འདུས་མིང་འབྲུ་མང་མ་ནི་མིང་དང་མིང་འདུས་ནས་གྲུབ་པའི་འདུས་མིང་གི་ཡ་གྱལ་ཞིག་ཡིན་པ་དང་། མིང་དང་མིང་འདུས་ནས་གྲུབ་པའི་འདུས་མིང་ལ་འདོད་རྒྱལ་གྱི་མིང་དང་འདོད་རྒྱལ་གྱི་མིང་འདུས་ནས་གྲུབ་པའི་འདུས་མིང་དང་། འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་འདུས་ནས་གྲུབ་པའི་འདུས་མིང་། རྗེས་གྲུབ་ཀྱི་མིང་དང་འདོད་རྒྱལ་གྱི་མིང་འདུས་ནས་གྲུབ་པའི་འདུས་མིང་། རྗེས་གྲུབ་ཀྱི་མིང་དང་རྗེས་གྲུབ་ཀྱི་མིང་འདུས་ནས་གྲུབ་པའི་འདུས་མིང་སོགས་ཡོད།


མཚམས་སྦྱོར། རྩོམ་སྒྲིག

འདུས་མིང་འབྲུ་མང་མ་ནི་མིང་དང་མིང་འདུས་ནས་གྲུབ་པའི་འདུས་མིང་གི་ཡ་གྱལ་ཞིག་ཡིན་པ་དང་། མིང་དང་མིང་འདུས་ནས་གྲུབ་པའི་འདུས་མིང་ལ་འདོད་རྒྱལ་གྱི་མིང་དང་འདོད་རྒྱལ་གྱི་མིང་འདུས་ནས་གྲུབ་པའི་འདུས་མིང་དང་། འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་འདུས་ནས་གྲུབ་པའི་འདུས་མིང་། རྗེས་གྲུབ་ཀྱི་མིང་དང་འདོད་རྒྱལ་གྱི་མིང་འདུས་ནས་གྲུབ་པའི་འདུས་མིང་། རྗེས་གྲུབ་ཀྱི་མིང་དང་རྗེས་གྲུབ་ཀྱི་མིང་འདུས་ནས་གྲུབ་པའི་འདུས་མིང་སོགས་ཡོད་ལ། འདུས་མིང་འདི་དག་ལ་མིང་རྒྱུ་བསགས་ཚད་དང་ཚེག་ཁྱིམ་གྱི་འབྲུ་མ་བསགས་ཚད་མང་པོ་ཡིན་པས་ན། མིང་དང་མིང་འདུས་པའི་འདུས་མིང་ཡིན་ཚད་རིགས་ལམ་གཅིག་གིས་བསྒྲུབ་ན་མིང་དང་འདུས་པའི་འདུས་མིང་གི་བྱེ་བྲག་བར་ལ་ཁྱད་པར་ཡོད་པས་འདིར་བྱེ་བྲག་ཏུ་བཤད་པ་ལ། འདུས་མིང་འབྲུ་མང་མ་ལ་འབྲུ་མང་པོ་འདུ་བའི་འདང་ཚད་ལ་སྒྲའི་རྣམ་ཆ་སྟེ་ཚེག་ཁྱིམ་སོགས་ཀྱི་འདང་ཚད་དང་། སྒྲ་དོན་འདྲེས་རུང་གི་སྐད་ཆའི་སྡེ་ཚན་ཆུང་ཤོས་ཏེ་མིང་རྒྱུའི་ཕྱོགས་ཀྱི་འདང་ཚད་དེ་ཕྱོགས་གཉིས་ཀྱི་འདང་ཚད་ངོས་གཟུང་བར་བྱ་སྟེ། དེ་ཡང་སྒྲའི་རྣམ་ཆའམ་ཚེག་ཁྱིམ་ཕྱོགས་ཀྱི་འདང་ཚད་ལ་ཉུང་མཐའ་ཡང་གསུམ་དགོས་ཏེ། དཔེར་ན་ཁྱུང་སྔོན་སྐྱེས་ཞེས་པ། མིང་རྒྱུའི་འདང་ཚད་ལ་མིང་རྒྱུ་ཆུང་གསེད་བྱས་ན་གསུམ་ལས་མི་ཉུང་བ་དང་། མིང་རྒྱུའི་བསགས་རིམ་གཉིས་ལས་མ་ཉུང་བ་ཞིག་དགོས་སོ། ། མིང་འབྲུ་མང་མའི་བྱེད་ནུས་ཀྱི་གོ་ས་ནི། རང་ཉིད་ལ་སྦྱོར་ཆ་དུ་མ་འདུས་ཕྱིར་འདུས་མིང་གི་ཁོངས་སུ་བཞག་པ་དང་། རྗོད་བྱེད་ཀྱི་ནུས་པའི་ཆ་ནས་དོན་གྱི་ཁྱད་པར་སྟོན་པ་མ་ཡིན་པར། མཚོན་བྱ་སྤྱི་ལྡོག་དེ་ལ་སྨོས་མིང་གི་ནུས་པ་ཐོན་པ་ཞིག་ཡིན་ཕྱིར་མིང་གི་ཁོངས་སུ་བཞག་པ་ཡིན་ནོ། ། གཞན་ཡང་འདུས་མིང་འབྲུ་མང་མ་འདི་ལ་རྣམ་པའི་ཐད་ནས། འབྲུ་མང་མ་མ་ཡིན་པའི་འདུས་མིང་དང་བསྡུར་ན་རང་ཉིད་ལ་མིང་རྒྱུ་དང་འབྲུ་མ་གཉིས་ཀའི་བསགས་ཆ་མང་པོ་ཡོད་པས་ན་འདུས་མང་འབྲུ་མང་མ་འདི་མིང་ཚོམ་གྱི་ཁོང་སུའང་འགྲོ་བ་ཡིན།

