འཇང་གི་ཡུལ།
བོད་ཡིག་གི་ཆོས་འབྱུང་ལོ་རྒྱུས་མང་པོ་ཞིག་གི་ནང་ཡུལ་དེ་བཙན་པོ་སྲོང་བཙན་སྒམ་པོའི་དུས་དམག་དྲངས་ཏེ་མངའ་འོག་ཏུ་བསྡུས་པར་བཤད་ཅིང་། ཏུང་ཧོང་ནས་ཐོན་པའི་གཏེར་ཡིག་ལས། བཙན་པོ་འདུས་སྲོང་མང་པོ་རྗེའི་དུས་སུ་མངའ་འོག་ཏུ་བསྡུས་པར་བཤད་དེ། དེ་ཉིད་ལས། བཙན་པོ་ཁྲི་འདུས་སྲོང་སྐུ་ཆུང་ནས་གཞོན་གྱིས་ཀྱང་ཕག་རྒོད་ལ་བཤན་གྱིས་མཛད། གཡག་རྒོད་སྒྲོག་ཏུ་བཅུག སྟག་གི་རྣ་བ་ལ་བཟུང་ཅེས་པ་ནས། འུང་གི་འོག་ཏུ་འཇང་ལ་ཆབ་སྲིད་མཛད་དེ་མྱ་དཀར་པོ་དཔྱའ་ཕབ། མྱ་ནག་པོ་འབངས་སུ་བཀུག་པ་ལ་སྩོག་སྟེ། རྒྱལ་པོ་འདི་ལས་དབུ་རྨོག་བཙན་ཞིང་ཆབ་སྲིད་མཐའ་སྐྱེས་པ་ནི་སྔན་ཆད་གདུང་རབས་ཀྱིས་མ་མཛད་དོ།། ཞེས་འཁོད་པ་ལྟར་ན། འཇང་ཡུལ་མངའ་འོག་ཏུ་བསྡུས་པ་ནི་བཙན་པོ་འདི་ཉིད་ཀྱི་སྐབས་ཡིན་པར་གསལ། གང་ལྟར་བཙན་པོའི་དུས་སུ་ཡུལ་འདིའི་སྤྱི་མིང་ལ་འཇང་ཞེས་འབོད་པ་དང་། ནང་གསེས་མྱ་དཀར་པོ་དང་ནག་པོ་གཉིས་ཡོད་པ་ལས་དཀར་པོ་ལ་དམག་དྲངས་ཏེ་མངའ་འོག་ཏུ་བསྡུས་ནས་དཔྱ་ཁྲལ་འཇལ་བཅུག་པ་དང་ནག་པོ་ལ་དམག་དྲངས་མ་དགོས་པར་མངའ་འོག་ཏུ་བསྡུས་པ་ཡིན། འཇང་བོད་གཉིས་སྐབས་རེ་མཉམ་འབྲེལ་བྱེད་པ་དང་སྐབས་རེ་ཕན་ཚུན་བར་དམག་དྲངས་རེས་བྱེད་པ་སོགས་སྣ་ཚོགས་བྱུང་མྱོང་། དེ་ཡང་སྔོན་དུས་འཇང་དེ་ཐང་གི་མངའ་འོག་ཏུ་གཏོགས་པའི་རྒྱལ་ཕྲན་ཞིག་ཡིན་ཡང་། ཐང་གིས་ཅན་ནན་ཅེ་ཏུ་ཧྲིར་བསྐོས་པའི་དཔོན་རིགས་ཤོན་ཡུའི་ཀྲུང་ཏུང་གིས་ཐང་འཇང་བར་གྱི་གནད་དོན་འགའ་ཞིག་ཐག་གཅོད་འཚམས་པོ་མ་བྱུང་བའི་རྐྱེན་གྱིས་ཐང་འཇང་བར་དམག་འཁྲུག་ལངས་ཏེ་འཇང་པ་ཕམ་ཉེས་ཆེན་པོ་བྱུང་སྟབས། འཇང་