Open main menu

Wikipedia β

འདོད་པའི་བསྟན་བཅོས།

འདོད་པའི་བསྟན་བཅོས། རྒྱ་གར་སྐད་དུ། ཀ་མ་ཤཱསྟྲ། བོད་སྐད་དུ། འདོད་པའི་བསྟན་བཅོས་ཞེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། བརྒྱད་དང་བརྒྱད་ཀྱི་མཐར་ལ་ཉེར་སོན་པའི། །མི་འགྱུར་རྡོ་རྗེ་དགའ་བའི་གློག་ཞགས་ཀྱིས། །བརྟན་གཡོའི་དངོས་པོ་གཅིག་ཏུ་བཟླུམ་མཛད་པ། །རང་བྱུང་ཕྱག་རྒྱ་ཆེན་པོས་ཁྱོད་ལ་སྲུངས། །དྲི་མེད་ནམ་མཁའི་མདོག་ཅན་ཡིད་འོང་སྐུ། །འཕོ་མེད་དགའ་བའི་དཔལ་ལ་རྟག་ཏུ་རོལ། །ཁ་བ་ཅན་གྱི་ཏི་སེ་གངས་ལ་བཞུགས། །དབང་ཕྱུག་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །མཛེས་པའི་ཞལ་རས་ཉ་གང་ཟླ་བའི་མདངས། །འཛུམ་པའི་ཚེམས་དཀར་མུ་ཏིག་ཕྲེང་བའི་སྤུན། །རྒྱས་པའི་ནུ་འབུར་དུང་གི་བུམ་པའི་གཟུགས། །ལྷ་མོ་གོོ་རིའི་ཞབས་ལ་བདག་ཕྱག་འཚལ། །འདོད་པའི་ཁམས་འདི་འདོད་པ་ཆགས་ས་སྟེ། །སྐྱེ་བོ་ཐམས་ཅད་འདོད་པ་དོན་དུ་གཉེར། །འདོད་པའི་ལོངས་སྐྱོད་ཀུན་གྱི་ཕུལ་བྱུང་བ། །ཕོ་མོ་གཉིས་སྦྱོར་འདོད་པའི་བདེ་བ་ཉིད། །བུད་མེད་མི་འདོད་སྐྱེས་པ་སུ་ཞིག་མཆིས། །སྐྱེས་པ་མི་འདོད་བུད་མེད་སུ་ཞིག་ཡོད། །ཕྱི་རོལ་བརྫུ་ཡི་ཁྱད་པར་མ་གཏོགས་པ། །ཐམས་ཅད་ཀུན་ཀྱང་འདི་ལ་དགའ་བར་ངེས། །སིངྒ་ལ་པའི་ཨུངྒུ་ཏ་རའི་མདོར། །བཅོམ་ལྡན་འདས་ཀྱིས་ཞལ་ནས་འདི་སྐད་གསུངས། །གཟུགས་ཀྱི་ནང་ན་མཛེས་པའི་མཐར་ཐུག་པ། །སྐྱེས་པའི་མིག་ལ་བུད་མེད་གཟུགས་ཡིན་ཅིང་། བུད་མེད་མིག་ལ་སྐྱེས་པའི་གཟུགས་ཡིན་ཏེ། །འདི་ལས་ལྷག་པའི་མཛེས་པ་ངས་མ་མཐོང་། །སྒྲ་ཡི་ནང་ན་སྙན་པའི་མཐར་ཐུག་པ། །སྐྱེས་པའི་རྣ་བར་བུད་མེད་སྒྲ་ཡིན་ཅིང་། །བུད་མེད་རྣ་བར་སྐྱེས་པའི་སྒྲ་ཡིན་ཏེ། །འདི་ལས་ལྷག་པའི་སྙན་པ་གང་ཡང་མེད། །དེ་བཞིན་དྲི་དང་རོ་དང་རེག་བྱ་ཡི། །འདོད་ཡོན་ལྷག་མ་གསུམ་ལའང་སྦྱར་ཏེ་གསུངས། །སངས་རྒྱས་འཇིག་རྟེན་ཁམས་སུ་མ་བྱོན་གོང་། །ལོ་ནི་སྟོང་ཕྲག་དུ་མའི་སྔ་རོལ་ན། །རྒྱ་གར་ཡུལ་ན་བྲམ་ཟེའི་གཞུང་ལུགས་ཀྱི། །མདོ་དང་བསྟན་བཅོས་བྱ་བ་མང་དུ་ཡོད། །ཁྱིམ་གྱི་མདོ་དང་རབ་ཏུ་བྱུང་བའི་མདོ། །འདོད་པའི་མདོ་ལ་སོགས་པ་འདི་དག་སྟེ། །རབ་ཏུ་བྱུང་དང་ཁྱིམ་ན་གནས་པ་ཡི། །འགྲོ་ལུགས་སྡོད་སྟངས་ཅི་དང་ཅི་ཡིན་པ། །སྔོན་གྱི་དྲང་སྲོང་ཆེན་པོ་རྣམས་ཀྱིས་བཤད། །རྒྱ་གར་ལུགས་སྲོལ་ཐམས་ཅད་དེ་ནས་བྱུང་། །མདོ་སྡེ་འགའ་ན་རིག་གནས་བཅོ་བརྒྱད་ཅེས། །གསུངས་པའི་གཅིག་ནི་འཁྲིག་ཐབས་འདི་ཉིད་ཡིན། །རྒྱ་ཆེར་རོལ་པར་བྱང་ཆུབ་སེམས་དཔའ་ཡི། །བཙུན་མོར་འོས་པའི་ཡོན་ཏན་ཐོ་བཀོད་པར། །སྨད་འཚོང་བཞིན་དུ་བསྟན་བཅོས་འཚོལ་བ་ཞེས། །འཁྲིག་ཐབས་ཤེས་པ་དག་ཀྱང་བགྲང་བར་མཛད། །གཞན་དུ་བསྟན་བཅོས་ཤེས་པའི་བུད་མེད་ཅེས། །གསུངས་པའི་བསྟན་བཅོས་དེ་ཡང་འདི་ལ་ཟེར། །སློབ་དཔོན་གཟུགས་བཟང་ཞབས་ཀྱིས་མཛད་པ་ཡི། །འདོད་པའི་བསྟན་བཅོས་ཉུང་ངུ་བོད་ལ་འགྱུར། །ཁ་ཆེ་རྒྱལ་པོ་ཞི་བའི་བློན་གྱི་བུ། །བྲམ་ཟེ་མཁས་པ་ཀོ་ཀོས་མཛད་པ་ཡི། །དགའ་བའི་རོལ་པ་བྱ་བའི་བསྟན་བཅོས་ཡོད། །དེ་ཉིད་བོད་ཀྱི་སྐད་དུ་མ་བསྒྱུར་ཡང་། །རྒྱ་དཔེ་ཐོར་བུ་ངོས་ཕྱི་དགོན་པར་འདུག །ཀླུ་སྒྲུབ་ཞབས་ཀྱིས་མཛད་པའང་ཡོད་ཅེས་གྲགས། །ད་ལྟ་ཡོངས་གྲགས་པའི། །འདོད་པའི་མདོ་དང་དགའ་བའི་བསྟན་བཅོས་ནི། །ཆེ་ཆུང་བསྡོམ་ན། ཀནྡརྦ་ཙྰུཌམ་ནི། འདོད་ལྷའི་གཙུག་ནོར། ཨ་མྒརྔ་ངྒ། ལུས་མེད་ཡན་ལག ཀྰམཀལ། འདོད་པའི་སྒྱུ་རྩལ། རཏིརཧསྱ། དགའ་བའི་གསང་བ། རཏི་རནྟ་པྲདྰི་བཀ། དགའ་བའི་རིན་ཆེན་རྣམ་གསལ། པཉྩསྰཡག མདའ་ལྔ་པ་སོགས། སུམ་ཅུ་ལྷག་ཙམ་ཡོད། །དེ་དག་རྣམས་ལས་མཆོག་ཏུ་གྱུར་པ་ནི། །དབང་ཕྱུག་ཆེན་པོའི་ཆགས་པའི་བསྟན་བཅོས་དང་། །བར་པ་ཡ་ནའི་འདོད་པའི་མདོ་གཉིས་ཡིན། །འདིར་ཡང་ཁོ་བོས་དེ་ལ་བརྟེན་ཏེ་བཤད། །ཕོ་ལ་མི་འདྲའི་རིགས་ནི་མང་ན་ཡང་། །རི་བོང་རིགས་དང་རི་དྭགས་ཁ་ཤའི་རིགས། །ཁྱུ་མཆོག་གླང་གི་རིགས་དང་རྟ་ཡི་རིགས། །རྣམ་པ་བཞི་པོ་འདི་ལ་མ་འདུས་མེད། །རི་བོང་རིགས་ནི་ལུས་པོ་ཆེ་ཆུང་རན། །བསམ་པ་བཟང་ཞིང་བཞིན་ལ་འཛམ་བག་ལྡན། །དགེ་བའི་ལས་བྱེད་ཡ་རབས་གྲོགས་དང་འགྲོགས། །གཞན་གྱི་ཆུང་མ་དག་ལ་སྤྱོད་པ་སྤངས། །མཐོ་ལ་གུས་ཤིང་དམན་ལ་ཕན་འདོགས་བྱེད། །རྙེད་པའི་སླ་བའི་ཟས་དང་གོས་ལ་སྤྱོད། །འདས་དང་མ་འོངས་དག་ལ་མི་དཔྱོད་ཅིང་། །རྟག་ཏུ་སྒྱིད་ལུག་རྩེ་དགའི་ངང་དུ་སྡོད། །ཕོ་མཚན་འགྲེང་བའི་ཚེ་ན་སོར་དྲུག་ཙམ། །ནོར་བུའི་དབྱིབས་ནི་འཇམ་ཞིང་ཟླུམ་པ་ཉིད། །འཁྲིག་པ་མགྱོགས་ཤིང་ཁུ་བ་མྱུར་དུ་འབྱིན། །རྔུལ་ཆ་ཁུ་བ་དག་ལས་དྲི་ཞིམ་འབྱུང་། །ཞིང་ས་བཟང་ཞིང་སྐྱིད་པའི་ཡུལ་རྣམས་སུ། །རི་བོ་རིགས་ནི་མང་དུ་ཡོད་པ་ཡིན། །རི་དྭགས་རིགས་ནི་མིག་འབུར་ཕྲག་ཞེང་ཆེ། །སློབ་དཔོན་ལ་གུས་གཙང་སྦྲའི་ལས་ལ་དགའ། །ཤེས་རབ་རྣོ་ཞིང་འགྲོ་ཚེ་མཆོང་རྒྱུག་བྱེད། །རྟག་དུ་གླུ་ལེན་རྒྱན་གོས་བཟང་པོ་གྱོན། །བདེན་པར་སྨྲ་ཞིང་ལྟོ་འདོད་ཆེ་བ་སྟེ། །གྲོགས་པོ་རྣམས་ལ་རྟག་ཏུ་ཟས་མགྲོན་གཏོང་། །འདོམས་དང་མཆན་ཁུང་དག་ན་སྤུ་ཉུང་ཞིང་། །འདི་ཡི་སྐྱེས་པའི་དབང་པོ་སོར་བརྒྱད་ཙམ། །ཕལ་ཆེར་ས་སྟེང་ཡུལ་གྲུ་མ་ལུས་ན། །རི་དྭགས་རིགས་འདིའི་སྐྱེས་པ་མང་དུ་འོང་། །གླང་གི་རིགས་ནི་གཟུགས་ཆེ་བཞིན་མདངས་མཛེས། །རང་བཞིན་མི་བརྟན་ངོ་ཚ་ཆུང་བའི་རིགས། །གྲོགས་དང་མཐུན་པར་སླ་ཞིང་གྱེས་པར་སླ། །ཟས་མང་ཟ་ཞིང་གླུ་དང་གར་ལ་མཁས། །སྤྱོད་པ་འཆལ་ཞིང་འདོད་ཆགས་ཆེ་བ་སྟེ། །བུད་མེད་རྙེད་ཚེད་ཀུན་ལ་སྤྱོད་པར་བྱེད། །འདི་ཡི་སྐྱེས་པའི་དབང་པོ་སོར་བཅུ་ཙམ། །རྔུལ་ཆུ་ཁུ་བ་དག་ལས་དྲི་ངན་འབྱུང་། །ཕལ་ཆེར་རྒྱ་མཚོའི་འགྲམ་དང་ཐང་ཆེན་གྱི། །ཡུལ་གྲུ་དག་ན་རིགས་འདི་མང་དུ་མཆིས། །རྟ་ཡི་རིགས་ནི་རྒྱག་ཅིང་གཟུགས་རགས་ཆེ། །མདོག་ནག་རྐང་པ་རིང་ཞིང་མྱུར་དུ་འགྲོ། །ཁྲོས་པའི་ཉམས་ལྡན་ཁྲམ་དང་རྫུན་ལ་དགའ། །རྒན་གཞོན་ཁྱད་མེད་བུད་མེད་ཀུན་དང་འགྲོགས། །རིགས་འདི་ཧ་ཅང་ཆགས་པ་ཆེ་བ་སྟེ། །ཉན་ན་རང་གི་མ་སྲིང་ལ་ཡང་སྤྱོད། །ཉེ་བའི་གཉེན་དང་བླ་མའི་བུ་མོ་སོགས། །འོས་མ་ཡིན་པ་མཐའ་དག་བསྒྲོད་པར་བྱེད། །འཁྲིག་པ་ཅི་ཙམ་སྤྱད་ཀྱང་སྟོབས་མཆོར། །བུད་མེད་མེད་པར་ཞག་གཅིག་སྡོད་པའང་དཀའ། །ཕོ་མཚན་མཁྲེགས་ཤིང་ཤིན་ཏུ་སྦོམ་པ་སྟེ། །འགྲེང་བའི་ཚེ་ན་སོར་ནི་བཅུ་གཉིས་ཙམ། །ཁུ་བ་མང་ཞིང་དྲི་མ་ངན་པ་འབྱུང་། །ཡུལ་རྣམས་ཀུན་ན་རིགས་འདི་མང་མོད་ཀྱི། །འོན་ཀྱང་ཆར་ཆུ་དཀོན་ཅིང་ས་རྩུབ་པའི། །ཚ་བའི་ཡུལ་ན་ལྷག་པར་མང་བ་ཡིན། །དེ་ལྟར་བཤད་པའི་རིགས་ཀྱི་རྩ་བ་བཞི། །སླར་ཡང་རྒྱས་པར་དབྱེ་ན་བཅུ་དྲུག་སྟེ། །དཔེར་ན་རི་བོང་རིགས་ཀྱི་རི་བོང་དང་། །དེ་བཞིན་རི་བོང་རིགས་ཀྱི་རི་དྭགས་ཏེ། །རི་བོང་རིགས་ཀྱི་གླང་དང་རྟ་ཡི་རིགས། །དེ་བཞིན་རི་དྭགས་རིགས་ལ་བཞི་ཡོད་དེ། །གླང་དང་རྟ་ཡི་རིགས་ལའང་བཞི་བཞི་ཉིད། །དེ་འདྲའི་རིགས་ཀྱི་ཁྱད་པར་ཕྲ་མོ་རྣམས། །མཁས་པ་རྣམས་ཀྱིས་ཞིབ་ཏུ་བརྟག་ན་ཤེས། །མོ་ལ་མི་འདྲ་རིགས་ནི་མང་ན་ཡང་། །པད་མ་ཅན་གྱི་རིགས་དང་རི་མོ་ཅན། །དུང་ཅན་མ་དང་གླང་ཆེན་མ་ཡི་རིགས། །རྣམ་པ་བཞི་པོ་འདི་ལ་མ་འདུས་མེད། །པད་མ་ཅན་ནི་བུད་མེད་རིགས་ཀྱི་མཆོག །མཛེས་འཛུམ་བཞིན་དྭངས་ཕྲ་ལ་ལྡེམ་པའི་གཟུགས། །སྨེ་ཐིག་མེད་ཅིང་དཀར་བ་ངང་པའི་མདོག །གནག་སྣུམ་ཤིན་ཏུ་རིང་བའི་སྐྲ་དང་ལྡན། །རི་དྭགས་སྐྲག་པ་བཞིན་དུ་གཡོ་བའི་མིག །སྣ་ཡི་བུ་ག་ཆུང་ཞིང་སྨིན་མ་སྟུག །གཙང་མའི་གོས་དང་དམན་པའི་ཟས་ལ་དགའ། །མེ་ཏོག་ལ་སོགས་ཉུང་ངུའི་རྒྱན་ཙམ་འདོགས། །བྱམས་སེམས་ཆེ་ཞིང་དགེ་བའི་ལས་ཅན་ཏེ། །རང་གི་ཁྱོ་ལས་གཞན་ལ་ཆགས་པ་སྤངས། །འཇམ་ཞིང་ཟླུམ་ལ་རྒྱག་པ་མ་ཡིན་སྐེམ་མ་ཡིན། །གཡོ་བའི་མིག་དཀྱུས་པད་མའི་འདབ་ལྟར་ཡངས། །ཏིལ་གྱི་མེ་ཏོག་འདྲ་སྣ་དང་ལྡན། །ཁ་དོག་སྣ་ཚོགས་བཀྲ་བའི་གོས་གྱོན་ཞིང་། །མེ་ཏོག་སེར་པོའི་ཕྲེང་བ་འདོགས་པར་བྱེད། །རི་མོའི་རིགས་བྱེད་ཀུན་ལ་རབ་དགའ་ཞིང་། །ངོ་མཚར་ཅན་གྱི་