འཇིགས་མེད་དབང་ཕྱུག
འཇིགས་མེད་དབང་ཕྱུག་(༡༩༠༥-༡༩༥༢)ནི་འབྲུག་ཡུལ་ཀྱི་རྒྱལ་པོ་ཞིག་རེད།ཁོང་གིས་སྤེལོ་༡༩༢༦ནས་༡༩༥༢བར་དབང་བསྒྱུར་བྱས་པ་རེད།
མི་དབང་རྒྱལ་བརྒྱུད་གཉིས་པ།
རྩོམ་སྒྲིག༄༅། །ལྷོ་ཕྱོགས་བཙན་དན་བཀོད་པའི་རྒྱལ་ཁབ་ན།།
ཕན་བདེའི་གཞི་མ་རྒྱལ་བསྟན་གོང་དུ་སྤེལ།།
འབངས་འཁོར་མི་སེར་བདེ་སྐྱིད་དཔལ་ལ་བཀོད།།
བཀའ་དྲིན་མཚུངས་མེད་འབྲུག་རྒྱལ་གཉིས་པ་མཆོག།
ཡབ་འབྲུག་རྒྱལ་དང་པོ་ཨོ་རྒྱན་དབང་ཕྱུག་དང་ ཡུམ་ཀུར་སྟོད་མཁོ་མའི་ཕྱུག་པོའི་སྲས་མོ་ཨ་ཞེ་བརྩོན་འགྲུས་བཟང་མོ་གཉིས་ཀྱི་སྲས་ འཇིགས་མེད་དབང་ཕྱུག་འདི་སྤྱི་ལོ་༡༩༠༥ ལུ་བུམ་ཐང་བླ་མའི་དགོན་པ་་ལུ་ སྐུ་འཁྲུངས་ནུག དགུང་ལོ་༧ ལས་ནང་པའི་ཆོས་ཀྱི་སྐོར་ལས་དང་ ཧིན་དྷི་ ཕྱི་གླིང་པའི་ཁ་ཚུ་གེ་ར་གསན་གནང་ནུག་དེ་ལས་རྒྱལ་སྲིད་སྐྱོང་ཐངས་སྐོར་ལས་ཡང་དགུང་ལོ་༡༥ ཚུན་ཡབ་ཀྱི་ཕྱག་ཞུས་ཏེ་སྦྱང་བ་གནང་ཞིན་ན་དགུང་ ལོ་༡༧ ལུ་ཀྲོང་གསར་མགྲོན་གཉེར་དང་དགུང་ལོ་༡༩ ལུ་ཀྲོང་གསར་དཔོན་སློབ་མཛད་ནུག སྤྱི་ལོ་༡༩༢༧ ལུ་ཡབ་འབྲུག་རྒྱལ་དང་པ་ཞིང་ལུ་ཕེབས་སོངམ་ལས་་དགུང་ལོ་༢༣ ལུ་རྒྱལ་ས་སྤུང་ན་ཁ་ལུ་འབད་ འབྲུག་ལུང་པའི་བླམ་དང་དཔོན་ འབངས་མི་སེར་ཚུ་གིས་བརྒྱུད་འཛིན་རྒྱལ་པོ་གཉིས་པའི་གསེར་ཁྲི་ལུ་ཁྲི་མངའ་གསོལ་ནུག་འཇིགས་མེད་དབང་ཕྱུག་མཆོག་གིས་ རྒྱལ་པོ་མཛད་དེ་བཞུགས་རིང་ ནང་པའི་ཆོས་ཀྱི་བསྟན་པ་ཉམས་མ་བཅུག་པར་ འཛིན་སྐྱོང་སྤེལ་གསུམ་གྱི་བླ་མ་དགེ་བའི་གཤེས་གཉེན་ མཁས་པ་ཚུ་གདན་དྲངས་ཏེ་བཤད་སྒྲུབ་ཀྱི་སྡེ་བཙུགས། ལྷ་ཁང་དང་དགོན་སྡེ་རྙིངམ་ཚུ་ཉམས་གསོ་མཛད་ནི་དང་གསརཔ་བཞེངས་ནི་ལ་སོགས་པའི་ཕྱག་ལ་མཛདཔ་མ་ཚད་ མི་སེར་ལུ་སྐྱིད་སྡུག་གཟིགས་ཏེ་ཁྲལ་ཚུ་ཡང་ཕབ་ཆག་གནང་ནུག ། ཕྱི་གླིང་གཞུང་གིས་གདན་འདྲེན་ཞུ་བཞིན་དུ། སྤྱི་ལོ་༡༩༣༤ ལུ་མངའ་བདག་རྒྱལ་པོ་འཇིགས་མེད་དབང་ཕྱུག་དང་ རྒྱལ་ཡུམ་ཕུན་ཚོགས་ཆོས་སྒྲོན་རྒྱལ་སྲས་འཇིགས་མེད་རྡོ་རྗེ་དབང་ཕྱུག་བཅས་རྒྱ་གར་ལུ་གཟིགས་བསྐོར་གནང་བར་བྱོན་ནུག་སྤྱི་ལོ་༡༩༤༧ ལུ་རྒྱ་གར་གཞུང་ཕྱི་གླིང་པ་ལས་ རང་དབང་ཐོབ་ཞིནམ་ལས་རྒྱ་འབྲུག་གཉིས་ཀྱི་བར་ན་མཐུན་ལམ་གྱི་འབྲེས་བ་ལེགས་ཤོམ་འོང་ཐབས་ལུ་འབྲུག་གཞུང་གི་སྐུ་ཚབ་འབད་གོང་གཟིམ་བསོད་ནམས་སྟོབས་རྒྱས་དང་ ཧ་དྲུང་པ་ཚུ་དྷི་ལི་ལུ་བཏང་སྟེ་འབྲུག་ལུ་འགྲུལ་འཁོར་གྱི་ལམ་སེལ་ནི་དང་ སྨན་ཁང་སློབ་གྲྭ་གསརཔ་བཙུགས་ནིའི་སྐོར་ལས་གསུང་གྲོས་ཚུ་གནང་བཅུག་སྟེ་རྒྱལ་ཁབ་ལུ་ཕན་ཐོགས་པའི་ ཕྱག་ལ་མཛད་མི་རྒྱལ་པོ་བཀའ་དྲིན་ཆེ་ཤོས་ཅིག་ཨིན། རྒྱལ་པོ་དེ་གིས་སྤྱི་ལོ་༡༩༢༧ ལས་རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་སྟེ་སྤྱི་ལོ་༡༩༥༢ ཚུན་ཚོད་ཁྲི་ཐོག་གུ་བཞུགས་ནུག།།[༡]
སྔོན་མ། ཨོ་རྒྱན་དབང་ཕྱུག |
འབྲུག་ཡུལ་ཀྱི་རྒྱལ་པོ། ༡༩༢༦-༡༩༥༢ |
རྗེས་ལ། འཇིགས་མེད་རྡོ་རྗེ་དབང་ཕྱུག |
- ↑ དཔལ་ལྡན་འབྲུག་པའི་དགེ་འདུན་གྲྭ་ཚང་གི་གཞི་རིམ་བསླབ་གྲྭ་གོང་མའི་ཆོས་ཚན་ཤེས་བྱ་གསལ་བྱེད་ལས་རྗོང་ཁ་ཁོངས་ཀྱི་སློབ་དེབ་ལྔ་པ། སྤུངས་ཐིམ་གཞུང་དགེ་འདུན་གྲྭ་ཚང་ནས