནས་གསུངས་པའི་ཁྲིམས་ཉིས་བརྒྱ་དང་ལྔ་བཅུར་ཉེས་ལྟུང་གིས་རྙོགས་མས་མ་བསླད་པའི་མཁན་ཆེན་འདུལ་བ་འཛིན་པ་ཆེན་པོ། ནང་དུ་རང་དོན་ཡིད་བྱེད་ཀྱི་འཆིང་བ་ལྷོད་པོར་གྱུར་པས་རྟག་པར་གཞན་དོན་ལས་མི་གཡེལ་བའི་རྒྱལ་སྲས་སེམས་དཔའ་ཆེན་པོ། གསང་བར་དམ་ཚིག་རྣམ་པར་དག་ཅིང་རིམ་གཉིས་ཀྱི་ལམ་མཐར་གཤེགས་པའི་སྔགས་སྤྱོད་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ། ཡང་གསང་རྫོགས་པ་ཆེན་པོ་ལྷུན་གྲུབ་འོད་གསལ་གྱི་སྣང་བ་ཚད་ལ་ཕེབས་ཏེ་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོར་མཉམ་པ་ཉིད་དུ་སྤྱོད་ནུས། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་དང༌། དཔལ་སྤྲུལ་ཆོས་ཀྱི་དབང་པོ་གཉིས་བྱ་བྲལ་བའི་ཚུལ་གྱིས་གསན་སྦྱང་གནང་བ་ལ་དབོན་སྤྲུལ་རིན་པོ་ཆེས་གྲྭ་འཁོར་ཀུན་ལ་ཁྱེད་རྣམས་ཀྱིས་འདི་རྣམ་པ་གཉིས་ཀུ་ས་ལི་རེད་སྙམ་བརྙས་བཅོས་མི་རུང་མ་འོངས་བར་བསྟན་ལ་བྱ་བ་ནུས་པ་བཻ་རོ་ཙཱ་ན་དང་ཞི་བ་ལྷར་གྲགས་པ་འབྱུང་ཞེས་གསུང་པས་མཚོན་དུས་གསུམ་སྒྲིབ་མེད་དུ་གཟིགས་པས་ལྐོག་གྱུར་གྱི་ཆོས་ཀུན་གཏན་ལ་དབབ་པ་ལ་མི་བསྙེངས། དམ་ཅན་བྲན་དུ་ཁོལ་བས་ལས་གང་བཅོལ་ཐོགས་མེད་དུ་གྲུབ་ཀྱང་གཞན་ལ་གནོད་པའི་མཐུ་གཏད་དང་ལས་སྦྱོར་མི་མཛད། ལུང་རིགས་ཀྱི་སྤོབས་པ་མཐོ་བས་འཇིགས་མེད་སེང་གེའི་ངང་ཚུལ་བརྟན་ཡང་གཞན་ལུགས་ཀྱི་གྲུབ་མཐར་དཔྱས་གདགས་མི་གནང༌། དགོན་གཙང་ཁག་ལྔ་སོགས་ཆེན་པོ་རྣམས་ཀྱི་ཏི་ཤྲཱི་བཀུར་ཡང་ཁེངས་དྲེགས་དང་སྙེམས་པ་མི་མངའ། ཆོས་བརྒྱད་ཀྱི་འཛིན་པ་དག་པས་ཆེ་ཐབས་དང་སྙན་གྲགས་མི་སྒྲུབ། གསུང་རབ་ཐམས་ཅད་གདམས་ངག་ཏུ་ཤར་བས་གྲུབ་མཐའི་ཁ་འཛིན་དང་ཕྱོགས་ཞེན་མི་མངའ་བ་སོགས་དམ་པའི་རྣམ་ཐར་སྨོས་ཀྱི་མི་ལང༌། རྒྱལ་དབང་བཅུ་བཞི་པ་ཐེག་པ་མཆོག་གི་རྡོ་རྗེས་ཟེ་ཆེན་མ་ཧཱ་པཎྜི་ཏ་ཞེས་པའི་མཚན་གྱི་ཅོད་པན་དཔྱངས་ཏེ་ཤེ་བམ་གནང༌། དགུང་གྲངས་བཅུ་དགུའི་ཐོག་རྒྱལ་ཚབ་མཆོག་ནས་བསྟན་པ་གཏད་པས་དེ་ཕྱིན་ཆོས་སྡེ་ཆེན་པོ་འདི་ཉིད་མ་ལག་དང་བཅས་པའི་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་སླར་འཕེལ། ཐིག་ལེ་སྟོང་གསལ་ཆེན་པོའི་རྒྱུད་ཀྱི་ལུང་དོན་གསལ་བྱེད་ཐེག་པ་མཐའ་དག་གི་ལམ་རིམ་སྦྲང་ཆུང་རྩི་བཅུད་སོགས་ལེགས་བཤད་ཀྱི་གཏེར་ཆེན་པོར་གྱུར་པའི་བཀའ་རྩོམ་ཡང་པོད་དྲུག་ཏུ་ལངས་བས་མཚོན་འཁོར་ལོ་གསུམ་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས་པའི་རྩ་བའི་ཐུགས་དམ་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱིས་མཆོག་གི་དབང་སྡུད་གྲུབ་པས་ཞལ་སློབ་ཀྱི་གཙོ་བོར་ངོ་མཚར་བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པ། མཛོད་ལྔའི་ཤིང་རྟ་ཀུན་མཁྱེན་བློ་གྲོས་མཐའ་ཡས། བཻ་ལོ་ཚེ་དབང་ཀུན་ཁྱབ་ཀྱི་རྣམ་འཕྲུལ་སྒོམ་མེད་རོ་གཅིག་གི་རྟོགས་པ་མངོན་དུ་བརྙེས་པའི་ལྔ་རིག་སྨྲ་བའི་དབང་པོ་ལྷོ་ཨ་གྲོ་སྒྲ་རམས་པ་གྲུབ་དབང་བསྟན་འཛིན་ཉི་མ། མདོ་རྒྱུད་རིག་གནས་དང་བཅས་པ་ཁོང་དུ་ཆུབ་པའི་ལྷོ་སེང་ཚ་སྨན་རམས་པ་བློ་གྲོས་མཆོག་རྒྱས་འོད་ཟེར་ཏེ་ནང་ཐུགས་ཀྱི་སྲས་བཞི་དང༌། འཕགས་མཆོག་སྡུག་བསྔལ་རང་གྲོལ་མི་ཡི་བརྫུ་ལ་ཞུགས་པ་མཁྱེན་རྟོགས་འཕགས་ཡུལ་གྱི་སློབ་དཔོན་ཤཱནྟ་དེ་ཝ་དང་རྣམ་དབྱེར་མ་དམིགས་པ་རྫ་དཔལ་དགེ་སྤྲུལ་སྐུ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། པདྨའི་ཐུགས་སྤྲུལ་མདོ་ཁམས་ལྔ་པ་སྒྲུབ་བརྒྱུད་ཉི་མ། ཞྭ་སེར་བསྟན་པའི་གཙུག་རྒྱན་བྲག་གཡབ་སྐྱབས་མགོན་ནོ་མི་ཧན། ཏྲེ་ཧོར་དགོན་གསར་ཆོས་རྗེ། ཀཿཐོག་རྡོ་རྗེ་གདན་གྱི་ཆོས་ཀྱི་ཁྲི་སྐྱོང་བ་སི་ཏུ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས། སྔ་འགྱུར་བསྟན་པའི་སྒྲོན་མེ་མཆིམས་ཕུའི་ཟུར་མཁར་སྤྲུལ་སྐུ། རྒྱལ་ཚབ་གསུམ་པ་པདྨ་འོད་ཟེར་མི་བསྐྱོད་མཁས་གྲུབ་རྒྱ་མཚོ་སོགས་རང་དགོན་མ་ལག་རྣམས་ཀྱི་བླ་སྤྲུལ་དམ་པ་རྣམས་ཀྱིས་མཚོན་ཆེ་བཙུན་མཁས་པའི་བཤེས་གཉེན། ལུང་རིགས་སྨྲ་བའི་སྟོན་ཆེན། ཉམས་མྱོང་ཅན་གྱི་སྒྲུབ་པ་པོ་བསྟན་ལ་ཕྱག་རྗེས་ཆེ་བའི་མཁས་གྲུབ་མཐའ་ཡས་པ་བྱུང༌། དེ་དག་སློབ་བརྒྱུད་དང་བཅས་པའི་ཕྲིན་ལས་ཀྱིས་ས་ཆེན་པོ་འདི་ཉིད་ཁྱབ་པ་བཞིན་དུ་གྱུར་པ་ནི་མངོན་སུམ་གྱིས་གྲུབ་པ་འདིའོ། །རྗེ་དེ་ཉིད་ཀྱི་རྣམ་ཐར་སྐལ་བཟང་མགུལ་རྒྱན་ཞེས་ཀུན་གཟིགས་མཁྱེན་བརྩེའི་དབང་པོའི་གསུང་གིས་བསྐུལ་ཏེ་དབོན་སྤྲུལ་རིན་པོ་ཆེའི་ཞལ་སློབ་མཁས་དབང་ཞིག་གིས་མཛད་པ་པོད་གཅིག་ཙམ་བཞུགས། དེ་ཉིད་ཀྱི་སྤྲུལ་སྐུ་འཇམ་མགོན་རྡོ་རྗེ་འཆང་རྣམ་པ་གཉིས་སོགས་དམ་པ་དུ་མས་ལུང་བསྟན་བཞིན་གདན་སར་མངའ་གསོལ་ཀྱང་གོང་མའི་མཛད་རྒྱུན་བསྐྱངས་ཏེ་ཡུན་རིང་མ་བཞུགས་ཤིང༌། གྲུབ་པའི་མཛད་སྤྱོད་ཅན་དུ་བྱུང་བ་སྦས་ཚུལ་གྱིས་འགྲོ་དོན་ཅི་རིགས་མཛད། དེ་ཉིད་ཀྱི་སྤྲུལ་སྐུ་རྒྱལ་ཚབ་གསུམ་པ་དང༌། འཇམ་མགོན་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ཡབ་སྲས་ཀྱི་ངོས་འཛིན་བཞིན་ཁྲི་ལ་མངའ་གསོལ་ཞིང་ཚུལ་གནས་གསན་བསམ་སྒོམ་པ་སོགས་དམ་པའི་ཡོན་ཏན་མངའ་བའི་སྐྱེས་བུ་ཁྱད་པར་ཅན་ཆོས་སྲིད་ཀྱི་མཛད་པས་གདན་ས་བསྐྱངས་བར་མཛད་ཀྱང་དུས་ཀྱི་འགྱུར་བས་ཕྲིན་ལས་ཀྱི་མཐའ་བརྟུལ་བའོ། །འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་ཁོ་བོའི་བླ་མ་ཞེ་ཆེན་དབོན་སྤྲུལ་རིན་པོ་ཆེ་སྐུ་བཞུགས་པའི་སྐབས་གསུང་འཕྲོས་སུ་ཕྲན་སྐྱེ་བ་རྗེས་མ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་བསྟན་ལ་བྱ་བ་བྱེད་ནུས་པ་ཞིག་ཏུ་སྐྱེ་བའི་སྨོན་ལམ་བཏབ་ཀྱི་ཡོད་གསུང་དར་བས་དབོན་སྤྲུལ་རིན་པོ་ཆེ་སྐུ་གཤེགས་རྗེས་ཁོ་བོ་སྨིན་གྲོལ་གླིང་དུ་སླེབས་པས་གྲྭ་བཙུན་སྐུ་གཞོན་སྐྱེ་མཆེད་ཤིན་དུ་གཙང་བ་ཀུན་སྤྱོད་ཆོས་མཐུན་གསུང་སྐད་ཤིན་ཏུ་ཆེ་བ་བྱང་འདྲེན་གསར་ཕེབས་མཁས་པ་ཞིག་འདུག་པ་དེ་དབོན་སྤྲུལ་རིན་པོ་ཆེ་མིན་ནམ་སྙམ་པ་བྱུང་ཞེས་འཇམ་མགོན་དངོས་སློབ་མཁས་དབང་བླ་མ་བཀྲ་འཕེལ་གྱི་ཞལ་ལས་ཐོས། ༣༽ སྐུ་ཕྲེང་གསུམ་པ་འགྱུར་མེད་པདྨ་རྣམ་རྒྱལ། རྒྱལ་ཚབ་སྐུ་ཕྲེང་གསུམ་པ་འགྱུར་མེད་པདྨ་རྣམ་རྒྱལ་ནི། སྐུ་གོང་མ་ཨུ་རྒྱན་རང་བྱུང་རྡོ་རྗེ་ཉིད་སྐུ་མ་གཤེགས་པའི་སྔ་ལོ་ནས་གསོལ་དཔོན་མཚན་པདྨ་རང་བྱུང་ལ། ཨ་གྲོ་སྒྲ་རམས་པ་གྲུབ་དབང་བསྟན་པའི་ཉི་མའི་མདུན་ཕྱག་བྲིས་རྟེན་བཅས་བསྩལ་གནང་ནས་རྗེ་དེའི་ཡོན་ཏན་གྱི་བསྔགས་བརྗོད་མང་པོ་ཉིན་ཁ་ཤས་གསུང་ནས་ཁྱེད་རང་དེ་མདུན་ཡོན་ཏན་སློབ་དུ་སོང་ལ་ལོ་གསུམ་དུ་སྡོད། དེ་ནས་ངའི་རྩར་བཅར་ཤོག་བཅས་ཆེད་བཏང་མཛད་པ་སྒྲ་རམས་པའི་མདུན་ལྷོ་རྒྱུད་ཀེ་སྟོད་དུ་ཕྱིན་པ་སྒྲ་རམས་པར་ཕྱག་བྲིས་ཕུལ་བ་ཞལ་ཕྱེ་སྟེ་གཟིགས་ནས་སྤྱན་ཆབ་ཕྲུལ་གྱིས་བྱུང༌། རྒྱལ་ཚབ་རིན་པོ་ཆེ་ད་ཡུན་རིང་དུ་མི་བཞུགས་པར་འདུག་གསུངས། ཕྱག་བྲིས་རྟེན་བྱིན་གྱི་ནང་དུ་ཚིགས་བཅད་མང་པོ་ཡོད་པ་བསྩལ་བ་ཚིག་མ་དྲན་ཀྱང་དོན་སྐུ་ཚེ་འདིར་བླ་བྲང་དང་དཀོར་གཡེང་གིས་ཐུགས་སུན། སྐུ་ན་ཡང་སྨིན་བསྔོས་ཤ་བཞེས་པའི་རྣམ་སྨིན་རེད་གསུངས་ཏེ་ལྗགས་ལ་སྙུན་གྱིས་ཐེབས་པ་སོགས་ཀྱིས་ལུས་རྟེན་འདི་ཡུན་རིང་བཞུགས་འདོད་མེད་པས་སྐུ་རྗེས་མ་དབེན་གནས་ངེས་མེད་དུ་འགྲིམ་སྙིང་པོའི་སྒྲུབ་པ་ལྷུར་ལེན་པའི་བྱ་བྲལ་རབ་བྱུང་གི་མཛད་པ་ཅན་ཞིག་ཉིད་ཀྱི་འཁྲིས་དེར་སྐྱེ་བ་བཞེས་པའི་དགོངས་པ་ཡོད་ཚུལ་གསལ་བར་གསུངས། གསོལ་དཔོན་ཀྱང་བླ་མའི་བཀའ་བཞིན་བཞུགས་པས་རྒྱལ་ཚབ་མཆོག་སྤྲུལ་རིན་པོ་ཆེ་དང་ལྷན་རྒྱས་ལོ་གསུམ་ནས་ཞེ་ཆེན་དགོན་དུ་ཕེབས་ཆོག་པ་བྱུང༌། ཨ་གྲོ་སྒྲ་རམས་པའི་མནལ་ལམ་དུ་མཁའ་འགྲོ་མ་དཀར་མོ་མདའ་དར་ཚེ་བུམ་ཐོགས་པ་ཞིག་གིས་གུ་རུ་རིན་པོ་ཆེའི་སྐུ་ཚབ་ཞིག་ཕྱག་ཏུ་གཏད་ནས་ཚིགས་སུ་བཅད་པའི་ལུང་བསྟན་གསུངས་པའི་དོན་བཞུགས་གནས་འདིའི་ཕུར་བྲག་དཀར་འདི་གུ་རུས་བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་ཡིན་པ་དང༌། གནུབས་བན་ནམ་མཁའི་སྙིང་པོ་ཁྱིམ་འདིར་སྐུ་འཁྲུངས་པས་བར་ཆད་སེལ་བ་དང་རྟེན་འབྲེལ་ལེགས་ཕྱོགས་སུ་ཁྱོད་ནས་སྤེལ་དགོས་པའི་ཚུལ་དང༌། མཁའ་འགྲོ་ཉིད་ཤེལ་དཀར་རྡོ་རྗེ་མཚོ་ཡིན་པའི་དག་སྣང་གསལ་བར་བྱུང་མཐར་སྐུ་ཚབ་རུམ་དུ་བཅུག་པར་རྨིས་པ་བཞིན་རབ་བྱུང་བཅུ་བཞི་པའི་བྱེ་བྲག་སྐྱེས་བདག་ཅེས་པ་ལྕགས་མོ་ལུག་གི་ལོར། ཡབ་ཨ་གྲོ་ཤེས་རབ་དང༌། ཡུམ་འབྲོང་པ་བཟའ་ནམ་མཁའ་སྒྲོན་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་མ་ཐག་སྤྱན་ཁྲ་ཧྲིག་གེར་གཟིགས་པ་སོགས་ངོ་མཚར་གྱི་རྟགས་མཚན་བྱུང༌། གེ་སར་གྱི་གསོལ་མཆོད་ལ་སོགས་པའི་གསུང་རྩོམ་འགའ་ཞིག་གི་གཤམ་དུ་སྨུག་པོ་གདོང་གི་རིགས་ལས་སྐྱེས་པའི་རྣལ་འབྱོར་པ་ཞེས་གསུངས་པས་སྐུ་ཡི་རིགས་དེ་ལྟར་ཡིན་པར་མངོན། སྤྱིར་རྗེ་བླ་མ་རིན་པོ་ཆེ་མཆོག་ལ་བསྐྱེད་ཡབ་ནས་ཞུས་པའི་ངོར་མཛད་པའི་ཨོ་རྒྱན་རྡོ་རྗེ་འཆང་གི་བླ་མའི་རྣལ་འབྱོར་གྱི་གཤམ་དུ་མཛད་བྱང་ལ། ལུས་བསྐྱེད་པའི་དྲིན་ལྡན་པྲཛྙཱའི་ངོར་ཞེས་གསུངས་པ་བཞིན་ཡབ་རྗེ་ཉིད་གསོལ་འདེབས་ལེའུ་བདུན་མ་ཐུགས་དམ་གྱི་མཐིལ་མཛད་པ་དང་དད་མོས་ཐུགས་རྒྱུད་བརྟན་པ་སོགས་གང་ཟག་ཁྱད་པར་ཅན་དུ་ངེས་ཀྱང་སྐུ་འཁོར་ནང་མ་དག་གིས་རྗེ་བླ་མ་མཆོག་གི་ཡབ་ནི་སྒྲ་རམས་པ་ཡིན་ཞེས་གསུང་པ་ཕྱིས་ཟུར་མང་དྲུང་པ་རིན་པོ་ཆེའི་ཡུམ་ལ་བཀའ་འདྲི་ཞུས་པས་དེ་བཞིན་ངེས་ཞེས་གསུངས། ཨ་གྲོ་སྒྲ་རམ་པས་རྒྱལ་ཚབ་རིན་པོ་ཆེ་སྐུ་འཁྲུངས་མ་ཐག་ཁྲུས་དང་ཐུགས་རབ་འཕེལ་བའི་རྟེན་འབྲེལ་རྫས་སྔགས་སོགས་མཛད་ནས་མཚན་ཚེ་རིང་འབྲུག་རྒྱལ་དུ་གསོལ། སྒྲ་རམ་པ་འདི་ནི་ཞེ་ཆེན་དབོན་སྤྲུལ་རིན་པོ་ཆེ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དང༌། རྒྱལ་ཚབ་སྐུ་ཕྲེང་གཉིས་པ་ཨོ་རྒྱན་རང་བྱུང་རྡོ་རྗེ་སོགས་དམ་པའི་སྐྱེས་ཆེན་དུ་མ་བསྟེན་ཏེ་ཕྱི་ནང་གི་རིག་པའི་གནས་མཐའ་དག་མཁྱེན་པའི་མ་ཧཱ་པཎྜི་ཏ། རྒྱ་ནག་རི་བོ་རྩེ་ལྔར་བྱོན་སྐབས་པཎ་ཆེན་བི་མ་མི་ཏྲ་དངོས་སུ་མཇལ་བ་སོགས་བླ་མ་དང་ལྷག་པའི་ལྷ་དུ་མས་རྗེས་སུ་བཟུང་ཞིང་དངོས་གྲུབ་རྣམ་པ་གཉིས་ལ་དབང་ཐོབ་པའི་རིག་འཛིན། ཉམས་རྟོགས་ཀྱི་གདེང་ཚད་བརྙེས་པའི་འཁྲུལ་ཞིག་རྣལ་འབྱོར་ཆེན་པོ་ཡིན་ཞིང༌། བོད་དབུས་གཙང་ལྷོ་གསུམ། རྒྱ་ནག་རི་བོ་རྩེ་ལྔ་སོགས་གནས་གཟིགས་རྒྱ་ཆེར་ཕེབས། གསུང་རྩོམ་མཁས་པའི་ལེགས་བཤད་མང་དུ་བཞུགས་པའི་སྐྱེས་བུ་དམ་པ་ཁྱད་པར་ཅན་ཡིན་ལ། བཻ་ལོ་ཚེ་དབང་ཀུན་ཁྱབ་ཀྱི་རྣམ་འཕྲུལ་དུ་གྲགས་པ་དོན་ལ་གནས་པས་རྗེ་བླ་མ་རིན་པོ་ཆེའི་མཚན་འཇམ་དབྱངས་མཁས་གྲུབ་རྒྱ་མཚོ་ཞེས་པའང་དམ་པ་འདིས་ཕུལ་བ་ཡིན་སྙམ་དྲན། སྐུ་གོང་མའི་ལུང་བྱང་དང་ཐམས་ཅད་མཁྱེན་གཟིགས་མཁྱེན་བརྩེའི་དབང་པོའི་མཆོག་སྤྲུལ་མྱུར་བྱོན་གྱི་གསོལ་འདེབས་ནི།མཚུངས་བྲལ་བསྟན་འགྲོའི་དཔལ་མགོན་རྒྱལ་ཚབ་མཆོག་སྤྲུལ་རིན་པོ་ཆེའི་མྱུར་བྱོན་གསོལ་འདེབས་དོན་ཀུན་གྲུབ་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭ་སྟི་སིདྡྷི། ཨོ་རྒྱན་ཆེན་པོའི་བྱིན་བརླབས་རིག་པ་འཛིན། ། རངྃ་བྱུངྃ་ཡེ་ཤེས་མངོན་གྱུར་ནམ་མཁའི་སྙིང༌། ། རྡོྃ་རྗེྃ་སློབ་དཔོན་མཆོག་ཏུ་རྣམ་རོལ་པའི། ། ཁྱབ་བདག་བླ་མ་འབོད་དོ་བརྩེ་བས་དགོངས། ། མགོན་ཁྱོད་གདོད་ནས་འཕོ་འགྱུར་ལས་འདས་པ། ། འཆི་མེད་རྟག་པའི་གོ་འཕང་མངོན་བརྙེས་ཀྱང༌། ། གདུལ་བྱའི་སྣང་ངོར་ཞིང་གཞན་གཤེགས་པ་ཡིས། ། བདག་ཅག་ཉམ་ཐག་གྱུར་པ་འདི་གཟིགས་སམ། ། དེ་ཕྱིར་ཟག་མེད་ཐུགས་ཀྱི་དགོངས་པ་མཆོག ། དོན་གྱི་འོད་གསལ་དབྱིངས་སུ་རྫོགས་པ་དང༌། ། མི་སློབ་ཟུང་འཇུག་ཡེ་ཤེས་སྒྱུ་མའི་གར། ། སྤྲུལ་པའི་སྣང་བརྙན་མྱུར་དུ་འབྱོན་མཛད་གསོལ། ། ཕུན་སུམ་ཚོགས་པའི་གཟིགས་པ་རྣམ་པ་ལྔས། ། བསམ་བཞིན་སྲིད་པ་ཉེ་བར་བཟུང་བ་ལ། ། བར་ཆད་ཀུན་ཞི་གསན་བསམ་སྒོམ་གསུམ་རྫོགས། ། བསྟན་དང་འགྲོ་བའི་དོན་ཀུན་ལྷུན་གྲུབ་ཤོག ། རྩ་བརྒྱུད་བླ་མ་མཆོག་གསུམ་ཡི་དམ་ལྷ། ། མཁའ་འགྲོ་ཆོས་སྐྱོང་སྲུང་མའི་བདེན་སྟོབས་དང༌། ། ཆོས་ཉིད་ཆོས་ཅན་རྒྱུ་འབྲས་བསླུ་མེད་མཐུས། ། ཇི་ལྟར་གསོལ་བ་བཏབ་བཞིན་འགྲུབ་གྱུར་ཅིག ། ཅེས་པའང་སྔ་འགྱུར་བསྟན་པའི་རྩ་ལག་ཆེན་པོ་ཞེ་ཆེན་བླ་བྲང་ནས་གསུང་བསྐུལ་གནང་བ་ལྟར། ཤཱཀྱའི་བཙུན་པ་བྱ་བྲལ་འཇམ་དབྱངས་མཁྱེན་བརྩེས་དབང་པོས་རྩེ་གཅིག་གུས་པའི་གདུང་ཤུགས་དྲག་པོས་གང་ཤར་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་རྡོ་རྗེའི་གསུང་ཡེ་ཤེས་གཟིགས་པ་དག་པའི་བཀའ་ལུང་བཞིན་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེའི་མཆོག་སྤྲུལ་དུ་མཚན་གྱི་དྲིལ་སྙན་པར་བསྒྲགས་པས་རྣམ་པར་དཀར་བའི་དད་དམ་གཙང་བའི་འཁོར་གྱི་ཚོགས་དབུགས་དབྱུང༌། གྲུབ་པའི་དབང་ཕྱུག་མདོ་ཁམས་པ་བསྟན་པའི་ཉི་མས། ཨོ་རྒྱན་མི་འགྱུར་ཀུན་བཟང་བསྟན་པའི་རྒྱལ་མཚན་ཞེས་མཚན་འབུལ་དང་བཅས་ཞེ་ཆེན་རྒྱལ་ཚབ་ཀྱི་མཆོག་སྤྲུལ་དུ་ནོར་འཁྲུལ་མེད་པར་ལུང་བསྟན་པ་བཞིན་རྫོགས་ཆེན་རབ་འབྱམས་ལྔ་པ་འགྱུར་མེད་ཀུན་བཟང་བསྟན་པའི་ཉི་མ་མཆོག་གིས་མདོ་སྨད་སྔ་འགྱུར་བསྟན་པའི་འབྱུང་གནས་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་སེང་གེའི་ཁྲི་ལ་མངའ་གསོལ། འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོས་སྐུ་གསུང་ཐུགས་རྟེན་ཁྱད་འཕགས་བཅས་ཞབས་བརྟན་ཚིགས་བཅད་ལྟར་མཚན་འགྱུར་མེད་པདྨ་བསྟན་འཛིན་མཁས་གྲུབ་རྒྱ་མཚོའི་དབང་པོའི་སྡེ་ཞེས་བསྩལ། རྗེ་ཉིད་ཀྱི་སྐུའི་ཁུ་བོ་བླ་མ་སྐྱིད་གཡང་ཞེས་པ་ཡོངས་འཛིན་དུ་བཞུགས་ནས་ཕྱག་བྲིས་འབྲི་ཀློག་ནས་བརྩམས། སུམ་རྟགས། དག་ཡིག སྙན་ངག བརྡ་སྤྲོད་ཀྱི་གཞུང་ཀཱ་ཙན་དབྱངས་ཅན་མ། རྩིས་སྐར་ནག སྡེབ་སྦྱོར་སོགས་གཙུག་ལག་རྒྱ་མཚོའི་གནས་ལ་གསན་སྦྱང་མཛད། སྐྱེས་སྦྱང་གི་མཁྱེན་བརྩོན་འགྲན་ཟླ་དང་བྲལ་བས་བསྟན་ལ་བྱ་བ་ནུས་པའི་སྐྱེས་བུ་ཆེན་པོར་གྱུར། རུ་དམ་རྫོགས་ཆེན་གྱི་མཁན་ཆེན་པདྨ་བཛྲ་འམ་པདྨ་དམ་ཆོས་འོད་ཟེར་ཞེས་སྤྲུལ་པའི་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་རྩ་གསུམ་བདེ་གཤེགས་འདུས་པའི་ཆོས་སྡེའི་ལུང་བྱང་དུ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་འཕྲུལ་དུ་བསྔགས་པ་ལས་དགེ་ཚུལ་གྱི་བསླབ་པ་བཞེས་ནས་མཚན་འགྱུར་མེད་པདྨ་རྣམ་རྒྱལ་དུ་གསོལ། ཁྲོ་ཤུལ་མཁན་ཚུལ་ཁྲིམས་རྒྱ་མཚོ་ཞེས་ཀཿཐོག་དགེ་རྩེ་པཎྜི་ཏ་དང༌། དབོན་སྤྲུལ་མཐུ་སྟོབས་ཞབས་ཀྱི་ཐུགས་སྲས་མཁས་བཙུན་བཟང་པོའི་ཡོན་ཏན་འགྲན་ཟླ་དང་བྲལ་བའི་སྡོམ་བརྩོན་སྡེ་སྣོད་འཛིན་པའི་ཁྱུ་མཆོག་ལས་སྤྱོད་འཇུག སྡོམ་གསུམ་རྣམ་ངེས་དང་འགྲེལ་ཆེན་དཔག་བསམ་སྙེ་མ། བྱམས་ཆོས་སྡེ་ལྔ་སྒྱུ་འཕྲུལ་གསང་བ་སྙིང་པོ་ཟུར་ལུགས་ཀྱི་བཤད་བཀའ་གསང་བདག་དགོངས་རྒྱན་དང༌། ཞལ་ལུང་ཡན་ལག་གི་ཡིག་ཆ་དང་བཅས་པ། ཡོན་ཏན་མཛོད་རྩ་འགྲེལ་གཉིས་ཀ་སོགས་འཕགས་བོད་ཀྱི་གཞུང་མདོ་སྔགས་ཀྱི་སྐོར་ལ་གསན་སྦྱང་མཐིལ་ཕྱིན་པར་གནང༌། རྒྱལ་བཀའ་རིན་པོ་ཆེའི་ལྗགས་ལུང་དང་བསྙེན་རྫོགས་ཀྱི་བསླབ་པའང་རྗེ་འདི་ལས་བཞེས། གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལས་ཟབ་རྒྱས་ཀྱི་ཤིང་རྟ་གཉིས་ཀྱི་བྱང་ཆུབ་སེམས་སྡོམ་སྨིན་གཏེར། རྩེ་ལེ་རིན་པོ་ཆེ། ཀུན་གཟིགས་མཁྱེན་བརྩེའི་ཡིག་ཆ་ལྟར་གསན་ཞིང་མཚན་རྒྱལ་སྲས་གཞན་ཕན་ཆོས་ཀྱི་བློ་གྲོས་སུ་གསོལ། བཀའ་གདམས་བློ་སྦྱོང་གི་ཟབ་ཁྲིད་རྒྱ་ཆེ་བ་དང༌། དྭགས་པོ་རིན་པོ་ཆེའི་ཐར་རྒྱན། ལམ་མཆོག་རིན་ཆེན་ཕྲེང་བ། ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས་དང་ཟབ་ཁྲིད། བྱང་གཏེར་དང་རྡོར་གླིང་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་ཁྲིད་ལུང་རྣམས་ཉེ་བརྒྱུད་དུ་བཀའ་བབས་རིམ་བཞིན་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་དང་ལྷན་དུ་གསན། རྡོར་གླིང་བཀའ་བརྒྱད་ཀྱི་དབང་ཆེན་གནང་སྐབས་ཉང་གཏེར་བཀའ་བརྒྱད་བདེ་འདུས་དང་འདི་གཉིས་ཚིག་དོན་ཐམས་ཅད་གཅིག་པར་འདུག་པས་ཕྲན་ལས་དབང་ཆེན་དེ་གཉིས་གང་ཐོབ་ཀྱང་བརྒྱུད་པ་ཆུ་བོ་གཅིག་འདྲེས་ཡིན་པས་གང་ལྟར་བགྲང་ཡང་རུང་ཞེས་གསུངས། རྡོར་སེམས་ཐུགས་ཀྱི་སྒྲུབ་པ་གཙོར་མཛད་པའི་སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་ཟབ་གཏེར་ཡོངས་རྫོགས་ཀྱི་དབང་ཁྲིད་ལུང་བཅས་དང༌། དགའ་རབ་སྙིང་ཐིག་གི་ཡི་དམ་ཞི་ཁྲོ་གཉིས། སངས་རྒྱས་མཉམ་སྦྱོར། ཨ་ཏི་ཟབ་དོན་སོགས་མཆོག་གླིང་གི་གཏེར་ཆོས་ཟབ་རྒྱ་ཅན་དང༌། ཀུན་མཁྱེན་འཇིགས་མེད་གླིང་པའི་བཀའ་འབུམ་པོད་དགུའི་ལུང༌། ཀློང་ཆེན་སྙིང་ཐིག་གི་རིག་འཛིན་འདུས་པའི་དབང་ཆེན་གཏད་རྒྱ་བཅས་གནང་ནས་སྙིང་ཐིག་གི་དབང་ཁྲིད་རྣམས་འཇུ་དབོན་པོ་འཇིགས་མེད་རྡོ་རྗེ་ལ་དབང་ཁྲིད་ཡོངས་རྫོགས་ཕྲན་གྱིས་བཏོན་ཡོད་པས་དེ་ལས་གསན་ཏེ་བརྒྱུད་པ་ང་ལ་བགྲངས་དང་ཆོག་གསུངས། ཁྱད་པར་རྡོ་རྗེ་ཕུར་པའི་བཀའ་གཏེར་ཡོངས་རྫོགས་ཀྱི་དབང་ཁྲིད་ལུང་བཅས་རྗེ་ཉིད་ལ་ཆེད་དུ་བསྩལ་ནས་ཕྲིན་ལས་ཕུར་པའི་སྒྲུབ་སྡེའི་བཀའ་བབ་སློབ་དཔོན་པྲ་བྷ་ཧསྟི་དང༌། བོད་ཡུལ་ཕུར་པའི་གྲུབ་བརྙེས་ཡོངས་ཀྱི་རྒྱལ་པོ་ལང་ལབ་བྱང་ཆུབ་རྡོ་རྗེ་དབྱེར་མེད་པའི་སྤྲུལ་པ་སྐུའི་སྐྱེ་བ་ཐམས་ཅད་དུ་ལྷག་པའི་ལྷ་འདི་གྲུབ་པ་བརྙེས་པ་ཡིན་པས་གདན་སར་ཕེབས་པ་དང་འདིས་བསྙེན་སྒྲུབ་ཚད་ལྡན་ཉམས་བཞེས་ཀྱིས་རྟགས་རྣམས་རྫོགས་པ་དང་སྦྱིན་སྲེག་བཅས་གྲུབ་པར་གྱིས་ཞེས་བཀའ་བསྩལ། འཇམ་མགོན་ཐམས་ཅད་མཁྱེན་གཟིགས་ཀོང་སྤྲུལ་རིན་པོ་ཆེ་ལས་རིན་ཆེན་གཏེར་མཛོད་ཆེན་མོའི་ཆོས་འཁོར་གཉིས་པ་རྫོང་སར་བཀྲ་ཤིས་ལྷ་རྩེའི་གནས་བཅུའི་ལྷ་ཁང་དུ་གསུངས་ཏེ་ཀུན་གཟིགས་མཁྱེན་བརྩེའི་དབང་པོས་མ་གསན་པ་ཐམས་ཅད་གཟིམ་ཆུང་དབང་ཁང་དུ་ཕེབས་ཏེ་གསན་སྐབས་སུ་གསན་པ་ནི་གཏེར་མཛོད་བཀའ་རྒྱ་པོད་གསུམ་དང༌། རྙིང་མ་རྒྱུད་འབུམ་པོད་ཆེན་ཉེར་ལྔ་དང༌། བཀའ་བརྒྱད་བདེ་འདུས་དབང་ཆེན་དང་གཏེར་གཞུང་པོད་དགུའི་ལུང་སོགས་རྒྱ་ཆེར་གསན་སྐབས་མེ་ཏོག་ཤར་ཡང་དག་ལ་བབ་སྟེ་གསང་མཚན་རྡོ་རྗེ་དབང་མཆོག་ཕྲིན་ལས་འདུས་པ་རྩལ་ཞེས་གནང༌། བླ་མ་དགོངས་འདུས་གསེར་ཆོས་ཆེན་མོའི་སྒྲུབ་དབང་ཙཱ་འདྲ་རིན་ཆེན་བྲག་ནས་རྒྱལ་དབང་བཅོ་ལྔ་པ་དང༌། སི་ཏུ་རིན་པོ་ཆེ་པདྨ་དབང་མཆོག་སོགས་སྟོན་འཁོར་རྨད་དུ་བྱུང་བའི་རིག་འཛིན་གྱི་འདུས་པས་གསན་ནས་འཇམ་མགོན་རིན་པོ་ཆེས་ཕུན་ཚོགས་ངེས་པ་ལྔ་ལྡན་གྱི་གསུང་བཤད་རྒྱས་པར་གནང་གསུངས། རྫོགས་པ་ཆེན་པོ་བི་མ་སྙིང་ཐིག །བླ་མ་ཡང་ཏིག །མཁའ་འགྲོ་སྙིང་ཐིག །ཡང་ཏིག །ཟབ་མོ་ཡང་ཏིག་གི་དབང་ཁྲིད་ཡོངས་རྫོགས་གསན། བསྟན་བཅོས་ཆེན་མོ་ཤེས་བྱ་ཀུན་ཁྱབ་རྩ་འགྲེལ་དང་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་དཀར་ཆག་ཞིབ་གཟིགས་མཛོད་ཅེས་ཕྱག་དཔེ་གནང་བ་ཞིབ་མོར་གཟིགས་ནས་ཕྱག་དཔེ་སླར་ཕུལ་ཏེ་རྒྱལ་བསྟན་རིན་པོ་ཆེ་ཆོས་ཀྱི་དབྱིག་གཅེས་དགུ་ཐམས་ཅད་གཅིག་ཏུ་བསྡུས་པའི་སྔ་ན་མེད་པའི་གསང་མཛོད་ཆེན་པོར་ངེས་ཤེས་རྙེད་སོང་ཞུས་པས། དཀར་ཆག་དབུར་བཞག་ནས་ཕྱིན་ཆད་དབང་ཁྲིད་གང་ལས་གསན་ཀྱང་བརྒྱུད་པ་ཁོ་བོ་ལ་གཏུགས་པས་ཆོག་ཅེས་བཀའ་བསྩལ་གསུངས། ཆོས་འབྱུང་ལེགས་བཤད་པད་དཀར་རྫིང་བུ་ལས། གདམས་མཛོད་སྤྲུལ་པའི་གླེགས་བམ་ཆེན་པོར་བཀའ་ཡི་བསྡུ་བ་མཛད་དེ་དུས་ཀྱི་མཐར་ཡང་ཉམས་པ་མེད་པར་བཀའ་གཙིགས་ཕྱག་བྲིས་རེ་ཁཱས་བཏབ་སྟེ། བདག་གིས་ཀྱང་འཇམ་མགོན་རྡོ་རྗེ་འཆང་དངོས་ལས་གདམས་གཏད་ཐུན་མིན་དང༌། ཡོངས་ཀྱི་འདྲེན་པ་ཆེན་པོ་རྒྱལ་སྲས་བཀྲ་ཤིས་འོད་ཟེར་གྱི་ཞལ་སྔ་ནས་སྨིན་གྲོལ་ཚང་སྤྲུགས་སུ་ཐོབ་པའི་སྐལ་བཟང་ཉམས་སུ་མྱོང་བས་དལ་རྟེན་སྙིང་པོར་བྱས་པ་ཡིན་ནོ། །ཞེས་གསུངས། འཇམ་མགོན་ཟབ་གཏེར་གྲོ་ལོད་གསང་སྒྲུབ་ཀྱི་དབང་ཁྲིད་སྐུ་དངོས་ལས་ཐོག་མར་ཕབ་གཞིའི་ཕྱག་བྲིས་སྟེང་ནས་གསན། གསང་ཐིག་ཡང་དག་གི་ཆོས་བདག་ཡིན་པས་མནལ་ལམ་དུ་འོད་གསལ་གྱི་སྣང་ཆར་དབང་གསན་པ་བྱུང་བ་ཕྱིས་ཚིག་རྒྱུད་དངོས་མཁས་དབང་བླ་མ་བཀྲ་འཕེལ་ལས་གསན། ཁྱད་པར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཕྱག་བཟོ་བདག་ཅག་གི་སྟོན་པའི་སྣང་བརྙན་དཀར་ཆག་འཇམ་མགོན་བཀའ་འབུམ་དུ་གསལ་བ་འཇམ་མགོན་མདུན་ཕེབས་པ་དང་རྒྱུ་མཚན་གསུངས་ནས་ཐུགས་བསྐྱེད་སྨོན་ལམ་གང་གནང་འགྲུབ་ངེས་བཀའ་བསྩལ་བ་བཞིན་སྙན་དར་ཕུལ་ཞིང༌། རྒྱལ་ཚབ་རིན་པོ་ཆེའི་བཀའ་འབུམ་དུ་གསལ་བ་ལྟར་སྨོན་ལམ་མཛད་པས་སྙན་དར་ནམ་མཁར་ལ་འཕུར་བ་དང་ས་གཡོས། རྗེ་བླ་མའི་ཐུགས་ལ་རྟོགས་པའི་བོགས་འབྱིན་ཁྱད་པར་ཅན་བྱུང་བ་སོགས་ཀྱིས་མཚོན་བཀའ་རྩམ་དུ་མར་ཡང་རྫོགས་པའི་སངས་རྒྱས་བློ་གྲོས་མཐའ་ཡས་རིགས་བདག་ཏུ་ཐོབ་པ་ཞེས་གསུངས་པ་ལྟར་རྗེ་འདི་ལས་རྟོགས་པ་དོན་བརྒྱུད་ཀྱི་དགོངས་པ་ཐུགས་ལ་སད་པའི་རྩ་བའི་རིགས་བདག་ཐུན་མོང་མ་ཡིན་པ་སྟེ་བཀའ་ལས། སྐྱབས་རྗེ་རབ་འབྱམས་རིན་པོ་ཆེ་དང་ཕྲན་གཉིས་ལ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་རྣམ་གཉིས་ལ་སྨིན་གྲོལ་གྱི་ཟབ་ཆོས་དང༌། དམ་རྫས་དང་གཏེར་རྫས་སོགས་རྟེན་ཁྱད་འཕགས་རིགས་དང་ཐ་ན་ཟང་ཟིང་གི་གནང་སྦྱིན་གྱིས་མཚོན་ཐུགས་བརྩེ་དང་བཀའ་དྲིན་ལ་ཁྱད་པར་ཏིལ་ཙམ་མ་མཆིས་ཀྱང་རབ་འབྱམས་རིན་པོ་ཆེའི་ཐུན་མོང་མ་ཡིན་པའི་རིགས་ཀྱི་བདག་པོ་རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོ་དང༌། ཁོ་བོས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་རྩ་བའི་བླ་མ་འཛིན་དགོས་པ་འདི་སྙིང་ལ་ཏིག་ཏིག་ཅིག་ཡོད་པ་རེད་ཅེས་གསུངས། གཏེར་ཆེན་མཆོག་གྱུར་གླིང་པ་ཞེ་ཆེན་གདན་སར་ཕེབས་ནས་ཚེས་བཅུའི་དབུར་བཞུགས། གནས་ཆེན་བྱིན་འབེབས་ལྷ་སྲིན་དམ་བསྒྲག་སོགས་མཛད་སྐབས་ཐུགས་སྒྲུབ་བར་ཆད་ཀུན་སེལ་སོགས་དབང་ཆོས་གསན་ཅིང༌། དཔལ་སྤྲུལ་ཆོས་ཀྱི་དབང་པོ་ལས་ཀྱང་སྤྱོད་འཇུག་གི་རྩ་བའི་ལུང་གསན་ཞིང་དེ་ལས་ཤྭ་ལོ་ཀ་གཅིག་ལན་གསུམ་གྱི་བར་དུ་ཕྱག་མཁར་གཟིམ་སྦྲའི་ཀ་བར་བསྣུན་ནས་དལ་བུས་གསུངས་པར་གྲགས་ཀྱང་ཚིགས་བཅད་གང་ཡིན་ངེས་པ་ཅན་མ་དྲན། འཇམ་པའི་དབྱངས་མི་ཕམ་རིན་པོ་ཆེ་དཀར་མོ་སྟག་ཚང་དུ་བཞུགས་པའི་མདུན་དུ་ཕེབས་པས་འཇམ་དཔལ་གཤིན་རྗེ་ཚེ་བདག་གི་ལྗགས་བསྙེན་ཞིག་གྲུབ་ནས་དངོས་གྲུབ་ལེན་པ་དང་དུས་འགྲིགས་པས་རྟེན་འབྲེལ་ཤིན་ཏུ་བཟང་གསུངས་ནས་དེའི་སྒྲུབ་རྫས་རིགས་ཀྱི་བྱིན་རླབས་དབང་བསྐུར་ཐུན་མོང་མ་ཡིན་པ་མཛད་པ་དང༌། ཐུགས་དམ་འཇམ་དཔལ་ཡེ་ཤེས་སེམས་དཔའི་རྡོ་རྗེ་གསུམ་གྱི་དབང་བསྐུར་དང༌། བསྟན་བཅོས་ཆེན་པོ་མཁས་འཇུག་གི་བཤད་ཁྲིད་ཞིབ་རྒྱས་དང༌། བཀའ་བརྒྱད་རྣམ་བཤད་ཆེན་པོ་ཞུ་བསྐུལ་མཛད་དེ་བཤད་ཁྲིད་གསན་པ་དང༌། སྔ་འགྱུར་རྡོ་རྗེ་སྙིང་པོའི་མདོ་སྔགས་ཀྱི་ལྟ་གྲུབ་ཐུན་མོང་མ་ཡིན་པའི་དོགས་གཅོད་དང་བཀའ་ཁྲིད། ཐུགས་དམ་ཉམས་རྟོགས་ཀྱི་བགྲོ་གླེང་སོགས་ཡང་ཡང་གནང་ཞིང་ཐུགས་ཡིད་གཅིག་འདྲེས་སུ་གྱུར། འཇམ་མགོན་ཉི་ཟླ་ཟུང་གི་ཐུགས་སྲས་མཁན་ཆེན་བླ་མ་བཀྲ་ཤིས་འོད་ཟེར་ཞི་བའི་སྙིང་པོ་ལས་གདམས་ངག་རིན་པོ་ཆེའི་མཛོད་པོད་ཆེན་བཅུའི་དབང་ཁྲིད་ལུང་བཅས་ཞིབ་རྒྱས་དཔལ་སྤུངས་བྱམས་མགོན་སི་ཏུ་རིན་པོ་ཆེ་པདྨ་དབང་མཆོག ། ཀཿཐོག་སི་ཏུ་པཎྜི་ཏ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ། སྡེ་དགེ་ལྷ་སྲས་ངག་དབང་༢༣འཇམ་དཔལ་རིན་པོ་ཆེ་སོགས་མཁས་གྲུབ་སྐྱེས་ཆེན་དུ་མ་དང་ལྷན་དུ་གསན། མཁས་དབང་བླ་མ་བཀྲ་ཤིས་ཆོས་འཕེལ་ལས་འཇམ་མགོན་རྣམ་པ་གཉིས་དང༌། གཏེར་ཆེན་མཆོག་གླིང་བཅས་པའི་བརྒྱུད་པ་ཀུན་འདུས་སྡོམ་གསུམ་རྣམ་ངེས་འགྲེལ་ཆེན་དཔག་བསམ་སྙེ་མའི་བཤད་ལུང༌། རྗེ་མཁྱེན་བརྩེ་རིན་པོ་ཆེས་འཕགས་པ་ཐོགས་མེད་ལས་གསན་པའི་བྱམས་ཆོས་སྡེ་ལྔའི་ཉེ་བརྒྱུད། འཁོན་ཕུར་མཁྱེན་བརྩེའི་ས་ཆེན་ལས་ཉེ་བརྒྱུད་དུ་བཀའ་བབས་པའི་སྟོད་ལས་དང༌། སྨད་ལས་ཀྱི་དབང༌། ཇོ་ནང་རྗེ་བཙུན་རིན་པོ་ཆེའི་སྒྲུབ་དཀྱིལ་ལ་འཇམ་མགོན་རིན་པོ་ཆེའི་མཛེས་རྒྱན་ལྷན་ཐབས་དང་སྦྱར་བའི་དབང་དང༌། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་གི་ལུང་སོགས་ཟབ་ཆོས་དུ་མ་དང༌། ཞེ་ཆེན་རབ་འབྱམས་ལྔ་པ་འགྱུར་མེད་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ལས་བསྟན་འགྱུར་ལྗགས་ལུང་གང་བཞུགས། བླ་མ་ཡང་ཏིག་གི་དབང་ཁྲིད་ལུང་བཅས་ཡོངས་རྫོགས། རྡོར་སེམས་ཐུགས་ཀྱི་སྒྲུབ་པ། ཨ་ཏི་ཟབ་དོན་སྙིང་པོ། གཤིན་རྗེ་དྲེགས་པ་འཇོམས་བྱེད་སོགས་སྨིན་གཏེར་ཕལ་ཆེར་གྱི་དབང་ལུང་ཁྲིད་བཅས། བཀའ་གདམས་ཕ་ཆོས་བུ་ཆོས། ཆོས་འབྱུང་བརྒྱ་རྩ། སྤྱོད་འཇུག །བྱམས་ཆོས། མདོ་མང༌། བློ་སྦྱོང་ལེགས་བཤད་ཀུན་འདུས། དོལ་པོའི་བེ་བུམ་སྔོན་པོ་སོགས་ཀྱི་ལུང་དང༌། སྲོལ་གཉིས་ཀའི་སེམས་བསྐྱེད་ཆོ་ག་བཅས། ཞེ་ཆེན་འབར་ཆུང་བླ་མ་བཀྲ་ཤིས་སྟོབས་རྒྱལ་གྱི་མཆོག་སྤྲུལ་རྡོ་རྗེ་བདེ་གཤེགས་རྩལ་ལས་རྙིང་མ་བཀའ་མ་ཚོགས་ཆེན་འདུས་པའི་དབང་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཉེ་བརྒྱུད་ཅན་གྱིས་མཚོན་བཀའ་མ་ཕལ་ཆེར་དང༌། རྒྱལ་དབང་ལྔ་པ་ཆེན་པོའི་དག་སྣང་རྒྱ་ཅན་ཉེར་ལྔ་སོགས་དབང་ལུང་རྒྱུན་དཀོན་ཞིང་ཟབ་གནད་ཅན་ཤིན་ཏུ་མང་པོ་དང༌། སྨིན་གླིང་ཁྲི་ཆེན་ཡིད་བཞིན་དབང་རྒྱལ། སྲས་མོ་རྗེ་བཙུན་བདེ་ཆེན་ཡེ་ཤེས་ཆོས་སྒྲོན་ལས་སྨིན་གཏེར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་དབང་ཁྲིད་ལུང་བཅས་རྫོགས་པར་གསན། ཟུར་མང་དྲུང་པ་རིན་པོ་ཆེ་ཀརྨ་ཆོས་ཀྱི་ཉིན་བྱེད་ལས་འཇམ་མགོན་རིན་པོ་ཆེའི་མདུན་ནས་གསན་མ་གྲུབ་པའི་གཏེར་མཛོད་དབང་ལུང་པོད་ཉི་ཤུ་སྐོར། བཀའ་བརྒྱུད་སྔགས་མཛོད་པོད་གསུམ་དབང་ཁྲིད་ལུང་བཅས་དང་ནང་བརྟག་རྒྱུད་གསུམ་གྱི་རྩ་འགྲེལ་ཡོངས་རྫོགས་ཀྱི་བཤད་ལུང༌། རྒྱ་ཆེན་བཀའ་མཛོད་པོད་བཅོ་ལྔའི་དབང་ལུང་ཡོངས་རྫོགས། ཀར་གླིང་ཞི་ཁྲོའི་དབང་རྒྱས་འབྲིང་བསྡུས་པ་དང༌། བར་དོ་དྲུག་ཁྲིད་སྐོར་གནས་མདོ་དང་ཟུར་མང་གི་བརྒྱུད་པ་རིགས་དང༌། གཏེར་རྙིང་རྒྱུན་དཀོན་པ་མང་པོའི་དབང་ལུང་རྒྱ་ཆེར་གསན་ཞིང་དྲུང་པ་རིན་པོ་ཆེའི་རང་གི་གདན་སར་ཕེབས་སྐབས་རྒྱལ་ཚབ་རིན་པོ་ཆེའི་བཞུགས་ཁྲིའི་མདུན་ཐུགས་སྨོན་ཟབ་རྒྱས་དང༌། ཞིང་སྐྱོང་དུར་ཁྲོད་མ་མོའི་སྤྱན་འདྲེན་གྱི་དབྱངས་འཐེན་ནས་ཕེབས། ཞེ་ཆེན་ནས་ཕེབས་སྐབས་ཁྱི་ཞིག་ཕྱི་བཞིན་བྱུང་བ་སྲུང་མ་རྗེས་སུ་འབྲང་བའི་རྟགས་ཡིན་གསུངས། ཕྱིས་ཟུར་མང་གི་གདན་སར་ཕེབས་ནས་དབྱར་གནས་གཙུག་ལག་གི་ལོགས་བྲིས་སུ་ཞིང་སྐྱོང་མ་མོའི་སྐུ་བྲིས་གནང་བ་སོགས་དོན་ལ་རྗེ་བླ་མ་རྣམ་གཉིས་ཐུགས་དགོངས་དབྱེར་མེད་ཀྱི་ཞལ་བཞེས་གནང༌། མི་ཕམ་རིན་པོ་ཆེའི་ཉེ་གནས་བླ་མ་རིན་པོ་ཆེ་ཆོས་དབྱིངས་འོད་གསལ་ལས་མི་ཕམ་རིན་པོ་ཆེའི་བཀའ་འབུམ་ལུང་རྒྱུན་བཞུགས་པ་ཕལ་ཆེར་གསན། ཉེ་གནས་བླ་མ་རིན་པོ་ཆེས་ཀྱང་མི་ཕམ་རིན་པོ་ཆེ་སྐུ་གཤེགས་རྗེས་ཡེ་ཤེས་ཀྱིས་རྗེས་སུ་བཟུང་ནས་འདས་རྗེས་བབས་ཚུལ་སོགས་ཟབ་མོ་ཉམས་རྟོགས་ཀྱི་བགྲོ་གླེང་རྒྱུན་པར་གནང་ཞིང་དད་མོས་ཐུགས་རྩིས་ཤིན་ཏུ་ཆེ། དགེ་མང་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་རིགས་དབོན་མཁན་ཆེན་ཡོན་ཏན་རྒྱ་མཚོ་ལས་གསང་འགྲེལ་ཕྱོགས་བཅུ་མུན་སེལ་གྱི་བཤད་རྒྱུན་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེ་ལས་བརྒྱུད་པ་དང༌། མི་ཕམ་རིན་པོ་ཆེའི་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོའི་བཤད་པ། ཤུག་ཆུང་སྤྲུལ་སྐུ་ཚུལ་ཁྲིམས་རྒྱ་མཚོ་ལས་རྡོ་གྲུབ་གསུམ་པ་འཇིགས་མེད་བསྟན་པའི་ཉི་མའི་གསང་སྙིང་སྤྱི་དོན་རིན་པོ་ཆེ་མཛོད་ཀྱི་ལྡེའུ་མིག་བཤད་ལུང༌། འཇམ་མགོན་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལས་རྙིང་མ་བཀའ་མ་གཤིན་རྗེ་ཁ་ཐུན་ནག་པོའི་དབང་ཆེན། གསང་བདག་དགོངས་རྒྱན། མཁྱེན་བརྩེ་རིན་པོ་ཆེའི་ཟུར་མེས་དབོན་ལས་ཉེ་བརྒྱུད་དུ་གསན་པའི་བཤད་ལུང་གི་རྒྱུན་དང༌། ཇོ་ནང་རྗེ་བཙུན་རིན་པོ་ཆེའི་ལྗགས་བསྒྲིགས་འཁོན་ཕུར་སྒྲུབ་དཀྱིལ་ལ་འཇམ་མགོན་རིན་པོ་ཆེའི་དབང་སོགས་ཡིག་ཆ་གསར་མཛད་སྟེང་མཁྱེན་བརྩེའི་ས་ཆེན་ལས་ཉེ་བརྒྱུད་དུ་གསན་པའི་སྟོད་ལས་ཀྱི་དབང་དང༌། སྨད་ལས་རྗེས་གནང་དང༌། སྒྲུབ་ཐབས་ཀུན་བཏུས་ཡོངས་རྫོགས་གསན་བཞེས་ཀྱིས་དཀར་པོ་རྣམ་གསུམ་གྱི་རྗེས་གནང་སོགས་དུ་མ་གསན། རྫོང་སར་དུ་རྒྱུན་རིང་བཞུགས་ནས་བྱང་གཏེར་ཡོངས་རྫོགས་འཇམ་མགོན་རྣམ་གཉིས་ལས་བརྒྱུད་པའི་དབང་ཆེན་རྒྱ་ཆེར་ཕུལ་ཞིང༌། ཕྱིས་ཞེ་ཆེན་རི་ཁྲོད་དུ་རྗེ་བླ་མ་སྙུན་བབ་ཤིན་ཏུ་ལྗི་བའི་སྐབས་བརྟན་བཞུགས་མཛད་པས་སྐུ་ཚེ་གེགས་འཕྲང་བསལ་བ་སོགས་ཕན་ཚུན་དད་མོས་ཐུགས་བརྩེ་ཁྱད་པར་ཅན་གནང༌། མཁས་གྲུབ་དམ་པ་ཁྱུང་སྤྲུལ་ཀརྨ་རྒྱ་མཚོ་ལས་བླ་མ་དགོངས་འདུས་པོད་བཅུ་གསུམ་ལུང༌། སངས་རྒྱས་མཉན་སྤྲུལ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མ་ལས་མི་ཕམ་རིན་པོ་ཆེའི་མདོ་སྡེ་རྒྱན་གྱི་འགྲེལ་ཆེན་ལུང༌། མཁན་ཆེན་ཀུན་བཟང་དཔལ་ལྡན་ལས་མི་ཕམ་རིན་པོ་ཆེའི་ཚད་མ་རྣམ་འགྲེལ་གྱི་འགྲེལ་ཆེན། དབུ་མ་རྒྱན་གྱི་འགྲེལ་ཆེན། སྤྱོད་འཇུག་ཤེར་འགྲེལ་ཀེ་ཏ་ཀ་སོགས་ཀྱིས་མཚོན་མདོར་ན་སྔ་འགྱུར་བཀའ་གཏེར་གཙོ་བོར་གྱུར་པའི་གངས་ཅན་གྱི་བཤད་སྒྲུབ་ཤིང་རྟ་བཅོ་བརྒྱད་ཀྱི་ཟབ་རྒྱས་གདམས་པའི་ཆོས་རྒྱུན་གང་བཞུགས་ཀྱིས་གསན་རྒྱ་ཤིན་ཏུ་ཆེ་ཡང་གསན་ཐོའི་དཔེ་མེད་སྟབས་འོལ་ཚོད་ཀྱིས་ཞིབ་པར་འགོད་མ་ནུས་ཀྱང་མདོར་ན་གྲུབ་མཐའ་རིས་སུ་མ་ཆད་པའི་བཀའ་གལ་གནད་གང་ཆེ་ཐམས་ཅད་གསན་པ་ལ་ནམ་ཡང་ངོམས་པ་མེད་པ་ཡིན་ཏེ་ཕྱིས་དགུང་གྲངས་ལྔ་བཅུ་རྩ་གསུམ་སྐོར་ཕེབས་སྐབས་མཛོད་ཆེན་རྣམ་པ་ལྔ། སྔ་འགྱུར་བཀའ་མ་སོགས་མ་ཡིན་པའི་གཏེར་རྙིང་དང༌། དཔེ་རྒྱུན་དཀོན་རིགས་ཀྱི་དབང་ལུང་རྒྱུན་དཀོན་རིགས་ཞེ་ཆེན་སྤྲུལ་སྐུ་རྣམས་ལ་ཕུལ་རྒྱུ་བྱུང་ན་ད་དུང་པུསྟི་བརྒྱ་སྐོར་ལྷག་འདོན་ཆོག་འདུག་ཅེས་ཞལ་འཕྲོས་སུ་གསུངས་པས་ཤེས་ལ། དེ་ལྟར་གསན་པ་ཐམས་ཅད་བསམ་བྱུང་གི་ཤེས་རབ་ཟབ་མོའི་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པ་གཏན་ལ་ཕབས་ནས་ཀུན་མཁྱེན་རོང་ཀློང་རྣམ་གཉིས། ཆོས་རྒྱལ་གཏེར་བདག་གླིང་པ་སྐུ་མཆེད། ཀུན་མཁྱེན་འཇིགས་མེད་གླིང་པ་དང༌། འཇམ་མགོན་ཆོས་ཀྱི་རྒྱལ་པོ་རྣམ་གཉིས། ཀུན་གཟིགས་མི་ཕམ་རིན་པོ་ཆེའི་མཚོན་སྔ་འགྱུར་རིག་འཛིན་བརྒྱུད་པའི་བཞེད་སྲོལ་ལྟར་ཤིང་རྟ་ཆེན་པོ་ཟུང་གི་དགོངས་པ་འགལ་མེད་གཅིག་དྲིལ་ངེས་དོན་༢༦ཟབ་མོ་དབུ་མ་གཞན་སྟོང་གི་ལྟ་བ་ལ་ཐུགས་ཤེས་འདྲོངས། དགུང་གྲངས་ཉི་ཤུ་སྐོར་ནས་མདོ་ཁམས་ཀརྨ་དགོན་ནས་བརྩམས་ཞེ་ཆེན་དུ་ཕེབས་ཀྱི་བར་ཞབས་ཐང་གིས་བོད་དབུས་ཆོས་འཁོར་རྣམ་གསུམ། ལྷོ་གནས་རྒྱས་པ། ཙཱ་རི་རྩེ་སྐོར་བཅས་སློབ་དཔོན་ཁ་ཤས་ཆེད་ཕེབས་ཀྱིས་གནས་འབྲེལ། མཆོད་འབུལ། ཚོགས་འཁོར་སོགས་ཞིབ་པར་གནང༌། རྟག་ཏུ་ངེས་འབྱུང་གི་བདུད་རྩི་ཐུགས་ལ་སིམས་པས་སྦྱིན་བདག་གི་ངོ་སྲུང་དང༌། བརྒྱ་བཤིག་སྟོང་འགུགས་ཀྱི་ཐབས་མཁས་སོགས་གཏན་ནས་མི་གནང་བ། མཛད་སྤྱོད་ཐམས་ཅད་བྱ་བཏང་འཁྲུལ་ཞིག་གི་ངང་ཚུལ་འབའ་ཞིག་གནང་བས་ཆོས་བརྒྱད་ཀྱི་སྤྲོས་པ་དམར་ཐག་བཅད་རེ་དོགས་ཀྱི་མདུད་པ་རང་གྲོལ་དུ་སོང༌། ཚེ་འདིའི་རྣམ་གཡེང་དང་འདུ་འཛིའི་གཅོམ་བསྐྱུངས་ནས་འདུ་འཛི་དང་དཀོར་གཡེང་གྲྭ་སའི་ཆགས་སྡང་གིས་ཐུགས་སུན་ཆེས་པས་སྐུ་ནར་སོན་པའི་སྐབས་ངེས་མེད་རྒྱལ་ཁམས་ཉུལ་བའི་བྱ་བྲལ་ལ་ཐུགས་དགྱེས་ནས་རིགས་བདག་འཇམ་མགོན་རྣམ་གཉིས་ལ་ཞུས་པས་སྔོན་གྱི་སྨོན་ལམ་དང་ཐུགས་བསྐྱེད་ཀྱི་དབང་གིས་དགོན་སྡེའི་འཛིན་སྐྱོང་ཡལ་བར་མ་འདོར་བ་སྔ་འགྱུར་བཀའ་གཏེར་གྱི་བསྟན་རྒྱུན་མི་ཉམས་པའི་བཙས་སུ་ཆེ། མཛད་པའི་གཙོ་བོ་སྒྲུབ་པ་ཉམས་ལེན་ལ་གཏོད། གསན་བསམ་སྒོམ་གསུམ་གྱིས་དུས་འདའ་བ་སྔ་འགྱུར་རིག་འཛིན་གོང་མའི་རྣམ་ཐར་བཞིན་མཛོད། ཞར་བྱུང་སྦྱིན་བདག་གིས་ཕུལ་བའི་དད་ཟས་དང་གཤིན་སྐོར་གནས་མིན་དུ་ཆུད་ཟོས་མ་བཏང་བར་བཤད་སྒྲུབ་ཀྱི་སྡེ་བཙུགས་པ་དང་མཆོད་སྦྱིན་ལ་བཏང་བས་ལེགས་བཅས་ཞལ་གདམས་སུ་བསྩལ་བས་དགོན་པའི་བཤད་སྒྲུབ་ལས་གསུམ་གྱི་ཐེབ་རྩ་བུག་རལ་གསོ་བ་སོགས་ཀྱི་ཆེད་དབྱར་དགུན་དུ་འགྲོ་དོན་ཐེངས་གཉིས་ལོ་ཁ་ཤས་རིང་ཕེབས་པ་ཙམ་ལས་གདན་སར་བཞུགས་རིང་ཕལ་ཆེར་སྐུ་མཚམས་བཅད་རྒྱ་ཁོ་ནས་བཞུགས་ཏེ། ཐུན་མོང་མ་ཡིན་པའི་རྩ་བའི་ཐུགས་དམ་ཕུར་པ་ཡང་གསང་སྤུ་གྲིའི་བསྙེན་སྒྲུབ་ལོ་རེ་བཞིན་ཟླ་བ་གསུམ་རེ་ལས་མི་ཉུང་བས་མཚོན་རྒྱས་བསྡུས་གང་རུང་མ་ཆག་པ་གནང་བ་དང༌། གཞན་ཆོས་དབང་བླ་མ་གསང་འདུས། ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པ་དང༌། ཆོས་དབང་ཡང་དག་ཐུགས་ཀྱི་སྙིང་པོ། སྨིན་གཏེར་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་བསྐྱེད་རྫོགས་གཉིས་ཀ་དང༌། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྔོན་འགྲོའི་དངོས་གཞིའི་ལམ་ཡོངས་རྫོགས་དང༌། གཤིན་རྗེ་དྲེགས་འཇོམས་སོགས་སྨིན་གཏེར་གྱི་རྩ་གསུམ་བཀའ་སྲུང་དང་བཅས་པ། ཉང་གཏེར་ཁྲོས་མ་ནག་མོ། རྡོ་རྗེ་འཆང་མཁྱེན་བརྩེ་རིན་པོ་ཆེའི་སྙན་བརྒྱུད་གཤིན་རྗེ། རྟ་མགྲིན། ཡང་དག །ཆེ་མཆོག་སྙན་བརྒྱུད་སྐོར་དང༌། ལྷག་པར་ཡང་ཕུར་སྦྲགས་མ་ཕུར་པའི་གནད་ཏིག་གཉིས་ཀྱི་ཆོས་བདག་ཡིན་པ་དང༌། འཇམ་མགོན་ཟབ་གཏེར་རྩ་གསུམ་དགོངས་འདུས་དང་གྲོ་ལོད་གསང་སྒྲུབ་སོགས་འཇམ་མགོན་རྣམ་གཉིས་ཀྱི་ཆོས་སྐོར་དང༌། རཏ་གླིང་ཚེ་སྒྲུབ་གསང་འདུས་མི་ཕམ་རིན་པོ་ཆེའི་ཆོག་ཁྲིགས་ཅན་གྱི་བསྙེན་སྒྲུབ་ལོ་གཅིག་རིལ་པོར་མཛད་པ་དང་གཙོར་བྱས་སྔ་རྗེས་དུ་མ་དང༌། མ་ཏིའི་འཇམ་དཀར། དབྱངས་ཅན་དཀར་མོ། འཇམ་དཔལ་སྨྲ་སེང༌། མི་ཕམ་རིན་པོ་ཆེའི་རྒྱུད་ལུགས་འཇམ་དཔལ་སོགས་དང༌། ཚར་ལུགས་སྒྲོལ་དཀར་དང༌། ཀློང་གསལ་སིང་ཧ་དམར་མོ་དང༌། བྱད་འགྲོལ་གསེར་ལྡེའི་གཟུངས་རིང་ཐུང་བྱེ་བ་གཅིག་ལྗགས་བཟླས་གནང་བས་མཚོན་གསར་རྙིང་རྒྱུད་སྡེ་གོང་འོག་གི་བཀའ་གཏེར་དུ་མར་དུས་གྲངས་ཀྱི་བསྙེན་སྒྲུབ་རྒྱ་ཆེར་མཛད་པ་གསུང་འབུམ་གྱི་གོང་འོག་ལས་ཚིག་ཟུར་དོན་པ་དང༌། ཡིད་ལ་ངེས་པ་འདི་དག་བྲིས་པ་ལས་ཞིབ་པར་མ་ཤེས་ཤིང༌། མདོར་ན་ཕྱག་དཔེ་འབྲི་ཀློག ། དབང་ཆོས་འཆད་ཉན་སྐུ་མཚམས་བཅད་རྒྱ་གང་རུང་ལས་ཐུགས་གཡེང་དང་རྩེད་འཇོ་ལྟ་བུའི་ཉིན་གཅིག་ཙམ་ཡང་སོས་དལ་དུ་མི་བཞུགས་པ་དང༌། རྙིང་མ་བཀའ་གཏེར་གཙོ་བོར་གྱུར་པའི་རྒྱུད་སྡེ་བཞིའི་ཡི་དམ་ཞི་ཁྲོ་ཕལ་ཆེར་ལྗགས་བསྙེན་མ་ཐེམས་པ་མེད་པ་དང༌། དེ་ཙམ་དུ་མ་ཟད་རྗེ་ཉིད་ཀྱིས་ཀྱང་རྡོ་རྗེའི་དོ་ཧ་གསུངས་པ་འདི་ལྟ་སྟེ། གནས་འོག་མིན་ཆོས་དབྱིངས་ཀྱི་ཕོ་བྲང་ན། ། དཔལ་སྟོན་པ་ཀུན་བཟང་རྡོར་འཆང་ཞེས། ། མཚན་ཡོངས་སུ་གྲགས་པའི་གཡེར་པོ་ཆེ། ། དོན་གཞན་དུ་མ་དམིགས་དྲིན་ཆེན་རྗེ། ། ཕ་བློ་གྲོས་མཐའ་ཡས་མ་ལགས་སམ། ། སྐུ་མཐོང་བས་ཐ་མལ་འཁྲུལ་སྣང་འགགས། ། གསུང་ཐོས་པས་བདེ་ཆེན་ཡེ་ཤེས་བསྐྱེད། ། ཐུགས་དྲན་པས་གཟུང་འཛིན་བདེན་ཞེན་ཞིག ། རྗེ་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ། ། མི་ང་ལ་བསམ་རྒྱུ་རྗེ་ལས་མེད། ། དབྱིངས་ཆོས་སྐུའི་ཀློང་ནས་རྗེས་དགོངས་ལ། ། དུས་ད་ལྟ་འཕོ་ཆེན་གྱི་ཡེ་ཤེས་བསྐྱེད། ། འབྲལ་མེད་དུ་འགྲོགས་པའི་དགའ་སྟོན་སྩོལ། ། མི་ང་རང་ཞན་སྟེ་བླ་མ་བཟང༌། ། སངས་རྒྱས་རིན་ཆེན་གྱི་ཞབས་པད་བརྟེན། ། ལྟེམ་རྐྱང་མེད་པར་གསོལ་བ་བཏབ། ། བྱིན་རླབས་སྙིང་གི་དབུས་སུ་སད། ། ཆོས་དབུ་མ་ཕྱག་རྒྱ་རྫོགས་ཆེན་གྱི། ། གྲུབ་མཐའི་སྤུ་རིས་དབྱིངས་སུ་ཡལ། ། བློ་བྲལ་ཆོས་ཉིད་ཀྱི་མལ་དུ་སླེབ། ། ཐ་སྙད་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། ། ཨུ་རུས་ཀྱི་སྡུག་རྩིར་མ་བྱས་ཀྱང༌། ། ལྷན་སྐྱེས་ཀྱི་ཡེ་ཤེས་ཁོང་ནས་སད། ། གནས་འགྱུ་ཡི་འདམ་ཀ་བདག་ལ་མེད། ། སེམས་འཛིན་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། ། དཔྱད་སྒོམ་གྱི་སྤྲོས་པ་མ་བྱས་ཀྱང༌། ། སྤྲོས་བྲལ་གྱི་མཚན་ཉིད་མངོན་སུམ་མཐོང༌། ། དགག་སྒྲུབ་ཀྱི་སྤང་ལེན་བདག་ལ་མེད། ། ཡིད་དཔྱོད་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། ། གཏད་མེད་ཀྱི་རིག་པ་ཕྱམ་གདལ་ལ། ། འཇུར་དྲན་གྱི་ཞེན་རིག་མ་བསྒྲུབས་པས། ། ཉམས་སྣང་གི་སྤུ་རིས་དབྱིངས་སུ་ཞི། ། བཟང་རྟོག་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། ། ཆོས་མདོ་རྒྱུད་སྒྲུབ་བརྒྱུད་མན་ངག་སོགས། ། ཀུན་མཐར་ཐུག་ངེས་དོན་ཀློང་དུ་གཅིག ། གནད་བློ་བྲལ་གཉུག་མའི་རང་ངོ་རིག ། ཐོས་བསམ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། ། ཁོང་རྟོག་གེ་མཁན་གྱི་སྟོན་ཆོས་ཀྱི། ། ཨུ་རུས་ཀྱི་ལོ་བརྒྱར་འགེགས་བྱས་ཀྱང༌། ། མི་ང་ལ་ཐེ་ཚོམ་འཁུ་འཕྲིགས་མེད། ། ངོ་བོ་ལ་རྟག་ཆད་མི་འདུག་ན། ། རང་བཞིན་ལ་འཕོ་འགྱུར་མི་འདུག་ན། ། ཆོས་དབྱིངས་ལ་བྲི་གང་མི་འདུག་ན། ། འབྲས་བུ་ལ་ཐོབ་ཤོར་མི་འདུག་ན། ། ལམ་ནོར་གོལ་བྱ་བ་ཅི་ལ་ཟེར། ། སྒོམ་མ་བྱུང་བྱ་བ་ཅི་ལ་ཟེར། ། གནད་མ་ཤེས་བྱ་བ་ཅི་ལ་ཟེར། ། དོན་མ་རྟོགས་བྱ་བ་ཅི་ལ་ཟེར། ། ལྟ་དང་སྒོམ་དང་སྤྱོད་པ་གསུམ། ། ཐམས་ཅད་གཉུག་མའི་ཀློང་དུ་གཅིག ། གེགས་དང་གོལ་ས་མཚན་འཛིན་གསུམ། ། བློ་ཡི་བཏགས་པའི་སྤུ་རིས་ཏེ། ། བློ་བྲལ་གཤིས་ལ་ཕན་གནོད་ཅི། ། རང་གྲོལ་གྱི་རྣལ་འབྱོར་ཨ་ལ་ལ། ། འདི་ཡང་དཔལ་ལྡན་བླ་མའི་དྲིན། ། དྲིན་ལན་དུ་རྟོགས་པའི་མཎྜལ་ཕུལ། ། ད་དུང་ཡང་འབྲལ་མེད་ཐུགས་རྗེས་སྐྱོངས། ། དོན་གཉིས་མཐར་ཕྱིན་གྱི་དགེ་མཚན་སྩོལ། མངྒ་ལཾ། ཞེས་གསུངས་པ་ལྟར་རོ། ། དེས་ནས་ཐུན་མིན་གྱི་ཐུགས་དམ་ལྷག་པའི་ལྷ་གཅིག་རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲིའི་ལྗགས་བསྙེན་དང་པོར་གནང་བའི་སྐབས་གཟིམ་ཁང་གི་སྟེང་དང་ཕྱོགས་མཚམས་ཀུན་ནས་ལྕགས་ཀྱི་སྤྱང་ཀི་མང་པོ་འདུས་པ་མཆེ་བ་གཉེར་ཏེ་ངུ་ཞིང༌། ནང་དུ་འཇུག་པར་བརྩམས་པ་སོགས་འཚུབས་ཆ་ཆེ་ཙམ་བྱུང་བ། བླ་མ་ལ་གསོལ་བཏབ། ཐུགས་ཡིད་བསྲེས། རྟགས་མཚན་བཟང་ངན་ལ་རེ་དོགས་འཁུ་འཕྲིགས་མ་མཛད་པས་ཞག་ཁ་ཤས་ནས་རིམ་གྱིས་འཚུབས་ལྟས་རིགས་ཞི་ནས་ཐུགས་དམ་ལ་བོགས་ཐོན་ཏེ་བྱིན་ཆགས་པ་བྱུང་བ་དང༌། རྡོ་རྗེ་ཕུར་པའི་སྐུ་མཚམས་དང་པོའི་སྐབས་སྤྱིར་ལོ་གསུམ་དུ་བཞུགས་ཀྱང་ཉིན་ཞག་བརྒྱ་སོང་མཚམས་ལས་བཞིའི་སྦྱིན་སྲེག་ཞིབ་རྒྱས་བཏང་མཛད་པ་རྡོ་རྗེ་འཆང་མཁྱེན་བརྩེ་དབང་པོའི་བཀའ་བཞིན་གྲུབ་པའི་རྟགས་མཚན་ཐམས་ཅད་རྫོགས་པར་མངོན་ཏེ་སྒྲུབ་སྡེ་དེར་བཞུགས་འབར་ཆུང་བླ་མའི་གཟིམ་ཁང་ཉི་མཐོང་དུ་རྡོ་ཞིག་ཡོད་པ་བོར་སོང་བ་རིམ་གྱིས་ཚོལ་བས་རྙེད་པའི་ཚེ་དེ་སྟེང་ཞབས་རྗེས་ཤིན་ཏུ་གསལ་པོ་ཞིག་འདུག་པས་རྗེ་བླ་མས་ཞབས་རྗེས་བཞག་ནས་སྦས་པ་ཤེས་ཏེ་འབར་ཆུང་བླ་མ་རང་གིས་བདག་པོ་སྤྲད་ནས་བླ་བྲང་གི་མགོན་ཁང་སྒོར་ཐམས་ཅད་ཀྱིས་མཇལ་དུ་ཡོད་པ་དང༌། སྐུ་མཚམས་ལོ་གསུམ་གྲོལ་ནས་འཇམ་མགོན་མཁྱེན་བརྩེ་རྡོ་རྗེ་འཆང་ལ་རྟོགས་འབུལ་མཛད་པས་ཐུགས་དགྱེས་རྩེར་སོན་པ་ལྟར་རྡོ་རྗེ་ཕུར་པའི་ལམ་རྣམ་བཞིའི་གྲུབ་མཐའ་སྒྲ་ཇི་བཞིན་དུ་སྙོག་པར་ངེས་ཞེས་བསྔགས་བརྗོད་ཡང་ཡང་གནང་བ་དང༌། ཆོས་དབང་བླ་མ་གསང་འདུས་ལྗགས་བསྙེན་སྐབས་གུ་རུ་རིན་པོ་ཆེའི་སྐུའི་སྐྱེ་བ་ཐམས་ཅད་དུ་རྗེས་སུ་བཟུང་ཚུལ། ཡེ་ཤེས་ཕེབས་པའི་རྟགས་བརྒྱུད་མར་བྱུང་བ་དང༌། ཐུགས་དམ་ལ་བོགས་འབྱིན་བྱུང་ཚུལ་སོགས་གསུངས་ཤིང༌། རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་བསྙེན་སྒྲུབ་དང་རྫོགས་རིམ་བདེ་གསལ་མི་རྟོག་པའི་རྣལ་འབྱོར་ལ་ཐུགས་གཞོལ་བའི་ཚེ་ཉིན་མཚན་འོད་གསལ་གྱི་རྣལ་འབྱོར་གཅིག་ཏུ་འདྲེས་པའི་ཐུགས་སྣང་བྱུང་བ་དང༌། བདུད་འདུལ་སེང་ཧ་མུ་ཁའི་བསྙེན་སྒྲུབ་སྐབས་ཨོ་རྒྱན་མཁའ་འགྲོའི་གླིང་དུ་ཕེབས་པ་དང༌། དཔའ་བོ་ཌཱ་ཀའི་ཚོགས་འདུ་བ་ལ་སྤྱོད་པ་དང༌། ཕྱག་མཚན་རྙེད་པ་སོགས་མནལ་ལྟས་ཡ་མཚན་པ་དུ་མ་བྱུང་བ་དང༌། ཞེ་ཆེན་རི་ཁྲོད་བདེ་ཆེན་འོད་གསལ་ཕུག་ཅེས་གནུབས་བན་ནམ་མཁའི་སྙིང་པོའི་སྒྲུབ་ཕུག་ཞིག་ཡོད་པ་དེར་ལོ་གསུམ་བཞུགས་ནས་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལ་གསན་བསམ་སྒོམ་གསུམ་སྤེལ་མར་གནང་བས་ཆོས་ཉིད་ཀྱི་དགོངས་པ་ཀློང་དུ་གྱུར་ཏེ་གཉིས་འཛིན་གྱི་འཁྲུལ་རྟོག་ཞིག་ནས་ཉིན་མཚན་འོད་གསལ་གྱིས་འདའ་བར་གསུངས་པ་དང༌། སྙན་བརྒྱུད་ཡང་ཕུར་སྦྲགས་མར་ལྗགས་བསྙེན་གནང་སྐབས་འཇམ་མགོན་རིན་པོ་ཆེ་བློ་གྲོས་མཐའ་ཡས་ཀྱིས་དེའི་རྫོགས་རིམ་ཐབས་གྲོལ་གྱི་ལམ་ཡོངས་རྫོགས་སམ་ཊ་ལ་ཕྱག་བྲིས་བཀོད་པའི་སྟེང་ནས་གནང་བ་དང༌། སྐུ་ཚེ་དང་ཕྲིན་ལས་ཀྱི་བར་ཆད་མང་པོ་སེལ་བ་དང༌། ཕུར་པ་ཡང་གསང་སྤུ་གྲིའི་ལྗགས་བསྙེན་ཞིག་གི་སྐབས་གུ་རུ་ཆོས་ཀྱི་དབང་ཕྱུག་སྔགས་ཆས་ཐུགས་ཀར་མེ་ལོང་བཏགས་པ་ཞིག་གིས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དབང་བསྐུར་གསན་པའི་དག་སྣང་ཉེ་བརྒྱུད་བྱུང་བ་དང༌། མདོ་ཁམས་ཀརྨ་དགོན་གྱི་ཀར་མའི་ཡང་དབེན་དུ་རྒྱལ་དབང་རང་བྱུང་རྡོ་རྗེས་རྗེས་སུ་བཟུང་སྟེ་དེའི་བླ་སྒྲུབ་དགོངས་གཏེར་དུ་རྡོལ་བའི་ཕྱག་བྲིས་དང་པོའི་སྟེང་མ་འོངས་དུས་སུ་འདི་རུ་ལན་གཅིག་འབྱུང་ཞེས་གནང་བ་ཕྱིས་རྗེ་ཉིད་ཀྱི་ཡང་སྲིད་དེར་ཕེབས་པ་དང༌། ཀུན་མཁྱེན་འཇིགས་མེད་གླིང་པ་སྔགས་པ་དཀར་ཆས་ཅན་གྱིས་རྗེས་སུ་བཟུང་བ་དང༌། ཡོན་ཏན་རིན་པོ་ཆེའི་མཛོད་ལས་གསན་བསམ་མཛད་པས་མཁྱེན་རབ་ཀྱི་སྒོ་ཕྱེ་བར་གསུངས་པ་དང༌། བསམ་ཡས་ཨཱརྻ་པ་ལོའི་གླིང་དུ་རྫོགས་ཆེན་བླ་མ་ཡོན་ཏན་དཔལ་བཟང་གིས་སྦྱིན་བདག་མཛད་ནས་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྨན་སྒྲུབ་མཛད་པས་སྨན་སྒྲུབ་ལ་འཇའ་ཟུག ། རྗེ་བླ་མ་སྣང་རིག་འདྲེས་པའི་ཉམས་ཁྱད་པར་ཅན་ཐུགས་ལ་འཁྲུངས་པ་གསུངས་པ་དང༌། འཇམ་མགོན་བླ་མ་རྣམ་གཉིས་མདུན་ནས་བཀའ་ཆོས་གསན་སྐབས་ཁོ་བོ་ལོ་གཞོན་པས་གསོལ་འདེབས་སོགས་བྱེད་མ་ཤེས་ཀྱང་བྱིན་འབེབས་དང་དབང་བཞི་པའི་ངོ་སྤྲོད་སྐབས་ཐུགས་ཡིད་འདྲེས་པའི་ཉམས་རྒྱུན་པར་ཤར་བ་ཡོད་པ་བླ་མ་ལྟ་དགོངས་མཐོ་བའི་བྱིན་རླབས་ཀྱིས་རེད་ཅེས་གསུངས། སྤྱིར་འཇམ་མགོན་རྡོ་རྗེ་འཆང་རྣམ་པ་གཉིས་ཟབ་གཏེར་གྱི་བཀའ་བབས་རྟེན་འབྲེལ་རབ་ཏུ་བྱུང་ན་ཁོང་རྣམ་པ་གསུམ་རྫུ་འཕྲུལ་དང་བརྟུལ་ཞུགས་ལ་མཁན་སློབ་ཆོས་གསུམ་དངོས་ལྟ་བུ་དང༌། ངེད་ཅག་སློབ་མ་རྣམས་རྗེ་འབངས་ཉེར་ལྔ་ལྟ་བུ་འོང་རྒྱུ་རེད་ཅེས་ཞལ་ནས་དངོས་སུ་གསུངས་པ་དང༌། སྐབས་ཞིག་ཞལ་རྩེད་དུ་ཞེ་ཆེན་དབུ་མཛད་སྐལ་བཟང་མགོན་པོ་ཚེ་གཅིག་ཏུ་དབུ་མཛད་བྱས་པས་འོག་མིན་སྨིན་གྲོལ་གླིང་གི་དབྱངས་རོལ་དང༌། ངའི་མི་ཚེ་གཅིག་ལ་སྒོམ་ལོ་བྱས་པས་ལྟ་སྒོམ་གྱི་ཕུ་ཐག་ཆོད་པའི་གདེང་ཐོབ་དགོས་རྒྱུ་རེད་ཅེས་གསུངས། རྫེ་བླ་མ་ཉིད་ཞེ་ཆེན་བླ་བྲང་སྟེང་གཟིམ་ཆུང་དུ་སྐུ་མཚམས་དམ་རྒྱར་བཞུགས་སྐབས་ནམ་རྒྱུན་གཟིམ་སྐར་སྒོ་གཏན་ནས་ཕྱེ་མི་མཛད་པ་ལ། ཉིན་གཅིག་གསུང་ཐུན་བཞུགས་སྒང་སྔ་དྲོ་ཞིག་ལ་གཟིམ་སྐར་སྒོ་སྟེང་མ་ཕྱེ་ནས་འདུག་པ་ཀུན་གྱིས་རྗེས་དེ་རིང་གཟིམ་སྐར་ཕྱེ་འདུག་པ་གང་ཡིན་ཞེས་གླེང་རྐྱེན་གྱིས་ཉིན་གུང་གསུང་ཐུན་གྲོལ་ནས་ཆབ་གསང་ཕེབས་རྗེས་ཉེ་གནས་སྐུ་མཆེད་བླ་མ་འཇམ་དབྱངས་ཀྱིས་གསོལ་ལྕོགས་ནང་གཟིགས་པས་ཤོག་དྲིལ་ཞིག་འདུག་པ་བརྐུས་ནས་ཁྲོ་ཤུལ་མཁན་རིན་པོ་ཆེ་གཟིམ་ཆུང་ཁྱམས་དེར་བཞུགས་པ་ལ་གཟིགས་ཕུལ་བས་སྐྱབས་རྗེ་རབ་འབྱམས་རིན་པོ་ཆེ་ཀུན་བཟང་བསྟན་པའི་ཉི་མ་མགོ་ལོག་ཏུ་རིན་ཆེན་གཏེར་མཛོད་ཆེན་མོའི་ཆོས་འཁོར་གྲུབ་རྗེས་དགོངས་པ་རྫོགས་མ་ཐག་སྤྲུལ་གཞི་བི་མ་མི་ཏྲ། རིགས་བདག་མཁྱེན་བརྩེ་དབང་པོ། རབ་འབྱམས་རིན་པོ་ཆེའི་བཅས་ཐོ་བརྩེགས་སུ་བཞུགས་པ་ཞལ་གཟིགས་ཏེ་འདས་རྗེས་ཚིགས་སུ་བཅད་པ་དུ་མ་བསྩལ་བའི་མཐར་རྗེ་ཉིད་ལ་ཐིམ་པས་དགོངས་པ་དབྱེར་མེད་དུ་གྱུར་པ་དང༌། མཆོག་གི་སྤྲུལ་སྐུ་འབྱོན་པའི་ལུང་བསྟན་བཅས་ཡོད་པ་དང༌། ཕྱིས་དགུང་གྲངས་ལྔ་བཅུར་ཕེབས་ཤིང་གསོལ་ཚིགས་སུ་ཟས་ངན་ཞིག་བཞེས་རྐྱེན་གྱིས་བརྒྱུད་མར་སྙུན་ཏེ་བཞུགས་ཀྱང༌། ཞལ་ཁྲུས་སོགས་མ་གནང་ཡང་སྐུ་ཤ་དཀར་སངས། གཉེར་མ་སོགས་གཏན་ནས་མེད་པ་དང༌། གསོལ་ཆས་རྒྱུན་རིང་མ་བཞེས་ཀྱང་སྐུ་ཉམས་ཆག་པ་སོགས་གཏན་ནས་མེད་པ་གཟི་བརྗིད་དང་ལྡན་པར་བཞུགས་པ་དང༌། བཀའ་བརྒྱད་སྒྲུབ་ཕུག་ཏུ་བཞུགས་སྐབས་སྒྲོན་མེ་སོགས་གང་ཡང་མེད་ཀྱང་མཚན་མོ་མུན་སྲོས་པའི་སྐབས་ཕྱག་བྲིས་ཉིན་པར་བཞིན་གནང་བ་ཉེ་གནས་ཀྱིས་མཇལ་བ་སོགས་ལྟ་དགོངས་མཐོན་པོར་ཕེབས་ཤིང༌། ནང་གི་ཏིང་ངེ་འཛིན་ལ་མངའ་བརྙེས་པའི་རྟགས་མཚན་གསལ་བ་དང༌། མདོར་ན་ཐེག་པ་མཆོག་གི་གསེང་ལམ་སྒྲ་ཇི་བཞིན་དུ་སྙེག་པ་ཞིག་ལ་ཕྱི་མའི་དུས་འདིར་བདག་གི་བླ་མ་ཙམ་ཞིག་ཡིན་པར་མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མས་བསྔགས་པར་མཛད། དགུང་གྲངས་སུམ་ཅུའི་སྐོར་ཕེབས་པ་ནས་ལོག་སྨོན་ཅན་ཞིག་གིས་ཟས་ངན་ཞིག་ཕུལ་བ་མཁྱེན་བཞིན་བཞེས་པའི་རྐྱེན་གྱིས་སྐུ་ལ་སྙུན་ཤིན་ཏུ་ལྕི་བ་ཐེབས་ཚུལ་གྱིས་ཕྱག་གིས་སྐུ་རྒྱབ་ཏུ་སྐུ་ཆིངས་སྡོམ་མི་ནུས་པ་དང༌། ལྗགས་དང་ཚེམས་གས་པ་ལས་ཁྲག་བབ་པས་ལྗགས་ཀློག་མི་བདེ་བ་སོགས་བྱུང་ཀྱང་རྩ་རླུང་གི་ནུས་པས་སྐུ་ཚེ་ལ་བར་ཆད་མ་བྱུང༌། སྐུ་ཚེའི་སྨད་དགུང་གྲངས་བཞི་བཅུར་ཕེབས་པ་ནས་རྫོང་ལུང་པདྨ་ལྷ་རྩེ་ཞེས་བཀའ་སྲུང་ལྷ་ཆེན་གྱི་གསང་རྟེན་རང་བྱུང་གི་བྲག་དམར་ལས་འཁྲུངས་པ་ཞིག་ཡོད་པའི་དྲུང་དུ་རིན་ཆེན་རིལ་ནག་ཆེན་མོ་བཞེས་ཏེ་ཟླ་བ་གཅིག་ཙམ་དུ་སྦྲ་གུར་ཕུབ་སྟེ་བཞུགས་ཤིང༌། སླར་མདོ་ཁམས་གནས་ཆེན་ཉེར་ལྔའི་ཕྲིན་ལས་བཞི་ཡི་གནས་ཆེན་ལས་རྒྱས་པའི་གནས་ཆེན་ཟིལ་ཁྲོམ་གངས་ཀྱི་ར་བའི་བྱང་ཕྱོགས་ཞེ་ཆེན་རྒྱབ་རི་སེང་གེ་གནམ་རྫོང་རི་ཁྲོད་དུ་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཚོགས་ཁང་དུ་གྲགས་པའི་སྒྲུབ་ཕུག་དང༌། གཟིམ་སྤྱིལ་གསར་བསྐྲུན་བདེ་མཆོག་བཀྲ་ཤིས་དགེ་འཕེལ་དུ་ཐེམ་པ་སྤང་ནས་ཀུན་སྤང་བྱ་བྲལ་བའི་ཚུལ་གྱིས་སྐུ་གཤེགས་ཀྱི་བར་བཞུགས་ཤིང་ཐུགས་སྲས་འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེ། ཀོང་སྤྲུལ་སོགས་ལ་གདམས་ངག་རིན་པོ་ཆེའི་མཛོད་ཀྱིས་མཚོན་ཆོས་འཁོར་གལ་ཆེ་བ་ཆོས་མཛད་སྒྲུབ་པ་པོ་དམ་ལྡན་སློབ་མའི་གཙོ་བོ་ཁ་ཤས་ལས་དད་སྦྱིན་མཆོག་ཕལ་སུ་ལ་ཡང་མཇལ་ཁ་དང༌། རྐྱེན་སེལ་ཚེ་དབང་སོགས་གང་ཡང་མ་གནང་བར་རྩེ་གཅིག་སྒྲུབ་པ་སྙིང་པོར་མཛད་པ་དང༌། ཕྱི་མའི་དུས་འདིར་འཛམ་གླིང་ཆོས་ཀྱི་ཤིང་རྟ་ཆེན་པོ་འཇམ་མགོན་མཁྱེན་ཀོང་རྣམ་པ་གཉིས་དང༌། ཐམས་ཅད་མཁྱེན་གཟིགས་མི་ཕམ་རིན་པོ་ཆེ་རྣམས་ཀྱི་བཀའ་དྲིན་འབའ་ཞིག་པས་རིས་སུ་མ་ཆད་པའི་ཐུབ་བསྟན་རིན་པོ་ཆེ་སྤྱི་དང༌། ཁྱད་པར་རང་ལུགས་སྔ་འགྱུར་རྡོ་རྗེ་སྙིང་པོའི་ལྟ་དགོངས་ཀྱི་ཟབ་གནད་ཆེས་ཆེར་གསལ་བར་མཛད་པ་བླ་མའི་བཀའ་དྲིན་རྗེས་སུ་གསོ་བ་དང༌། སངས་རྒྱས་ཀྱི་བསྟན་པའི་གཞི་མ་ལུང་རྟོགས་ཀྱི་མཛད་པ་གོང་འཕེལ་དུ་འབྱུང་བའི་ཕྱིར་བསྟན་འཛིན་གྱི་སྐྱེས་བུ་ཆེས་མང་དུ་བསྐྲུན་པར་མཛད་པའི་ཚུལ་ལ་རང་དགོན་གྱི་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་འགྱུར་མེད་ཀུན་བཟང་བསྟན་པའི་ཉི་མ། རྗེ་ཉིད་དང༌། གྲུབ་དབང་རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་གཟིགས་སྣང་དགོངས་པ་རྩེ་མཐུན་དུ་བྱུང་བ་མགོ་ལོག་ཨ་ཁྱུང་སྦྲ་སར་དཔོན་པོའི་སྲས་སུ་འཁྲུངས་པ་སེང་གེའི་ཁྲི་ལ་མངའ་གསོལ། ཡབ་ཡུམ་སྐུ་འཁོར་རིགས་དང༌། གྲྭ་ཚང་ལ་དགྱེས་སྟོན་སོགས་དཔེ་ཟླ་འོས་པར་མཛད། མཆོག་གི་སྤྲུལ་སྐུ་རིན་པོ་ཆེར་རྟེན་སྡོམ་པ་གསུམ་དང༌། སྔ་འགྱུར་བཀའ་གཏེར་གྱི་སྨིན་གྲོལ་རབ་འབྱམས་དང༌། གསན་བསམ་སྒོམ་པའི་རྒྱལ་ཐབས་ལ་བཀོད་པས་རང་ལུགས་བསྟན་པའི་སྲོག་རྩ་ཟིན་ངེས་སུ་བྱུང་བ་དང༌། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་མཆོག་སྤྲུལ་རབ་འབྱམས་ལྔ་པས་ངོས་འཛིན་ཁྲི་བཀོད་གནང་བ་རབ་འབྱམས་རིན་པོ་ཆེ་དགོངས་པ་རྫོགས་རྗེས་རྗེ་བླ་མ་ཉིད་དང་བླ་བྲང་གཅིག་ཏུ་བཞུགས་ནས་བཤད་སྒྲུབ་ལས་གསུམ་གྱིས་སྔ་འགྱུར་བཀའ་གཏེར་ཡོངས་རྫོགས་ཀྱི་མངའ་བདག་ཆོས་ཀྱི་རྒྱལ་པོ་སྨིན་གླིང་པའི་བསྟན་སྲོག་འཛིན་པ་ལ་གཞན་དྲིང་མི་འཇོག་པའི་མཁས་གྲུབ་ཆེན་པོ་བསྐྲུན། གཞན་ཡང་རབ་འབྱམས་མཆོག་གི་སྐུ་སྤྲུལ་གྱི་བྱེ་བྲག་ཀོང་སྤྲུལ་རིན་པོ་ཆེའི་སྐུ་མཆེད་དགོན་སྟོད་མཆོག་སྤྲུལ། དབོན་སྤྲུལ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་སྐུ་ཕྲེང་གཉིས་པ་དང་གསུམ་པ། མཁས་བཙུན་རིགས་པར་སྨྲ་བའི་ཁྱུ་མཆོག་ལོ་ཆེན་སྤྲུལ་སྐུ་འགྱུར་མེད་འོད་ཟེར་གྲགས་པ། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་དབོན་རིགས་སུ་འཁྲུངས་པའི་འབར་ཆུང་སྤྲུལ་སྐུ་སོགས་འཇམ་མགོན་མི་ཕམ་རིན་པོ་ཆེའི་མཆོག་སྤྲུལ་རྗེ་དེ་ཉིད་ཀྱི་སྐུ་མཆེད་ཆོས་དཔལ་གྱི་སྲས་སུ་འཁྲུངས་པ་དང༌། གུས་འབངས་དམན་བུ་ལའང་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེའི་མཚན་དང་སྨིན་གྲོལ་རྒྱ་ཆེར་བཀའ་དྲིན་དུ་བསྩལ་བ་སོགས་ཞེ་ཆེན་དགོན་དང༌། གཞན་ཡང་ཕུག་དགོན་འཇུ་མོ་ཧོར་དགོན་སིབ་རྫོགས་ཆེན་དགོན་སོགས་དགོན་ལག་དུ་མའི་སྤྲུལ་སྐུ་ངོས་འཛིན། ཁྲི་བཀོད་དང་དེ་དག་གཙོ་བོར་གྱུར་པའི་སྐལ་བཟང་གི་གདུལ་བྱ་རིས་སུ་མ་ཆད་པ་ལ་བཀའ་མ་མདོ་སྒྱུ་སེམས་གསུམ། ཡང་ཕུར། དོང་སྤྲུགས་གཉིས་སོགས་དབང་ལུང་གི་རྒྱུན་གང་བཞུགས་ཐམས་ཅད་དང༌། རིན་ཆེན་གཏེར་མཛོད་ཆེན་མོ། ཉང་གཏེར་བཀའ་བརྒྱད་པོད་དགུ། བླ་མ་དགོངས་འདུས་དབང་ཆེན་དང་གཏེར་གཞུང་པོད་བཅུ་གསུམ་ལུང༌། བླ་མ་གསང་འདུས་དང༌། ཁྲོས་ནག་གི་གཞུང་པོད། རྡོ་རྗེ་གླིང་པའི་བཀའ་བརྒྱད་དང༌། ཧཱུྃ་སྐོར་སྙིང་ཐིག་སོགས་ཕལ་ཆེར་དང༌། བྱང་གཏེར་སྐོར་ཡོངས་རྫོགས། གྲོལ་ཐིག་དགོངས་པ་རང་གྲོལ། རྫོགས་པ་ཆེན་པོ་སྙིང་ཐིག་ཡ་བཞི། ཀློང་ཆེན་མཛོད་བདུན། ངལ་གསོ་སྐོར་གསུམ། སྔགས་ཀྱི་སྤྱི་དོན། གསང་འགྲེལ་ཕྱོགས་བཅུ་མུན་སེལ། རོང་ཟོམ་བཀའ་འབུམ། སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་བཀའ་འབུམ། སྒྲུབ་ཐབས་འདོད་འཇོའི་བུམ་བཟང༌། ཀློང་ཆེན་སྙིང་ཐིག་གི་རྩ་པོད་གཉིས། ཀུན་མཁྱེན་འཇིགས་གླིང་གི་བཀའ་འབུམ་པོད་དགུ། རབ་འབྱམས་གཉིས་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་གྱི་བཀའ་འབུམ་པོད་དགུ་དང༌། རྒྱལ་ཚབ་དང་པོ་བསྟན་འཛིན་ཆོས་རྒྱལ་གྱི་བཀའ་འབུམ་པོད་གཅིག །དབོན་སྤྲུལ་མ་ཧཱ་པཎྜི་ཏ་འགྱུར་མེད་ཀུན་བཟང་མཐུ་སྟོབས་རྣམ་རྒྱལ་གྱི་གླེགས་བམ་པོད་དྲུག་དང༌། རྣམ་ཐར་སྐལ་བཟང་མགུལ་རྒྱན་པོད་གཅིག །གྲུབ་ཆེན་ཤེས་རབ་ཡར་འཕེལ་གྱི་དབུ་ཕྱག་རྫོགས་གསུམ་གྱི་ཁྲིད་ཡིག་དང་ལྟ་མགུར། གདམས་མཛོད་སྤྲུལ་པའི་གླེགས་བམ་པོད་བཅུ། ཀོང་སྤྲུལ་རིན་པོ་ཆེའི་རྒྱ་ཆེན་བཀའ་མཛོད་པོད་བཅུ་གསུམ། མི་ཕམ་རིན་པོ་ཆེའི་བཀའ་འབུམ་པོད་ཉེར་བཞིའི་ལུང༌། དེ་སོགས་ཀྱི་སྨིན་བྱེད་ཀྱི་དབང༌། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་བཤད་ལུང་དང་བཅས་པའི་ཆོས་འཁོར་རྒྱུན་མི་ཆད་པས་སྐལ་བཟང་སློབ་མའི་ཚོགས་རྟག་པར་སྐྱོང་བར་མཛད་པས་ཞལ་སློབ་ཐམས་ཅད་སྨིན་གྲོལ་ཆོས་ཀྱི་འབྱོར་པས་ཕྱུག་པ་ཤ་སྟག་དང༌། འཇམ་མགོན་མི་ཕམ་རིན་པོ་ཆེར་ལྷག་པའི་ལྷས་ལུང་བསྟན་པ་ལྟར་ཉེ་བའི་སྲས་ཆེན་བརྒྱད་ཀྱི་སྐུ་ཐོག་ཚད་ལས་མི་ཆུང་བ་རེ་བཞེངས་མཛད་པའི་བྱེ་བྲག་ས་ཡི་སྙིང་པོའི་སྐུ་ཞེ་ཆེན་དུ་བཞེངས་པར་བཀའ་ཡིས་བསྐུལ་ཏེ་ས་སྙིང་གསེར་ཟངས་ཀྱི་སྐུ་ཐོག་ཚད་བཞེངས་པའི་མདུན་མཆོད་འབུལ་སྐབས་ཉེར་མཁོའི་ས་སྙིང་གི་མཆོད་ཆོག་ཅིག་གསར་བསྒྲིགས་མཛད་ནས་མི་ཕམ་རིན་པོ་ཆེར་སྤྱན་འབེབས་ཞུས་པས་དེང་སང་གི་དུས་འདི་འདྲ་ལ་འདི་ལྟ་བུའི་ལེགས་བཤད་རྩོམ་ནུས་པ་དཀའ་ངེས་ཡིན་འདུག་པས་ཕྱིན་ཆད་རྒྱལ་ཚབ་རིན་པོ་ཆེའི་གསུང་ཇི་ཡོད་འཐོར་གྱར་དུ་མ་བཅུག་པར་བསགས་ནས་བཀའ་འབུམ་ཞིག་བསྒྲིགས་ཏེ་སྤར་དུ་བཀོད་དགོས་ངེས་འདུག་ཅེས་བཀའ་བསྩལ་བ་ལྟར་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེ་དྷརྨ་མ་ཏིའི་དབུ་འདོན་གྱིས། རྗེ་བླ་མའི་སྐུ་དབོན་དགེ་ལེགས་རྒྱ་མཚོ་དང༌། ཉེ་བའི་ཐུགས་སྲས་ཉི་མ་ལྟ་བུ་ཀོང་སྤྲུལ་རིན་པོ་ཆེ་པདྨ་དྲི་མེད་ལེགས་པའི་བློ་གྲོས་གཉིས་ཀས་རྟེན་རྩ་གང་དགོས་ཕངས་མེད་དུ་བཏང་བར་མཛད་པ་དང༌། འཇམ་མགོན་རྣམ་གསུམ་གྱི་བསྟན་པ་ལ་སྙིང་ནས་གུས་པའི་དགེ་སློང་ཞིང་སྐྱོང་གི་འགན་ཁུར་ལྷུར་བཞེས་བཅས་སྤར་དུ་བསྒྲུབས་པའི་གླེགས་བམ་གྱི་དཀར་ཆག་ནི། ༼ཀ༽ ཚོགས་གསོག་མཆོད་འབུལ་སྣ་ཚོགས་ཀྱི་སྐོར་ཚོགས་གཉིས་ནོར་བུ་རྒྱས་པའི་སྤྲིན་ཆེན་ལྡེབ། ༡༢༣ འཇམ་མགོན་བླ་མཆོད་གྲུབ་གཉིས་ནོར་བུའི་གཏེར་མཛོད། ༡༧ ཉི་ཟླའི་རྟགས་ཅན་རྣམས་རྒྱ་གར་དུ་དཔེ་ཐོབ་པ་རྣམས་ཡིན། མཆན། ས་སྙིང་མཆོད་ཆོག་རིན་ཆེན་དབང་གི་རྒྱལ་པོ་ལྡེབ། ༤༨ རྒྱལ་བའི་རྟེན་གསུམ་བཞེངས་པ་དང་མཆོད་པའི་ཕན་ཡོན་ཚོགས་གཉིས་པད་ཚལ་བཞད་བྱེད་ཡིད་ཆེས་ལུང་གི་ཉི་མ། ༢༡༢ ༼ཁ༽ བསྟོད་ཚོགས་ཀྱི་སྐོར་ཡོན་ཏན་རྒྱ་མཚོའི་སྤྲིན་ཕུང༌། ༢༡༩ བླ་མ་རྒྱང་འབོད་དང་གསོལ་འདེབས་ཞབས་བརྟན་སྐོར་དང་བསོད་ནམས་རྒྱ་མཚོའི་སྤྲིན་ཆེན། ༡༢༠ ༼ག༽ སྔ་འགྱུར་གཙོ་བོར་གྱུར་པའི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཆོས་འབྱུང་ལེགས་བཤད་པདྨ་དཀར་པོའི་རྫིང་བུ། ༢༦༤ རིན་ཆེན་གཏེར་མཛོད་ལས་འཕྲོས་པའི་གཏམ་ལྷའི་རྔ་སྒྲ། ༧༣ ༼ང༽ ཀ་ལཱ་པའི་མཚམས་སྦྱོར་ལྔའི་ལག་ལེན་བདུད་རྩིའི་ཉིང་ཁུ། ༣༣ ཡི་གེའི་བརྡ་དག་གསལ་བར་སྟོན་པའི་བསྟན་བཅོས་བློ་གསལ་མགུལ་རྒྱན། ༦༩ རྒྱན་གྱི་བསྟན་བཅོས་མེ་ལོང་གི་དོན་འགྲེལ་དཔེར་བརྗོད་ངོ་མཚར་པདྨ་དཀར་པོའི་ཆུན་འཕྱང༌། ༡༡༢ སྙན་ངག་༣༦དོན་རྒྱན་སོ་ལྔའི་དཔེར་བརྗོད་ཁོལ་བྱུང་ཡིད་སྐྱེས་གཞོན་ནུའི་ཟློས་གར། ༢༨ བསྟན་རྩིས་ཉེར་མཁོ་རབ་གསལ་མེ་ལོང༌། ༡༢ འབྱུང་རྩིས་ཀྱི་རེ་མིག་བལྟ་བདེར་སྤེལ་བ་ཀུ་མུ་དཱའི་རྫིང་བུ། ༡༨ ཀེག་རྩིས་ཞེ་བདུན་གྱི་རྡེལ་བཤད་རབ་གསལ་མེ་ལོང༌། ༡༢ བལ་མོ་སྡེང་སྐོར་གྱི་རྡེལ་བཤད་ཨུཏྤལ་དཀར་པོའི་ཕྲེང་བ། ༡༠ ཞལ་གདམས་གཏམ་ཚོགས་དང་བཅའ་ཡིག་སྐོར་བླང་དོར་རབ་གསལ་ནོར་བུའི་སྤྲིན་ཆེན། ༡༣༢ ༼ཅ༽ ཞལ་གདམས་དང་གསུང་མགུར་སྣ་ཚོགས་ཀྱི་སྐོར་ཀུན་ཕན་བདུད་རྩིའི་སྤྲིན་ཆེན། ༣༠༦ ཟུར་ཆུང་ཤེས་རབ་གྲགས་པའི་ཞལ་གདྃམས་བརྒྱད་ཅུ་པའི་མཆྃན་འགྲེལྃ་རིནྃ་པོྃ་ཆེའིྃ་ཕྲེང་བ། ༣༩ ༼ཆ༽ ཐེག་པ་ཆེན་པོའི་བློ་སྦྱོངྃ་གི་མན་ངག་ཟབ་དོན་སྦྲངྃ་རྩིྃའི་བུམྃ་བཟྃང༌། ༢༧༠ ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྔོན་འགྲོའི་ཁྲིད་ཟིན་རབྃ་གསྃལ་སྒྲོནྃ་མེྃ། ༣༨ ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རིམ་པ་དང་པོའི་ཁྲིད་ཟིན་ལྷ་རྫས་མེ་ཏོག ༥༥ ༼ཇ༽ རྡོ་རྗེ་ཐེག་པ་ཐུན་མོང་གི་སྔོན་འགྲོའི་ཁྲིད་ཀུན་མཁྱེན་ཞལ་ལུང་རྣམ་གྲོལ་ཤིང་རྟ། ༣༦༤ ༼ཉ༽ དཀོན་མཆོག་དང་ལས་འབྲས་ལ་ཡིད་ཆེས་བསྐྱེད་པའི་གཏམ་རྒྱུད་སྙིང་པོར་བསྡུས་པ་ཡང་དག་ཐར་ལམ་བགྲོད་པའི་སྐས། ༥༢༣ ༼ཏ༽ ལས་དང་པོ་པ་ལ་ཕན་པའི་བསྐྱེད་རྫོགས་ཀྱི་གོ་དོན་ཉུངྃ་གསྃལ་གོ་བདེར་བརྗོད་པ། ༡༡ བསྐྱེད་རིམ་སྤྱིའི་རྣམ་བཞག་རབྃ་གསྃལ་ནོརྃ་བུྃའི་མེྃ་ལོངྃ། ༩༩ ངེསྃ་དོནྃ་སྙིངྃ་པོའིྃ་གནྃད་མདོར་བསྡུས་པ་རིན་པོ་ཆེའི་སྒྲོན་མེ། དེའི་སྃ་བཅྃད་ལྡེབ། ༨༠ བདེན་གཉིས་བསལ་བཞག་དང་བྲལ་བའི་དོན་གྱི་དགོངས་བཤད་གློག་གི་སྒྲོན་མ། ༨༡ རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲིའི་རྣམ་བཤད་རིག་པ་འཛིན་པའི་ཞལ་ལུང༌། ༦༠ སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་རྣམ་བཤད་གྲུབྃ་གཉིསྃ་འདོདྃ་འཇོྃའི་དགྃའ་ཚལྃ། ༡༡༧ གྲོ་ལོད་གསང་སྒྲུབ་གདུག་པ་ཀུན་འདུལ་གྱི་དམིགས་རིམ་ཟིན་བྲིས་གྲུབ་པ་མཆོག་གི་ཞལ་ལུང༌། ༢༢ སེམས་དོན་དངོས་གཞིའི་ཉམས་ལེན་གནད་བསྡུས་རབ་གསལ་སྒྲོན་མེ། ༥༧ ༼ཐ༽ བཤེས་སྤྲིང་མཆན་འགྲེལ་པདྨ་དཀར་པོའི་ཕྲེང་བ། ༣༡ སྤྱོད་འཇུག་ཤེར་ལེའི་མཆན་འགྲེལ་དོན་གསལ་མེ་ལོང༌། ༥༩ སྤྱོད་འཇུག་ཤེར་ལེའི་འབྲུ་འགྲེལ་ཀུན་མཁྱེན་བླ་མའི་གསུང་ལས་བཏུས་པ་རབྃ་གསྃལ་ནོརྃ་བུྃའི་སྒྲོནྃ་མེྃ། ༡༠༠ དཀོན་༣༧མཆོག་གསུམ་གྱི་དོན་རྣམ་བཞག་དད་པའི་རླབས་ཕྲེང་རྣམ་པར་གཡོ་བའི་ཆུ་གཏེར། ༦༠ཐེག་པ་རིམ་དགུའི་རྣམ་བཞག་མདོར་བསྡུས་རིན་པོ་ཆེའི་ཐེམ་སྐས། ༡༦༩ ༼ད༽ ཡིད་བཞིན་མཛོད་ཀྱི་འགྲེལ་ཆུང་པདྨ་དཀར་པོའི་སྤྲིན་ཆེན། ༡༦༧ ཐེག་དགུའི་ཚོགས་བཤད་ནོརྃ་བུའིྃ་ཏམྦུརྃ། གསང་སྙིང་ཚོགས་བཤད། སྡོམ་གསུམ་ཚོགས་བཤད་བཅས་ལ། ༩༣ བླ་མའི་རྣལ་འབྱོར་སྐོར་བྱིན་རླབས་རྒྱ་མཚོའི་སྤྲིན་ཆེན། ༣༧ རྒྱལ་དབང་རང་བྱུང་རྡོ་རྗེའི་བླ་མའི་རྣལ་འབྱོར་འོདྃ་གསྃལ་སྤྲིནྃ་གྱིྃ་རོལྃ་མོྃ། ༦ ༼ན༽ ཉེར་མཁོ་ཐོར་བུ་སྣ་ཚོགས་ཀྱི་སྐོར་འདོད་འབྱུང་ནོར་བུའི་སྤྲིན་ཆེན། ༩༦ ཉེར་མཁོ་དབྃང་གིྃ་མཚམྃས་སྦྱོརྃ་རིནྃ་པོྃ་ཆེའིྃ་ཕྲེངྃ་བ། ༧༣ ལྷག་པའི་ལྷ་སྣ་ཚོགས་ཀྱི་སྒྲུབ་ཐབས་དང་བསྙེན་ཡིག་སྐོར་རྫོགས་ལྡན་ནོར་བུའི་སྤྲིན་ཆེན། ༡༡༨ སེང་ཆེན་ཡིད་བཞིན་ནོར་བུའི་གསོལ་མཆོད་དཔྃག་བསྃམ་ཡོངྃས་འདུའིྃ་འཁྲིྃ་ཤིངྃ། ༢༠ ༼ཨ༽ འཇམ་མགོན་བླ་མའི་གདུང་རྟེན་གཉིས་ཀྱི་དཀར་ཆག་ངོ་མཚར་སྣང་བ། ༣༡ བསྔོ་སྨོན་དང་བཀྲ་ཤིས་སྐོར་དགེྃ་ལེགྃས་རྒྱྃ་མཚོྃའི་སྤྲིནྃ་ཆེནྃ། ༣༦ སྔ་འགྱུར་བསྟན་རྒྱས་སྨོན་ལམ་འགྲེལ་པ་ཕྱོགྃས་ལསྃ་རྣམྃ་པརྃ་རྒྱལྃ་བའིྃ་རྒྱལྃ་མཚྃན། ༡༢༥ དཀར་ཆག་ནོར་བུའི་ཕྲེང་བ་ཐུགས་སྲས་ཀོང་སྤྲུལ་རིན་པོ་ཆེས་མཛད་པ་ལྡེབ་བདུན་བཅས་པུསྟི་བཅུ་གསུམ་བཞུགས་པ། དེ་དག་ཀྱང་གསལ་ལ་གོ་བདེ་སྙན་འཇེབས་ཀྱི་བརྗོད་པ་རྨད་དུ་བྱུང་བ། མཁས་པ་མགུ་བར་བྱེད་པའི་ལུང་དང་རིགས་པའི་ཟབ་གནད་ཕུན་སུམ་ཚོགས་པ། ཁུངས་དང་འབྲེལ་ཞིང་གོང་མའི་གསུང་རབ་ཐམས་ཅད་ཀྱི་གསལ་བྱེད་དུ་གྱུར་པ་ཀུན་མཁྱེན་ངག་གི་དབང་པོ་བསམ་ཡས་པ་དང༌། རྒྱལ་དབང་ཀརྨ་པ་རང་བྱུང་རྡོ་རྗེའི་ལེགས་བཤད་ཀྱི་ཕྲེང་བ་རྣམས་དང་གསུང་རྩོམ་གྱི་གཤིས་མཚུངས་ཞེས་མཁས་པ་དག་གིས་གསུངས་ལ། དགེ་མང་མཁན་ཡོན་ཏན་རྒྱ་མཚོས་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེའི་ཕྱག་མཆན་ཉུང་ཟད་བཏབ་པའང་ཚིག་ཉུང་གོ་སླ་གནད་འདུས་ཟབ་དོན་རྗེན་ལ་ཕུད་པ་མཁས་གྲུབ་ཆེན་པོའི་གསུང་འགྲན་ཟླ་བྲལ་ཞེས་གསུངས་ནས་ཕྱག་ཐལ་མོ་སྦྱར་ནས་ཤིན་ཏུ་རྩིས་ཆེས་ཆེ་བར་གནང་བ་ལྟར་དང༌། ལྗགས་བཤད་གནང་བའི་ཚེ་ཟློས་དང་ནོར་བའི་སྐྱོན་དང་བྲལ་ཞིང་བཀའ་དང་བསྟན་བཅོས་ཀྱི་ལུང་སྦྱོར་རྒྱ་ཆེ་མུ་མཐའ་མེད་པ་དང་འབྲེལ་བས་འབབ་སྟེགས་བདེ་བའི་ཆུ་ཀླུང་ལྟར་གསུངས་པའི་ཚུལ་རྗེ་བླ་མ་དགུང་གྲངས་བཅུ་སྐོར་ཕེབས་སྐབས་ཀཿཐོག་དྲི་མེད་ཞིང་སྐྱོང་མཆོག་སྤྲུལ་ཁྲི་འདོན་སྐབས་ཕེབས་པས་ཕུན་ཚོགས་ལྔ་ལྡན་གྱི་གསུང་བཤད་སྒྲོས་གཙང་ངོ་མཚར་ཆེ་བ་གནང་བས་དེ་སྐབས་ཀྱི་དཔྱོད་ལྡན་ཐམས་ཅད་ཀྱི་ཡིད་ཀྱི་བརྟན་པ་འཕྲོག་པའི་ཚུལ་ལྟ་བུ་སྟེ། ཕས་ཀྱི་རྒོལ་བ་དག་རྩོད་པའི་ཚུལ་ཡང་རིན་ཆེན་གཏེར་མཛོད་ཆེན་པོའི་དོགས་སེལ་སོགས་ལ་དཔྱད་པས་ལུང་རིགས་ཀྱི་ཚད་མའི་སྒྲུབ་བྱེད་མང་ཞིང༌། དོན་ལ་གནས་པའི་རྒོལ་བས་མི་བརྫི་བའི་སྤོབས་པའི་གཟེངས་མཐོ་བར་ཤེས་པ་དང༌། གཞན་སེམས་དཀྲུགས་པའི་ཆགས་སྡང་གི་ངག་རྩུབ་མོ་མེད་པས་དོན་ལ་རྒོལ་བའི་སྐབས་མི་རྙེད་པ་དང༌། རྗེ་ཉིད་དུས་ཀུན་སྦས་ཚུལ་སྙོམས་ཆུང་གི་ཚུལ་དུ་བཞུགས་ཤིང༌། གསུང་གི་ཚོགས་རྣམས་ནས་ཀྱང་སྨྲ་བ་མང་བའི་སྐྱོན་དང་ཉེས་པ་མང་བར་གསུངས་བ་ལྟར་ཐུགས་སྙོམས་ཞིང༌། དོན་མེད་ཀྱི་གསུང་འཕྲོས་མང་པོ་མི་གནང་བ་ནི་སྙིགས་མའི་དུས་འདིར་ཐོས་བསམ་གྱི་ཡོན་ཏན་ཕྲ་མོ་ཞིག་ཡོད་ན་དེས་སེམས་ཁེངས་ཏེ་རང་གཞན་གྲུབ་མཐའི་ཆགས་སྡང་དང༌། ཆོས་སྤང་གི་ལས་ངན་བསགས་པ་དུ་མ་བྱུང་བས་ཐུགས་སུན་པས་དོན་ཆུང་ཉི་ཚེའི་དགག་སྒྲུབ་མང་པོ་མི་གནང་བ་ལས་ཚར་གཅོད་རྗེས་འཛིན་ཐུན་མོང་གི་ཤེས་བྱ་རིག་པའི་གནས་ཆེ་ཆུང་བཅུ་དང༌། ཐུན་མོང་མ་ཡིན་པའི་མདོ་སྔགས་ཀྱི་གཞུང་ལུགས་ཐམས་ཅད་གཏིང་ཕྱིན་པར་མཁྱེན་ཅིང༌། ཕྱི་ནང་དང་ཐེག་པ་གོང་འོག་གི་གྲུབ་མཐའི་ཐ་སྙད་དང་ལྟ་སྒོམ་སྤྱོད་པའི་གནད་ཐམས་ཅད་ཉམས་འོག་ཏུ་ཚུད་པས་གྲུབ་མཐའ་ཐམས་ཅད་འགལ་མེད་དུ་མཁྱེན། ཁྱད་པར་རང་ཉིད་སྔོན་གྱི་སྨོན་ལམ་ཟབ་མོའི་སྔ་འགྱུར་གྱི་བསྟན་པའི་མངའ་བདག་ཏུ་བྱོན་པས་གསང་བདག་ཟུར་མེས་དབོན། ཀུན་མཁྱེན་རོང་ཀློང་རྣམ་གཉིས། ཆོས་ཀྱི་རྒྱལ་པོ་མྱོས་སྟོན་སྐུ་མཆེད་དང༌། ཀུན་མཁྱེན་འཇིགས་མེད་གླིང་པ། འཇམ་མགོན་མཁྱེན་ཀོང་གཉིས་དང་མི་ཕམ་རིན་པོ་ཆེས་ཇི་ལྟར་བཀྲལ་བའི་གཞུང་བཞིན་རང་ལུགས་རྐང་ཚུགས་པར་བཟུང༌། སྒྱུ་འཕྲུལ་བཤད་སྒྲུབ་ཀྱི་རྒྱུན་ལ་ཐུགས་རྩིས་ཤིན་ཏུ་ཆེ་བར་གནང་ནས་གསང་བདག་དགོངས་རྒྱན་གྱི་གླེགས་བམ་འབྲལ་སྤང་དུ་བསྣམས་པར་མཛད་ནང་གི་ལྟ་དགོངས་ཆོས་ཉིད་མངོན་སུམ་དུ་གཟིགས་པའི་གྲུབ་བརྙེས་ཆེན་པོར་བྱོན་ཀྱང་ཕྱིའི་ཀུན་སྤྱོད་ཆོས་གོས་རྣམ་གསུམ་འབྲལ་སྤང་དང་ཤ་ཆང་གི་ཟས་མི་བཞེས་པ་སོགས་འདུལ་བ་དང་མཐུན་པ་ཁོ་ན་གནང་ཞིང༌། སྐུ་གོང་མ་སྲོག་གཅོད་ཀྱི་ཉེས་པ་དང་བསྔོས་ཤ་འདྲེས་པའི་སྲོལ་ངན་གྱིས་ཐུགས་སུན་ཏེ་སྨོན་ལམ་མཛད་པའི་དབང་གིས་རྗེ་འདི་སྐུ་འཁྲུངས་ནས་གཤེགས་ཀྱི་བར་ཤ་ཁྲག་གི་ཟས་གཏན་ནས་མི་བཞེས། འཕྱོར་ཆས་དང་ཨོ་ཟོབ་ཤུགས་ཀྱིས་སྤངས་ནས་སྦྱངས་པའི་ཡོན་ཏན་དང་ལྡན་པའི་གནས་བརྟན་རྡོ་རྗེ་འཛིན་པ་ཆེན་པོར་བཞུགས་ཤིང་གསུང་གི་ཚོགས་རྣམས་ལས་ཤ་ཆང་དང་བུད་མེད་ཐ་མ་ཁའི་ཉེས་དམིགས། ཚུལ་ཁྲིམས་འཆལ་བའི་སྐྱོན། ཁྲིམས་ལྡན་ཕན་ཡོན་རྒྱ་ཆེར་འབྱུང་ཞིང་སློབ་མ་དག་ལ་ཞལ་གདམས་བསྩལ་བ་ཐམས་ཅད་ཚེ་འདིའི་ལེགས་ཉེས་བྱ་སྤྱོད་ཐམས་ཅད་ལུང་བསྟན་འབའ་ཞིག་ཏུ་གྱུར་པ་ཁོ་ན་ཡོད་པས་མཚོན་རྗེས་འཇུག་ཐམས་ཅད་ལ་ཡང་དེ་ལྟར་ཞལ་གདམས་ཡང་ཡང་བསྩལ་བའི་བཀའ་དྲིན་གྱིས་གདན་ས་ཞེ་ཆེན་ཆགས་གནས་འབྲོག་སྡེ་ཤས་ཆེ་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་འདིའི་སྐུ་རིང་ནས་བླ་བྲང་ཁག་དང༌། གྲྭ་མང་སྤྱི་བྱེ་བྲག་གི་སྒོ་བཤས་ཀྱི་སྡིག་རྒྱུན་བཅད། མཆོག་སྤྲུལ་རིན་པོ་ཆེ་རྣམས་དང༌། རྗེ་མཆོག་གི་སྐུ་ཚ་རྣམས་དང༌། མཁན་པོ་དང་སྒྲུབ་བླ་རྣམས་སྡོམ་བརྩོན་སྡེ་སྣོད་འཛིན་པའི་གནས་བརྟན་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དུ་མ་བྱོན་པས་མདོ་ཁམས་ཀྱི་སྐྱེ་བོ་གཟུར་གནས་དག་གིས་ཞེ་ཆེན་དགོན་པ་ཁ་མཁོས་ཆུང་ཞིང་གྲྭ་ཚང་ཉུང་ཡང་བླ་མ་བཟང་ལ་མང་བ་ནི་སུས་ཀྱང་འགྲན་ཟླ་མེད་ཅེས་གླེང༌། འཇམ་མགོན་མི་ཕམ་རིན་པོ་ཆེ་དང་པོ་ཆོས་ཞུགས་གནང་ཡུལ་འཇུ་མོ་ཧོར་དགོན་གསང་སྔགས་ཆོས་གླིང་ཡིན་པའི་དབང་གིས་ཕྱིས་སུ་མཁས་པའི་གྲགས་སྙན་གྱིས་ཁྱབ་སྟེ་མཛད་ཕྲིན་རྒྱས་པའི་ཚེ་ཞེ་ཆེན་དགོན་གཞུང་གིས་སེང་ཁྲིར་མངའ་གསོལ་ཞུས་པས་ཕྲན་ནི་བཟང་པོ་སེང་གེ་ལྟ་བུའམ། ངན་པ་ཁྱི་ལྟར་གང་བྱུང་ཡང་ཞེ་ཆེན་དགོན་གྱི་གྲྭ་པ་དང་ཆོས་རྒྱུན་ཡིན་པ་ཁས་ལེན་ཞེས་གསུངས་ཤིང༌། ཐུགས་དམ་གྱི་རྟེན་འཇམ་དཔལ་ཡེ་ཤེས་སེམས་དཔའི་མདུན་དུ་དྲི་བཟང་ཁ་ཆེ་ཤ་སྐམ་སིལ་མའི་མེ་ཏོག་ཕྱག་ཏུ་བསྣམས་ནས་འཇམ་དཔལ་གྱི་བསྟོད་པ་གང་བློ་མ་གསུངས་ནས་མེ་ཏོག་དེ་ཉིད་འཇམ་དཔལ་གྱི་དབུ་ལ་གཏོར་ཏེ་བདེན་བརྗོད་དང་བཅས་ཆོས་སྡེ་འདིར་བཤད་གྲྭ་ཞིག་ཚུགས་ན་རྒྱལ་བསྟན་སྤྱི་དང༌། ཁྱད་པར་སྔ་འགྱུར་གྱི་བསྟན་པའི་རྒྱན་དུ་གལ་ཆེ་བས་དེ་བཞིན་ངེས་པར་གྲུབ་པར་གྱིས་ཞེས་རབ་འབྱམས་དང༌། རྒྱལ་ཚབ་རིན་པོ་ཆེ་རྣམ་པ་གཉིས་ཀ་ལ་བཀའ་གནང་བ་རབ་འབྱམས་རིན་པོ་ཆེ་སྐུ་ཚེ་མཐའ་རྟུལ་བ་དང་ཇི་བཞིན་ཕྱག་བཞེས་གནང་རྒྱུ་མ་བྱུང་ཡང་རྒྱལ་ཚབ་རིན་པོ་ཆེ་ཡིས་ཐུགས་འགན་ལྷུར་བཞེས་གནང་སྟེ་བཤད་སྒྲུབ་ཟུང་འབྲེལ་གྱི་སྡེ་བཙུགས་པར་མཛད་ནས། ཐོག་མའི་རྟེན་འབྲེལ་དུ་ཀོང་སྤྲུལ་རིན་པོ་ཆེ། དགོན་སྟོད་སྤྲུལ་སྐུ། གུས་མཁྱེན་སྤྲུལ། བློ་གྲོས་རབ་གསལ། འཕགས་སྒང་སོགས་ལ་འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་མཆོག་གིས་འཇམ་དཔལ་བསྟོད་པ་གང་བློ་མའི་ལྗགས་བཤད་ཉིན་བདུན་ཙམ་གནང༌། དེ་རྗེས་དགེ་མང་མཁན་ཡོན་ཏན་རྒྱ་མཚོའི་སློབ་མའི་གཙོ་བོ་མཁན་པོ་སྒྲ་དབྱངས་ཕེབས་ནས། རབ་འབྱམས་མཆོག་སྤྲུལ། ཀོང་སྤྲུལ་རིན་པོ་ཆེ་རྣམ་གཉིས་དང༌། མཁན་བློ་གྲོས་རབ་གསལ། འཕགས་སྒང་སོགས་བློ་གསལ་གྱི་ཚོགས་དུ་མ་ལ་དབུ་མ་རྒྱན། སྒྱུ་འཕྲུལ་གསང་བ་སྙིང་པོ་གཙོ་བོར་གྱུར་པ་ལོ་འཁོར་གཅིག་ལྷག་ཙམ་གསུངས་པས་དབུ་ཚུགས་ནས། མཁན་པོ་རིག་འཛིན་འོད་ཟེར། ཁྲོ་ཤུལ་མཁན་འཇམ་དཔལ་རྡོ་རྗེ། ཀཿཐོག་མཁན་ཆེན་ནུས་ལྡན། བོད་སྤྲུལ་སོགས་ཀྱིས་མཁན་པོ་མཛད་ཅིང་བཤད་གྲྭའི་ཕྲིན་ལས་ཀྱི་རྒྱུན་སྐྱབས་རྗེ་རབ་འབྱམས་རིན་པོ་ཆེ་དང༌། ལྷག་པར་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་དབུ་ཁྲིད་མཛད་ནས་འཇིགས་བྲལ་གྱི་པཎ་ཆེན་མི་ཕམ་རྣམ་པར་རྒྱལ་བའི་འགྲེལ་ཆེན་རྣམས་དང༌། འདུལ་མངོན་དབུ་མ་ཤེར་ཕྱིན་མཛོད་སོགས་ཀུན་གཟིགས་མི་ཕམ་རིན་པོ་ཆེའི་ཕྱག་མཆན་ལྟར་འཆད་ཉན་མཛད། ཚེས་བཅུ་ཡར་ངོ་མར་ངོ་འཇམ་མགོན་ཟབ་གཏེར་གསང་ཐིག་ཡབ་བཀའ་ཡུམ་བཀའ་མཛད་པའི། ཞེ་ཆེན་བཤད་གྲྭ་ལེགས་བཤད་ཉི་ཟླའི་གླིང་ཞེས་རྒྱལ་ཚབ་རིན་པོ་ཆེ་སྐུ་དབོན་མཁས་གྲུབ་ཀྱི་དབང་ཕྱུག་བློ་གྲོས་རབ་གསལ། མཁན་པོ་བྱང་ཆུབ་རྡོ་རྗེའམ་གང་ཤར་དབང་པོ་འཕགས་སྒང་སོགས་སྡོམ་པའི་ཚུལ་ཁྲིམས་གཙང་ཞིང་མཁས་པའི་རྣམ་དཔྱོད་ཆེ་བ། ནང་གི་ཉམས་རྟོགས་མངའ་བས་རྟོག་གེ་སྐམ་པོར་མ་སོང༌། བཟང་པོའི་ཕྲིན་ལས་ཀྱིས་སྔ་འགྱུར་གྱི་བཤད་པའི་ཆུ་འགོ་ཚུགས་པའི་རིགས་པ་སྨྲ་བ་བཟང་ལ་མང་བར་བྱོན་པས། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་གདུང་སྲས་རིན་པོ་ཆེ་དང༌། རྗེ་བླ་མ་མཆོག་གི་ཐུགས་སྲས་ཟུར་མང་དྲུང་རིན་པོ་ཆེའི་མཆོག་སྤྲུལ། ཟུར་མང་གར་དབང་མཆོག་སྤྲུལ། མཁར་མགོ་འཇམ་གྲགས་མཆོག་སྤྲུལ། སྒ་སྟོད་ཁྲ་འགུ་སྤྲུལ་སྐུ་དང༌། གྲྭ་པ་བློ་གསལ་ཁ་ཤས་དང༌། བོན་བསྟན་རྒྱས་སྤྲུལ་སྐུ་སོགས་གྲུབ་མཐའ་རིས་སུ་མ་ཆད་པའི་དམ་པ་དུ་མས་ཀྱང་གསན་སྦྱང་རྒྱ་ཆེར་གནང་བ་བསྟན་པའི་མཛེས་རྒྱན་དུ་གྲུབ། དེ་རྗེས་རིམ་གྱིས་རྒྱལ་ཚབ་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་གྱི་ཕྱག་བཞེས་བཞིན་སྒྲུབ་སྡེ་ཟུར་དུ་ཚུགས་ན་ལེགས་ལམ་ཆེ་བ་འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་ཀྱིས་དགོངས་བབ་བཞིན་རང་དགོན་གྱི་དགེ་འདུན་བགྲེས་པ་དང༌། ཕྱོགས་གཞན་གྱི་ཆོས་མཛད་བཅས་སྤོང་བ་པ་བཅོ་ལྔ་སྐོར་གྱིས། བླ་མ་གསང་འདུས། རིག་འཛིན་ཐུགས་ཏིག །རྡོར་སེམས་ཐུགས་ཀྱི་སྒྲུབ་པ་དང༌། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་བཅས་ཀྱི་སྔོན་འགྲོ་དངོས་གཞིའི་ཉམས་བཞེས་དང༌། ཕུར་པ་ཡང་གསང་སྤུ་གྲི་དང༌། ཉང་གཏེར་ཁྲོས་ནག་གི་བསྙེན་པ་བཅས་མཐའ་སྐྱེལ་མཛད་པའི་ཡར་མར་གྱི་ཚེས་བཅུ་རིག་འཛིན་ཐུགས་ཏིག་དང་ཉང་ཁྲོས་ཀྱིས་གཏང་དགོས་པའི་སྒྲུབ་སྡེ་འོག་མའི་ཐེབས་རྩར་དགོན་སྟོད་མཆོག་སྤྲུལ་འགྱུར་མེད་ཐུབ་བསྟན་རྒྱལ་མཚན་ནས་སྦྱོར་འཇགས་གནང་བ་དང༌། ཀུན་གཟིགས་མི་ཕམ་རིན་པོ་ཆེའི་ཞལ་ཆེམས་ཕྱག་བྲིས་སུ། ཕྲན་གྱི་དཔེ་ཆ་རྣམས་ཞེ་ཆེན་རྒྱལ་ཚབ་སློབ་གཉེར་ཅུང་ཟད་ཡོད་པས་དེ་ལ་ཕུལ་ཞེས་གསུང་པ་ལྟར་ཉེ་གནས་བླ་མ་རིན་པོ་ཆེ་ཆོས་དབྱིངས་འོད་གསལ་གྱིས་རྗེ་བླ་མ་མི་ཕམ་རིན་པོ་ཆེའི་ཕྱག་དཔེ་སྐོར་ཡོངས་རྫོགས་འབུལ་བར་མཛད་པའི་བཀའ་འབུམ་སྐོར་ལྡེབ་འབྲིང་པོད་ཉི་ཤུ་ལྷག་སྤར་དུ་བརྐོ་བར་མཛད་ནས་ཆོས་རྒྱལ་སྡེ་དགེའི་རྒྱལ་ཁབ་ལྟེ་བ་དགོན་ཆེན་ལྷུན་གྲུབ་སྟེང་གི་སྤར་ཁང་ཆོས་མཛོད་ཆེན་པོ་རུ་བཞུགས་སུ་གསོལ་བ་དང༌། དེ་ལས་དབུ་མ་རྩ་བ་ཤེས་རབ། དབུ་མ་འཇུག་པ། བྱམས་ཆོས་སྡེ་ལྔ། མངོན་པ་གོང་འོག་གཉིས། སོར་མདོ། དགེ་ཚུལ་ཀཱ་རི་ཀ །བཤེས་སྤྲིང༌། དོན་རྣམ་ངེས། ཚད་མ་རིག་གཏེར། བརྡ་ཤན་འབྱེད། རྟེན་འབྲེལ་སྙིང་པོའི་མདོ། ཀུན་མཁྱེན་ཀློང་ཆེན་པའི་ཡིད་བཞིན་རིན་པོ་ཆེའི་མཛོད་རྣམས་ཕྱག་མཆན་ཀཿཐོག་སི་ཏུ་པཎྜི་ཏ་དང༌། མཁན་ཆེན་ཀུན་དཔལ། རྗེ་བླ་མ་རྣམས་ལྷན་རྒྱས་པས་ཞལ་བཤུ་མཛད་པ་དང༌། རྫོགས་པ་ཆེན་པོའི་ཟབ་གནད་ཐུན་མོང་མ་ཡིན་པ་རྩལ་བཏོན་གཉུག་སེམས་རྩ་བ་རྡོ་རྗེ་སྙིང་པོ། གཞི་ལམ་འབྲས་བུའི་ཤན་འབྱེད་བློ་གྲོས་སྣང་བ། ཟུར་དཔྱད་རྡོ་རྗེ་རིན་པོ་ཆེའི་ཕྲེང་བ། གཞུང་སྤྱིའི་བཀའ་གནད་ཕྱོགས་བསྡུས་རིན་པོ་ཆེའི་ཟ་མ་ཏོག་བཅས་རྩོམ་གཞིའི་གསུང་གི་ཟེགས་མ་རྗེ་ཉིད་ཀྱིས་བཀའ་བསྡུ་གནང་བ། འཇམ་མགོན་མི་ཕམ་རིན་པོ་ཆེའི་སྐུ་གཤེགས་ཁར་ད་ནི་ཤི་ཡང་བྱ་བ་ལྷག་མ་ལུས་པ་གང་ཡང་མེད། གཉུག་སེམས་སྐོར་དེ་ཞིབ་དཔྱད་ཀྱིས་བརྩམས་པ་མཐར་ཕྱིན་ན་རྙིང་བསྟན་ལ་ཕན་ངེས་ཞིག་ཡིན་ཀྱང་སྤྲོས་པ་སྐྱུངས་པ་ཡིན་ཞེས་གསུངས་པ་དང༌། རྗེ་བླ་མ་མཆོག་གིས་བཀའ་བསྡུ་གནང་བ་མཛད་པའི་སྔ་དགོངས་སུ་མི་ཕམ་རིན་པོ་ཆེའི་གདུང་རྟེན་ཐུགས་དམ་འཇམ་དཔལ་ཡེ་ཤེས་སེམས་དཔའི་མདུན་གསོལ་བཏབ་ཚོགས་འཁོར་གནང་བས་འདི་འདྲ་ཞིག་བྲི་བའི་སྤོབས་པ་ཐོབ་ཅེས་ཁྲོ་ཤུལ་མཁན་རིན་ཆེན་ཚུལ་རྒྱལ་ལ་བཀའ་བསྩལ་བ་ལྟར། འོད་གསལ་རྡོ་རྗེ་སྙིང་པོའི་ལྟ་སྒོམ་ལ་བཟླ་ཤན་འབྱེད། ལུང་རིགས་ཀྱིས་མཐའ་དཔྱོད་ངོ་མཚར་ཅན་དུ་མ་བསྟན་པས་སྔ་འགྱུར་གྱི་བསྟན་པའི་སྲོག་མཐུད་པའི་ལེགས་བཤད་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་མཛོད་ཆེན་བདུན་དང་གཉིས་སུ་མེད་པ་དང༌། གཞན་ཡང་མན་ངག་ལྟ་ཕྲེང༌། འཇམ་དཔལ་བཤེས་གཉེན་གྱི་རྡོ་ལ་གསེར་ཞུན། ས་ར་ཧའི་དོ་ཧ། རྡོ་རྗེ་རྣམ་འཇོམས་གཟུངས་མདོའི་མཆན་འགྲེལ་སོགས་སྔགས་གཞུང་རྣམས་ཕྱག་མཆན་ཞལ་བཤུས་ཞུ་དག་མཛད་པ་དང༌། རྒྱལ་བའི་བཀའ་འགྱུར། བསྟན་འགྱུར། མཛོད་ཆེན་རྣམ་པ་ལྔ་སོགས་ཕྱག་དཔེའི་སྐོར་གསར་བཞེངས། མི་ཕམ་རིན་པོ་ཆེའི་གདུང་རྟེན་བྱང་ཆུབ་མཆོད་རྟེན་དང༌། རྗེ་དེའི་སྐུ་མཆོད་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་དངོས་གཞི་རབ་གནས་དགེ་ལེགས་འདོད་འཇོ་དང་འབྲེལ་བ་ཉིན་གསུམ་ལ་གདུང་རྟེན་མདུན་ཟུར་འཚོགས་ཀྱི་ཐེབས་རྩ་དང༌། ཚེས་བཅུ་ཡར་ངོ་མར་ངོའི་ཚོགས་འཁོར་དང༌། ཆོ་འཕྲུལ་དང་ས་ག་ཟླ་བ། འཇམ་མགོན་རྣམ་གསུམ་གྱི་སྐུ་མཆོད་རྒྱས་སྤྲོས་དང༌། ཞེ་ཆེན་གཞུང་གི་སྤྲོས་བཅས་ཚེས་བཅུ་ཆེན་པོའི་གསེར་སྐྱེམས་དངུལ་གྱི་ཕུད་ཀོང་ཆ་ཉེར་ལྔ། བྱ་མ་བུམ་སོགས་མཆོད་ཆས་དུ་མ་དང༌། བར་ཁྲོད་པདྨ་འོད་གླིང་དུ་གཟིམས་སྤྱིལ་གསར་བསྐྲུན་བཀྲ་ཤིས་འཆི་མེད་འོད་སྣང་དང༌། ཡང་ཁྲོད་བདེ་མཆོག་བཀྲ་ཤིས་དགེ་འཕེལ་བཅས་གསར་བཞེངས་དང༌། དུས་མཆོད་ཀྱི་སྤྱི་རྩ་ཉམས་གསོ་སོགས་རྒྱ་ཆེར་མཛད་པ་ངེས་ཀྱང་ཞིབ་པར་ཡི་གེར་འགོད་མ་ཤེས་ཞིང༌། མདོར་ན་བསྟན་རྩ་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་རྒྱ་ཆེ་མུ་མེད་དུ་བསྐྱངས་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཅིང༌། རང་ལུགས་གཙོར་གྱུར་བསྟན་པའི་རྒྱུན་ཟིན་པའི་ཐུགས་སྲས་ཞལ་སློབ་ཀྱི་ཚོགས་ཀྱང་རིས་མེད་བསྟན་པའི་མངའ་བདག་འཇམ་མགོན་བླ་མ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་དང༌། རབ་འབྱམས་དྲུག་པ་འགྱུར་མེད་ཀུན་བཟང་བསྟན་པའི་ཉི་མ། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་འགྱུར་མེད་ཀུན་བཟང་གཞན་ཕན་མཐའ་ཡས་སམ་པདྨ་དྲི་མེད་བློ་གྲོས། དགོན་སྟོད་མཆོག་སྤྲུལ་འགྱུར་མེད་བཤད་སྒྲུབ་རྒྱལ་མཚན། འབར་ཆུང་སྤྲུལ་སྐུ་འགྱུར་མེད་གཞན་ཕན། ལོ་ཆེན་སྤྲུལ་སྐུ་འགྱུར་མེད་ཀུན་བཟང་འོད་ཟེར་གྲགས་པ། མཁྱེན་སྤྲུལ་མཚན་འཛིན་ཁོ་བོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་དང༌། མཁས་བཙུན་བཟང་པོའི་ཡོན་ཏན་གཞན་མཚུངས་མེད་པ་ཁྲོ་ཤུལ་མཁན་འཇམ་དཔལ་རྡོ་རྗེ། སྡོམ་བརྩོན་སྡེ་སྣོད་འཛིན་པ་མཁན་པོ་འགྱུར་མེད་ཐུབ་བསྟན་རྒྱལ་མཚན་ནམ་བློ་གྲོས་རབ་གསལ། མཁྱེན་རྟོགས་མཚུངས་མེད་མཁན་པོ་འགྱུར་མེད་གང་ཤར་དབང་པོ། ཟབ་ལམ་ལ་གདེང་ཁེལ་བའི་དགོངས་པ་མངོན་གྱུར་མཁན་པོ་འགྱུར་མེད་བློ་གསལ། ཉམས་རྟོགས་མཐར་སོན་མཁན་པོ་ཨོ་རྒྱན་མགོན། མཁན་པོ་འཕགས་སྒང༌། མཁན་པོ་ཐུབ་བསྟན་སོགས་དུ་མ་དང༌། སྒྲུབ་བརྩོན་བླ་མ་དམ་པ་མཆོད་དཔོན་འཇམ་དཔལ་བློ་གསལ། འགྱུར་མེད་པདྨ་ཚེ་སྒྲུབ། སྐུ་དབོན་དགེ་ལེགས་རྒྱ་མཚོ་སོགས་ཞེ་ཆེན་དགོན་གྱི་མཁན་སྤྲུལ་རྣམས་ཏེ་ཀུན་ཀྱང་སྡོམ་པ་གསུམ་གྱི་ཁྲིམས་གཙང༌། མདོ་རྒྱུད་ལ་མཁྱེན་པ་རྒྱས། ཟབ་ལམ་གྱི་རྟོགས་པའི་གདེང་ཚད་ལྡན། བཤད་སྒྲུབ་ལས་གསུམ་གྱིས་བསྟན་ལ་བྱ་བ་མཛད་པ་ཁོ་ན་དང༌། མཁན་ཆེན་ཐམས་ཅད་མཁྱེན་གཟིགས་ཀུན་བཟང་དཔལ་ལྡན་ཆོས་གྲགས། ཀཿཐོག་མཁན་རིན་པོ་ཆེ་ནུས་ལྡན་སོགས་དང༌། སྨིན་གླིང་ཁྲི་ཆེན་རིན་ཆེན་འགྱུར་མེད་པདྨ་དབང་ཆེན། ཁྲི་ཆེན་དོན་གྲུབ་དབང་རྒྱལ། མཁན་གཅུང་རྣམ་པ་གཉིས་བཅས་ཀྱིས་ཕུར་པ་ཡང་གསང་སྤུ་གྲིའི་དབང༌། དེའི་རྣམ་བཤད་རྗེ་ཉིད་ཀྱིས་མཛད་པའི་བཤད་ཁྲིད་བཅས་གསན་པ་དང༌། སིབ་མདའ་བཀྲ་ཤིས་ཆོས་གླིང་གི་རྫོགས་ཆེན་མཆོག་སྤྲུལ། རྟོགས་ལྡན་ཨ་ཚོགས་དང༌། ཆོས་ཉིད་གྲགས་སོགས་སྒྲུབ་བརྩོན་ཁྱད་པར་ཅན་དང༌། རྗེའི་སྐུ་ཚ་གཤོང་ནག་དགོན་གྱི་སྤྲུལ་སྐུ་པདྨ་མཁས་གྲུབ་རྒྱ་མཚོ་དང༌། ཁྲོ་ཤུལ་དང༌། ཕུག་དགོན། གླིང་བཟང་མགོ། མཚོ་སྔོན་ཕྱོགས་སྒོ་མེ་དེང་རྒྱ་བཀའ་བཅུ་ཀུན་བཟང་སྙན་གྲགས་སོགས་དགོན་པའི་མཁན་སྤྲུལ་ཁྱད་འཕགས་དུ་མ་བཞུགས་ཀྱང་མཚན་ཞིབ་པར་མ་ངེས། ཟུར་མང་དྲུང་རིན་པོ་ཆེ་ཀརྨ་ཆོས་ཀྱི་ཉིན་བྱེད་ནི་ཕན་ཚུན་བླ་སློབ་གཉིས་ཀར་གྱུར་ཅིང་དགོངས་སྤྱོད་གཅིག་ཏུ་འདྲེས་ཏེ་བཀའ་རྙིང་གི་བསྟན་ལ་ཕྱག་རྗེས་ཆེ་བ་དང༌། སངས་རྒྱས་མཉན་སྤྲུལ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མ། ཟུར་མང་རྣམ་རྒྱལ་རྩེའི་མཁན་པོ་ཀརྨ་ཚེ་བརྟན། བདུད་རྩི་དིལ་གྱི་མཁན་པོ་ཀརྨ་བློ་དགའ་སོགས་དང༌། མདོ་སྨད་ས་ངོར་ཚར་གསུམ་གྱི་བསྟན་པའི་འབྱུང་གནས་སྡེ་དགེ་ལྷུན་གྲུབ་སྟེང་གི་མཁན་ཆེན་བསམ་གཏན་བློ་གྲོས་ཞེ་ཆེན་དུ་ཆེད་ཕེབས་ཀྱིས་རྗེ་བླ་མ་དང་གཟིམ་ཆུང་གཅིག་གི་ནང་རྒྱུན་རིང་པོ་བཞུགས་ནས་སྨིན་གྲོལ་རྒྱ་ཆེར་ཕན་ཚུན་གསན་བཞེས་ཀྱིས་ཐུགས་ནང་ཤིན་ཏུ་གཤིན་པ་དང༌། མཁན་རིན་པོ་ཆེ་བསམ་གཏན་བློ་གྲོས་ཀྱིས་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་གུ་ཡངས་བློ་བདེ་ཞེས་གྲགས་པ་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་ཡིན་པ་འདྲ་ཞེས་དོན་ལ་གནས་པའི་བསྔགས་བརྗོད་རྟག་པར་གནང་ཞིང༌། ཕྱིས་གསུང་འབུམ་སྤར་དུ་སྒྲུབ་པའི་སྐབས་མཐུན་སྦྱོར་རྒྱ་གང་ཆེ་གནང༌། སྡོམ་བརྩོན་སྡེ་སྣོད་འཛིན་པ་དབོན་སྟོད་མཁན་འཇམ་དཔལ་མཁྱེན་རབ་མཐའ་ཡས། རིགས་པར་སྨྲ་བའི་ཁྱུ་མཆོག་བྲག་གཡབ་མཁན་པོ་བློ་གྲོས་སོགས་དཔལ་ས་སྐྱ་པ་དང༌། དབུས་གཙང་དུ་གནས་གཟིགས་ཕེབས་པའི་སྐབས་གྲུབ་མཐའ་རིས་མེད་པའི་མཁས་གྲུབ་དམ་པ་དུ་མ་དང་དབང་ཆོས་ཀྱི་འབྲེལ་ཞིང་དད་བཀུར་ཆེ་བའི་བླ་སློབ་དུ་མ་བྱུང་བར་ཞལ་གདམས་བསྟོད་གསོལ་སོགས་ལས་གསལ་ཀྱང་དམིགས་བསལ་མཚན་ནས་བརྗོད་པ་ཇི་བཞིན་རྔོ་མ་ཐོག །ཆོས་རྒྱལ་སྡེ་དགེ་རྒྱལ་བཙུན་བློན་པོ། གླིང་དཀར་ཆོས་རྒྱལ་བཙུན་བློན་ཆེ་ཕྲ་དུ་མ། ལྷ་ཐོག་རྒྱལ་བློན་དུ་མ་དང༌། བོད་གཞུང་གི་སྐུ་དྲག་ཆེ་བཙན་དུ་མ་དང༌། དད་གཏོང་འབྱོར་པས་ཕྱུག་ཅིང་ཆོས་ཀྱི་འབྲེལ་ཟབ་མངའ་བ་སྨོས་ཀྱིས་མི་ལྡང་བ་བཅས་མཆིས་ཤིང༌། འཇམ་མགོན་བླ་མ་རྣམ་གསུམ་གྱི་ཐུགས་སྲས་གཙོ་བོ་ཀཿཐོག་སི་ཏུ་པཎྜི་ཏ་དྷརྨ་སཱ་ར། རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མ། གྲུབ་དབང་རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། སྐུ་ཞབས་དགེ་མང་རིན་པོ་ཆེ་ཐུབ་བསྟན་ཉིན་བྱེད་སོགས་དང་ཐུགས་ཡིད་གཅིག་འདྲེས་སུ་བཞུགས་ཤིང༌། ཀཿཐོག་སི་ཏུ་རིན་པོ་ཆེ་དབུས་ཕེབས་སྐབས་སྔ་འགྱུར་གཙོ་བོར་གྱུར་པ་རིས་མེད་མཁས་གྲུབ་དུ་མའི་གསུང་མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་གླེགས་བམ་ཤིན་ཏུ་མང་པོ་དང༌། ཁྱད་པར་སྨིན་གླིང་ལོ་ཆེན་རིན་པོ་ཆེ་དྷརྨ་ཤྲཱིའི་བཀའ་འབུམ་གྱི་དཔེ་ལུང་གི་རྒྱུན་བསྣམས་པ་ཤིན་ཏུ་ཐུགས་སྤྲོ་བས་བན་རྒན་འཆི་ཁར་སྐད་སྙན་འདི་ལས་ལྷག་ཐོས་རྒྱུ་མེད་པས་སྐུ་མཚམས་གྲོལ་ཏེ་ལུང་རྒྱུན་གསན་ཕྱིར་ཕེབས་དགོས་ཞེས་དབུ་གུར་སོགས་སྒར་ཆས་གྲྭ་བསྒྲིགས་གནང་བ་བཅས་མཛད་པ་རྟེན་འབྲེལ་འཕྲོ་ཅན་དུ་སོང༌། སྐུ་གཤེགས་པའི་སྔ་ལོར་ཞེ་ཆེན་རི་ཁྲོད་ནགས་མེ་ལོང་མ་ཞེས་པའི་རི་རྩེར་སྦྲ་གུར་ཕུབ་སྟེ་བཞུགས་ནས་བླ་གྲྭ་སྦྱིན་བདག་ཐམས་ཅད་ལ་མཇལ་ཁ་དང༌། ཆོས་སྦྱིན་གང་དགོས་གནང་བས་གདུལ་བྱའི་ལྷག་མ་ཡོངས་སུ་རྫོགས་པར་མཛད་སྐབས་རི་དེར་སྐྱེས་པའི་ཤིང་ཕལ་ཆེར་བསྐམ་པ་ལྟ་བུ་དང༌། སྣོད་ཀྱི་མདངས་ཡལ་བ་ལ་རི་ཁྲུས་ལྷ་བསང་རབ་གནས་མཛད་ནས་ཞལ་རྩེད་ལྟ་བུར་ལོ་རྗེས་མ་ནས་ཤིང་རྒན་རྣམས་སོས་ཡོང༌། མི་རྒན་འཁོགས་འགྲོ་ཡོང་ཞེས་གསུངས། སྐབས་དེར་སྐུ་གཟུགས་ཀྱང་ཤིན་ཏུ་བདེ་བ་ལྟར་མཛད་དེ་ས་འདིར་ཆོས་ཁྲི་སྒང་ཞེས་བཏགས་དགོས་གསུང༌། ཕྱིས་སུ་དེར་རྗེ་བླ་མ་མཆོག་གི་ཞལ་སྐྱིན་ཀོང་སྤྲུལ་རིན་པོ་ཆེས་སྒྲུབ་ཁང་གསར་བཞེངས་མཛད་ནས་རིན་ཆེན་གཏེར་མཛོད་ཆེན་མོ། སྙིང་ཐིག་ཡ་བཞི་སོགས་ཆོས་འཁོར་རྒྱ་ཆེར་བསྐོར་ཏེ་ཕྲིན་ལས་འཕེལ་རྒྱས་སུ་གྱུར། འདི་སྐོར་རྫོང་སར་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེ་ལ་གསུང་ཕྲིན་གནང་བའི་གཤམ་དུ། ཀཿཐོག་སི་ཏུ་པཎ་ཆེན་གཤེགས། ། རྒན་བུ་ཡང་ནི་འཆི་ཉེར་གྱུར། ། རྙིང་བསྟན་སྣུམ་ཟད་མར་མེ་ལྟར། ། གྱུར་པ་འདི་ལ་ཁྱེད་ཉིད་ཀྱིས། ། བློ་སྟོབས་རྒྱ་ཆེར་བསྐྱེད་བྱས་ཏེ། ། བསྟན་ལ་བྱ་བ་བྱེད་པར་རིགས། ། ཞེས་གསུངས་པ་ལྟར་རྒྱལ་དབང་ཀརྨ་པ་བཅོ་ལྔ་པ། རྡོ་གྲུབ་རིན་པོ་ཆེ་བསྟན་པའི་ཉི་མ། ཀཿཐོག་སི་ཏུ་སོགས་རྗེ་འཇམ་མགོན་རྣམ་གཉིས་ཀྱི་དངོས་སློབ་མཁས་གྲུབ་ཕལ་ཆེར་མེ་སྟག་ལོ་འདིར་དགོངས་པ་རྫོགས་པས་ན་རྗེ་འདི་ཡང་དགུང་གྲངས་ལྔ་བཅུ་རྩ་དྲུག་ཏུ་ཕེབས་པའི་ནག་པ་ཟླ་བའི་སྐོར་ནས་སྙུན་བབ་རིམ་ལྗིད་བྱུང་ཡང༌། མཁན་ཆེན་ཀུན་བཟང་དཔལ་ལྡན་དང་ཡབ་སྲས་ལྷན་རྒྱས་པས་མི་ཕམ་རིན་པོ་ཆེའི་བཀའ་འབུམ་སྐོར་ཞུ་བཅོས་སོགས་མཐའ་གང་འདུས་གནང༌། སྣྲོན་ཟླའི་ཚེས་བཅུ་ནས་གསུང་གང་ཡང་མ་བྱོན་ཕྱག་ཞབས་གཡས་རེངས་པ་ལྟར་མཛད་བཞེངས་བཞུགས་ཀྱང་མི་ཐུབ་པ་བྱུང་བ་དང༌། སྐྱབས་རྗེ་རབ་འབྱམས་རིན་པོ་ཆེ་དགུང་གྲངས་བཅུ་དྲུག་ལས་མ་ཕེབས་ཀྱང་ཐུགས་བསྐྱེད་ཆེ་བཞེས་ཀྱིས་རྗེ་བླ་མ་མཆོག་སྐུ་ཚེ་ཡུན་རིང་བཞུགས་ན་བསྟན་དགོན་གྱི་འགན་ཐམས་ཅད་ང་རང་གིས་ལེན་ཆོག་ཅེས་དང༌། ཞབས་བརྟན་སྒྲུབ་འོས་གང་ཡོད་འཕྲལ་དུ་སྒྲུབ་ངེས་ཞེས་གདུང་ཤུགས་ཀྱིས་སྤྱན་ཆབ་བསིལ་ཏེ་ཞུས་པ་ཤིན་ཏུ་ཐུགས་བརྩེ་ཚུལ་གྱིས་དབུ་གཏུགས་དང༌། ཕྱག་ནས་བཟུང་སྟེ་དགོངས་པས་བྱིན་རླབས་ཡང་ཡང་མཛད་དེ་སྤྱན་ལྟ་སྟངས་བཅས་ཕྱག་སྡིགས་མཛུབ་ཐུགས་ཀར་ཡང་ཡང་གཏད། མཁན་ཆེན་ཀུན་བཟང་དཔལ་ལྡན་དང༌། ཀོང་སྤྲུལ་རིན་པོ་ཆེ་རྣམས་ནས་ཞབས་བརྟན་སྐུ་ཚེའི་ཚེ་སྒྲུབ་ཞག་དུ་མ་གནང་ནས་བརྟན་བཞུགས་ཕུལ་བ། ཚེ་རྫས་རིགས་ཞལ་དུ་གཏན་ནས་མ་བཞེས། བུམ་ཆུ་དང༌། ཚེ་རིལ་ཚེ་ཆང་རྣམས་མཁན་ཀུན་དཔལ་ལ་དགོངས་གཏད་ཟབ་མོ་དང་བཅས་སླར་གནང་བར་མཛད་པས་ཕྱིས་མཁན་རིན་པོ་ཆེ་སྐུ་ཚེ་མཐར་ཕྱིན་ནས་དགུང་གྲངས་བརྒྱད་བཅུ་སྐོར་བར་བཞུགས་རྫོང་སར་དུ་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེའི་མདུན་བྱ་མ་རྟ་འཕྲལ་བཏང་ཞུས་ཤིང་ཚེས་བཅོ་ལྔ་ཉིན་ཞེ་ཆེན་འདུས་སྡེས་རྒྱལ་བཀའ་རིན་པོ་ཆེ་དག་སྒྲོག་དང༌། ཆོས་བསྐོར་མཛད་པས་ཐོག་སེར་དྲག་པོ་བྱུང་བའང་ཀླ་ཀློའི་བྱད་ལྟས་ལྟ་བུ་ཡིན་ནམ་སྙམ། ཕྱག་གཡོན་པས་ཕྱག་སོར་ནང་དུ་བསྡུ་བ་དང་ཕྱིར་འབྱེད་པ། སེ་གོལ་སོགས་བརྡ་མང་དུ་མཛད་པ་མཁན་ཆེན་ཀུན་དཔལ་ནས་གཟུགས་སྐུ་ཡེ་ཤེས་ནང་གསལ་དུ་བསྡུས་ཏེ་སླར་སྐུ་དང་ཞིང་གི་སྒྲོན་མ་བཀོད་པའི་བརྡ་བསྟན་པ་ཡིན་ནམ་གསུངས། མཆོད་དཔོན་བླ་མ་འཇམ་དབྱངས་བློ་གསལ་ལ་གཏོར་སྒྲོམ་ནས་སྒྲུབ་རྫས་རིགས་ཕྱག་ཏུ་ཕུལ་དགོས་པའི་བརྡ་མཛད་པ་ལྟར་གུ་རུ་ཆོས་དབང་གི་གཏེར་བྱོན་ཕུར་པའི་སྒྲུབ་ཕུར་དང་རྟེན་གཏོར་ཐམས་ཅད་དང་བཅས་པ་ཕྱག་ཏུ་བཞེས་ཏེ་ཀཱི་ལ་ཡ་སྒྲ་དག་པར་གསུངས་ནས་གནས་གསུམ་དུ་དབང་ལེན་མཛད་ཅིང༌། གཞན་རྩ་གསུམ་གཏོར་མའི་རིགས་ཀྱང་དེ་ལྟར་གནང༌། ཆོས་སྐྱོང་གི་རྟེན་གཏོར་རིགས་ཕྱག་ཏུ་བསྣམས་ནས་དགོངས་གཏད་བཅས་སྒྲུབ་ཁང་གི་ཐོག་ཏུ་ཕུལ་བའི་བརྡ་མཛད་པ་བཞིན་ཕུལ་བས་སེ་གོལ་བཅས་གཤེགས་གསོལ་གནང་ནས། ཚེས་བཅོ་བརྒྱད་ཐོ་རངས་ལ་ཞབས་སེམས་སྐྱིལ། ཕྱག་གཡོན་ཆོས་འཆད། གཡས་མཉམ་བཞག་གིས་བཞུགས་ཏེ། དགོངས་པ་དབྱིངས་སུ་བསྡུ་བའི་ཚུལ་བསྟན་པར་མཛད་རྗེས། འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེ་ཡང་ཕེབས་འབྱོར་ལྟར་སྐུ་གདུང་མདུན་རང་དུ་ཉིན་ཞག་གསུམ་གྱི་བར་བཞུགས་ཤིང༌། དགུང་ཞག་གསུམ་ནས་ཤངས་དཀར་དམར་བྱོན་པས་ཆོས་སྐུ་ལས་གཟུགས་སྐུ་བཞེངས་བསྐུལ་གྱིས་སྐུ་གདུང་རིན་པོ་ཆེ་ལ་ཁྲུས་གསོལ། དྲི་བཟང་གིས་བྱུགས་ཤིང་རས་དཀར་གྱིས་དཀྲིས་ནས་ལོངས་སྐུའི་རྒྱན་ཆས་གསོལ་ཏེ་བཞུགས་སུ་གསོལ། སྐུའི་གནས་སོ་སོར་རྒྱུད་སྡེ་རྣམས་ཀྱི་སྐྱེ་མཆེད་བྱིན་རླབས་དང༌། བཏགས་གྲོལ་གྱི་རིགས་ཕུལ་ནས་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སྒོ་ནས་མཆོད་འབུལ་རྒྱ་ཆེར་མཛད། ཚེས་བཅོ་ལྔའི་ཉིན་གཟིམ་ཁང་ལྟག་དེར་འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེས་རྡོར་སེམས་དང༌། སྐྱབས་རྗེ་རབ་འབྱམས་རིན་པོ་ཆེས་ཀར་གླིང་ཞི་ཁྲོ། ཀོང་སྤྲུལ་རིན་པོ་ཆེ་ནས་བདེ་གཤེགས་ཀུན་འདུས། མཁན་ཆེན་ཀུན་དཔལ་ནས་བཀའ་མ་དོང་སྤྲུགས་བཅས་དཀྱིལ་འཁོར་ཁག་བཞིའི་སྒོ་ནས་ཞུགས་མཆོད་ཕུལ་ནས་སྐུ་གདུང་ལས་བདུད་རྩི་སྣུམ་ཞག་ལྟ་བུས་ཁྱབ་སྟེ་སྤུར་རས་མེས་མ་ནོངས་པའང་རྒྱ་ཆེར་བྱོན། གདུང་སྒྲོམ་སྒོ་བཅད་ནས་ཞལ་ཕྱེས་པ་དང་གདུང་རུས་ཀྱི་ཁྲོད་ལས་རིང་བསྲེལ་ཡུངས་ཀར་གྱི་འབྲུ་ལས་ཆེ་ཙམ་བར་མེད་དུ་བྱོན་པ་ནས་བརྩམས། གདུང་ཁང་གི་ཟུར། གདུང་དུད་ཀྱིས་གར་ཁྱབ་རི་ཀླུང་ཐམས་ཅད་དུ་རིང་བསྲེལ་གྲངས་མེད་བྱོན། ཟླ་བ་རེ་རེ་བཞིན་ཚེས་བཅོ་བརྒྱད་ནམ་ཤར་ལ་ནམ་མཁར་འཇའ་སྤྲིན་འཆར་བ་དང༌། པུར་ཁང་གི་ཉེ་སྐོར་རྩྭ་འཇག་མའི་རྩེ་ལའང་རིང་བསྲེལ་ཆགས་པ་སོགས་བྱུང་ཞིང༌། གདུང་ཁ་དོག་ལྔ་ཅན་ཡང་དད་ལྡན་ཁ་ཤས་ནས་ཐོབ་པ་དུ་མ་འདུག ། གདན་ས་དངོས་ལས་ཉིན་ལམ་ཙམ་དུ་དད་ལྡན་ཨ་མ་རྒན་མོ་གསུམ་ནས་རྗེ་བླ་མའི་སྐུ་གདུང་མེ་མཆོད་ཕུལ་ཉིན་དེ་ཕྱོགས་སུ་ཕྱག་འཚལ་ཞིང་གསོལ་བ་ཡང་ཡང་བཏབ་ནས་ངུས་པས་སྐབས་ཞིག་རྒན་མོ་གཅིག་ནས་ནམ་མཁའ་ལས་སྤྲིན་བཅུ་གཅིག་ཞལ་གྱི་སྐུ་གཟུགས་སུ་གྱུར་པ་དངོས་སུ་མཇལ་བའང་བྱུང༌། སྐུ་ཚིགས་མ་རྫོགས་ཀྱི་བར་དུ་རང་དགོན་མ་ལག་གི་བླ་སྤྲུལ་ཁག ། རྫོགས་ཆེན། ཀཿཐོག་དཔལ་ཡུལ་གཙོས་ཆོས་ལུགས་རིས་མེད་ལ་སྐུ་ཕྲེང་གོང་མ་རྣམས་ཀྱི་དགོངས་རྫོགས་མཛད་དེབ་དང་བསྟུན་པ་རྒྱས་སྤྲོས་ལྡབ་འཕར་དུ་སྐུ་དབོན་བླ་མ་དགེ་ལེགས་རྒྱ་མཚོ་ནས་སྒྲུབ་པར་མཛད། རྗེ་བླ་མའི་གདུང་རུས། དབུ་ལོ། ན་བཟའ་གཙོར་གྱུར་རིང་བསྲེལ་རྣམ་བཞིའི་ཕྱུར་བུར་གཏམས་པའི་གདུང་རྟེན་བྱང་ཆུབ་མཆོད་རྟེན་ཐོག་ཚད། བུམ་སྒོར་མི་ཕམ་འཇམ་པའི་དབྱངས་ཀྱི་ཉེ་གནས་བླ་མ་རིན་པོ་ཆེ་ཆོས་དབྱིངས་འོད་གསལ་གྱིས་རྡོར་སེམས་ཡིག་དྲུག་དུང་ཕྱུར། ཡིག་བརྒྱ་བྱེ་བ་གསུངས་པའི་ཐུགས་དམ་རྟེན་རྡོར་སེམས་ཀྱི་སྐུ་དང་འདྲ་ཞལ་སྐུ་ཚད་ཅན། གཟིམ་མལ་དུ་དེ་མཚུངས་འདྲ་སྐུ་སྐུ་ཚད་བཅས་བཞེངས་པ་རབ་འབྱམས་རིན་པོ་ཆེ་དང༌། ཀོང་སྤྲུལ་རིན་པོ་ཆེས་རབ་གནས་རྒྱས་སྤྲོས་ལན་དུ་མ་མཛད་པ་དང༌། སྐྱབས་རྗེ་རབ་འབྱམས་རིན་པོ་ཆེ་དང༌། ཀོང་སྤྲུལ་རིན་པོ་ཆེ། སྐུ་དབོན། ཞེ་ཆེན་འདུས་སྡེ་བཅས་ནས་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེ་ལ། སྐུ་གསུང་ཐུགས་རྟེན་རྗེ་བླ་མའི་ཐུགས་དམ་རྟེན་རྣམས་ཀྱིས་མཚོན་དངོས་འབུལ་རྒྱ་ཆེར་ཕུལ་ནས་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་ཡེ་ཤེས་གཟིགས་པས་ངོས་འཛིན་ཁྲིར་བཀོད་གསོལ་བ་བཏབ་པ་བཞིན་ཞལ་གྱིས་བཞེས། ཞེ་ཆེན་དགོན་གྱི་ཆོས་སྲིད་ལེགས་ཉེས་ཐམས་ཅད་ལའང་གཟིགས་རྟོགས་གནང་བའི་བཀའ་སློབ་བསྩལ། འཇམ་མགོན་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལ། རྗེ་བླ་མ་ཚེས་བཅོ་བརྒྱད་ལ་དགོངས་པ་རྫོགས་ནས་དགུང་ཞག་གསུམ་གྱི་བར་མནལ་ལམ་འོད་གསལ་གྱི་སྣང་ཆར་ཐུགས་ཤིན་ཏུ་དགྱེས་ཉམས་དང་བཅས་ཏེ། བསྟན་བཅོས་ཆེན་པོ་ཤེས་བྱ་ཀུན་ཁྱབ་ལ་འཆད་ཉན་གལ་ཆེ་ཚུལ་སོགས་གསུང་གླེང་མང་པོ་གནང་ནས་ཡང་ཡང་རྗེས་སུ་བཟུང་ཚུལ་འཇམ་མགོན་བླ་མ་མཆོག་གི་ཞལ་ལས་ཐོས། ཐུགས་སྲས་ཀྱི་ཐུ་བོ་སྐྱབས་རྗེ་རབ་འབྱམས་རིན་པོ་ཆེ་དང༌། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་རྣམས་ཀྱང་འདས་རྗེས་ཡེ་ཤེས་ཀྱི་སྐུ་ཡིས་རྗེས་སུ་བཟུང་ཞིང༌། ཐུགས་དམ་ལ་བོགས་འབྱིན་ཁྱད་པར་ཅན་བྱུང་ཚུལ་ཀྱང་སོ་སོའི་བཀའ་འཕྲོས་ལས་ཐོས་པ་དང༌། མདོར་ན་རྗེ་ཉིད་མཁས་པའི་རྣམ་དཔྱོད་དང་ཕྲིན་ལས་རྒྱ་ཆེ་བ་ཁོ་ན་ཙམ་མ་ཡིན་པ་རྫོགས་པ་ཆེན་པོའི་དགོངས་ཀློང་ཡེ་ཤེས་ཀྱི་གསང་མཛོད་ལ་དབང་འབྱོར་ངེས་པས་གདམས་ངག་གི་དམར་ཁྲིད་ཀྱིས་སྐལ་ལྡན་རྗེས་འཛིན་མཛད་པ་གནད་དུ་ཟབ་ཚུལ་ཨ་འཛོམ་འབྲུག་པ་རིན་པོ་ཆེ་འོད་གསལ་སྣ་ཚོགས་རང་གྲོལ་ནས་ཀྱང་བཀའ་བསྐུལ་ནན་ཏན་དུ་གནང་བ་ལྟར་རྙིང་ལུགས་སྔོན་འགྲོ་སྤྱིའི་ཁྲིད་ཡིག་ཀུན་མཁྱེན་ཞལ་ལུང་རྣམ་འདྲེན་ཤིང་རྟ་ཆེད་དུ་མཛད་ཅིང་དད་སྐལ་ལྡན་པའི་ལས་ཅན་དུ་མར་སྨིན་ཁྲིད་རྟག་པར་བསྩལ་བས་ཞེ་ཆེན་དགོན་མ་ལག་གི་མཁན་སློབ་གཙོས་ལས་ཅན་དུ་མ་དང༌། དད་མོས་ཆེ་བའི་ཁྱིམ་པ་ཕོ་མོ་ཡན་ཆད་འཆི་ཁར་གྲོལ་ཚད་ཐོབ་པ་དུ་མ་བྱུང་བ་དང༌། རིགས་ཀྱི་བདག་པོ་འཇམ་མགོན་རྣམ་གསུམ་ཡབ་སྲས་བརྒྱུད་པ་དང་བཅས་པའི་རིང་ལུགས་མཛོད་ཆེན་རྣམ་པ་ལྔ་རྩ་བ་ཡན་ལག་དང་བཅས་པའི་འཆད་ཉན་སྒོམ་སྒྲུབ་ཀྱི་ཆོས་བརྒྱུད་འཛིན་པའི་ངེས་གསང་བསྟན་པའི་ཤིང་རྟ་ཆེན་པོའི་མཛད་པ་མཐར་ཕྱིན་ཚུལ་དངོས་ཤུགས་ཀྱིས་རྟོགས་ནུས་ཤིང༌། དེར་མ་ཟད་སྐུ་དབོན་དགེ་ལེགས་རྒྱ་མཚོས་རྗེ་བླ་མའི་གསུང་རྩོམ་སྐབས་རྒྱུན་གྱི་ཕྱག་བསྣམ་སམ་ཊ་སོགས་རྟེན་གསུམ་ཁྱད་འཕགས་དང་བཅས་གསོལ་བ་བཏབ་པ་བཞིན་རྗེ་བླ་མ་མཆོག་གི་རྣམ་ཐར་རྒྱས་པ་ཤོག་གུ་བརྒྱ་ལྷག་དང༌། རྣམ་ཐར་གསོལ་འདེབས་བཅས་འཇམ་མགོན་མཁྱེན་བརྩེ་ཀུན་གཟིགས་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ཡིས་མཛད་ནས་སྤར་དུ་བསྒྲུབས་པར་མཛད་པའི་དཔེ་རྒྱུན་ཀྱང་དུས་ཀྱི་འགྱུར་བ་མི་བཟད་པས་དབྱིངས་སུ་མནལ་བས་འདི་ཙམ་ཡིད་ངེས་དཔྱད་བཟོད་སྒྲོ་སྐུར་དང་བྲལ་བར་འབྲི་དགོས་བྱུང་ངོ༌། ། ༤༽ སྐུ་ཕྲེང་བཞི་པ་འགྱུར་མེད་པདྨ་རྡོ་རྗེ། དེ་ཉིད་ཀྱི་མཆོག་གི་སྤྲུལ་པའི་སྐུ་ནི་རྗེ་གོང་མ་དགོངས་པ་རྫོགས་པའི་དགུང་ཞག་གསུམ་པ་ཐུགས་དམ་གྲོལ་བ་དང་བསྟུན་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེའི་དགོངས་ཉམས་ལ་ཤིན་ཏུ་གསལ་བར་བྱུང་ཚུལ་བཀའ་ལས་ཕེབས་ཐོས་བཞིན་ངོས་འཛིན་གནང་ཚུལ་ནི། མཁྱེན་བརྩེ་རིན་པོ་ཆེའི་ཕྱག་བྲིས་དངོས་ལས་ཞལ་བཤུས་པ་འདི་ལྟར། སྐྱབས་རྗེ་རྒྱལ་ཚབ་དམ་པའི་སྐྱེ་སྲིད་བརྟགས་པ་སྔ་མ་མདོ་ཝམ་ཅོ་ལེའི་མཆོད་རྟེན་དཀར་ཆུང་ཉེ་སྐོར་དུ་འཁྲུང་ངོ༌། །ས་སྦྲུལ་ཟླ་བ་བཅུ་གཅིག་ཚེས་བཅོ་བརྒྱད་ནུབ་མོ་དེ་དང་ཆ་མཚུངས་ཕ་མའི་མིང་སྔོན་མ་བརྗེད་པ་ཕ་པདྨ་རྡོ་རྗེ། མ་ཚེ་དགའ་ལྷ་མོའི་མིང༌། བུ་རྟ་ལུག་གང་རུང་ཐོབ་པ། དུང་བ་དང་དྷཱ། སྒོ་ཁྱི་དཀར། ཁང་ལྟག་དར་ལྕོག ཆུ་ཉིན་ལ་ཡོད་པ་འབྲོག་པ་ཡིན་ཤས་ཆེ། ཞེས་གསུངས་པ་མདོ་ཁམས་ནང་ཆེན་ཆོས་ཀྱི་རྒྱལ་པོའི་མངའ་འོག འཁྲུངས་གཞིས་ནས་མདུན་ཐད་མདོ་ཝམ་མཆོད་རྟེན་དཀར་ཆུང་མཇལ་བ། མདུན་གྱི་ལུང་པ་ཕུ་ཤར་བསྟན་གསུམ་ལ་སྦ་སྙུག་ལྡེམ་གྱི་མིང་ཅན། སྐུ་རྒྱལ་བཙན་རྒོད་ཆེན་པོས་སྐྱོང་བའི་གནས་སུ་གདོང་གསེར་ཁྲི་ཅན་གྱི་རིགས་ལ་མཆོག་སྤྲུལ་རིན་པོ་ཆེ་ཀརྨ་དགོན་པའི་འཚོགས་ཟངས་གསར་པ་ཞིག་དགེ་འདུན་འདུས་མང་གི་གསོལ་ཐབ་ཏུ་བཙུགས་རྒྱུ་དང༌། སྦྱིན་བདག་དམ་གཙང་ཞིག་གིས་བརྒྱད་སྟོང་རྡོ་ལ་བརྐོས་པ་བཞུགས་ཁྲིར་མངའ་གསོལ་བའི་གཟའ་སྐར་ཤིན་ཏུ་བཟང་པོའི་ཉིན། ལྕགས་རྟ་ལོ་ལ་སྐུ་འཁྲུངས་པ་ཐུགས་སྲས་ཀོང་སྤྲུལ་རིན་པོ་ཆེ་ཆེད་དུ་ཕེབས་ནས་ཁྲུས་གསོལ། ན་བཟའ་ཕུལ། མཚན་འགྱུར་མེད་པདྨ་རྡོ་རྗེ་ཞེས་ཞབས་བརྟན་ཚིགས་བཅད་དང་བཅས་པ་ཕྱག་མདུད་མགུལ་སྲུང་ཐུགས་རབ་དང་སྐུ་ཚེ་སྤེལ་བའི་དམ་རྫས་བཅས་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེས་ཆེད་བསྩལ་བཞིན་ཕུལ་ཏེ་རྒྱལ་ཚབ་རིན་པོ་ཆེའི་མཆོག་གི་སྤྲུལ་སྐུར་ངོས་འཛིན་མཛད་ཅིང་དྲིལ་བསྒྲགས། ཆུ་སྤྲེལ་ལོ་གདན་ས་ཆེན་པོ་བསྟན་གཉིས་དར་རྒྱས་གླིང་དུ་གདན་དྲངས། སྤྲེལ་ཟླའི་ཚེས་བཅུ་ཆེན་མོའི་དུས་མཆོད་དང་འབྲེལ་བར་སྐྱབས་རྗེ་རབ་འབྱམས་རིན་པོ་ཆེ་དང༌། ཀོང་སྤྲུལ་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཀྱིས་རིག་པ་འཛིན་པའི་དགེ་འདུན་གྱིས་ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་བརྟན་བཞུགས་ཆོ་ག་དང་འབྲེལ་བར་སེང་གེའི་ཁྲི་ལ་མངའ་གསོལ། རིམ་གྱིས་ཕྱག་དཔེ་འབྲི་ཀློག་ནས་བརྩམས་སྐུ་ཡོན་རིགས་ལ་སློབ་སྦྱོང་གནང༌། འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་སྤྱན་སྔ་ནས་སོ་ཐར་དགེ་ཚུལ་གྱི་བསླབ་པ། བྱང་ཆུབ་སེམས་སྡོམ་སྲོལ་གཉིས། སྔ་འགྱུར་བཀའ་མའི་རྒྱུད་སྡེ་ཡོངས་རྫོགས་ཀྱི་དབང་ལུང༌། སྙིང་ཐིག་ཡ་བཞི་དང༌། ཆོས་རྒྱལ་གཏེར་བདག་གླིང་པའི་ཟབ་གཏེར་ཡོངས་རྫོགས་ཀྱི་སྨིན་གྲོལ་ཆིག་རྫོགས། དབང་དང་བསྐྱེད་རྫོགས་ཀྱི་རྣམ་བཤད་སོགས་མྱོས་སྟོན་སྐུ་མཆེད་དང༌། རྒྱལ་ཚབ་གོང་མའི་གསུང་གི་སྐོར་བཅས་པའི་དབང་ཁྲིད་ལུང་བཅས། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀུན་འདུས་གདམས་ངག་རིན་པོ་ཆེའི་མཛོད་ཡོངས་རྫོགས་ཀྱི་སྨིན་གྲོལ་ལུང་བཅས་ཞིབ་རྒྱས། དཔལ་ས་སྐྱ་པའི་ལམ་འབྲས་སློབ་བཤད་ཀྱི་ཁྲིད་ལུང་བཅས་ཞིབ་རྒྱས། ཀོང་སྤྲུལ་རིན་པོ་ཆེ་པདྨ་དྲི་མེད་བློ་གྲོས་ལས་རིན་ཆེན་གཏེར་མཛོད་ཆེན་མོ། ཀུན་མཁྱེན་འཇིགས་གླིང་བཀའ་འབུམ་པོད་དགུའི་ལུང༌། བཀའ་བརྒྱུད་སྔགས་མཛོད་ཀྱི་དབང་ཁྲིད་ལུང་བཅས། རྒྱབ་བརྟེན་ནང་བརྟག་རྒྱུད་གསུམ། གཞུང་ཆུང་གཉིས་དང་བཅས་པའི་བཤད་ཁྲིད། ཤེས་བྱ་ཀུན་ཁྱབ་རྩ་འགྲེལ་གྱི་བཤད་ལུང༌། རྒྱ་ཆེན་བཀའ་མཛོད། རྒྱལ་ཚབ་གོང་མའི་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང་ཁྲིད་སྐོར། རབ་འབྱམས་རིན་པོ་ཆེ་ཀུན་བཟང་བསྟན་པའི་ཉི་མ་ལས་གཏེར་མཛོད་ཡོངས་རྫོགས་ཀྱི་དབང་ཁྲིད་བཅས་ལན་གཅིག་གསན་པ་དང༌། རྗེ་གོང་མའི་སྐུ་ཚ་མཁན་པོ་བློ་གྲོས་རབ་གསལ་ཡོངས་འཛིན་དུ་བཞུགས་ཏེ་དབུ་མ་རྒྱན་གྱི་འགྲེལ་ཆེན། ཡོན་ཏན་རིན་པོ་ཆེའི་མཛོད་རྩ་འགྲེལ། སྒྱུ་འཕྲུལ་གསང་བ་སྙིང་པོ་སོགས་ཀྱི་བཤད་ཁྲིད་ཞིབ་རྒྱས་དང༌། སློབ་གྲྭ་ལེགས་བཤད་ཉི་ཟླའི་གླིང་དུའང་ལོ་གསུམ་ཙམ་བཞུགས་ནས་སྤྱོད་འཇུག བྱམས་ཆོས་སྡེ་ལྔ། སྡོམ་གསུམ་སོགས་ལ་གསན་སྦྱང་རྒྱ་ཆེར་གནང་བར་མཛད་པས་མཁྱེན་རབ་ཁྱད་པར་འཕགས་པ་དང༌། སྔགས་ཀྱི་ཟབ་དོན་གཏིང་དཔོག་པའི་ཐུགས་རབ་གཞན་མཚུངས་མ་མཆིས་པ་མངའ་བ་དང༌། ཁྱད་པར་ཀོང་སྤྲུལ་རིན་པོ་ཆེ་ལས་སྔོན་འགྲོ་དངོས་གཞིའི་སྨིན་ཁྲིད་ཞིབ་པར་གསན་ནས་དགོངས་བརྒྱུད་ཀྱི་ཡེ་ཤེས་ཟབ་མོའི་གདིང་ཚད་མངོན་སུམ་དུ་གྱུར། རི་ཁྲོད་པདྨ་འོད་གླིང་གི་ཡང་དབེན་བདེ་མཆོག་བཀྲ་ཤིས་དགེ་འཕེལ་དང༌། དགོན་གྱི་བླ་བྲང་གཟིམ་ཆུང་སོགས་སུ་སྐུ་ཕྲེང་རིམ་བྱོན་གྱི་ཐུགས་དམ་ལྷག་པའི་ལྷ་གཅིག་ཕུར་པ་ཡང་གསང་སྤུ་གྲི། རྡོར་སེམས་ཐུགས་ཀྱི་སྒྲུབ་པ་སོགས་ལྷག་པའི་ལྷ་དུ་མའི་བསྙེན་སྒྲུབ་མཛད། དགུང་གྲངས་བཅུ་སྐོར་ཞིག་ཏུ་འགྲོ་དོན་ལ་ཕེབས་པས་གཤིན་པོ་ཞིག་ལ་འཕོ་བ་བཏབ་མཛད་པས་སྤྱན་ཆབ་མང་དུ་བསིལ། དགེ་རྒན་གྱིས་མི་མང་པོའི་ནང་དེ་ལྟར་བཤུམ་པ་ཅི་ཡིན་ཞེས་ཡང་ཡང་ཞུས་ཀྱང་གང་ཡང་མ་གསུངས། ཕྱིས་ཀོང་སྤྲུལ་རིན་པོ་ཆེ་ལ་དེ་སྐབས་གཤིན་པོ་དེ་དམྱལ་བར་སྐྱེས་པ་མཐོང་ནས་དེ་ལས་ཐར་པའི་ཐབས་མ་བྱུང་དེས་ངུས་པ་ཡིན་ཞེས་གསུངས། དེ་སྐབས་སྦྱིན་བདག་འབྲོག་སྡེ་ཞིག་གི་ཁྱིམ་དུ་ཁྱི་དམར་པོ་ཆུང་ངུ་ཞིག་ཡོད་པ་མཛོ་ཞིག་གནང་སྟེ་ཉོས། གྲྭ་འཁོར་རྣམས་ནས་འདི་ལྟར་མཛད་པའི་རྒྱུ་མཚན་གང་ཡིན་བཀའ་འདྲི་ཞུས་པས་ཁྱི་སྙིང་རྗེ་པོ་ཞིག་འདུག་པས་དེ་ལ་བརྟེན་ནས་ཉོས་པ་ཡིན་ཅེས་གསུངས། ཕྱིས་ཀོང་སྤྲུལ་རིན་པོ་ཆེའི་མདུན་དུ་སྐུ་མཚམས་ལྷན་རྒྱས་བཞུགས་པས་ཁྱི་དེ་ཤིན་ཏུ་ཐུགས་བརྩེ་བས་སྐུའི་འཁྲིས་སུ་བཞག དེ་རྒྱབ་ལོག་ཏུ་འགྲོ་སྐབས་ཐུན་གྱི་སྒང་ལའང་བཞེངས་ནས་ཡར་བསྣམས་པ་སོགས་ཡང་ཡང་གནང་བས། ཀོང་སྤྲུལ་རིན་པོ་ཆེས་ཕྱག་སམ་ལ་རྗེ་བླ་མ་གོང་མ་ནི་སྣང་སྤྱོད་ཡེ་ཤེས་ཀྱི་རོལ་པར་ཤར་ཡང་སྐུ་མཚམས་སྐབས་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པ་ཁོ་ན་མཛད། ཁྱེད་ནི་ཁྱི་དེ་ཁོ་ན་འཕུར་བྱུག་གི་སྐུ་རྩེད་གནང་བ་ལས་བསྐྱེད་རྫོགས་ལ་ཐུགས་གཞོལ་བ་དང་བཞུགས་ཚུགས་པ་གཏན་ནས་མི་འདུག ཐུགས་དམ་ལ་ལེགས་པར་བརྩོན་མཛོད་ཅེས་ཕྱག་བྲིས་གནང་སྟེ་ཕུལ་བ་ཞིབ་གཟིགས་ཀྱིས་གསུང་ལན་དུ། རིན་པོ་ཆེ་ཐུགས་མད་ཀྱང་ཕྲན་སེམས་མ་ཡེངས་པའི་ཁུལ་ཡིན། ཁྱི་འདི་རང་གི་ཁུ་བོ་ཚེ་རིང་ཆོས་འཕེལ་གྱི་སྐྱེ་བ་ཡིན་སྣང་ཤར་བས་ཕྲན་ཆུང་ངུའི་སྐབས་དེས་བྱམས་བརྩེ་ཤིན་ཏུ་ཆེ་བས་དེར་སྙིང་རྗེ་བར་འདུག་གསུང་ཕྱག་བྲིས་སླར་ཕུལ་བ་སོགས་མཁྱེན་པ་ཐོགས་མེད་དུ་མངའ་ཡང་ཐུགས་སེམས་ཟིན་ནས་དེ་འདྲའི་གསུང་སྒྲོས་དང༌། དགོངས་གཏེར་དང་ལུང་བསྟན་སོགས་མཆོག་དམན་ཕྱི་ནང་སུ་ལའང་མི་གསུང༌། སྐུ་ཆུང་ངུའི་སྐབས་གཤིན་པོའི་སྐྱེ་བརྟགས་སོགས་ཐབས་གང་ལྟར་བྱས་ཏེ་ཞུས་ཀྱང་ཅི་ཡང་མི་ཤེས་གསུངས། ཐུགས་སྒམ་ཞིང་བརྟན། ཐོས་བསམ་སྒོམ་པའི་མཁྱེན་རབ་གཏིང་ཟབ། ཀུན་སྤྱོད་ཞི་དུལ་དང་རབ་འབྱམས་རིན་པོ་ཆེ་དང༌། ཀོང་སྤྲུལ་རིན་པོ་ཆེ་གཉིས་ཀའི་དགོངས་སྤྱོད་དང་བསྟུན་པའི་མཛད་པ་ཁོ་ན་གནང༌། མགོ་ལོག་ཨ་མཆོད་དགོན་དུ་ཚེས་བཅུ་སྤྲོས་བཅས་གསར་བཙུགས་དང་འབྲེལ་བར་སྒྲུབ་ཐབས་འདོད་བུམ་གྱི་དབང་ལུང་ཡོངས་རྫོགས་གསུངས། ཞེ་ཆེན་དགོན་གཞུང་དུའང་སྒྲུབ་མཆོད་ཁག་གི་མཆོད་རྫས་གསར་བཞེངས་དང༌། བོད་ཡུལ་དབུས་དང་ལྷོ་གནས། གདན་ས་ཆེན་པོ་སྨིན་གྲོལ་གླིང་དུ་སྔ་རྗེས་ལན་གཉིས་སུ་ཕེབས་ནས་མཆོད་འབུལ་དང༌། སྐྱབས་རྗེ་མཁན་གཅུང་རྣམ་གཉིས་ལ་བསྙེན་བཀུར་ཆོས་འབྲེལ་བཅས་གསན། ཞེ་ཆེན་བཤད་གྲྭ་དང་ཡང་ཁྲོད་གཟིམ་ཆུང་གསར་བཞེངས་སོགས་རྒྱ་ཆེར་མཛད་དེ་དམ་པའི་ངང་ཚུལ་གསལ་བས་བསྟན་འགྲོ་ལ་སྨན་པའི་མཆོག་གི་སྤྲུལ་པའི་སྐུར་བྱོན་ཀྱང་སྙིགས་དུས་ཀྱི་རྒུད་པ་མི་ཟད་པས་མཐའ་དམག་གི་ངན་སྦྱོར་གྱིས་སྡེ་དགེ་དགོན་ཆེན་དུ་ཁྲི་མུན་ལ་ཚུད་ནས་གྲོངས་པར་ཐོས་སོ། ། སྐྱབས་རྗེ་རབ་འབྱམས་དྲུག་པ། སྐྱབས་རྗེ་རབ་འབྱམས་སྐུ་ཕྲེང་དྲུག་པ་འགྱུར་མེད་ཀུན་བཟང་བསྟན་པའི་ཉི་མ་ནི། རྗེ་འདིའི་སྤྲུལ་གཞི་སངས་རྒྱས་མྱ་ངན་མེད་པའི་དཔལ། དམ་པའི་རིགས་ཅན་དྲ་མ་ལྔ་ལས་གནོད་སྦྱིན་སྐར་མདའ་གདོང༌། སློབ་དཔོན་འཇམ་དཔལ་བཤེས་གཉེན། ཆོས་རྒྱལ་མྱ་ངན་མེད། ལྷ་སྲས་མུ་ཏིག་བཙན་པོ། རྨ་རིན་ཆེན་མཆོག སློབ་དཔོན་ཀ་མ་ལ་ཤཱི་ལ། མི་ལ་བཞད་པ་རྡོ་རྗེ། རོང་སྟོན་ཤེས་བྱ་ཀུན་གཟིགས། འབྲི་གུང་རིན་ཆེན་ཕུན་ཚོགས། དབུས་སྨྱོན་ཆོས་ཀྱི་གྲགས་པའི་སྐྱེ་རབས་རྣམས་དམ་པ་དུ་མས་རྒྱུ་མཚན་དང་བཅས་ཏེ་ལུང་བསྟན། སྐུ་ཕྲེང་དང་པོ་དབུ་རུ་འཕན་ཡུལ་དུ་འཁྲུངས་པ་དགུང་ལོ་བཅུ་གསུམ་གྱི་སྟེང་འབྲས་སྤུངས་སོགས་སུ་ཕེབས་ནས་འདུལ་མངོན་དབུ་མ་ཕར་ཚད་ཀྱི་གཞུང་རྣམས་ཐུགས་སུ་ཆུད་སྟེ་སེ་འབྲས་དགའ་གསུམ། གསང་ཕུ་སོགས་ལུང་རིགས་སྨྲ་བའི་སྡེ་རྣམས་སུ་གྲྭ་སྐོར་མཛད་པས་ཕྱོགས་ལས་རྣམ་རྒྱལ་གྱི་ཞྭ་ལམ་རབ་འབྱམས་པ་བསྟན་པའི་རྒྱལ་མཚན་ཏུ་གྲགས་པས་རབ་འབྱམས་ཞེས་པའི་མཚན་དུ་གྲགས། ཀ༽ ཡུལ་སྐྱེད་ཚལ་དུ་བྱོན་ནས། དཔལ་འཁོར་ཆོས་སྡེ། རྟ་ནག་ཐུབ་བསྟན་གསེར་མདོག་ཅན་དང༌། ས་སྐྱར་སྐྱེས་ཆེན་དུ་མ་ལས་གསན་བསམ་མཛད་ནས་ས་སྐྱར་རྒྱུད་བཤད་མཛད་པས་མཁས་པའི་གྲགས་པ་ཐོབ། ས་སྐྱ་གོང་མ་རིན་པོ་ཆེས་བསྔགས་བརྗོད་དང་ཐུགས་བརྩེ་ཚད་མེད་མཛད། སེ་འབྲས་དགའ་གསུམ་རྒྱུད་སྟོད་སྨད་ཁྲི་གདན་ཟུར་སློབ་དཔོན་ལས་གསང་བདེ་འཇིགས་གསུམ་སོགས་རི་བོ་དགའ་ལྡན་པའི་བཀའ་སྲོལ་བདག་གིར་མཛད། ཁྱད་པར་དགེ་སློང་འཇམ་དཔལ་གྲགས་པའི་གྲྭ་འཁོད་ནང་མར་གྱུར་པས་དེ་དང༌། ལྔ་པ་ཆེན་པོ་གཉིས་ནས་གསར་རྙིང་གི་ཟབ་གནད་གལ་ཆེ་མང་དུ་གསན་པས་ཐོས་བསམ་གྱི་སྒྲོ་འདོགས་བཅད་པས་འཇམ་དཔལ་བཤེས་གཉེན་གྱི་རྣམ་འཕྲུལ་དུ་བསྔགས། གྲུབ་དབང་རྫོགས་ཆེན་པ་པདྨ་རིག་འཛིན་ཡེར་པར་བཞུགས་པའི་མདུན་རྫོགས་ཆེན་གསན་པས་ཐུགས་ཡིད་གཅིག་ཏུ་འདྲེས་ནས། རྒྱལ་དབང་ལྔ་པའི་གསུང་གིས་བསྐུལ་ཏེ་རྙིང་མའི་ཆོས་སྒོར་ཞུགས་ཏེ། གྲུབ་དབང་རྫོགས་ཆེན་པ་པདྨ་རིག་འཛིན་དང་ལྷན་ཅིག་མདོ་ཁམས་ཤར་དུ་ཕེབས་ནས་པདྨ་རིག་འཛིན་སྐུ་གཤེགས་ཀྱི་བར་ཕྱོགས་མེད་ཀྱི་གདུལ་བྱ་བསྐྱངས་ཤིང༌། རུ་དམ་རྫོགས་ཆེན་གྱི་གདན་ས་ཡུན་རིང་དུ་བསྐྱངས། ཞེ་ཆེན་རི་ཁྲོད་ཨོ་རྒྱན་ཆོས་རྫོང་དུ་བཞུགས། དེའི་མཆོག་སྤྲུལ་འགྱུར་མེད་ཀུན་བཟང་རྣམ་རྒྱལ། རྫོགས་ཆེན་སྐུ་ཕྲེང་གཉིས་པའི་སྐུ་མཆེད་དུ་འཁྲུངས། སྨིན་གླིང་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་ཁམས་སུ་ཕེབས་པ་ཞེ་ཆེན་དུ་གདན་དྲངས་ནས་བཀའ་ཆོས་མང་དུ་གསན་པ་ལས་གཤིན་རྗེ་དྲེགས་འཇོམས་ཀྱི་ནང་གི་ཆོས་བདག་ཏུ་སྔགས་སྤྱོད་རྣལ་འབྱོར་ལྔའི་ནང་གཅིག་ཡིན་པར་ལུང་བསྟན་ནས་གཏེར་ཆེན་རིན་པོ་ཆེའི་ཕྱག་ཕྲེང་རཀ་ཤའི་ཕྲེང་པ་བསྩལ་གསན་བསམ་གྱི་ཡོན་ཏན་རྨད་དུ་བྱུང་བའི་སྐུ་རིང་ལ་ཤིང་སྟག་ལོར་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་དགོན་པ་བཏབ། དེའི་ཡང་སྲིད་རིག་འཛིན་དཔལ་འབྱོར་རྒྱ་མཚོ། གར་དབང་ཆོས་ཀྱི་རྒྱལ་མཚན། འགྱུར་མེད་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་བཅས་སྐུའི་སྐྱེ་བའི་ཕྲེང་བ་ངོ་མཚར་ཅན་ཁོ་ན་སྟེ། དེ་དག་གི་རྣམ་ཐར་རྗེ་བླ་མ་ཐམས་ཅད་མཁྱེན་གཟིགས་རྒྱལ་ཚབ་རིན་པོ་ཆེའི་གསུང་ཆོས་འབྱུང་ལེགས་བཤད་པདྨ་དཀར་པོའི་རྫིང་བུ་ལས་རྒྱས་པར་བྱུང་བས་འདིར་མ་སྨོས་ལ། སྐུ་ཕྲེང་དྲུག་པ་འདི་ནི་རྒྱལ་ཚབ་རིན་པོ་ཆེའི་ཞིང་སྐྱོང་དུར་ཁྲོད་མ་མོའི་བསྟོད་ཕྲེང་ཚིག་དོན་ཕུན་སུམ་ཚོགས་པ་ཞིག་གི་མཛད་བྱང་གཤམ་དུ། ལྕགས་ཁམས་རྡོ་རྗེའི་སྣ་ལྡན་གྱི་ལོར་སྐྱབས་རྗེ་རབ་འབྱམས་རིན་པོ་ཆེའི་མཆོག་གི་སྤྲུལ་སྐུའི་ཟླ་ཞལ་ངོམས་པའི་སྐབས་སུ་བྲིས་ཞེས་གསུངས་པ་ལྟར་མདོ་ཁམས་སྒང་དྲུག་གི་ཟོ་དོར་ཆེན་པོ་བཅུ་གཉིས་ཀྱི་ཡ་གྱལ། དཀར་ཕྱོགས་ཀྱི་དགེ་བསྙེན་ཟབ་གཏེར་གྱི་སྲུང་མ་གཉན་པོའི་གཡུ་རྩེ་ལྷ་བུའི་རིགས་མགོ་ལོག་ཨ་ཁྱུང་སྦྲ་གསར་དཔོན་གྱི་རིགས་སུ་ལྕགས་ཕག་ལོར་སྐུ་འཁྲུངས། ཡབ་ཡུམ་གཉིས་དང་སྤྲུལ་སྐུ་བཅས་རྫོགས་ཆེན་སྒྲུབ་མཆོད་ལ་ཕེབས་པས་གྲུབ་དབང་རྫོགས་ཆེན་ལྔ་པས་ཀྱང་ཞེ་ཆེན་དུ་ཕྱག་བྲིས་ཆེད་གནང་གིས་ཨ་ཁྱུང་སྦྲ་སར་དཔོན་གྱི་བུ་འདི་རབ་འབྱམས་རིན་པོ་ཆེའི་མཆོག་སྤྲུལ་འཁྲུལ་བྲལ་དུ་ངེས་པས་དེར་གདན་སར་འཛིན་བདག་གནང་བ་གལ་ཆེ་གསུང་བ་དེ་སྐབས་རྒྱལ་ཚབ་རིན་པོ་ཆེ་དགོན་དུ་མ་བཞུགས་ཀྱང་འདུས་སྡེའི་ལས་བྱེད་རྣམས་ནས་ཡབ་ཡུམ་སྲས་བཅས་དགོན་དུ་གདན་དྲངས་ནས་གསོལ་ཚིགས་ཞིག་ལ་ཕེབས་ཞུས་པ་ལྟར་བྱོན་པས་ཞེ་ཆེན་དགོན་མདུན་ཟམ་པ་ཞིག་ཡོད་པ་དེའི་དྲུང་དུ་ཕེབས་པ་དང་མ་རྒན་བགྲེས་༥༦མོ་གོས་ཆེན་དམར་སྨུག་གི་གོས་གྱོན་པ་སྐྲ་སེ་ཁྱུག་གེ་བ་ཞིག་གློ་བུར་དུ་བྱོན་ནས་ངའི་བུ་སླེབ་འདུག་ཅེས་སྙིང་བརྩེ་བརྩེ་ལྟར་བྱས་ནས་མགུལ་དར་ནང་མཛོད་ཞིག་སྤྲུལ་སྐུ་མ་ཡུམ་གྱི་པང་ནས་ཆིབས་གོང་ན་ཡོད་པའི་མགུལ་དུ་གསོལ་བ་མཇལ་དར་གྱི་སྣེ་ས་ལ་འཁྱིལ་འདུག་པ་ཀུན་གྱིས་མཐོང་སྣང་དུ་བྱུང་པ་དང་བགྲེས་མོ་གར་སོང་ཆ་མེད་པ་ནི་སྐུ་ཕྲེང་རིམ་བྱོན་གྱི་ཐུན་མོང་མ་ཡིན་པའི་བཀའ་སྲུང་དུར་ཁྲོད་མ་མོར་ངེས་ཤིང༌། དར་དེ་ཕྱིས་སུ་འཁྲུངས་གཞིས་ཀྱི་གཡང་རྟེན་དུ་ཡོད་འདུག གཉན་པོ་གཡུ་རྩེའི་གནས་སུ་བྱོན་ཏེ་བསྐོར་བ་ལ་མ་ཡུམ་དང་སྤྲུལ་སྐུ་བཅས་ཕེབས་པ་གནས་རྩེར་མཚོ་ཤིན་ཏུ་གཉན་པོ་གཏེར་སྟོན་ལས་རབ་གླིང་པའི་གཏེར་གནས་ཞིག་ཡོད་པ་དེ་མདུན་ཕེབས་པ་དང་སྤྲུལ་སྐུའི་དབུ་ལ་སྦྲུལ་གྱི་གདེང་ཀ་མང་པོ་ཤིག་ཤིག་ཡོད་པ་ཡུམ་གྱིས་གཟིགས་ནས་ཐུགས་བྲེད་སྔངས་སྐྱེས་པ་བྱུང་གསུངས། དེ་ནས་རིང་པོར་མ་ལོན་པར་རྒྱལ་ཚབ་རིན་པོ་ཆེ་དང༌། སྐུ་དབོན་དགེ་ལེགས་རྒྱ་མཚོ་ལྷན་རྒྱས་པས་ཐུགས་ཁུར་ཟབ་བཞེས་ཀྱིས་བསྟན་གཉིས་དར་རྒྱས་གླིང་གི་སེང་གེའི་ཁྲི་ཆེན་པོར་མངའ་གསོལ། མཚན་འགྱུར་མེད་ཀུན་བཟང་བསྟན་པའི་ཉི་མ་བཤད་སྒྲུབ་ཆོས་ཀྱི་གོ་ཆར་གསོལ། རྟེན་སྡོམ་པ་གསུམ་དང༌། སྔ་འགྱུར་བཀའ་གཏེར་གྱི་སྨིན་གྲོལ་སྤྱི་དང་ཁྱད་པར་རིན་ཆེན་གཏེར་མཛོད་ཡོངས་རྫོགས་རྒྱལ་ཚབ་རིན་པོ་ཆེས་པོད་བཞི་བཅུ་སྐོར་དང༌། འཕྲོས་ཁ་སྐོང་ཡོངས་རྫོགས་ཟུར་མང་དྲུང་པ་རིན་པོ་ཆེ་ལྷན་རྒྱས་ནས་གནང་བ་དང༌། བླ་མ་དགོངས་འདུས་ཀྱི་དབང་ཆེན་ཡོངས་རྫོགས་ལུང་བཅས་གསན། གསང་མཚན་སྣང་མཛད་གྲུབ་པའི་རྡོ་རྗེ་ཞེས་བསྩལ། ཁྱད་པར་སེམས་སྡེ་ཨ་དོན་བཅོ་བརྒྱད་ཀྱི་སྨིན་དབང་གསན་སྐབས་སྲས་མོ་གོ་མ་དེ་ཝིའི་རྡོ་རྗེའི་གླུའི་སྐབས་དགོངས་བརྒྱུད་ཡེ་ཤེས་ཀྱི་བྱིན་ཆེན་ཐུགས་ལ་འཕོས། ཕྱིས་རྗེ་བླ་མ་སྐུ་གཤེགས་ལོར་ཐུགས་མྱ་ངན་གྱིས་ནོན་ཏེ་གསོལ་བ་འདེབས་བཞིན་རྫོགས་ཆེན་དགོན་དུ་ཕེབས་ལམ་གྱི་ཆིབས་ཐོག་ནས་ནུབ་ཕྱོགས་ཀྱི་ནམ་མཁར་སྤྲིན་གྱི་དབུས་ན་སྐུ་སྐེད་ཡན་ཆད་གསལ་བའི་སྲས་མོ་གོ་མ་དེ་ཝི་མཇལ་བ་རྡོ་རྗེའི་གླུ་དེ་ལྷང་ལྷང་གསུངས་པ་ཐོས་པས་ཐུགས་དམ་ལ་བོགས་འདོན་ཆེན་པོ་བྱུང་གསུངས། ཞེ་ཆེན་རི་ཁྲོད་སྐུ་མཚམས་ལ་ཞུགས་པའི་མནལ་ལམ་དུ་རྒྱལ་ཚབ་རིན་པོ་ཆེ་ཤིན་ཏུ་དགྱེས་ཉམས་ཅན་མཇལ་བ་སྔར་གྱི་ཐུགས་དམ་ཉམས་མྱོང་བྱུང་ཚུལ་ཞུས་པ་ཤིན་དུ་ལེགས་འདུག །ད་དུང་སྡོམ་གསུམ་འགྲེལ་ཆེན་དཔག་བསམ་སྙེ་མ་ཁོ་བོའི་མཆན་བཏབ་པ་ཞིག་ཡོད་པས་དེ་གཟིགས་དང་བོགས་འདོན་ཁྱད་པར་ཅན་འབྱུང་འདུག་ཅེས་གསུང་བྱུང་གསུངས། མཁན་པོ་སྒྲ་དབྱངས་ལས་སྒྱུ་འཕྲུལ་གསང་བ་སྙིང་པོ་ཕྱོགས་བཅུ་མུན་སེལ་དང༌། གསང་བདག་དགོངས་རྒྱན་དང༌། ཞལ་ལུང༌། མཁན་རིག་འཛིན་འོད་ཟེར་ལས་ཡོན་ཏན་རིན་པོ་ཆེའི་མཛོད་དང༌། སྡོམ་གསུམ་དཔག་བསམ་སྙེ་མ་སོགས་གསན་སྦྱང་མཛད། ཐུགས་རབ་ཤིན་ཏུ་ཆེ་བས་སྙན་ངག་མ་གཟིགས་པའི་གོང་ནས་བསྟོད་པ་དང༌། གསུང་མགུར་ལས་ཞལ་གདམས་སོགས་སྙན་འཇེབས་ཅན་དུ་མ་གསུངས། འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་ལས་རིན་ཆེན་གཏེར་མཛོད་ཡོངས་རྫོགས་དང༌། རྒྱལ་དབང་ལྔ་པའི་དག་སྣང་རྒྱ་ཅན་ཉེར་ལྔ། གླིང་རྗེ་དྲུང་པདྨ་འགྲོ་འདུལ་གྱི་གཏེར་ཆོས་ཡོངས་རྫོགས་ཀྱི་སྨིན་གྲོལ་སོགས་རྒྱ་ཆེར་གསན། གླིང་རྒྱལ་པདྨ་བཞད་པ་ལས་དགོངས་གཏེར་ཚེ་ཡུམ་ཙཎྜ་ལི་རྩ་བ་ཡན་ལག་བཅས་པའི་དབང་ལུང་ཞིབ་རྒྱས་སུ་གསན་ནས་ཆོས་བདག་ཏུ་མངའ་གསོལ་བ་བཞིན་ཐུགས་དམ་ཉམས་བཞེས་གནང་བས་ནང་མཆོད་ཁོལ་ཏེ་སྨན་གྱི་དྲི་བཟང་གིས་གཟིམ་ཆུང་ཕྱི་ནང་དུ་ཁྱབ་པ་དང༌། ཚེམས་གསར་དུ་འཁྲུངས་པ་སོགས་རྟགས་མཚན་ཁྱད་པར་ཅན་དུ་མ་བྱོན། གཞན་ཐུགས་དམ་གཤིན་རྗེ་དྲེགས་འཇོམས་དང༌། རྡོར་སེམས་ཐུགས་ཀྱི་སྒྲུབ་པ་སོགས་རྩ་གསུམ་ལྷག་པའི་ལྷ་རབ་འབྱམས་ཀྱི་བསྙེན་བཟླས་མཛད་བས་གྲུབ་པའི་རྟགས་མཚན་དུ་མ་མངོན་དུ་གྱུར། ཁྲོ་ཤུལ་མཁན་རིན་པོ་ཆེ་ཚུལ་ཁྲིམས་རྒྱ་མཚོ་ལས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང༌། རྙིང་མ་རྒྱུད་འབུམ་ཡོངས་རྫོགས་ཀྱི་ལྗགས་ལུང་གསན། གདན་ས་ཆེན་པོ་བསྟན་གཉིས་དར་རྒྱས་གླིང་གི་འདུས་སྡེའི་བཅའ་ཁྲིམས། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་མ་ཉམས་པ་དང༌། ལུགས་གཉིས་ཀྱི་འཛིན་སྐྱོང་བཅས་དགུང་གྲངས་བཅོ་ལྔ་ནས་ཕྱིས་སྐུ་གཤེགས་ཀྱི་བར་གཟིགས་སྐྱོང་གིས་བཤད་སྒྲུབ་ལས་གསུམ་གྱི་མཛད་པ་ཕྱིས་དུས་འདིར་འགྲན་བྲལ་གྱུར། ཕྱིས་དབུས་སུ་ཕེབས་ནས་ཆོས་འཁོར་རྣམ་གསུམ་དང༌། གནས་གཟིགས་རགས་བསྡུས་གནང་ནས་མཆོད་འབུལ་རྒྱ་ཆེན་པོར་སྤྲོས། ཁྱད་པར་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་སྐྱབས་རྗེ་མཁན་གཅུང་རྣམ་པ་གཉིས། གདུང་སྲས་སྐུ་མཆེད། རྡོར་འཛིན་རྣམ་པ་དང༌། གཞན་ཡང་ལྷོ་བྲག་ལྷ་ལུང་གསུང་སྤྲུལ། སྟག་ལུང་རྩེ་སྤྲུལ། གནས་ཆུང་མཆོག་སྤྲུལ། བྱང་དོ་སྐྱ་སྤྲུལ་སྐུ། འགོ་ལོག་ཁྱེའུ་སྤྲུལ་སྐུ་སོགས་དབུས་གཙང་ཁམས་གསུམ་དུ་རྙིང་དགོན་གྱི་བླ་སྤྲུལ་བགྲེས་གཞོན་མང་པོའི་དབུས་དད་སློབ་བཟང་ལ་མང་བར་རིན་ཆེན་གཏེར་མཛོད་ཡོངས་རྫོགས་ཀྱི་དབང་ལུང་ཞིབ་རྒྱས་སུ་བསྩལ། རིག་འཛིན་པདྨ་གླིང་པའི་གཏེར་ཆོས་ཡོངས་རྫོགས་རྡོར་འཛིན་འགྱུར་མེད་ཤེས་རབ་ལས་གསན། སྤྲོས་བཅས་ཚེས་བཅུ་ཆེན་པོའི་མཆོད་རྫས་འཆམས་ཆས་སྤུས་ནོམ་རྨད་དུ་བྱུང་བ་གསར་བསྐྲུན་མཛད། གདན་སར་ཕེབས་ནས་རིན་ཆེན་གཉིས་པའི་ཉེར་སྤྱོད་བདུན། སྨན་རཀ་གཏོར་མ་ཚོགས་གཞོང་བཅས་སྟོང་མཆོད་གསར་བཞེངས་སུ་གནང་ཞིང༌། ཚེས་བཅུ་དང་དགུ་ཆེན་གཤིན་རྗེ་དྲེགས་འཇོམས་གཙོས་སྒྲུབ་མཆོད་ཀྱི་སྒྲིག་ལམ་སྨིན་གླིང་གི་བཅའ་སྒྲིག་སྔར་རྒྱུན་ལས་ལྷག་པར་བསྡམས་ཏེ་ཕྱག་བཞེས་ལྟར་དར་རྒྱས་ནན་ཏན་དུ་མཛད། འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་མཆོག་ལ་པད་གླིང་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་ཕུལ་བར་མཛད་པའི་སྐབས་སུ་ཀེ་ལའི་མཆོག་གླིང་སྤྲུལ་སྐུ་སོགས་སྐྱེས་ཆེན་དུ་མ་དང༌། སླར་ཡང་རྫ་རི་མགུལ་དགོན་དུ་གཏེར་མཛོད་ཡོངས་རྫོགས། རང་དགོན་མ་བུ་ཁག་ལ་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་གི་དབང་ལུང་ལན་དུ་མ། བྱང་ཕྱོགས་མཚོ་སྔོན་སྒོ་མེ་ཚུན་ཆད་དུ་ཆེད་ཕེབས་ཀྱིས་རབ་འབྱམས་འགྱུར་མེད་ཀུན་བཟང་རྣམ་རྒྱལ་གྱིས་ཕྱག་བཏབ་དང་རྩ་བདག་གནང་བའི་དགོན་ཁག་ཆེ་ཕྲ་དུ་མ་དར་རྒྱས་སུ་མཛད་པའི་ཕྲིན་ལས་རྒྱ་ཆེར་བསྐྱངས། རང་དགོན་རྩ་བ་ཡན་ལག་གི་སྤྲུལ་སྐུ། མཁན་པོ། རི་ཁྲོད་ཀྱི་མཚམས་པ་དད་སློབ་ཆེས་མང་པོ་དང༌། གཞན་ལབ་མཁན་ཆེན་རིན་པོ་ཆེ་དང་ཐུགས་ནང་ཤིན་ཏུ་གཤིན་པ་དང༌། ཀཿཐོག་སི་ཏུ། རྨོག་ཚ། གྲྭ་ལག་ཕྱག་ཚྭ། དབོན་སྤྲུལ་སོགས་རྙིང་མ་དང༌། དཔལ་སྤུངས་སི་ཏུ་རིན་པོ་ཆེ། ཙཱ་འདྲའི་འཇམ་མགོན་ཡང་སྲིད། སངས་རྒྱས་མཉན་སྤྲུལ་སོགས་བཀའ་བརྒྱུད། ཆོས་སྡེ་ཆེན་པོ་ལྷུན་གྲུབ་སྟེང་གི་མཁན་པོ་རྡོར་འཛིན་གྱི་མཚོན་ས་སྐྱའི་སྐོར་སོགས་གྲུབ་མཐའ་རིས་མེད་ཀྱི་སྐྱེས་བུ་དུ་མ་དང་ཕན་ཚུན་ཆོས་ཀྱི་འབྲེལ་ཟབ་གནང་བ་དང༌། རྒྱལ་མཆོག་པད་དཀར་འཆང་བ་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོས་ཀྱང་གོང་ས་ལྔ་པ་ཆེན་པོ་དང༌། བསྐལ་བཟང་རྒྱ་མཚོ་རྣམ་གཉིས་ཀྱི་ཤེ་བམ་སྔར་བཞུགས་ལ་རྒྱབ་ནོན་དང༌། ཧུ་ཐོག་ཐུའི་གོ་གནས་བསྩལ། ཐུགས་དམ་ཉམས་བཞེས་ཀྱི་བཀའ་འཕྲོས་དང་གསུང་མགུར་སོགས་རྗེ་མཁྱེན་བརྩེ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་མདུན་ཡང་ཡང་ཞུས་པས་ཐུགས་ཤིན་ཏུ་མཉེས་ཤིང་དགོངས་ཀློང་ཚད་ལ་ཕེབས་པར་ངེས་ཚུལ་གསུངས། གུས་ལའང་ལུགས་གཉིས་ཀས་བྱམས་སྐྱོང་དང་ཐུགས་བརྩེ་སྐུ་མཆེད་ལྟ་བུར་གནང་བའི་བཀའ་འཕྲོས་ཞིག་ཏུ། ཕྲན་ནི་དགོན་གོག་ཁ་འཛིན་བྱེད་དགོས་པ་སྔོན་ལས་ཀྱིས་བསྐོས་པས་ཁྱེད་རང་ལྟ་བུའི་དབེན་པའི་གནས་སུ་སྒྲུབ་པ་རྩེ་གཅིག་ཏུ་བྱེད་རྒྱུ་མ་བྱུང་ཡང་རྣམ་པ་ཆགས་སྡང་ཆོས་བརྒྱད་རྣམ་གཡེང་དང་འདྲེས་པ་མང་དུ་བྱུང་ཡང་ཀུན་སློང་བླ་མ་གོང་མའི་གདན་ས་བཤད་སྒྲུབ་གཉིས་གོང་འཕེལ་གྱི་དོན་ཁོ་ན་ལས་རང་དོན་ཡིད་བྱེད་ཀྱི་བསམ་བློ་ངན་པ་གཏན་ནས་མེད། རྟག་ཏུ་དམན་ས་བཟུང་ཞིང་ཉམས་ལེན་གྱི་སྙིང་པོ་བླ་མའི་རྣལ་འབྱོར་ཁོ་ན་བརྩོན་ཏེ་རང་གི་རྩ་བའི་བླ་མ་རྣམས་དང་ཐུགས་ཡིད་འདྲེས་པའི་རྣལ་འབྱོར་ལ་འབད་པ་རྩལ་དུ་བཏོན་པས་བར་དོ་གསུམ་གང་རུང་དུ་གྲོལ་ན་ཅི་ཤེས་སྙམ་ཞེས་གསུངས། སྐབས་ཞིག་གསུང་འཕྲོས་སུ་ཁོ་བོ་མཁས་གྲུབ་ཆེན་པོ་རབ་འབྱམས་འགྱུར་མེད་ཀུན་བཟང་རྣམ་རྒྱལ་དངོས་ནི་ག་ལ་ཡིན་ཏེ་དེའི་གསོལ་དཔོན་ཞིག་ཡིན་པའི་གསལ་སྣང་ངེས་པར་འདུག་ཅེས་ཕྲན་ལ་གསུངས། ལྷག་པའི་ལྷ་དང་བླ་མའི་གཟིགས་སྣང༌། ལྷ་ཆེན་དང༌། ཞིང་སྐྱོང་མ་མོ་སོགས་ཆོས་སྲུང་དང་མེས་པོ་ཡུལ་ལྷ་གཉན་པོ་གཡུ་རྩེ་དངོས་སུ་གཟིགས་པ་དང༌། རྨ་རྒྱལ་སྤོམ་རའི་མདུན་ཕེབས་སྐབས་རྟ་དཀར་རིན་པོ་ཆེའི་སྒ་སྲབ་ཅན་མགོ་ནམ་མཁར་སྤྲིན་གསེབ་ཏུ་སླེབ་པས་བསུ་བར་བྱེད་པ་གཟིགས་པ་སོགས་དཀར་ཕྱོགས་ཀྱི་ཕྲིན་ལས་སྒྲུབ་པ་དང༌། དམ་སྲི་རྒྱལ་འགོང་བཏུལ་ཏེ་དམ་ལ་བཏགས་པ་དང༌། དགོངས་གཏེར་ལྟ་བུའི་ཚིག་བཅད་ངོ་མཚར་ཅན་དུ་མ་གསུང་རྩོམ་དཀྱུས་དང་མི་འདྲ་བ་ཐུགས་ལས་བརྡོལ་བ་དང༌། སྨིན་གླིང་དུ་བཞུགས་སྐབས་ཆེས་ཆེར་སྙུན་པའི་རྐྱེན་གྱིས་ཐུགས་ལ་ཤར་བའི་ལུང་བསྟན་བཅས་མང་དུ་བཞུགས་པ་ཆེད་དུ་དོན་གཉེར་མ་མཛད་ཀྱང་ཚིགས་བཅད་ཁ་ཤས་ཞིག་འདུག་པ་དེང་སང་གི་དུས་ཀྱི་འགྱུར་བ་འདི་ལུང་བསྟན་ངེས་པ་ཅན་དུ་སྣང༌། དེ་འདྲའི་རིགས་དམ་གཙང་ནང་འཁོར་རྣམས་ལ་ཟུར་ཙམ་གསུངས་པ་ལས་རྟག་ཏུ་སྦས་ཚུལ་ཁོ་ནར་བཞུགས། དོན་གཉིས་མཐར་ཕྱིན་གྱི་མཛད་པ་རྨད་དུ་བྱུང་བས་སྙིགས་དུས་ངེས་གསང་བསྟན་པའི་རྒྱན་གཅིག་པུར་བཞུགས་ཀྱང་བོད་ཁམས་སྤྱིའི་བསོད་ནམས་ཀྱི་འཕེན་པ་རྫོགས་ནས་ཁམས་དབུས་ཀྱི་བསྟན་པ་ཉམས་གུད་ཆེན་པོ་བྱུང་བས་མཐའ་མིའི་ལོག་སྤྱོད་ཀྱིས་སྐུ་ངལ་ཆེས་ཆེ་བ་བྱུང་ཡང་ནང་གི་ཐུགས་དམ་ལ་སྐྱིད་སྡུག་ལམ་ཁྱེར་གྱི་བོགས་འདོན་བྱུང་ཞེས་འགའ་ཞིག་ལ་གསུངས་འཕྲོས་ཕེབས་འདུག །ཕྱིས་སྐུ་གཟུགས་རྟག་པར་མི་བདེ་བ་འཕར་ལྡང་གིས་སྡེ་དགེ་དགོན་ཆེན་ཟུར་ཆུ་ནག་མར་རྒྱ་མིའི་སྨན་ཁང་དུ་ཚེས་བཅུ་ཞིག་ལ་སྐུ་གཤེགས་པར་ཐོས་སོ། །ཀོང་སྤྲུལ་རིན་པོ་ཆེ་པདྨ་དྲི་མེད་ལེགས་པའི་བློ་གྲོས།སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེའི་ཐུན་མོང་མ་ཡིན་པའི་ནང་ཐུགས་ཀྱི་སྲས་གཅིག་ཀོང་སྤྲུལ་རིན་པོ་ཆེ་པདྨ་དྲི་མེད་ལེགས་པའི་བློ་གྲོས་ནི། གསང་བདག་རྡོ་རྗེ་ཆོས་ནས། ལོ་ཆེན་བཻ་རོ་གཙོ་བོར་གྱུར་པའི་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཀོང་སྤྲུལ་རིན་པོ་ཆེ་ཡོན་ཏན་རྒྱ་མཚོའི་བར་སྐྱེ་བའི་ཕྲེང་བ་ནི་རྣམ་ཐར་ཆེན་པོ་ལས་གསལ་བས་འདིར་མ་བཀོད་ལ། ཀོང་སྤྲུལ་རིན་པོ་ཆེ་དགོངས་པ་རྫོགས་པའི་འདས་མཆོད་ལ་རབ་འབྱམས་ལྔ་པ་ཕེབས་པའི་དག་པའི་གཟིགས་སྣང་དུ་ཙཱ་འདྲ་རིན་ཆེན་བྲག་ནས་ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་གླེགས་བམ་རྣམས་འཕུར་བ་སྡེ་དགེ་ཤར་ཕྱོགས་འཛིན་ཁོག་ཏུ་བབ་སོང་བ་རྨིས་པས་ཀོང་སྤྲུལ་རིན་པོ་ཆེའི་ཡང་སྲིད་དེར་ཕེབས་ཀྱི་འདུག་གསུངས་ནས་སྟོན་བསོད་ཀྱི་འགྲོ་དོན་ལ་དེ་ཕྱོགས་ཕེབས་ནས་ངོས་འཛིན་གནང༌། ཞེ་ཆེན་དགོན་དུ་གདན་དྲངས་ནས་ཁྲི་ལ་མངའ་གསོལ་མཛད་ནས་རབ་འབྱམས་རིན་པོ་ཆེའི་མདུན་དུ་བཞུགས། རིན་ཆེན་གཏེར་མཛོད་ཆེན་མོའི་དབུས་བཀའ་ཆོས་མང་དུ་གསན། འབྲི་ཀློག་སུམ་རྟགས་དག་ཡིག་བསླབས་ནས་ལེགས་པར་མཁྱེན། དགེ་ཚུལ་དང་བསྙེན་རྫོགས་ཀྱི་བསླབ་པ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ། རྙིང་མ་རྒྱུད་འབུམ་གྱི་ལུང་སོགས་ཁྲོ་ཤུལ་མཁན་ཚུལ་ཁྲིམས་རྒྱ་མཚོ་ལས་གསན། མཚན་པདྨ་དྲི་མེད་ལེགས་པའི་བློ་གྲོས་ཞེས་གྲགས། ཕྱིས་རྒྱལ་ཚབ་རིན་པོ་ཆེས་འགྱུར་མེད་ཀུན་བཟང་གཞན་ཕན་མཐའ་ཡས་བློ་གྲོས་དྲི་མེད་དུ་བསྩལ། རབ་འབྱམས་རིན་པོ་ཆེ་དགོངས་པ་རྫོགས་ནས་ཡོངས་འཛིན་རྒྱལ་ཚབ་རིན་པོ་ཆེས་དབོན་པོ་བླ་མ་འཇམ་དབྱངས་བཞུགས་ཀྱང་དཔོན་སློབ་གཉིས་ཁ་འཁོས་ཞན་པས་སྐུ་ངལ་ཆེ་བར་བྱུང་རྐྱེན་གྱིས་རྒྱལ་ཚབ་རིན་པོ་ཆེའི་སྐུ་མདུན་དུ་རྩ་བདག་གནང་སྟེ་བཀའ་གཏེར་དུ་མའི་སྨིན་གྲོལ་ཟབ་རྒྱས། སླར་ཡང་རྒྱལ་ཚབ་རིན་པོ་ཆེ་དང༌། ཟུར་མང་དྲུང་རིན་པོ་ཆེ་ལྷན་རྒྱས་ལས་རིན་ཆེན་གཏེར་མཛོད་ལན་གཉིས་གསན། གཏེར་ཆེན་འགྱུར་མེད་རྡོ་རྗེའི་བཀའ་འབུམ། རིག་འཛིན་འཇིགས་མེད་གླིང་པའི་བཀའ་འབུམ་བཅས་ཀྱི་ལུང༌། གདམས་ངག་རིན་པོ་ཆེའི་མཛོད་ཀྱི་སྨིན་གྲོལ་ཞིབ་རྒྱས། སྙིང་ཐིག་ཡ་བཞིའི་དབང་ཁྲིད་ལུང་བཅས་ལན་དུ་མ། རབ་འབྱམས་ཀུན་བཟང་རྣམ་རྒྱལ་གྱི་བཀའ་འབུམ། མི་ཕམ་རིན་པོ་ཆེའི་བཀའ་འབུམ་སྐོར་གྱི་ལུང་མང་པོ་དང༌། གཏེར་གཞུང་པོད་དགུའི་ལུང་དང༌། བཀའ་བརྒྱད་བདེ་འདུས་ཀྱི་དབང་ཆེན། བླ་མ་དགོངས་འདུས་དབང་ཆེན་དང་པོད་བཅུ་གསུམ་གྱི་ལུང༌། ཆོས་དབང་བླ་མ་གསང་འདུས་དང༌། ཉང་གཏེར་ཁྲོས་ནག་གི་གཞུང་པོད་སྐོར། ཕུར་པ་རྒྱུད་ལུགས་དང༌། ཀློང་ཆེན་སྙིང་ཐིག་གི་དབང་ཁྲིད་ཡོངས་རྫོགས་དང༌། བྱང་གཏེར་ཡོངས་རྫོགས་དང༌། གྲོལ་ཏིག་དགོངས་པ་རང་གྲོལ་སོགས་གཏེར་རྙིང་རྒྱུན་དཀོན་པ་དུ་མའི་གཞུང་པོད་ཀྱི་ལུང༌། ཤེས་བྱ་ཀུན་ཁྱབ་ཀྱི་བཤད་ལུང༌། བཀའ་བརྒྱུད་སྔགས་མཛོད་ཀྱི་དབང་ལུང༌། ནང་བརྟག་རྒྱུད་གསུམ། གཞུང་ཆུང་གཉིས་ཀྱི་བཤད་ཁྲིད་རྒྱ་ཆེན་བཀའ་མཛོད་ཀྱི་ལུང་བཅས་ཟུར་མང་དྲུང་པ་རིན་པོ་ཆེ་ལས་རྗེ་བླ་མ་རྒྱལ་ཚབ་རིན་པོ་ཆེ་དང་ལྷན་རྒྱས་ཀྱིས་གསན། མི་ཕམ་རིན་པོ་ཆེའི་གསུང་ཟབ་གནད་བཀའ་རྒྱ་ཅན་དུ་མ་རྗེ་དེའི་ཉེ་གནས་བླ་མ་རིན་པོ་ཆེ་འོད་གསལ་ལས་ཀྱང་རྒྱ་ཆེར་གསན། འཇམ་པའི་རྡོ་རྗེ་མཁྱེན་བརྩེ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་ལས་འཁོན་ལུགས་ཕུར་པ་ཇོ་ནང་རྗེ་བཙུན་སྒྲུབ་དཀྱིལ་ལ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་དབང་དང་བསྙེན་ཡིག་སོགས་མཛེས་རྒྱན་གསར་སྤྲོས་ལ་དབང་ཆེན་རྗེ་ས་ཆེན་གྱིས་མཁྱེན་བརྩེ་རིན་པོ་ཆེར་ཉེ་བརྒྱུད་བཞུགས་པའི་དབང་ལུང་ཡོངས་རྫོགས། རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང་སོགས་གསན། མཁན་ཆེན་ཀུན་དཔལ་ལས་མི་ཕམ་རིན་པོ་ཆེའི་གཞུང་གི་མཆན་འགྲེལ་སྐོར་དང༌། དབུ་མ་རྒྱན། ཚད་མ་རྣམ་འགྲེལ་ཆེན་པོ་སོགས། མཁན་པོ་སྒྲ་དབྱངས་ལས་སྒྱུ་འཕྲུལ་གསང་བ་སྙིང་པོའི་ཟུར་ལུགས་དང༌། རོང་ཀློང་གི་བཤད་སྲོལ་གཉིས་ཀ་ཞིབ་རྒྱས། དཔལ་སྤུངས་བླ་མ་མཁས་དབང་བཀྲ་འཕེལ་ལས་སྡོམ་གསུམ་དཔག་བསམ་སྙེ་མ་དང༌། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་གི་ལུང་མཁྱེན་ཀོང་མཆོག་གསུམ་ཀུན་འདུས། ལྕེ་བཙུན་སྙིང་ཐིག་གི་དབང་ཁྲིད་ལུང་བཅས་དང༌། གསང་ཐིག་ཡང་དག་སོགས་ཀྱི་དབང་ལུང་དང༌། རྒྱལ་སྲས་འཇམ་མགོན་སྤྲུལ་སྐུ་ལས་ཇོ་ལུགས་སྒྲོལ་དཀར་གྱི་དབང་སོགས་དུ་མ་གསན་པས་མཚོན་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་དུ་སོན། ལྔ་རིག་སྨྲ་བ་ཚེ་དབང་རིག་འཛིན་དང༌། རྒྱལ་ཚབ་རིན་པོ་ཆེ། མཁན་ཆེན་ཀུན་དཔལ། ཀཿཐོག་མཁན་པོ་ནུས་ལྡན་སོགས་ལས་རིག་པའི་གནས་མཐའ་དག་ལ་བསླབ་བརྩོན་རྒྱུན་རིང་གནང་བས་འཆད་རྩོད་རྩོམ་པ་གང་ལའང་ཐོགས་པ་མེད། ཁྱད་པར་ཐེག་མཆོག་མཛོད། ཡིད་བཞིན་མཛོད། སྒྱུ་འཕྲུལ་རྩ་རྒྱུད་རྩ་འགྲེལ་ལ་གསན་བསམ་སྒོམ་སྒྲུབ་རྒྱུན་རིང་པོར་གནང་བས་སྔ་འགྱུར་རིག་འཛིན་བརྒྱུད་པའི་ལྟ་སྒོམ་སྤྱོད་པའི་གནད་ལ་ཐུགས་ཤེས་གཏིང་ནས་འཁྲུངས། ཆོས་དབང་བླ་མ་གསང་འདུས། རིག་འཛིན་ཐུགས་ཐིག རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སྔོན་དངོས་རྗེས་གསུམ། བཀའ་བརྒྱད་བདེ་གཤེགས་འདུས་པ། ཕུར་པ་ཡང་གསང་སྤུ་གྲི། གཤིན་རྗེ་དྲེགས་འཇོམས། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཕྱི་ནང་གསང་སྒྲུབ། ཨ་ཏི་ཟབ་དོན་སྙིང་པོ། རཏ་གླིང་ཚེ་སྒྲུབ་གསང་འདུས་ཕྱི་ནང་གི་སྒྲུབ་པ། མ་ཏིའི་འཇམ་དཀར། དམ་པའི་སྨྲ་སེང༌། ཕུར་བུའི་ལུགས་ཀྱི་དབྱངས་ཅན་དཀར་མོ། མི་ཕམ་རིན་པོ་ཆེའི་བཀའ་སྲོལ་རྒྱུད་ལུགས་འཇམ་དཔལ་ཞི་བ། འཇམ་མགོན་ཟབ་གཏེར་གྲོ་ལོད་གསང་སྒྲུབ་སོགས་ཕལ་ཆེར་རྒྱལ་ཚབ་རིན་པོ་ཆེ་དང་ལྷན་དུ་ལོ་གསུམ་ཕྱོགས་གསུམ་གྱིས་མཚོན་སྔ་རྗེས་དུ་མར་བསྙེན་སྒྲུབ་ལས་གསུམ་ཞིབ་རྒྱས་མཛད། རྫོགས་པ་ཆེན་པོ་བི་མ་སྙིང་ཐིག་དང༌། མཁའ་འགྲོ་སྙིང་ཐིག་གི་ཁྲིད་སྦྱང༌། ལྕེ་བཙུན་ཆེན་པོའི་ཟབ་ཏིག་དང༌། སྙན་བརྒྱུད་སྐོར་དང༌། མཁའ་འགྲོ་གསང་འདུས་སོགས་འཇམ་མགོན་བླ་མ་གཉིས་ཀྱི་ཟབ་གཏེར་སྐོར་དུ་མའི་བསྙེན་སྒྲུབ་དང༌། ཁྱད་པར་ཟབ་དོན་ཉམས་ལེན་གྱི་སྐོར་ལ་སྨིན་ཁྲིད་རྒྱུན་པར་བསྐྱངས་ཞིང་རྒྱལ་ཚབ་རིན་པོ་ཆེ་དགོངས་པ་རྫོགས་རྗེས་དངོས་ཉམས་རྨི་ལམ་དུ་ཞལ་ཡང་ཡང་གཟིགས་པ་བྱུང༌། ལོ་ཁ་ཤས་མཚམས་རྒྱལ་ཚབ་རིན་པོ་ཆེ་དངོས་སུ་མཇལ་ཏེ་བླ་མ་དང་སློབ་མ་དགོངས་པ་ཐ་དད་མེད་པ་གཅིག་ཏུ་འདྲེས་པའི་ངོ་སྤྲོད་བཏབ་རྗེས་དགོངས་ཀློང་དབྱེར་མེད་དུ་གྱུར། དེ་ནས་ཞལ་གཟིགས་ཀྱི་སྣང་བ་ཡང་མ་བྱུང་ཞེས་གསུངས་པ་ལྟར། གཞན་སེམས་ཤེས་པའི་མངོན་ཤེས་ཐོགས་མེད་དུ་མངའ། ཉིན་གཅིག་རྗེ་ཉིད་ཀྱི་ལྕམ་སྲིང་ཞིག་སླེབས་སོང་ཤི་བ་ཡིན་པ་འདྲ་གསུངས་པས་ཞག་ཁ་ཤས་མཚམས་ནས་བསྔོ་རྟེན་ཞུ་ཡིག་འབྱོར་བས་མཚོན་དེ་འདྲའི་རིགས་དུ་མ་ཡོད། ཞེ་ཆེན་མདུན་རི་སྟག་མགོའི་སྒྲུབ་ཕུག་ཏུ་སྐུ་མཚམས་བཞུགས་པའི་སྐབས་སྒྲུབ་པའི་འཚོ་བ་ཆད་པ་བྱ་རོག་ལ་ཕྲིན་བསྐུར་བ་དགོན་དུ་འབྱོར་བ་དང༌། ཀོང་པོར་ཕེབས་སྐབས་ནགས་ལ་མེ་ཤོར་བ་དང་པོ་གསོལ་འདེབས་སོགས་མཛད་པས་མེ་ཆེས་ཆེར་འབར་སྲོག་ཆགས་མང་དུ་ཚིག་པ་ལ་ཐུགས་སྙིང་རྗེ་ཆེན་པོའི་སྤྱན་ཆབ་བྲུལ་ཏེ་དགོངས་པ་གཏད་པས་སྐད་ཅིག་ཉིད་ལ་མེ་རང་ཞིར་སོང་བ་སོགས་གྲུབ་པའི་རྟགས་མཚན་ཀྱང་བསྟན། རིན་ཆེན་གཏེར་མཛོད་ཀྱི་ཆོས་འཁོར་དང་པོའི་སྐབས་མཁའ་འགྲོ་གསང་འདུས་ཀྱི་དབང་ཁྲིད་གསུངས་པའི་ནུབ་མནལ་ལམ་དུ་ཡེ་ཤེས་མཚོ་རྒྱལ་མཇལ་བ་ཐུགས་ཤིན་ཏུ་ཁྲོས་པས་གསང་བ་ཟབ་མོ་འདི་དག་ཁྱོད་ནས་ཁྱབ་བརྡལ་དུ་སྤེལ་བར་ནོངས་ཞེས་བཀའ་བཀྱོན་ལྟ་བུ་མང་དུ་གནང་བ། རིག་འཛིན་རྩལ་འཆང་གསུམ་གྱིས་སྔ་འགྱུར་བསྟན་པའི་བཙས་སུ་བཞག་པ་ལ་བཀའ་དྲིན་གསོ་བ་དང༌། སྙིགས་དུས་བསྟན་འགྲོ་ལ་ཕན་སེམས་ལས་ཀུན་སློང་ངན་པ་མ་མཆིས་པས་བླ་མ་ལྷ་དང་མཁའ་འགྲོ་ལ་གནང་བ་ཞུས་ནས་བཏོན། ཆོས་ཞུ་བ་པོ་རྣམས་ཀྱང་དད་མོས་ཅན་ལས་ལོག་ལྟ་དམ་ཉམས་མེད་ཁུལ་ཡིན་ཞུས་པས་ཐུགས་བརྩེ་བའི་ཉམས་ཀྱིས་ཞེ་ཆེན་དགོན་འདིར་རིན་ཆེན་གཏེར་མཛོད་ཆོས་འཁོར་ལན་གསུམ་ཚུགས་དགོས། དང་པོ་ནམ་མཁའི་སྙིང་པོའི་སྤྲུལ་པ། གཉིས་པ་བཻ་རོ། གསུམ་པ་བི་མ་མི་ཏྲའི་སྤྲུལ་པས་གསུང་ན་བསྟན་འགྲོ་ལ་ཕན་ངེས་པས་བར་ཆད་ཐམས་ཅད་ངས་སེལ་ཞེས་གསུངས། སྔར་སློབ་མ་རྣམས་ན་བ་དང༌། རྗེ་ཉིད་ཀྱང་སྙུན་པ་སོགས་བྱུང་བ་དེ་ནས་བར་ཆད་མ་བྱུང་ཞེས་སྐྱབས་རྗེ་རབ་འབྱམས་རིན་པོ་ཆེ་ལ་བཀའ་བསྩལ་བ་ཐོས། ཐུགས་དམ་དགོངས་པའི་རྩལ་རྫོགས། གསན་བསམ་སྒོམ་པ་སྤེལ་མར་གནང་བས་ཕྱིའི་མཁས་བཙུན་བཟང་གསུམ། ནང་གི་བསླབ་པ་གསུམ་གྱི་ཡོན་ཏན་རྨད་དུ་བྱུང་བས་སྔ་འགྱུར་རྡོ་རྗེ་ཐེག་པའི་ཆོས་ཀྱི་རྒྱལ་ཐབས་བསྐྱངས། ཁྱད་པར་དབང་དང་སྒྲུབ་ཆེན་སྒྲུབ་མཆོད། ཐ་ན་ཡར་མར་གྱི་ཚེས་བཅུའི་མཆོད་པ་གསོལ་ཀ་དངོས་གྲུབ་རོལ་མཚོ་རྒྱས་འབྲིང་བསྡུས་གསུམ་ཙམ་གསུངས་ཀྱང་རང་ལུགས་སྨིན་གྲོལ་གླིང་གི་ཕྱག་བཞེས་ཁོ་ན་གཙིགས་སུ་མཛད་པས་སྐྱབས་རྗེ་རབ་འབྱམས་རིན་པོ་ཆེ། རྒྱལ་ཚབ་མཆོག་གི་སྤྲུལ་སྐུ་མཆེད་རྣམས་དང༌། དགོན་གྱི་རྡོར་འཛིན། བྱང་འདྲེན་བགྲེས་གཞོན། མཆོད་དཔོན་ཆེ་ཆུང་ཐམས་ཅད་ལ་བཀའ་ཁྲིད་དངོས་བརྒྱུད་ནས་ནན་ཏན་ཆེན་པོས་བསྩལ། མདོར་ན་རྒྱལ་ཚབ་རིན་པོ་ཆེ་དགོངས་པ་རྫོགས་ནས་སྨིན་གྲོལ་ཆོས་ཀྱི་ཕྲིན་ལས་རྗེ་འདིས་གཙོ་བོར་བསྐྱངས་བས་ཞེ་ཆེན་དགོན་མ་ལག་གི་དབུས་ཀུན་ལ་མཁས་བཙུན་བཟང་པོའི་སློབ་ཚོགས་རྒྱ་ཆེར་བྱུང༌། ཁྱད་པར་རང་དགོན་བཤད་སྒྲུབ་ཀྱི་སྡེ་གཉིས་ལ་ཆོས་ཀྱི་རྒྱལ་པོ་སྨིན་གླིང་སྐུ་མཆེད་དང༌། འཇམ་མགོན་མི་ཕམ་རིན་པོ་ཆེ། མཁས་གྲུབ་ཀྱི་དབང་ཕྱུག་རྒྱལ་ཚབ་རིན་པོ་ཆེ་རྣམས་ཀྱི་ཕྱག་བཞེས་ལྟར་ཀུན་མཁྱེན་རོང་ཀློང་གི་བཀའ་སྲོལ་སྒྲ་ཇི་བཞིན་དུ་བསྐྱངས་པས་སྔ་འགྱུར་བསྟན་པའི་སྲོག་རྩ་ཚུགས། བཤད་གྲྭ་ཆེན་པོ་དང་དགོན་གཞུང་གི་སྒྲུབ་མཆོད་ཁག་ལ་ཉམས་གསོས་མཆོད་ཐེབས་རྒྱ་ཆེར་བསྩལ། མཛད་པའི་གཙོ་བོར་སྒྲུབ་པ་ཉམས་བཞེས་དང་ཆོས་འཆད་ཉན་ལ་མཛད་པས་སྐྱབས་མཆོག་རབ་འབྱམས་དྲུག་པ་དང༌། རྒྱལ་ཚབ་རིན་པོ་ཆེའི་མཆོག་སྤྲུལ། སྐུ་དབོན་དགོན་སྟོད་སྤྲུལ་སྐུ། དབོན་སྤྲུལ་སྐུ་ཕྲེང་གསུམ་པ། འབར་ཆུང་སྤྲུལ་སྐུ། གུས་མཁྱེན་སྤྲུལ་མངྒ་ལ་སོགས་ཞེ་ཆེན་དགོན་པ་གཞུང་ཟུར་གྱི་སྤྲུལ་སྐུ། མཁན་སློབ་ཐམས་ཅད་དང༌། མཁས་དབང་བློ་གྲོས་རབ་གསལ། མཁན་པོ་གང་ཤར་དབང་པོ་སོགས་སྡེ་སྣོད་འཛིན་པ། ཞེ་ཆེན་སྒྲུབ་ཆེན་བཅུ་གསུམ་གྱི་བྱེ་བྲག་མགོན་བླ་ཀུན་བཟང་གསང་སྔགས་ཀྱི་སྐྱེ་བ་སྒྲུབ་བརྩོན་བླ་མ་པདྨ་འོད་ཟེར་དང༌། པདྨ་ཚེ་སྒྲུབ་ཞེ་ཆེན་དགོན་གྱི་གྲྭ་བཙུན་སྒྲུབ་པ་པོ་ཆོས་ཉིད་རྒྱ་མཚོ་ཞེས་པ་རྗེའི་ཞལ་སློབ་ཏུ་གྱུར་པ་ཉམས་ལེན་ཅན་ཞིག་ཡོད་པ་སྤྲོས་བཅས་ཚེས་བཅུའི་འཆམ་དཔོན་གྱི་སྐབས་དབང་ཆེན་ཧེ་རུ་ཀའི་ང་རྒྱལ་བཟུང་སྟེ་ཕེབས་པས་ཁྲོམ་ཚོགས་ཐམས་ཅད་རང་དབང་མེད་པར་ས་ལ་སྡོད་མ་ཚུགས་པར་འགྲེངས་ཏེ་གནས་པ་དང༌། རང་ཉིད་ལའང་རིག་པ་ཆོས་ཉིད་ལས་མ་གཡོས་པས་གར་གྱི་རྣམ་འགྱུར་གྱི་རྩིས་གྲངས་སོགས་རྣམ་རྟོག་མེད་ཀྱང་ནོར་འཁྲུལ་མ་བྱུང་བ་སོགས་ཉམས་རྟོགས་རྨད་དུ་བྱུང་བའི་ཀུན་སྤང་རྣལ་འབྱོར་པ་དུ་མ་དང༌། ཀུན་གཟིགས་མཁྱེན་སྤྲུལ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་མཆོག་ནས་ཀྱང་བཀའ་མ་ཚོགས་ཆེན་འདུས་པ་འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེ། སོ་ཡེ་ཤེས་དབང་ཕྱུག་ལས་ཉེ་བརྒྱུད་ཀྱི་བརྒྱུད་པ་རྨད་དུ་བྱུང་བའི་དབང་ཆེན་དང༌། བཀའ་བརྒྱད་བདེ་འདུས་ཀྱི་དབང་ཆེན། རབ་འབྱམས་གཉིས་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་གྱི་བཀའ་འབུམ་པོད་དགུ། རྒྱལ་ཚབ་རིན་པོ་ཆེའི་གསུང་རྩོམ་དུ་མའི་ལྗགས་ལུང་བཅས་གསན་པ་དང༌། རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་ཆེན་པོར་མཛོད་བདུན་ཡོངས་རྫོགས་ཀྱི་ལྗགས་ལུང་དང༌། དཔལ་སྤུངས་བྱམས་མགོན་སི་ཏུ་རིན་པོ་ཆེ་པདྨ་དབང་མཆོག །གནས་ནང་དཔའ་བོ་རིན་པོ་ཆེ་དང༌། དཔལ་སྤུངས་མཁྱེན་བརྩེ་སོགས་མཁས་གྲུབ་དུ་མ་ལ་མི་ཕམ་རིན་པོ་ཆེའི་བཀའ་འབུམ་གྱི་ལུང་ཞིབ་རྒྱས། རྒྱལ་སྲས་འཇམ་མགོན་མཆོག་སྤྲུལ་དང༌། སྨིན་གླིང་མཁན་རིན་པོ་ཆེ་སོགས་ལ་རྒྱལ་ཚབ་རིན་པོ་ཆེའི་བཀའ་འབུམ་གྱི་ལུང༌། སྔ་རྗེས་རིན་ཆེན་གཏེར་མཛོད་ཆེན་པོའི་དབང་ཁྲིད་ལན་གསུམ། བཀའ་བརྒྱུད་སྔགས་མཛོད། རྒྱ་ཆེན་བཀའ་མཛོད། ཤེས་བྱ་ཀུན་ཁྱབ། ནང་བརྟག་རྒྱུད་གསུམ། བཀའ་མ་མདོ་སྒྱུ་སེམས་གསུམ། སྨིན་གླིང་ཟབ་གཏེར་སྐོར་དང༌། སྒྲུབ་ཐབས་འདོད་འཇོའི་བུམ་བཟང་གི་དབང་ལུང་སྔ་རྗེས་ལན་དུ་མ། སྙིང་ཐིག་ཡ་བཞིའི་དབང་ཁྲིད་དང༌། རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་དབང་ཁྲིད་སོགས་རྒྱུན་མི་ཆད་པར་གསུངས། དགུང་གྲངས་ལྔ་བཅུ་རྩ་དྲུག་བཞེས་པ་བླ་མའི་དགུང་ཀེག་གི་སྐུ་ཚེའི་གེགས་རྐྱེན་སེལ་བ་དང༌། དུས་ཀྱི་འགྱུར་བ་ལ་དགོངས་ཏེ་ཀོང་པོའི་སྦས་གནས་ཐམས་ཅད་ལ་གནས་གཟིགས་དང་བཅས་རྒྱལ་ཚབ་མཆོག་སྤྲུལ་རིན་པོ་ཆེ་དང་ལྷན་རྒྱས་སུ་ཕེབས། རིམ་གྱིས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང༌། གདན་ས་ཆེན་པོ་མཚུར་ཕུ་དང༌། གནས་ནང༌། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་བཅས་ལ་ཕེབས་བཞུགས་རྒྱུན་རིང་པོར་གནང་ནས་མཁས་གྲུབ་སྐྱེས་ཆེན་གྱི་ཚོགས་ལ་སྨིན་གྲོལ་གྱི་ཆོས་སྐྱེས་འབུལ་བ་དང༌། ཐུགས་དམ་གྱི་བཀའ་འཕྲོས་ནང་མའི་མཛད་པའི་ཕྲིན་ལས་ངོ་མཚར་ཆེ་བར་བསྐྱངས་བཞིན་པའི་མཐར་རྒྱ་དམར་གྱི་ཁྲི་མུན་དུ་ཚུད་པས་ཐུགས་དམ་ལ་བོགས་འབྱིན་ཆེ་བར་བྱུང་ཞེས་གསུངས་པ་ཐོས་ཤིང་མཐར་དགོངས་པ་དབྱིངས་སུ་བསྡུས་སྐད་ཐོས་པའོ། ། མཁན་པོ་བློ་གྲོས་རབ་གསལ་ནི་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེའི་དབོན་བརྒྱུད་དུ་འཁྲུངས། སྐྱེས་ནས་རིང་པོ་མ་ལོན་པར་རྒྱལ་ཚབ་རིན་པོ་ཆེའི་མདུན་བཅར་བས་དབུ་སྐྲ་ཁམས་ཞོ་ལེ་བ་ཡོད་པ་ཕྱག་གི་བྱུག་ནས་བུ་ཆུང་ཁམས་མགོ་འདིས་ཞེ་ཆེན་པའི་བསྟན་པ་ལ་ཕན་ཐོག་པར་འོང༌། མིང་བློ་གྲོས་རབ་གསལ་ཐོགས་གསུངས། སྐུ་ཆུང་ངུ་ནས་ཞེ་ཆེན་ཚོགས་གྲལ་དུ་ཕེབས། ཀོང་སྤྲུལ་རིན་པོ་ཆེའི་ཉེ་གནས་མཛད་དེ་སྨིན་ལུགས་ཀྱི་ཆོ་ག་ཕྱག་ལེན། གར་དབྱངས་རོལ་མོ། གཏོར་བཟོ་དཀར་རྒྱན་སོགས་ལེགས་པར་མཁྱེན། སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་ལས་རྟེན་སྡོམ་པ་གསུམ། གདམས་ངག་རིན་པོ་ཆེའི་མཛོད། སྔ་འགྱུར་བཀའ་གཏེར་སོགས་སྨིན་གྲོལ་ཟབ་རྒྱས་དུ་མ་གསན། དགེ་ཚུལ་གྱི་བསླབ་བྱ་ཕོག་པའི་སྐབས་མཚན་འགྱུར་མེད་བཤད་སྒྲུབ་རྒྱལ་མཚན་དུ་གསོལ། མཁན་ཆེན་ཀུན་དཔལ། དགེ་མང་མཁན་རིན་པོ་ཆེ་སྒྲ་དབྱངས། མཁན་རིག་འཛིན་འོད་ཟེར། ཀཿཐོག་མཁན་ནུས་ལྡན་སོགས་ལས་དབུ་མ་རྒྱན་རྩ་འགྲེལ། ཤེར་འགྲེལ་ཀེ་ཏ་ཀ། མི་ཕམ་རིན་པོ་ཆེའི་བརྒལ་ལན་སྐོར། དབུ་མ། ཤེར་ཕྱིན། འདུལ་མངོན། སྒྱུ་འཕྲུལ་གསང་སྙིང་འགྲེལ་ཆེན་སྐོར་སོགས་ལ་གསན་སྦྱང་ཕུལ་དུ་ཕྱིན། རྒྱལ་ཚབ་མཆོག་སྤྲུལ་བཞི་པའི་ཡོངས་འཛིན་རྒྱུན་རིང་གནང་སྟེ་གསན་བསམ་གཙོས་དམ་པའི་ངང་ཚུལ་གྱི་ཡོན་ཏན་ཡོངས་སུ་རྫོགས་པ་མཛད། མདོ་སྔགས་ཀྱི་གཞུང་རྣམས་གསན་སྦྱང་རྫོགས་པའི་ཚེ་རྒྱལ་ཚབ་རིན་པོ་ཆེའི་མདུན་སྒྱུ་འཕྲུལ་གསང་སྙིང་གི་བཤད་རྒྱུགས་ཕུལ་བས། སྔོན་རབས་ཀྱི་སྔ་འགྱུར་བའི་མཁས་པ་རྣམས་ཚིག་དོན་གཉིས་ཀ་ལ་མཁས་པ་ཡིན། དེང་སང་ཚིག་ལ་མཁས་པ་མང་བས་ཁྱོད་ཀྱང་ཚིག་ལ་མཁས་པ་ཞིག་འོང་བར་འདུག །


གང་ལྟར་ཡང་ཞེ་ཆེན་པའི་མཁན་པོ་ཞིག་གི་མིང་བཏགས་པ་ཡིན་གསུངས་ནས་རྗེ་ཉིད་ཀྱི་བཞེས་པའི་པཎ་ཞྭ་རྣ་རིང་ཞིག་གནང༌། དེ་ཉིད་བླ་མའི་གདམས་ངག་ཏུ་གོ་ནས་ཉམས་ལེན་རྩེ་གཅིག་ཏུ་བརྩོན་པ་བསྐྱེད་པའི་སྐབས་གུ་རུ་རིན་པོ་ཆེའི་ཞལ་མཐོང་བའི་རྐྱེན་གྱིས་རྟོགས་པ་ཚད་ལ་ཕེབས། འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་ལས་ཀྱང་སྙིང་ཐིག་ཡ་བཞི། སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་ཆོས་སྐོར་ཡོངས་རྫོགས། ས་སྐྱའི་ལམ་འབྲས་ཀྱི་དབང་ཁྲིད་ཡོངས་རྫོགས་རྒྱལ་ཚབ་མཆོག་སྤྲུལ་དང་ལྷན་དུ་གསན་སྐབས། མཁྱེན་བརྩེ་རིན་པོ་ཆེ་ཐུགས་སྤྲོ་ལ་ཕེབས་སྐབས་སོགས་སུ་བྲག་གཡབ་མཁན་པོ་བློ་གྲོས་སོགས་དང་བརྩད་པས་མཁན་པོས་ཤེར་ཕྱིན་ལ་མཁས་པའི་ཕུལ་དུ་ཕྱིན་པར་འདུག་ཅེས་བསྔགས་བརྗོད་མཛད། ཡོན་ཏན་རིན་པོ་ཆེའི་མཛོད་རྩ་བ་དང༌། མཁན་ཆེན་ཡོན་ཏན་རྒྱ་མཚོའི་འགྲེལ་ཆེན་ཉི་ཟླའི་འོད་ཟེར་པོད་གཉིས་ཀ་ཐུགས་ནས་གསུངས། ཞེ་ཆེན་བཤད་གྲྭར་མཁན་པོ་རྒྱུན་རིང་པོ་དང༌། མདོ་ཁམས་བཀའ་བརྒྱུད་ཀྱི་གདན་ས་ཆེན་པོ་ཁྲ་འགུ་བཤད་སྒྲུབ་ཆོས་གླིང་དུ་ལོ་ལྔ་བཞུགས་ནས་བཤད་གྲྭའི་རྒྱུན་བཙུགས་པར་མཛད་པས། ཞེ་ཆེན་དགོན་གྱི་མཆོག་སྤྲུལ་དང༌། མཁན་པོ་རྣམས་དང༌། ཁྲ་འགུ་སྤྲུལ་པའི་སྐུ་དང༌། བྱང་རྫ་རྒྱུད་དང༌། བལ་ཡུལ། ཤར་ཁུམ་བུ་ཚུན་ཆད་ནས་སློབ་ཚོགས་སྡེ་སྣོད་འཛིན་པ་དུ་མ་བྱུང་བ་དང༌། དེ་ཉིད་ཀྱི་སྐུ་མཆེད་མཁན་པོ་གང་ཤར་དབང་པོ་ཡང་ཐོག་མར་བཙས་པའི་མིང་བྱང་ཆུབ་རྡོ་རྗེ་ཞེས་པ་རྒྱལ་ཚབ་རིན་པོ་ཆེས་བསྩལ་བ་རྫ་རི་འགུལ་གོང་མའི་གསང་མཚན་བྱང་ཆུབ་རྡོ་རྗེ་ཞེས་གྲགས་པས་དེའི་སྤྲུལ་སྐུར་གྲགས། ཆོས་སྒོར་ཞུགས་པའི་མཚན་འགྱུར་མེད་ཚུལ་ཁྲིམས་གནང༌། ཞེ་ཆེན་པའི་བསྒྲིགས་ལམ་ལ་ཞུགས་ནས་ཀཿཐོག་མཁན་ནུས་ལྡན་གཙོ་བོར་གྱུར་པ་ལས་མདོ་སྔགས་རིག་གནས་དང་བཅས་པ་གསན་སྦྱང་མཛད་པས་སྐྱེས་སྦྱངས་ཀྱི་མཁྱེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་ཏེ། མཁས་པའི་གྲགས་པས་ཁྱབ། ཀོང་སྤྲུལ་རིན་པོ་ཆེ་ལས་སྡོམ་པ་གསུམ། གདམས་མཛོད། རིན་ཆེན་གཏེར་མཛོད་སོགས་མཛོད་ཆེན་ལྔ། སྨིན་གླིང་གཏེར་ཆེན་ཆོས་སྐོར་སོགས་སྨིན་གྲོལ་མཐའ་ཡས་པ་གསན། ཞེ་ཆེན་བཤད་གྲྭའི་མཁན་པོ་ལོ་དུ་མར་མཛད་སྐབས་ཤིན་ཏུ་བསྙུན་ཏེ་གསུང་འབྱོན་མི་ནུས་པར་གྱུར་པ་ལ་ཀོང་སྤྲུལ་རིན་པོ་ཆེས་བཀའ་བསྒོ་བྱིན་རླབས་ཀྱིས་བར་ཆད་བསལ་ཞིང་མཚན་གང་ཤར་དབང་པོར་གསོལ། ཐུགས་དམ་ཉམས་རྟོགས་ཀྱི་རྩལ་རྫོགས་པས་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེར་རྟོགས་འབུལ་མཛད་རྗེས་ཞེ་ཆེན་མཁན་པོ་གང་ཤར་མཁས་པར་ཡོངས་སུ་གྲགས་ཀྱང་མཁས་པས་མ་ཚད་སྒོམ་ཆེན་ཀྱང་རེད་འདུག་ཅེས་གུས་ལ་བཀའ་གནང༌། ཟུར་མང་རྣམ་རྒྱལ་རྩེའི་གར་དབང་རིན་པོ་ཆེ། ཟུར་མང་དྲུང་རིན་པོ་ཆེའི་དབུས་རང་དགོན་མ་ལག་གི་སྤྲུལ་སྐུ། མཁན་པོ་དུ་མ་སོགས་བསྟན་པ་འཛིན་པའི་སྐྱེས་བུ་མང་དུ་བྱུང༌། ཕྱིས་ཟུར་མང་བདུད་རྩི་དིལ་དུ་ཕེབས་ནས་བཤད་གྲྭ་གསར་འཛུགས་གནང་ཞིང་སྐུ་ཚེའི་སྨད་དུ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པས་ཐེག་མཆོག་རྫོགས་པ་ཆེན་པོའི་ཆོས་འཁོར་རྒྱ་ཆེར་བསྐོར་བའི་ཕྲིན་ལས་རྨད་དུ་བྱུང་ཡང་མཁན་ཆེན་སྐུ་མཆེད་གཉིས་ཀ་མཐའ་དམག་གིས་ངན་གཡོས་བཀྲོངས་པར་ཐོས་སོ། ། ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེས་འཇམ་མགོན་མི་ཕམ་རིན་པོ་ཆེ་དགོངས་པ་རྫོགས་པའི་གནས་གོ་ཐི་རི་ཁྲོད་དུ་ཕེབས་ནས་མི་ཕམ་རིན་པོ་ཆེའི་གཟིམ་སྤྱིལ་དུ་བཞུགས་ཏེ་གདུང་ཤུགས་ཀྱིས་གསོལ་བ་ཡང་ཡང་བཏབ་ནས་བསྟན་པ་རྒྱས་པའི་སྨོན་ལམ་མཛད་པའི་ནུབ་མནལ་ལམ་མི་ཕམ་རིན་པོ་ཆེ་མཇལ་ནས་ཁྱེད་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་ཀྱང་དཔེ་ཆ་འཆད་ཉན་ནུས་པའི་གང་ཟག་སུ་ཡང་མ་བྱུང༌། ཁྱེད་ཀྱི་སྤྲུལ་པ་ཞིག་ཕེབས་དགོས་ཞུས་པས། ངའི་སྤྲུལ་པ་གསུམ་ཞེ་ཆེན་དུ་བཏང་ཡོད་གསུངས་བྱུང་བ་མཁན་པོ་འདི་གཉིས་མིན་ནམ། གཅིག་ངའི་ཚ་པོ་ཤེས་རབ་འགྲན་བྲལ་ཞིག་ཡོད་ཀྱང་ཚེ་ཡི་བར་ཆད་བྱུང་སོང་ཞེས་ཀོང་སྤྲུལ་རིན་པོ་ཆེས་ཞལ་ལས་ཐོས། འཇམ་མགོན་རྡོ་རྗེ་འཆང་རྣམ་གཉིས་ཀྱི་ཐུགས་སྲས་མཁས་གྲུབ་ཀྱི་ཚོགས་རྒྱུ་སྐར་ལྟ་བུ་ལས་ཀུན་གྱི་ཐུ་བོར་བྱོན་ཅིང༌། ཐམས་ཅད་མཁྱེན་གཟིགས་མི་ཕམ་རིན་པོ་ཆེའི་དོན་གྱི་རྒྱལ་ཚབ་ཏུ་ཞལ་ཆེམས་བསྩལ་ཞིང་དགོངས་པ་གཏད་པའི་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་དང༌། འཇམ་མགོན་མཆོག་སྤྲུལ་ཡབ་སྲས་འདི་གཉིས་ཀྱི་བཀའ་དྲིན་ལས་ཆོས་ཀྱི་རྒྱལ་པོ་ཞེ་ཆེན་པའི་བསྟན་པ་དང༌། ཀུན་མཁྱེན་བླ་མ་མི་ཕམ་རིན་པོ་ཆེའི་བཞེད་སྲོལ་དྲི་མ་མེད་པ་འཛིན་པའི་སྐྱེས་ཆེན་ཀོང་སྤྲུལ་རིན་པོ་ཆེའི་སྐུ་མཆེད་ཞེ་ཆེན་དགོན་སྟོད་སྤྲུལ་སྐུ་ཞེས་དོན་ལ་རབ་འབྱམས་སྐུ་ཕྲེང་གསུམ་པའི་སྐུ་སྤྲུལ་གྱི་བྱེ་བྲག་ཏུ་གྱུར་པ་སྐུ་ཕྲེང་གཉིས་པ་མཁྱེན་རྟོགས་རྨད་དུ་བྱུང་བས་སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་ཆོས་སྐོར་ཡོངས་རྫོགས་སྤར་དུ་བསྐྲུན། སྒྲུབ་སྡེ་གསར་ཚུགས་དང་སྒྲུབ་མཆོད་དུ་མའི་མཆོད་རྒྱུན་བསྲིང༌། དགེ་འདུན་སྟོང་ཕྲག་ལོངས་བས་བཀའ་བརྒྱད་ཀྱི་སྒྲུབ་ཆེན་སྨན་སྒྲུབ་བཅས་བཙུགས་པ་སོགས་བསྟན་རྒྱུན་ལ་ཕྲིན་ལས་ཆེ་བར་བྱུང༌། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་དབོན་བརྒྱུད་དུ་འཁྲུངས་པའི་འབར་ཆུང་སྤྲུལ་སྐུ་འགྱུར་མེད་གཞན་ཕན། དབོན་སྤྲུལ་སྐུ་ཕྲེང་གསུམ་པ། ལོ་ཆེན་སྤྲུལ་པའི་སྐུ། མི་ཕམ་རིན་པོ་ཆེའི་མཆོག་སྤྲུལ་གོང་མའི་དབོན་རྒྱུད་དུ་འཁྲུངས་པ་སོགས་ཀུན་ཀྱང་རྟེན་སྡོམ་པ་གསུམ་གྱི་བསླབ་ཁྲིམས་གཙང་བ་སྔ་འགྱུར་བཀའ་མ་མདོ་སྒྱུ་སེམས་གསུམ་རྩ་བ་ཡན་ལག་གི་རྒྱུད་སྡེའི་སྐོར། སྒྲུབ་སྡེ་ལ་རིན་ཆེན་གཏེར་མཛོད་ཆེན་པོ་དང༌། བཀའ་དགོངས་ཕུར་གསུམ། སྙིང་ཐིག་ཡ་བཞི། ཆོས་ཀྱི་རྒྱལ་པོ་སྨིན་གླིང་པའི་བཀའ་སྲོལ་གཏེར་ཁ་གསར་རྙིང་གི་རྩ་བ་གསུམ་གྱི་སྒྲུབ་སྐོར་སྤྱི་བྱེ་བྲག་གི་དབང་ཁྲིད། རྒྱབ་བརྟེན་ཡིག་ཆ་ཡོངས་རྫོགས་བཅས་ཀྱི་བཤད་ཁྲིད། གདམས་ངག་རིན་པོ་ཆེའི་མཛོད། བཀའ་བརྒྱུད་སྔགས་མཛོད། རྒྱ་ཆེན་བཀའ་མཛོད། ཤེས་བྱ་ཀུན་ཁྱབ་རྩ་འགྲེལ། སྒྲུབ་ཐབས་རིན་ཆེན་ཀུན་ལས་བཏུས་པ། སྔ་འགྱུར་བཀའ་མའི་གཞུང་པོད། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང༌། རྙིང་མ་རྒྱུད་འབུམ། ཀུན་མཁྱེན་རོང་ཀློང་རྣམ་གཉིས། སྨིན་གླིང་སྐུ་མཆེད། འཇིགས་མེད་གླིང་པ། དཔལ་སྤྲུལ་རིན་པོ་ཆེ་དང༌། ཀཿཐོག་དགེ་རྩེ་པཎྜི་ཏ། འཇམ་མགོན་མི་ཕམ་རྣམ་རྒྱལ། རྒྱལ་ཚབ་སྐུ་ཕྲེང་གོང་འོག་གི་གསུངས་རྩོམ་གྱིས་མཚོན་པའི་དབང་ལུང་གི་རྒྱུན་དཀོན་ལ་གལ་ཆེ་བའི་རིགས་དང༌། མདོ་སྔགས་རིག་གནས་དང་བཅས་པའི་སྐོར་གསན་སྦྱང་ལེགས་པར་གནང༌། རང་ལུགས་ཀྱི་ལྟ་སྒོམ་སྤྱོད་པའི་རྣམ་གཞག་དང༌། སྒྲུབ་ཕྲིན་གྱི་ཕྱག་བཞེས་རིག་འཛིན་བརྒྱུད་པའི་བཀའ་སྲོལ་མ་ཉམས་པ་མཁྱེན་ཅིང་རྒྱུད་ལུང་མན་ངག་ཀུན་མཐུན་ཀུན་ལས་འཕགས་པ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་རྒྱུན་ཁོ་ན་ཐུགས་ཀྱི་གཙིགས་སུ་མཛད། རྒྱལ་བསྟན་གྱི་སྙིང་པོ་བཤད་སྒྲུབ་ལས་གསུམ་གྱིས་སྤེལ་བ་ལ་ཐུགས་མཐུན་ཁྲིམས་གཙང་བའི་དམ་པའི་སྐྱེས་ཆེན་ཤ་སྟག་ཏུ་བྱོན་པ་དང༌། གཞན་ཞེ་ཆེན་གྱི་དགོན་ལག་ཕུག་དགོན། འཇུ་མོ་ཧོར་དགོན། སིབ་མདའ་བཀྲ་ཤིས་ཆོས་གླིང༌། གཤོང་ནག་དགོན། བྱང་མཚོ་སྔོན་ཕྱོགས་སྒོ་མེའི་སྔགས་དགོན་དུ་མ་སོགས་དགོན་ལག་རྣམས་སུ་བསྟན་ལ་བྱ་བ་ནུས་པའི་སྐྱེས་བུ་དུ་མ་བྱོན་པར་ངེས་ཀྱང་མཚན་དང་རྣམ་ཐར་འོལ་ཚོད་ཀྱིས་ཞིབ་བཀོད་མ་ནུས་པ་བཅས་ཞར་ལས་འཕྲོས་པའོ། ། སླར་སྨྲས་པ། མཐོ་རིས་མདུན་སར་རྩེན་པའི་ལྷ་ཕྲུག་དང༌། ། མཛེས་སྡུག་པད་ཚལ་ཉུལ་བའི་བུང་བ་བཞིན། ། སྨོན་ལམ་དུས་བབ་འཕགས་ཚོགས་རྣམ་ཐར་དཔལ། ། ཕན་ཚུན་འགྲན་པ་བཞིན་དུ་མཛེས་པར་ངོམས། ། དེ་ཚུལ་དྲང་པོར་སྨྲ་བའི་གཏམ་འདི་ཡང༌། ། གཟུར་གནས་ཆོས་རྗེས་འབྲང་བའི་བློ་ལྡན་ལ། ། ལྷ་ཡི་རྔ་སྒྲའི་དབྱངས་སྙན་ཇི་བཞིན་དུ། ། ཀུན་དགའི་དུས་སྟོན་སྦྱིན་སྙམ་ལེགས་པར་བྲིས། ། བརྗོད་བྱ་རྨད་བྱུང་དམ་པའི་ངང་ཚུལ་དྲི་མེད་གསེར་སྦྱངས་བཙོ་མ་བཞིན། ། རྗོད་བྱེད་ཚིག་ཕྲེང་སྒྲོ་སྐུར་བྲལ་བ་དྲང་པོར་སྨྲ་བའི་ངག་གི་རྒྱན། ། དོན་ལྡན་བགྱི་བའི་རྣམ་དཀར་ཆུ་ཀླུང་རབ་གཙང་བརྒྱད་ལྡན་ལྷའི་ཆུ་བོས། ། བསྟན་འགྲོའི་རིན་ཆེན་ས་གཞི་མཛེས་བྱས་ཀུན་ཀྱང་ཚུལ་དེར་འདུན་གྱུར་ཅིག ། བདག་ཀྱང་དེང་ནས་ཚེ་རབས་ཀུན་ཏུ་འཁོར་ལོའི་དབང་ཕྱུག་བླ་མ་རྗེའི། ། ཞབས་སེན་མེ་ཏོག་ཐོད་དུ་མི་འབྲལ་མཉེས་པ་གསུམ་གྱི་བསྙེན་བཀུར་གྱིས། ། དོན་གཉིས་མཐར་ཕྱིན་ཐུགས་ཀྱི་མཛོད་བརྟོལ་དགོངས་ཀློང་གཅིག་ཏུ་བྱང་ཆུབ་ནས། ། སྐུ་བཞིའི་གོ་འཕང་བདེ་བླག་འགྲུབ་པའི་བཀྲ་ཤིས་དགེ་མཚན་རྒྱས་གྱུར་ཅིག ། ཅེས་པའང་ཁྱབ་བདག་དཔལ་མགོན་བླ་མའི་གསུང་རྡོ་རྗེ་བདུད་རྩིའི་སྐྱེས་ཀྱི་ཆ་ཤས་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ཆོས་འབྱུང་ལེགས་བཤད་པདྨ་དཀར་པོའི་རྫིང་བུའི་ཞལ་སྐོང་གི་ཚུལ་དུ་འདི་ལྟར་འབྲི་བར་འདུན་པ་དང༌། རྗེ་བཙུན་བླ་མ་ཡབ་སྲས་ཀྱི་ཞལ་སློབ་དད་བློ་རྨད་བྱུང་འཇིགས་མེད་ཚེ་མཆོག་རྡོ་རྗེ་ནས་ཀྱང་ཡང་ཡང་བསྐུལ་བ་དང༌། སྡེ་སྣོད་འཛིན་པ་མཁན་པོ་ཐུབ་བསྟན་བརྩོན་འགྲུས་ཕུན་ཚོགས་ནས་ཀྱང་མྱུར་དུ་གྱིས་ཞེས་གསུང་བསྐུལ་མཛད་པ་བཞིན། ངེས་གསང་ཆོས་ཀྱི་འབྱུང་གནས་མདོ་ཁམས་ཞེ་ཆེན་པའི་རྡོ་རྗེའི་སློབ་བུའི་ཐ་ཆུང༌། བསྟན་པ་རིས་མེད་ལ་དད་ཅིང་སྔ་འགྱུར་བཀའ་གཏེར་གྱི་རིང་ལུགས་ལ་རྒྱུ་མཚན་ཤེས་པའི་དད་བློ་ཕྲ་མོ་ཐོབ་པ་འཇམ་མགོན་མཁྱེན་བརྩེའི་སྤྲུལ་མིང་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་ཕྲིན་ལས་གྲུབ་པའི་སྡེས་ལྷོ་ཕྱོགས་སཱ་ལའི་སྨན་ལྗོངས་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་ས་ཡི་ཐིག་ལེ་སྤ་གྲོ་སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་རྡོ་རྗེའི་གནས་ཆེན་གོས་དང་གོང་བ་བཞིན་འདབས་འབྲེལ་བའི་སྐྱེར་ཆུའི་གཙུག་ལག་ཁང་གི་ཉེ་ཞོལ་རང་གནས་བསམ་གཏན་གྱི་ཁང་བུ་ཕུན་ཚོགས་བཀྲ་ཤིས་དགའ་འཁྱིལ་ནས་དབུ་བརྩམས། ཕུན་ཚོགས་ཆོས་ཀྱི་གླིང་གི་སྐྱེད་ཚལ་དུ་ཆུ་བྱའི་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་དུ་གྲུབ་པར་བགྱིས་པ་འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པས་སྙིགས་མའི་ཡིད་ཅན་མཐའ་དག་རྣམ་དཀར་གྱི་དཔལ་འབྱོར་ཕུན་སུམ་ཚོགས་པས་ཕན་བདེའི་དགའ་སྟོན་ཟད་མི་ཤེས་པ་དང༌། བདག་ཀྱང་སྐྱེ་ཀུན་བླ་མ་མཆོག་དང་མི་འབྲལ་བས་སྐུ་གསུམ་བདེ་བ་ཆེན་པོར་ངལ་འཚོ་མཆོག་ཏུ་ཐོབ་པའི་རྒྱུར་ཁོ་ནར་གྱུར་ཅིག །སརྦ་མངྒ་ལྃ། དགེའོ། །། དགེ་བ་འདི་ཡིས་བདུད་བཞིའི་དཔུང་བཅོན་སྟེ༔ ཀུན་བཟང་འཇམ་དཔལ་དཔའ་བོའི་ས་བརྙེས་ནས༔ རང་དོན་མཐར་ཕྱིན་མཁའ་མཉམ་སེམས་ཅན་རྣམས༔ ཕན་དང་བདེ་བའི་དཔལ་ལ་འགོད་པར་ཤོག༔ མཆོག་གསུམ་ངོ་བོ་རྩ་བརྒྱུད་བླ་མ་དང༔ འཇམ་དཔལ་ཞི་ཁྲོ་ཡི་དམ་དཀྱིལ་འཁོར་ལྷ༔ མ་དང་མཁའ་འགྲོ་དམ་ཅན་རྒྱ་མཚོ་ཡི༔ བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག༔