གཏམ་རྒྱུད་ཉན་ལ་སྤྲོ། །ནེ་ཙོ་ལ་སོགས་བྱིའུ་ཆུང་སྣ་ཚོགས་བསྲེལ། །རྟག་ཏུ་བྱིས་པའི་ཚོགས་ཀྱིས་བསྐོར་ཞིང་གནས། །བྲིས་བའི་རི་མོ་བཞིན་དུ་གཟུགས་མཛེས་པ། །དེ་ཕྱིར་འདི་ལ་རི་མོ་ཅན་ཞེས་བརྗོད། །འཁྲིག་པའི་བདེ་ལ་འདུན་པ་ཆུང་བ་ཉིད། །ཁྱད་པར་གཞན་ནི་པད་མ་ཅན་དང་འདྲ། །སྐྱེ་གནས་ཟླུམ་ཞིང་ཟབ་ཏུ་སོར་བརྒྱད་དེ། །འདོམས་ཀྱི་སྤུ་ཉུང་དྭངས་པའི་ཟླ་མཚན་འབེབས། །ཨུ་ལོ་མ་ཀ་དང་ནི་རོ་ལྡན་མ། །བུད་མེད་རི་མོ་ཅན་གྱི་རིགས་ཡིན་ཅིང་། །གངྒྰ་ཀ་བེ་རི་དང་སི་ནྔྷུ་སོགས། །ཆུ་བོ་ཆེན་པོའི་འགྲམ་ཏུ་འབྱུང་བར་བཤད། །དུང་ཅན་མ་ནི་ཕྲ་ལ་རིང་བའི་གཟུགས། །མགྲིན་པ་ཀྱོག་ཅིང་སྣ་རྩེ་གྱེན་དུ་ཕྱོགས། །གདོང་པའི་དབྱིབས་རིང་མཛེས་པའི་ཁ་དོག་ལྡན། །སྣ་ཚོགས་ཁ་ཟས་ཡང་དང་ཡང་དུ་ཟ། །ཁྱིམ་དང་གཡོག་འཁོར་སྐྱོང་ལ་མཁས་པ་ཉིད། །ཁ་བདེ་ཁོག་གསལ་སྦ་གསང་ཆུང་བའི་རིགས། །འགྲོགས་ཚད་ཀུན་ལ་མྱུར་དུ་འདྲིས་པར་སླ། །རྒན་རབས་རྣམས་ལ་བཀུར་སྟི་ཆུང་མོད་ཀྱང་། །རང་གི་ཁྱིམ་དང་མཐུན་པར་འགྲོགས་ཞེས་བཤད། །ཕྲག་དོག་དང་ནི་ཆགས་པ་ཆེ་པ་སྟེ། །སྐྱེ་གནས་དྲོད་ལྡན་ཟབ་ཏུ་སོར་བཅུ་ཙམ། །འདོམས་སྤུ་སྟུག་ཅིང་གཡའ་ཆུ་འབྱིན་པར་སླ། །ལུས་དང་བྷ་ག་དག་ལས་སྐྱུར་དྲི་འབྱུང་། །འཇིག་རྟེན་ཁམས་ཀྱི་བུད་མེད་ཕལ་མོ་ཆེ། །དུང་ཅན་མ་ཡི་རིགས་སུ་འདུས་མོད་ཀྱང་། །ཡུལ་གྱི་བཟང་ངན་ཚ་གྲང་ཁྱད་པར་ལས། །དབྱིབས་དང་ཁ་དོག་མི་འདྲ་མང་དུ་འོང་། །ཁ་མང་ལྕེ་བདེ་མགྲིན་པ་འཁྱོག་པ་གསུམ། །རིགས་འདི་ཉིད་ལ་མི་འཁྲུལ་རྟགས་སུ་བཟུང་། །གླང་ཆེན་མ་ནི་བོང་ཐུང་ཡན་ལག་སྦོམ། །ཁ་སྣ་འཐུག་ཅིང་འཕོང་མགོ་གཞན་ལས་ཆེ། །མིག་དམར་སྐྲ་རྩུབ་ཕྲག་པ་ཐུར་དུ་གཞོལ། །ནུ་མ་ཤིན་ཏུ་སྦོམ་ཞིང་རྡོ་ལྟར་སྲ། །ཟས་མང་ཟ་ཞིང་དྲག་ལ་འཚེར་བའི་སྐད། །མགོ་མཇུག་མེད་པའི་ལུས་པོ་རྒྱན་གྱིས་གཡོགས། །གཡེམ་པའི་ལས་དང་མ་རབས་གཏམ་ལ་དགའ། །ཕལ་ཆེར་རང་གི་ཁྱོ་དང་ཁ་འབྲལ་བྱེད། །སྐྱེས་པ་གཟུགས་