རྐྱང་འདུས་སྦྱོར་སྡེ་འདུས་མིང་འབྲུ་མང་མ། རྩོམ་སྒྲིག

འདི་ནི་རྐྱང་མིང་ཞིག་དང་འདུས་མིང་ཞིག་མཉམ་དུ་སྦྱར་བའི་འདུས་མིང་འབྲུ་མང་མ་སྟེ། དེ་ཡང་སྲོལ་རྒྱུན་བརྡ་ཆད་ཐད་ནས་བཤད་ན། འདོད་རྒྱལ་གྱི་མིང་ཞིག་དང་རྗེས་གྲུབ་ཀྱི་མིང་ཞིག་འདུས་ནས་གྲུབ་པ་ཡིན་ནོ། །

རིམ་པའི་བརྡ་ཐབས་ཅན། རྩོམ་སྒྲིག

མིང་རྒྱུ་འདུས་པའི་སྦྱོར་སྡེ་མ་འདྲ་བའི་གཏན་ཚིགས་མཚོན་བྱེད་ལ་བཀོལ་བའི་བརྡ་ཐབས་ནི་སྦྱར་བའི་ཆ་གོ་རིམ་དུ་སྒྲིག་སྟངས་ཡིན་པ་ལས། ཚིག་ཕྲད་སོགས་རྐྱེན་གཞན་མ་ཡིན་པ་ཞིག བརྡ་ཐབས་དེ་བཀོལ་ནས་གཙོ་བོ་སྦྱོར་སྡེ་རིགས་གཅིག་གྲུབ་སྟེ། སྦྱོར་སྡེ་སྔ་མ་བརྗོད་གཞི་དང་ཕྱི་མ་བརྗོད་གཞི་དེའི་གསལ་བཤད་ཡིན་པ་ཅན་ཏེ། རྐྱང་འདུས་དེ་དག་གིས་གཞི་གསལ་སྦྱོར་སྡེ་གྲུབ་པའོ། །དཔེར་ན། རྡོ་དང་ཁབ་ལེན་སྦྱར་བ། ལྷ་དང་མ་ཡིན་སྦྱར་བ། བདུན་དང་རྣམ་དག་སྦྱར་བ། མདོ་དང་དྲི་མེད་སྦྱར་བ། འོད་དང་དཔག་མེད་སྦྱར་བ། ཚེ་དང་དཔག་མེད་སྦྱར་བ། རྟ་དང་ཅང་ཤེས་སྦྱར་བ། པོ་ཏི་དང་ལྕགས་ལུང་མ་སྦྱར་བ་ལྟ་སོགས་སོ། །

ཕྲད་ཀྱི་བརྡ་ཐབས་ཅན། རྩོམ་སྒྲིག

འདི་ནི་མིང་རྒྱ་འདུས་པའི་སྦྱོར་སྡེ་མ་འདྲ་བའི་གཏན་ཚིགས་མཚོན་བྱེད་ལ་བཀོལ་བའི་བརྡ་ཐབས་ནི་ཚིག་ཕྲད་སྦྱོར་བ་ཡིན་ལ། འདིར་ཡང་ནང་གསེས་དབྱེ་བ་འགའ་ཡོད་དེ།

(1) རྐྱང་འདུས་ཡུལ་སྒྲའི་སྦྱོར་བ།

དེ་ནི་སྦྱར་བྱའི་ཆ་གཉིས་ལས་སྔོན་དུ་མིང་རྐྱང་ཞིག་དང་གཞུག་ན་འདུས་མིང་ཡོད་པ་དག་སྦྱོར་བྱེད་ཡུལ་སྒྲ་སྟེ་ལ་དོན་གྱིས་མཐུད་སྦྱོར་བྱས་པའི་གྲུབ་སྡེ་ཅན་ནོ། །དཔེར་ན། ཕྱག་ན་དང་རྡོ་རྗེ་སྦྱར་བ། གཙུག་ན་དང་རིན་ཆེན་སྦྱར་བ། ལུང་དང་མ་བསྟན་པ་སྦྱར་བ། ཕྱིར་དང་མི་ལྡོག་པ་སྦྱར་བ། ཆུད་དང་མི་ཟ་བ་སྦྱར་བ་ཞེས་པ་ལྟ་བུ་སོགས་སོ། །

(2) རྐྱང་འདུས་བྱེད་སྒྲས་སྦྱོར་བ།

འདི་ནི་སྦྱོར་བྱའི་ཆ་གཉིས་ལས་སྔོན་དུ་རྐྱང་མིང་ཞིག་དང་གཞུག་ན་འདུས་མིང་ཞིག་ཡོད་པ་དག་བྱེད་སྒྲ་ཡིས་མཐུད་སྦྱོར་བྱས་པའི་གྲུབ་སྡེ་ཅན་ཡིན། དཔེར་ན། མར་གྱིས་དང་ཉམས་བྱེད་སྦྱར་བ། ཆུས་དང་མི་འཚུབ(ཉ)སྦྱར་བ། ལྟ་བས་དང་མི་ངོན་སྦྱར་བ། རླུང་གིས་དང་སྒྲ་སྒྲོག(སྨྱུག་མ)སྦྱར་བ། གཞན་ཡང་། ལྟ་བས་དང་ཆོག་མི་ཤེས་ཞེས་པ་སྦྱར་བ། བསམ་གྱིས་དང་མི་ཁྱབ་པ་སྦྱར་བ་ལྟ་བུའི་ཁྱད་ཆོས་བརྗོད་པའི་མིང་གི་བྱེད་ནུས་ཅན་སོགས་ཀྱང་ཡོད་དོ། །

(3) རྐྱང་འདུས་ཁུངས་སྒྲས་སྦྱོར་བ།

དེ་ནི་སྦྱར་བའི་ཆ་གཉིས་ལས་སྔོན་དུ་རྐྱང་མིང་ཞིག་དང་གཞུག་དུ་འདུས་མིང་ཞིག་ཡོད་པ་སྦྱོར་བྱེད་ཁུངས་སྒྲས་མཐུད་སྦྱོར་བྱས་པའི་གྲུབ་སྡེ་ཅན་ནོ། །ཁོང་སྒྲ་ཞེས་པའི་གཏན་ཚིགས་ལ་འབྱུང་ཁུངས་དང་དགར་བ་དང་སྡུད་པ་བཅས་བཞག་པ་ཡིན། དཔེར་ན། ཕྱོགས་ལས་དང་རྣམ་རྒྱལ་སྦྱར་བ་དང་། ལྷ་ལས་དང་ཕུལ་བྱུང་སྦྱར་བ་ལྟ་བུ་ཡིན་ནོ། །

(4) རྐྱང་འདུས་འབྲེལ་སྒྲས་སྦྱོར་བ།

དེ་ནི་སྦྱར་བའི་ཆ་གཉིས་ལས་སྔོན་དུ་རྐྱང་མིང་ཞིག་དང་གཞུག་དུ་འདུས་མིང་ཞིག་ཡོད་པ་སྦྱོར་བྱེད་འབྲེལ་སྒྲས་མཐུད་སྦྱོར་བྱས་པའི་གྲུབ་སྡེ་ཅན་ཏེ། དཔེར་ན། ལྷ་ཡི་དང་བླ་མ་སྦྱར་བ། བསྟན་པའི་དང་གཏད་རབས་སྦྱར་བ། རྗེའི་དང་ལམ་རིམ་སྦྱར་བ། མངོན་པའི་དང་ང་རྒྱལ་སྦྱར་བ། ཆོས་ཀྱི་དང་འདུན་ས་སྦྱར་བ། བགེགས་ཀྱི་དང་རྒྱལ་བོ་སྦྱར་བ། དུས་ཀྱི་དང་སྙིགས་མ་སྦྱར་བ། གཏན་གྱི་དང་འདུན་མ་སྦྱར་བ་ལྟ་བུ་དང་། གཞན་ཡང་ཚིག་རྒྱན་གྱི་སྐབས་སུ་དཔེ་རྒྱན་དང་གཟུགས་རྒྱན་ལྟ་བུ་སོགས་ཀྱིས་སྦྱར་བའི་འབྲེལ་སྒྲ་ཅན་ཡང་ཡོད་དེ། དཔེར་ན། སྲིད་པའི་དང་སྒྲོན་མེ་སྦྱར་བ། རིག་པའི་དང་ཁྱུ་མཆོག་སྦྱར་བ། རིག་པའི་དང་རལ་གྲི་སྦྱར་བ་ལྟ་བུ་སོགས་ཏེ། མདོར་ན་འབྲེལ་སྒྲའི་གཏན་ཚིགས་ལ་ཞིབ་དབྱེ་མང་དུ་ཡོད་དོ། །

3. སྣོན་པའི་བརྡ་ཐབས་ཅན།

དོན་སྦྱོར་གྱི་གཏན་ཚིགས་མཚོན་པའི་བརྡ་ཐབས་ནི་མཐའ་སྣོན་བྱེད་ཐབས་ཏེ། མཐའ་རུ་བསྣན་བྱའི་རྐྱེན་དེ་འདུས་མིང་གི་ཡས་མཐའ་ན་ཞུགས་ཡོད་པ་སྟེ། དེ་ལ་འབོད་སྒྲ་དང་སྤྱི་སྒྲ་སོགས་ཡོད།

(1) རྐྱང་འདུས་ཀྱི་རྐྱང་བ་འབོད་སྒྲ་ཅན།

དཔེར་ན། ཨ་མ་མ། ཨ་ཁ་ཁ། ཨ་ཧ་ཧ་ལྟ་བུ་འདུས་མིང་གི་སྔ་སོར་འབོད་སྒྲ་རྐྱང་བ་གཅིག་ཞུགས་པ་ལྟ་བུ་སྟེ། འབོད་སྒྲ་ནི་རང་ཉིད་ཁེར་ངོས་ནས་མིང་རྒྱུ་གཅིག་གི་གོ་ས་ཟིན་པ་ཡིན་པས་རྐྱང་མིང་གི་རིགས་སུ་ཐེ་བ་ཡིན་ནོ། །

(2) རྐྱང་འདུས་ཀྱི་རྐྱང་བ་ཕྲད་གཞན་དབང་ཅན།

དཔེར་ན། གང་སུ་དག ནམ་ཡིན་ཡང་། ཅི་མི་སྙམ། དེ་ཁོ་ན། དེ་ཁོ་ན་ཉིད་ཅེས་པ་ལྟ་བུ། སྦྱོར་བ་འདི་དག་ལ་ཐོག་མ་ན་ཡོད་པའི་སྤྱི་སྒྲ་དེ་དག་རྐྱང་བའི་རྣམ་པ་དང་གཞུག་ན་ཡོད་པ་དག་འདུས་པའི་རྣམ་རུ་འཇོག་འོས་པ་ལྟ་བུའོ། །

3 འདུས་རྐྱང་སྦྱོར་སྡེའི་འདུས་མིང་འབྲུ་མང་མ།

འདི་ནི་སྦྱོར་ཆ་གཉིས་ཡོད་པ་ལས་སྔ་མ་འདུས་མིང་ཞིག་དང་གཞུག་མ་རྐྱང་མིང་ཞིག་གིས་གྲུབ་པའི་འདུས་མིང་འབྲུ་མང་ཅན་ཡིན་ནོ། །

1. རིམ་པའི་བརྡ་ཐབས་ཅན།

མིང་རྒྱུ་གཉིས་ཡོད་པའི་མིང་སྦྱོར་གྱི་གཏན་ཚིགས་མཚོན་པ་ལ་མིང་རྒྱུ་གོ་རིམ་སྒྲིག་སྟངས་ཀྱིས་ནུས་པ་ཐོན་པའི་སྦྱོར་སྡེ་ཅན་ཏེ། དེར་ཡང་གཏན་ཚིགས་མ་འདྲ་བའི་ཐད་ཀྱི་རིགས་དབྱེ་ཡོད་དེ།