གི་རྒྱལ་པོ་ཀག་ལོ་བོང་ཞེད་ནས་བོད་ཀྱི་རབ་བྱུང་གོང་གི་ལྕགས་ཡོས(༧༥༦)ལོར་བོད་ལ་མགོ་བཏགས་ཞུས་ཤིང་། བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱིས་འཇང་བཟའ་ཁྲི་བཙུན་མནའ་མར་བླངས་པ་ལ་སྲས་འཇང་ཚ་ལྷ་དབོན་འཁྲུངས། དེ་རྗེས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྲིད་དབང་བཟུང་ནས་ལོ་གསུམ་ལ་སླེབས་པ་བོད་ཀྱི་རབ་བྱུང་གོང་གི་མེ་སྤྲེལ(༧༥༦)ལོར་བློན་ཁྲི་བཟང་དང་། ཞང་སྟོང་བཙན། འཇང་གི་རྒྱལ་པོ་ཀག་ལོ་བོང་གསུམ་གྱིས་མཉམ་འབྲེལ་ཐོག་ཐང་ལ་དམག་དྲངས་ཏེ། སེ་ཅུ་མཁར་ཕབ་ནས་ཙི་ཅེ་མན་ཆད་བོད་ཀྱི་མངའ་འོག་ཏུ་བསྡུས། བོད་ཀྱི་རབ་བྱུང་གོང་གི་ཆུ་སྟག(༧༦༢)ལོར་ཐང་གི་གོང་མ་གསར་པ་ཏེད་ཙུང་ལི་ཡུས་ཁྲི་ལ་འཁོད་འཕྲལ། དེ་སྔོན་ཐང་གིས་བོད་ལ་ཁ་ཆད་གཏན་འཁེལ་བྱས་ཟིན་པའི་དཔྱ་དར་ས་ཆ་རྣམས་སྤྲོད་རྒྱུ་མཚམས་འཇོག་བྱས་པར་བརྟེན། ཐང་བོད་བར་གྱི་མཐུན་འབྲེལ་ཞིག་སྟེ་བློན་ཆེན་ཞང་རྒྱལ་གཟིགས་དང་ཞང་སྟོང་བཙན་ལ་སོགས་པས་ཐང་ལ་དམག་དྲངས་ཏེ་ཐང་གི་མངའ་ཁོངས་སུ་གཏོགས་པའི་མཁར་གྲོང་དང་ཡུལ་སྡེ་མང་པོ་བོད་ཀྱི་འོག་ཏུ་བསྡུས། དེའི་ཕྱི་ལོར་སླར་ཡང་བོད་ཀྱི་དམག་དཔོན་ཞང་རྒྱལ་གཟིགས་དང་། བློན་སྟག་སྒྲ་ཀླུ་གོང་། ཞང་སྟོང་བཙན། ཞང་བཙན་པ་བཅས་ཀྱིས་བོད་དང་། འ་ཞ། འཇང་གསུམ་མཉམ་འབྲེལ་གྱི་དམག་དཔུང་ཁྲི་ཚོ་ཉི་ཤུ་ཐམ་པ་ཁྲིད་དེ་ཐང་ལ་དམག་དྲངས་ཤིང་། དེ་རྗེས་གོང་མ་ཐང་ཏེ་ཙུང་གི་ཀྲིན་ཡོན་ཁྲི་ལོ་ལྔ་པ་ས་འབྲུག(༧༨༨)ལོ་ནས་ལོ་ཤས་རིང་། བོད་ཀྱིས་མྱ་ལྷོ་མ་ནས་བསྡུས་པའི་དཔྱ་ཁྲལ་ཤིན་ཏུ་ལྕི་བ་དང་ལོ་ལྟར་དམག་མི་བསྡུས་ནས་མཐའ་མཚམས་སྲུང་སྐྱོབ་བྱེད་པར་བཏང་བ་སོགས་བྱས་པར་བརྟེན། རྒྱལ་པོ་ཀག་ལོ་བོང་གི་ཚ་བོ་གཡིས་མུ་ཤུན་ཧ་ཅང་སུན་སྣང་སྐྱེས་ཏེ་ཐང་ལ་མགོ་བཏགས་ཞུ་བའི་གྲ་སྒྲིག་བྱས། དེ་བོད་ཀྱིས་ཤེས་ཚོར་བྱུང་རྗེས་གཡིས་མུ་ཤུན་ལ་ཞུ་བ་བླངས་པ་དང་ཆབས་ཅིག་འཇང་གི་བློན་ཆེན་གྱི་ཕྲུ་གུ་རྣམས་བོད་ལ་མི་གཏེར་དགོས་པ་སོགས་ཀྱི་གནོན་ཤུགས་སྤྲད་པའི་སྐོར《ཏུན་ཧོང་གི་གཏེར་ཡིག》ལས། འུང་གི་འོག་ཏུ་མྱ་དཀར་པོ་འབངས་སུ་མངའ་བ་ལས། གློ་བ་རིངས་པའི་ཚེ། དམག་དཔོན་འབྲོ་རམ་ཤགས་བཀའ་རྩལ་ནས། བྲག་རྩེད་ནོལ་ཐབས་བགྱི་བའི་ཚེ་འཇང་མང་པོ་བཀུམ་ནས། སྤྱན་ཆེན་པོ་ཉིང་རིམ་དང་། སྣ་ལ་གཏོགས་པ་དང་། དམངས་ཡན་ཆད་སུམ་བརྒྱ་རྩ་བཅུ་གཉིས་བཟུང་ནས། འཇང་རྗེ་ཁོལ་གྱིས་ཀྱང་ཕྱག་འཚལ་ཏེ། འབངས་རྣལ་མར་བཀུག་གོ་ཞེས་གསལ་བ་ལྟར་ཡིན། དེ་རྗེས་ཀྱང་གཡིས་མུ་ཤུན་ཁོང་ཁྲོས་བཟོད་ཐབས་མ་བྱུང་བར། ཀྲིན་ཡོན་ཁྲི་ལོ་དགུ་པ་ཆུ་བྱ(༧༩༣)ལོར་གཡིས་མུ་ཤུན་གྱིས་ཐང་གི་བློན་པོ་འུད་ཀའོ་ལ་ཡི་གེ་བཏང་ནས་ཐང་ལ་མགོ་བཏགས་ཞུས་ཐོག ཐང་དང་འཇང་ཐུན་མོང་དུ་བོད་ལ་དཔུང་འཇུག་བྱ་རྒྱུའི་གྲོས་འགོ་བཏོན་པ་ལྟར། དེའི་ཕྱི་ལོ་འཇང་གིས་བོད་ལ་དམག་རོགས་གཏོང་བའི་གོ་སྐབས་དང་བསྟུན་ནས་དམག་རོགས་སུ་བཏང་བའི་དམག་མི་སྟོང་ཕྲག་ལྔའི་རྗེས་སུ་དམག་མི་ཁྲི་ཁ་ཤས་བཏང་སྟེ་བོད་ལ་ཚུར་རྒོལ་བྱས་ཏེ་བོད་དམག་ཕམ་པར་བཟོས་པ་ནས་བོད་དེ་ཐང་དང་འཇང་གི་དམག་ཤུགས་གཉིས་ཀྱིས་བསྐོར་བའི་རྭ་བར་ཚུད་དེ་འཇང་དེ་བོད་ཀྱི་ཁོངས་ནས་ཁ་བྲལ་ཐུབ་པ་བྱུང་བ་སོགས་ཞིབ་པར《ཐང་དེབ》(唐書)ནན་ཀྲའོ་སྐབས་སུ་གསལ། དུང་དཀར་ཚིག་མཛོད་ཆེན་མོ་ལས་དྲངས།