ཆེན་སྟོབས་དང་ལྡན་པ་དང་། །གཞན་ཡང་རྙེད་ཚད་ཀུན་ལ་བརྟེན་པ་སྟེ། །ཤིན་ཏུ་འབར་བའི་འདོད་ཆགས་ཤུགས་ལྡན་པས། །བུ་དང་ཕ་ལའང་ཉལ་པོ་འདོད་པར་བྱེད། །ཞག་རེ་བཞིན་དུ་འཁྲིག་པ་ལན་མང་དགོས། །སྐྱེས་པ་བརྒྱ་ཡིས་སྤྱད་ཀྱང་མི་ཚིམ་ལོ། །སྐྱེ་གནས་སྤུ་མང་མེ་ལྟར་དྲོད་འབར་ཞིང་། །རྟག་ཏུ་བརླན་འཛག་གླང་མོའི་དྲི་འདྲ་འབྱུང་། །གཡེམ་མ་འདི་འདྲ་ཆུང་མར་མི་འོས་ཀྱང་། །ལས་ལ་རེམ་པར་ཁོལ་མོ་མཆོག་ཏུ་གྲགས། །དེ་ལྟར་བུད་མེད་རྩ་བའི་རིགས་བཞི་ལ་། ། སླར་ཡང་བཞི་བཞིར་ཕྱེ་བས་བཅུ་དྲུག་སྟེ། །པད་མ་ཅན་གྱི་པད་མ་ཅན་ལ་སོགས། །གོང་དུ་བཤད་པ་ཇི་བཞིན་ཤེས་པར་བྱ། །དབྱེ་བ་འདི་དག་དབང་ཕྱུག་ཆེན་པོས་གསུངས། །པཏྶ་ཡ་ཎས་གསུམ་གཉིས་དྲུག་ཏུ་བཤད། །རི་བོང་ཁྱུ་མཆོག་རྟ་ཡི་རིགས་གསུམ་ཕོ། །རི་དྭགས་རྒོད་མགླང་མོ་གསུམ་ནི་མོ། །སྡེ་ཚན་གཉིས་ཀྱི་རབ་འབྲིང་ཐ་མ་ནི། །གྲངས་ཀྱི་གོ་རིམ་བཞིན་དུ་ཤེས་པར་བྱ། །གཞན་ཡང་དབྱེ་ཚུལ་མང་དུ་བཤད་མོད་ཀྱང་། །ཅུང་ཟད་ཙམ་རེ་མིན་པ་ཐམས་ཅད་མཐུན། །བུད་མེད་གང་གི་གཡོན་གྱི་འགྲམ་རྩ་རུ། །སྨེ་བ་དམར་པོའི་མདོག་ཅན་ཆགས་གྱུར་པ། །གཞོན་ནུའི་དུས་སུ་དཀའ་སྡུག་མྱང་མོད་ཀྱི། །སུམ་ཅུ་ལོན་ནས་བདེ་སྐྱིད་དཔལ་ཐོབ་འགྱུར། །གལ་ཏེ་སྨེ་བ་ནག་པོ་ཆགས་ན་ནི། །རང་ལོ་བཞི་བཅུའི་འོག་ཏུ་བདེ་ལྡན་འགྱུར། །གང་གི་དཔྲལ་བའི་དབུས་ཀྱི་སྐྲ་མཚམས་སུ་། །ཁ་དོག་ནག་པོའི་སྨེ་བ་ཆགས་གྱུར་པ། །རང་བཞིན་ངན་ཅིང་གྲོགས་དང་མཐུན་མི་འགྱུར། །གལ་ཏེ་དམར་པོ་ཆགས་ན་ཁྱོ་ཡིས་བྱམས། །དཔྲལ་བའི་གཡོན་དུ་སྨེ་བ་ཆགས་པ་ནི། །ཀུན་གྱིས་བྱམས་ཤིང་ནོར་དང་བཀུར་བསྟི་རྙེད། །གལ་ཏེ་དཔྲལ་བའི་གཡས་སུ་ཆགས་ན་ནི། །གང་བརྩམ་ལས་རྣམས་མཐའ་རུ་ཕྱིན་མི་འགྱུར། །གང་གི་གཡོན་གྱི་སྨིན་མའི་འོག་དག་ཏུ། །སྨེ་བ་ལྗང་ཁུའི་ཕྲེང་བ་ཆགས་གྱུར་པ། །རྒྱ་ཆེན་ལོངས་སྤྱོད་དག་དང་འཕྲད་འགྱུར་ཞིང་། །ཚུལ་ཁྲིམས་གཙང་ཞིང་བདག་པོས་བྱམས་པར་འགྱུར། །སྨེ་བ་དམར་པོ་མིག་གི་གྲྭར་ཆགས་པ། །མྱ་ངན་མི་འབྲལ་མཚོན་གྱི་འོག་ཏུ་འཆི། །མཁུར་ཚོས་དག་ལ་སྨེ་བ་ཆགས་པ་ནི། །ཤིན་ཏུ་འབྱོར་མིན་ཤིན་ཏུ་དངུལ་མི་འགྱུར། །གང་གི་སྣ་ལ་སྨེ་བ་ཆགས་པ་ནི། །ཐག་རིང་ཡུལ་བགྲོད་གང་བརྩམ་བྱ་བ་འགྲུབ། །འགྲམ་ལྟག་གཡས་སུ་སྨེ་བ་ཆགས་པ་ནི་། །རྟག་ཏུ་དྲག་པོའི་སྡུག་བསྔལ་མྱོང་བར་བཤད། །ཁ་ཡི་ཉེ་འཁོར་དག་ལ་སྨེ་བ་ཡོད། །ཀུན་གྱིས་བྱམས་ཤིང་ཟས་ནོར་ལོངས་སྤྱོད་རྙེད། །གང་གི་འོལ་ཀོར་སྨེ་བ་ཆགས་པ་ནི། །ཐེ་ཚོམ་མེད་པར་ནོར་གྱི་བདག་པོར་འགྱུར། །དེ་བཞིན་རྣ་བའི་གོང་དུ་སྨེ་བ་ཆགས། །འཁྲུགས༼་ཡང་སྐྱེ་བོ་ཀུན་གྱིས་བཀུར་བར་བཤད། མགྲིན་པའི་སྟེང་དུ་སྨེ་བ་ཆགས་པ་ནི། །རེ་བ་མེད་པའི་ཕྱོགས་ནས་ལོངས་སྤྱོད་ཐོབ། །གཡོན་གྱི་ནུ་མར་སྨེ་བ་ཆགས་གྱུར་ན། །བུ་མོ་མང་དུ་སྐྱེ་ཞིང་སྡུག་བསྔལ་འགྱུར། །བུད་མེད་གང་གི་གཡས་པའི་ནུ་མ་ལ། །སྨེ་བ་ཆགས་པས་བུམ་ལ་བཙའ་བར་བཤར། །གཡས་གཡོན་ཕྲག་པར་སྨེ་བ་ཆགས་པ་ནི། །ཀུན་གྱིས་ནོན་པར་དཀའ་བའི་སྟོབས་ལྡན་འགྱུར། །བྲང་ལ་སྨེ་བ་ཆགས་ན་བསམ་པ་ངན། །ལྟོ་བར་སྨེ་བ་ཆགས་ན་ལྟོ་འདོད་ཆེ། །དེ་ལྟར་བུད་མེད་ལུས་ཀྱི་གཡོན་ཕྱོགས་ལ། །སྦྱར་ཏེ་དགེ་སྡིག་མཚན་མ་གང་བཤད་པ། །སྐྱེས་པ་རྣམས་ལ་གཡས་སུ་ལྡོག་སྟེ་སྦྱར། །འོན་ཀྱང་འདི་ལ་ཡིད་བརྟན་ཆེར་མ་མཆིས། །བཅུ་གཉིས་ལོ་ཡི་འོག་ཏུ་གནས་པ་ཡི། །བུད་མེད་རྣམས་ནི་གཞོན་ནུ་མ་རུ་བརྗོད། །སོ་རྩི་ལ་དུ་ལ་སོགས་སྦྱིན་བྱ་ཞིང་། །འོ་བྱ་དགའ་བའི་གཏམ་ཡང་བརྗོད་པར་བྱ། །བཅུ་གསུམ་ནས་བཟུང་ཉེར་ལྔ་ལོན་གྱི་བར། །བུད་མེད་དར་མ་ཉིད་དུ་བརྗོད་པ་སྟེ། །འོ་དང་སེན་མོ་ལ་སོགས་གདབ་བྱ་ཞིང་། །ལྷན་ཅིག་འགྲོག་སྟེ་དགའ་བ་མྱང་བར་བྱ། །ཉེར་དྲུག་ནས་ནི་ལྔ་བཅུ་ལོན་གྱི་བར། །སྨིན་པའི་བུད་མེད་ཉིད་དུ་བརྗོད་བྱ་སྟེ། །ཆགས་པའི་གཏམ་དང་སོ་དང་སེན་མོ་སྦྱིན། །དེ་བཞིན་འདོད་པའི་ལོངས་སྤྱོད་སྦྱིན་པར་བྱ། །ལྔ་བཅུ་བརྒལ་བར་གྱུར་བུད་མེད་རྣམས། །རྒན་མོ་ཉིད་དུ་བརྗོད་པར་བྱ་བ་སྟེ། །སྙན་དང་ཞེ་སའི་ཚིག་གིས་བཀུར་བྱ་ཞིང་། །འཕྲལ་ཕུག་ལེགས་བའི་གྲོས་ཀྱང་འདྲི་བར་བྱ། །འདོད་ཁམས་ས་ཡི་སྟེང་དུ་སྐྱེས་པའི་མི། །མི་མཐུན་རིགས་ཅན་ཕོ་མོ་གཉིས་ཀས་འདོད། །འདོད་པའི་བདེ་བ་བདེ་བའི་ནང་ན་མཆོག །མཆོག་དམན་ཀུན་གྱིས་རྙེད་པར་སླ་བའང་ཡིན། །གལ་ཏེ་འཁྲིག་པའི་འབྲེལ་བས་མ་བསྡུས་ན། །ཕོ་མོའི་རིགས་ནི་འདི་ལྟར་ཐ་དད་པས། །འཇིག་རྟེན་ཁམས་སུ་སྡེ་གཉིས་ཆད་གྱུར་ཏེ། །རྟག་དུ་གཡུལ་དང་རྒོད་ཀྱིས་གནས་པར་ངེས། །དགོན་པའི་ནགས་སུ་བཞུགས་པའི་དགེ་སློང་རྣམས། །འདི་ཡི་རིན་ཐང་ཆེ་ཆུང་མི་མཁྱེན་མོད། །དལ་འབྱོར་བཅོ་བརྒྱད་ལྡན་པའི་ལུས་རྟེན་ཀྱང་། །ཐོག་པའི་རྟེན་འབྲེལ་དང་པོ་དེ་ནས་འགྲིག །འཁྲིག་པ་སྤངས་ན་མི་ཡི་འཇིག་རྟེན་ཁམས་། །སྐད་ཅིག་ཙམ་ལ་ངེས་པར་སྟོང་འགྱུར་ཞིང་། །མི་ཡི་སེམས་ཅན་མེད་ན་དགེ་སློང་དང་། །སངས་རྒྱས་བསྟན་པ་དེ་ལས་ག་ལ་འོང་། །རྒྱན་དྲུག་མཆོག་གཉིས་རྒྱ་གར་ཡུལ་དུ་བྱོན། །སྟོན་པ་གཤེན་རབ་འོལ་མོ་ལུང་དུ་འཁྲུངས། །ཏྰ་མིང་རྒྱལ་བོ་རྒྱ་ནག་མཁར་དུ་སྐྱེས། །དངོས་པོའི་འབྱུང་ས་གང་ཡིན་བཤད་མི་དགོས། །ཚངས་པའི་ཁ་ལས་བྲམ་ཟེའི་རིགས་བྱུང་ཞེས། །མུ་སྟེགས་གཞུང་ལས་བཤད་པ་བདེན་དཀའ་ཡང་། །བུད་མེད་འདོམས་ནས་རིགས་བཞི་ཀུན་སྐྱེས་པ། །མཁས་བླུན་སྐྱེ་བོ་སུས་ཀྱང་བསྙོན་དུ་མེད། །ནོར་དང་དབང་ཐང་བྲལ་བའི་ཕོ་མོ་ཡང་། །མལ་གྱི་ནང་ན་མཐོ་རིས་བདེ་བ་རྫོགས། །མགོ་བོ་དུང་ལས་དཀར་བའི་རྒད་པོ་ཡང་། །རྒན་མོའི་རུམ་ན་བརྗོད་མེད་དགའ་བ་མྱོང་། །བསམ་པ་ངན་པས་བསྡམ་ཞིང་བརྡེག་པ་མིན། །གནོད་པའི་སེམས་ཀྱིས་མདུང་གིས་ཕུག་པ་མིན། །འདོད་པའི་མི་ལ་འདོད་པ་སྦྱིན་པ་ལ། །དགེ་བ་མེད་ཀྱང་སྡིག་པ་ག་ལ་ཡོང་། །འདོད་པ་ཅན་ལ་བུད་མེད་སྤྲོད་པ་ནི། །སྦྱིན་པ་རྣམས་ཀྱི་ནང་ན་མཆོག་ཡིན་ཞེས། །དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ལེའུར་གསུངས།