2. འདུས་རྐྱང་གཞི་གསལ་སྦྱོར་སྡེ།

དངོས་པོའི་མིང་དུ་ཤས་ཆེ་བའི་བརྗོད་གཞི་སྔོན་དང་དེར་གྲངས་སམ་ཁྱད་ཆོས་བརྗོད་པའི་མིང་གི་གསལ་འདེབས་ཤིག་གཞུག་ཏུ་བཀོལ་བ་ནི་གཞི་གསལ་སྦྱོར་སྡེ་སྟེ། དཔེར་ན། སངས་རྒྱས་དང་སྟོང་སྦྱར་བ། སྐྱེས་བུ་དང་གསུམ་སྦྱར་བ། སྡེ་སྣོད་དང་གསུམ་སྦྱར་བ། བདུན་ཕྲག་དང་བདུན་སྦྱར་བ། ཡུལ་གྱི་སྐྱེ་མཆེད་དང་དྲུག་སྦྱར་བ། ཐུགས་རྗེ་དང་ཆེན་པོ་སྦྱར་བ། སྟོང་ཉིད་དང་ཆེན་པོ་སྦྱར་བ། ལྕགས་རི་དང་རིང་བོ་སྦྱར་བ། ལྟོ་འཕྱེ་དང་ཆེན་པོ་སྦྱར་བ། དེབ་ཐེར་དང་སྔོན་པོ་སྦྱར་ལྟ་བུའོ།།

3. ཕྲད་ཀྱི་བརྡ་ཐབས་ཅན།

མིང་རྒྱུ་གཉིས་ཡོད་པའི་མིང་སྦྱོར་གྱི་གཏན་ཚིགས་མཚོན་བྱེད་དུ་ཚིག་ཕྲད་ཀྱིས་ནུས་པ་ཐོན་པ་སྟེ། དེར་ཡང་གཏན་ཚིགས་མ་འདྲ་བའི་ཕྲད་ཀྱི་སྒོ་ནས་དབྱེ་ན།

(1) འདུས་རྐྱང་ཡུལ་སྒྲས་སྦྱོར་བ།

དེ་ནི་སྦྱར་བྱའི་ཆ་གཉིས་ལས་སྔོན་ན་འདུས་མིང་ཞིག་དང་གཞུག་ན་རྐྱང་མིང་ཞིག་ཡོད་པ་སྦྱོར་སྡེ་སྒྲ་སྟེ་ལ་དོན་གྱིས་མཐུད་སྦྱོར་བྱས་པའི་གྲུབ་སྡེ་ཅན་ནོ། །དཔེར་ན། དེ་བཞིན་དང་གཤེགས་པ་སྦྱར་བ། ཁྱུང་སྔོན་སྐྱེས་སྦྱར་བ། ནམ་མཁའ་དང་ལྡིང་སྦྱར་བ། སོ་སོར་དང་ཐར་བ་སྦྱར་བ། སོ་སོར་དང་ངེས་པ་སྦྱར་བ་ལྟ་བུ་རྣམས་སོ། །

(2) འདུས་རྐྱང་བྱེད་སྒྲས་སྦྱར་བ།

དེ་ནི་སྦྱར་བྱའི་ཆ་གཉིས་ལས་སྔོན་དུ་འདུས་མིང་ཞིག་དང་གཞུག་ན་རྐྱང་མིང་ཞིག་ཡོད་པ་སྦྱོར་བྱེད་བྱེད་སྒྲས་མཐུད་སྦྱོར་བྱས་པའི་གྲུབ་སྡེ་ཅན་ཏེ། དཔེར་ན། སྤྱན་རས་དང་གཟིགས་སྦྱར་བ། ས་བོན་གྱིས་དང་འཆི(སྨྱུག་མ)སྦྱར་བ། གཏོར་མས་དང་རྒྱགས(བྱ་རོག)སྦྱར་བ། འཁོར་ལོས་དང་འཚོ(རྫ་མཁན)སྦྱར་བ་ལྟ་བུ་ཡིན་ནོ། །

(3) འདུས་རྐྱང་ཁུངས་སྒྲས་སྦྱོར་བ།

དེ་ནི་སྦྱར་བྱའི་ཆ་གཉིས་ལས་སྔོན་དུ་འདུས་མིང་ཞིག་དང་ཕྱི་ན་རྐྱང་མིང་ཞིག་ཡོད་པ་སྦྱོར་བྱེད་ཁུངས་སྒྲས་མཐུད་སྦྱོར་བྱས་པའི་གྲུབ་སྡེ་ཅན་ཏེ། དཔེར་ན། མེ་སྦྱིན་དང་སྐྱེས་སྦྱར་བ། ཐམས་ཅད་དང་སྒྲོལ་སྦྱར་བ། འཇིགས་པ་ཀུན་དང་སྐྱོབས་སྦྱར་བ། རིག་བྱེད་དང་སྐྱེས་སྦྱར་བ། ས་གཞི་ལས་དང་བྱུང་སྦྱར་བ་ལྟ་བུ་སོགས་སོ།།

(4) འདུས་རྐྱང་འབྲེལ་སྒྲས་སྦྱར་བ།

དེ་ནི་སྦྱར་བྱའི་ཆ་གཉིས་ལས་སྔོན་དུ་འདུས་མིང་ཞིག་དང་གཞུག་ཏུ་རྐྱང་མིང་ཞིག་ཡོད་པ་སྦྱོར་བྱེད་འབྲེལ་སྒྲས་མཐུད་སྦྱོར་བྱས་པ་ཞིག་ཡིན་ཏེ། དཔེར་ན། དཔག་བསམ་དང་ཤིང་སྦྱར་བ། མི་སློབ་དང་ལམ་སྦྱར་བ། མཐོ་རིས་དང་གནས་སྦྱར་བ། གཞལ་མེད་དང་ཁང་སྦྱར་བ། འཇམ་དཔལ་དང་དབྱངས་སྦྱར་བ། ཟབ་མོའི་དང་ལྟ་བ་སྦྱར་བ། སྙིང་རྗེ་དང་ལྷ་སྦྱར་བ། གངས་རིའི་དང་ར་བ་སྦྱར་བ། ལྷའི་བུའི་དང་བདུད་སྦྱར་བ་ལྟ་བུ་དང་། གཞན་ཡང་། དཔེར་ན། བྱ་རྒོད་ཕུང་བོའི་དང་རི་སྦྱར་བ། མི་རིགས་དོན་བྱེད་དང་ཁང་སྦྱར་བ། དཔལ་རི་བོ་དགེ་ལྡན་ཕྱོགས་ལས་རྣམ་པར་རྒྱལ་བའི་དང་གླིང་སྦྱར་བ་ལྟ་བུ་སོགས་ཀྱང་ཡོད་དོ།།

3 སྣོན་པའི་བརྡ་ཐབས་ཅན།

འདི་ལ་སྦྱར་བྱའི་ཆ་གཉིས་ཡོད་པའི་སྔ་མ་འདུས་མིང་ཞིག་དང་ཕྱི་མ་ནི་མིང་རྒྱུ་རྐྱང་པའི་གོ་ས་ཅན་ཏེ་བདག་སྒྲ་ཞིག་ཡིན་པས་སྦྱོར་སྡེ་རང་ཉིད་འདུས་རྐྱང་སྦྱོར་སྡེའི་ཁོང་གཏོགས་ཡིན་ལ། བདག་སྒྲས་མིང་རྒྱུ་ཡི་ནུས་པ་ཐོན་ཡང་རང་ཉིད་རྗེས་གྲུབ་ཅིག་གི་མ་མཐའ་ན་ཡོད་ཚེ་འདུས་མིང་འབྲུ་མང་མ་དེའི་མིང་རྒྱུ་བསགས་རིམ་གཉིས་པའི་ནང་དུ་མིང་རྒྱུ་ཡི་ནུས་པ་ཞིག་སྟེ།

(1) འདུས་མིང་མཐའ་ན་བདག་སྒྲ་མ་ཅན།

དཔེར་ན། ལྕགས་སྒྲོག་མ། ཕུར་བུ་མ། ལེགས་བརྗོད་མ། མཚོ་བྱུང་མ། ཡིད་འོངས་མ། སྐེད་མེད་མ། ཞབས་འདྲེན་མ། ཚང་ར་རྒྱས་མ། སྣང་གསལ་མ། དགེ་ཚུལ་མ། དྲི་ཆབ་མ་ལྟ་བུ་སྟེ། འདུས་མིང་གི་མཐའ་ན་བདག་པོ་སེམས་ལྡན་སྟོན་པའི་མ་སྒྲ་བསྣན་ཡོད་པའོ། ། བཀའ་རྒྱ་མ། སྐད་ཅིག་མ། བོད་ཡིག་མ་ལྟ་བུ་སོགས་བདག་པོ་སེམས་མེད་སྟོན་པའི་བདག་སྒྲ་མའོ། ། དེ་དག་གི་སྦྱོར་ཆ་སྔ་མ་ནི་འདུས་མིང་ངམ་འདུས་སྐབས་པ་ཞིག་ཡིན་ལ། དེར་བདག་སྒྲ་ཞུགས་ཤིང་བདག་སྒྲས་མིང་རྒྱུ་རྐྱང་བ་ཞིག་གི་གོ་ས་ཟིན་པ་སོགས་ཡིན།

(1) འདུས་མིང་མཐའ་ན་བདག་སྒྲ་པའམ་བ་ཅན།

དཔེར་ན། ཕྱི་རོལ་བ། གཅེར་བུ་བ། ཕྱག་མཛོད་པ། རྐང་མིག་པ། རྒྱ་ནག་པ། ཨ་མདོ་བ། སུམ་ཅུ་བ། བཞི་བརྒྱ་བ། སྐབས་གསུམ་པ། རྡུང་ལེན་པ། རྩོད་སྒྲུབ་པ། ཞབས་འདྲེན་པ། མདོ་འཛིན་པ་ལྟ་བུ་སོགས་ཡིན་ནོ། །

(2) འདུས་མིང་མཐའ་ན་བདག་སྒྲ་པོའམ་བོ་ཅན།

དཔེར་ན། ནུར་ནུར་པོ། ལྟར་ལྟར་པོ། མེར་མེར་པོ། སྟོབས་ཆེ་བོ། འདྲེ་ཆེ་བོ། གསུམ་ག་བོ། ཉི་ཤུ་བོ། བཅུ་གཅིག་པོ་སོགས་ཏེ། དེར་ཡང་ནང་གསེས་ཀྱི་ཞིབ་ཆའི་ཁྱད་པར་ཡོད་ཀྱང་འདིར་རགས་བཤད་བྱས་པའོ། །

(3) འདུས་རྐྱང་མཐའ་ན་བདག་སྒྲ་ཅན་ཅན།

དཔེར་ན། གསེར་མངལ་ཅན། ཐ་གུའི་ལྟོ་ཅན། མགྲིན་སྔོན་ཅན། ཚིག་མདའ་ཅན། གོས་སྔོན་ཅན། ངར་སྐད་ཅན། འོད་སྟོང་ཅན། གཟི་བརྗིད་ཅན་ལྟ་བུ་སོགས་ཡིན་ནོ། །

(4) འདུས་མིང་མཐའ་ན་བདག་སྒྲ་མཐན་ཅན། བླ་བཙོང་མཁན། གཏོར་བརླག་མཁན། མཚོན་ཆ་མཁན། ཁྲ་མ་མཁན་ཞེས་པ་སོགས་ལྟ་བུའོ། །

(5) འདུས་མིང་བདག་སྒྲ་ཡང་འཇུག་ཅན།

དཔེར་ན། མྱུལ་མ་བ། གར་མཁན་མ། མཐུ་ལྡན་མ། དྲེགས་ལྡན་མ། རྙིང་མ་བ། དབྱངས་ཅན་མ། སྙན་གྲགས་ཅན་པོ། ལྷ་མོ་དབྱངས་ཅན་མ། རི་བོ་གངས་ཅན་པ་ལྟ་བུ་རྣམ་པ་ལ་བླཏས་ན་བདག་སྒྲ་ཉིས་བརྩེགས་ཡོད་ཀྱང་མཇུག་མཐའི་མིང་རྒྱུ་ཡི་གནད་འབབ་ས་དེ་རྐྱེན་ཕྱི་མ་དེ་ལ་གཏན་ཚིགས་ཀྱིས་གོ་དགོས་ན་དེ་དག་ཀྱང་སྔ་མ་དག་གི་རིགས་འཕྲོས་སོ། །

4 འདུས་གཉིས་སྦྱོར་སྡེའི་འདུས་མིང་འབྲུ་མང་མ།

(1) འདུས་གཉིས་གཞི་གསལ་སྦྱོར་སྡེ།

དེ་ནི་སྦྱར་བྱའི་ཆ་གཉིས་ལས་སྔོན་དུ་འདུས་མིང་ཞིག་དང་གཞུག་ན་འདུས་མིང་ཞིག་ཡོད་པ་ནང་ཕན་ཚུན་དུ་གཞི་གསལ་སྦྱོར་སྡེ་ཡིན་པ་སྦྱར་བྱའི་ཆའི་གོ་རིམ་ལས་གསལ་བ་ཞིག་ཡིན། དཔེར་ན། རྟེན་འབྲེལ་བཅུ་གཉིས། གནས་བརྟན་བཅུ་དྲུག ཡན་ལག་བརྒྱད་ལྡན། སྒྲོལ་མ་ཉེར་གཅིག འཇམ་དཔལ་དཔའ་བོ། གཏན་ཚིགས་ཡང་དག ལོ་སྐོར་ཟླ་བ་བཅུ་གཉིས། འཛམ་གླིང་འཁྲུགས་ཆེན་ཐེངས་གཉིས་པ་ལྟ་བུ་སོགས་ནི་ཆ་སྔ་མ་བརྗོད་གཞི་ཡིན་པ་ལ་ཆ་ཕྱི་མ་གྲངས་དང་ཁྱད་ཆོས་སོགས་ཀྱིས་གསལ་བརྗོད་བྱས་པ་ཅན་དང་། ཡང་དཔེར་ན། རིག་དེབ་དང་བོད་ཡིག་མ་སྦྱར་བ། འཁོར་ལས་སྒྲོལ་དང་ཏཱ་རེ་མ་སྦྱར་བ། མ་ཅིག་དང་ལབ་སྒྲོན་སྦྱར་བ། སངས་རྒྱས་དང་ཚེ་དཔག་མེད་སྦྱར་བ། བླ་བྲང་དང་བཀྲ་ཤིས་འཁྱིལ་སྦྱར་བ། སློབ་དཔོན་དང་དབྱུག་པ་ཅན་སྦྱར་བ། ལུང་སྟོན་པ་དང་སུམ་ཅུ་བ་སྦྱར་བ་ལྟ་བུ་སོགས་ནི་དང་པོར་སྤྱི་ཞིག་སྨོས་པར་སྐབས་དོན་གོ་བྱེད་དུ་བྱེ་བྲག་ཅིག་གསལ་འདེབས་ལ་དྲངས་པ་ལྟ་བུ་སོགས་ཀྱང་གཞི་གསལ་སྦྱོར་སྡེ་ཁོངས་ཡིན་ནོ། །

(2) འདུས་གཉིས་འབྲེལ་སྒྲས་སྦྱོར་བ།

དེ་ནི་སྦྱར་བྱའི་ཆ་ལ་འདུས་མིང་གཉིས་ཡོད་པ་སྦྱོར་བྱེད་འབྲེལ་སྒྲས་མཐུད་སྦྱོར་བྱས་པའི་གྲུབ་སྡེ་ཅན་ནོ། །གྲུབ་སྡེ་དེ་ལ་བརྡ་དོན་གྱི་སྦྱོར་སྡེའི་ཕྱོགས་ནས་གཞིགས་ན། འདུས་མིང་སྔ་མ་དེ་ཁྱད་ཆོས་དང་ཕྱི་མ་དེ་ཁྱད་གཞི་ཡིན་པས་འདུས་མིང་གཉིས་པོ་ནང་ཕན་ཚུན་དུ་ཆོས་གཞིའི་སྦྱོར་སྡེ་ཡིན་ནོ། །དཔེར་ན། དུས་མཐའི་དང་སྐད་ཅིག་སྦྱར་བ། ལྷག་མེད་དང་མྱང་འདས་སྦྱར་བ། ཡེ་ཤེས་དང་མཁའ་སྒྲོ་སྦྱར་བ། དུད་འགྲོའི་དང་སྐྱེ་གནས་སྦྱར་བ། མི་སྐྱོད་དང་རྡོ་རྗེ་སྦྱར་བ། མ་རྨོས་དང་ལོ་ཏོག་སྦྱར་བ། མིས་བཟོས་དང་འཁོར་སྐར་སྦྱར་བ། རྒྱ་ནག་དང་གོང་མ་སྦྱར་བ། ནམ་མཁའི་དང་སྐ་རགས་སྦྱར་བ། འཇིགས་མེད་རིག་པའི་དང་བློ་གྲོས་སྦྱར་བ། ར་ས་འཕྲུལ་སྣང་གི་དང་གཙུག་ལག་ཁང་སྦྱར་བ་ལྟ་བུ་སོགས་སོ། །

(3) འདུས་གཉིས་ཁུངས་སྒྲས་སྦྱོར་བ།

དེ་ནི་སྦྱར་བྱའི་ཆ་ལ་འདུས་མིང་གཉིས་ཡོད་པ་དག་སྦྱོར་བྱེད་ཁུངས་སྒྲས་མཐུད་སྦྱོར་བྱས་པའི་གྲུབ་སྡེ་ཅན་ཡིན་ཏེ། དཔེར་ན། སྲིད་གསུམ་དང་རྣམ་རྒྱལ་མ་སྦྱར་བ། འཇིག་རྟེན་དང་མཐར་ཕྱིན་སྦྱར་བ་ལྟ་བུ་སྦྱོར་སྡེ་གཏན་ཚིགས་ལ་ཁུངས་སྒྲ་ཞུགས་པའི་གྲུབ་སྡེ་མིང་གི་བྱེད་ནུས་ཅན་ལ་གྱུར་བའང་ཉུང་ཟད་རེ་ཡོད་དོ། །དེ་ཡང་གཏན་ཚིགས་དེ་ཞུགས་ཀྱི་སྦྱོར་སྡེ་ཅན་ཚིག་གདངས་ཡོད་པའི་རྣམ་པ་ཅན་དུ་བེད་སྤྱོད་མང་བ་ལས། ཚིག་གདངས་མེད་པའི་མིང་གི་བྱེད་ནུས་ཅན་དུ་བཀོལ་བའི་གནས་སྐབས་ཉུང་ཉུང་ཡིན་པས་ན། སྦྱོར་སྡེ་དེ་རིགས་ཀྱི་མིང་ཡང་ཉུང་ཉུང་ཡིན་ནོ། །