འབའ་རོམ་བཀའ་བརྒྱུད་དང་ཧོར་གྱི་མཆོད་ཡོན་འབྲེལ་བ་

འབའ་རོམ་བཀའ་བརྒྱུད་དང་ཧོར་གྱི་མཆོད་ཡོན་ འབྲེལ་བའི་ལོ་རྒྱུས།


རས་པ་དཀར་པོ། འགྲོ་མགོན་ཏི་ཤྲཱི་སངས་རྒྱས་རས་ཆེན་གྱི་ཐུགས་སྲས་ཅིག་པུ་སྤྱན་སྔ་རས་པ་དཀར་པོའམ་རས་དཀར་ཤེས་རབ་བྱང་ཆུབ་དེ་ཉིད། རབ་བྱུང་གསུམ་པའི་ས་རྟ་སྤྱི་ལོ་༡༡༩༨ལོར་ཤར་ མི་ཉག་འགའ་ཡི་ཡུལ་དུ་སྐུ་འཁྲུངས་ཤིང་། ཏི་ཤྲཱི་རིན་པོ་ཆེ་འཇལ།བླ་མ་རིན་པོ་ཆེའི་སྣོད་ ལྡན་གྱི་སློབ་མར་དགོངས་ཏེ་རྗེས་སུ་བཟུང་།མཁན་སློབ་དགེ་འདུན་དང་བཅས་པའི་དབུས་ སུ་བསྙེན་པར་རྫོགས་པས་མཚན་ཤེས་རབ་བྱང་ཆུབ་ཏུ་གསོལ།ཕྱི་ནང་གི་ཆོས་ཐམས་ཅད་ལ་གསན་སྦྱང་དཔག་ཏུ་མེད་པར་མཛད།ཁྱད་པར་དུ་ནཱ་ར་ཆོས་དྲུག་དང་ཕྱག་ཆེན་གྱི་ཁྲིད་མཛད་པ་ཙམ་གྱིས་རྟོགས་པ་ཅིག་ཅར་དུ་སྐྱེས།རྩེ་ཅིག་ཏུ་བསྒོམས་པས་རྩ་རླུང་ལ་རང་དབང་ཐོབ་ཅིང་གནད་དུ་བསྣུན་ཤིང་། བྱང་སེམས་སྐུ་ལུས་ལ་བྲིམས་པས་ཞལ་རས་བཅོ་ལྔའི་ དུང་ཟླ་བཞིན་གསལ་བས་ དེའི་དོན་གྱིས་མཚན་རས་པ་དཀར་པོ་ཞེས་ཡོངས་སུ་གྲགས། བྲག་ལ་ཞབས་རྗེས་དང་མཁའ་ལ་འཕུར་བ་སོགས་རྫུ་འཕྲུལ་གྱི་བཀོད་པ་བསམ་ལས་འདས། མེར་ཆེན་རྩེ་རུ་རྡོ་མཁར་གྱི་ཕོ་བྲང་སོགས་མཛད། དགེ་འདུན་སྟོང་ཕྲག་ཕྱེད་གཉིས་ཙམ་འཚོགས།དེ་དག་ཐམས་ཅད་ཀྱང་ཕྱི་དགེ་སློང་ཞི་དུལ་གྱིས་སེམས་ཅན་གྱི་དྭངས་བ་འདྲེན་པ། ནང་གསང་སྔགས་ཀྱི་བསྐྱེད་རིམ་དང་ལྡན་པ། གསང་བ་བྱང་སེམས་ ཀྱིས་འགྲོ་བ་ཐར་ལམ་ལ་བཀོད་པ། དེ་ཁོ་ན་ཉིད་ཕྱག་ཆེན་གྱི་ དངོས་གྲུབ་ཐོབ་པ་ཤ་སྟག་གོ།མེར་ཆེན་རྩེར་སྒྲུབ་གྲྭའི་རི་དགོན་མཛད།གཟིམས་ཁང་དང་ཆོས་ཁྲི་ཕྱིས་ཀྱི་བར་དུ་ཡོད།དེར་ཆུ་ཤིན་ཏུ་དཀོན་པས་རི་རྩེ་དེ་ཉིད་ནས་ཆུ་འདོན་པར་མཛད།ལུགས་གཉིས་ཀྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པའི་ཞབས་འདེགས་རླབས་པོ་ཆེ་དང་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་དོ།།དགུང་ལོ་དྲུག་ཅུ་རེ་ལྔ་བཞེས་པ་རབ་བདུད་མེ་ཁྱི་སྤྱི་ལོ་༡༢༦༢ས་ཟླའི་ཚེས་བཅོ་བརྒྱད་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་གཤེགས།སྐུ་གདུང་སྦྱངས་པས་རིང་བསྲེལ་གྱི་ཕུང་པོར་གྱུར།སློབ་མ་དཔག་ཏུ་མེད་པ་ཡོད་ཀྱང་མཆོག་ཏུ་གྱུར་པ་ནི།སྤྱན་སྔ་ལུས་མེད་རྡོ་རྗེ་དང་། སྤྱན་སྔ་བྱང་ཆུབ་མགོན་ པོ།བྱང་ཆུབ་རྡོ་རྗེ། དཔལ་རྡོར་ཤེས་རབ་ཡེ་ཤེས།གུང་སྒོམ་ཨའུ།ཚུལ་པ་ཤེས་རབ་དཀོན་མཆོག།ལྷ་ཤཱཀྱ་རྒྱལ་བ།ཞང་སྒོམ་རས་པ།གཟི་དུ་རས་པ་སོགས་དཔག་ཏུ་མེད་པ་བྱུང་།དེ་དག་གི་ནང་ནས་མཆོག་ཏུ་གྱུར་པ་ནི་ལུས་མེད་རྡོ་རྗེ་ཡིན་ནོ།། སེ་ཆེན་རྒྱལ་པོ། སེ་ཆེན་རྒྱལ་པོའམ་རྒྱལ་བུ་གོང་བེ་ལ忽必烈སོགས་སུ་འབོད་པ་དེ་ནི་རང་རྒྱལ་ ཡོན་སོགས་པོའི་རྒྱལ་རབས་ནས་བརྩིས་པའི་རྒྱལ་ཐོག་ལྔ་པ་དང་གོང་མ་ཁྲི་ཐོག་དང་པོ་ ཡིན་ཅིང་། ཇིང་གེར་ཧན་གྱི་ 成吉思汗གྱི་ཚ་བོ་ཡིན། རབ་བྱུང་བཞི་པའི་ཤིང་ ཕག་སྤྱི་ལོ་༡༢༡༥ལོར་འཁྲུངས། སྐུ་ན་གཞོན་དུས་མོ་ནན་རྒྱ་རིགས་ས་ཁུལ་གྱི་འགོ་འཛིན་ གནང་ཞིང་། དེའི་རིང་དམག་དཔུང་བཅའ་སྡོད་ཀྱིས་ཞིང་འདེབས་ལམ་ལུགས་གསར་ གཏོད་དང་། ཆུ་བེད་འཛུགས་སྐྲུན། ཞིང་ལས་ཐོན་སྐྱེད་གོང་འཕེལ་བཏང་། དགུང་ལོ་ཞེ་དྲུག་པ་རབ་བྱུང་བཞི་པའི་ལྕགས་སྤྲེལ་སྤྱི་ལོ་༡༢༦༠ལོར་ཁྲིད་འཁོད། སུང་ལྷོ་ མའི་རྒྱལ་ཁབ་ཙམ་མ་གཏོགས་རྒྱལ་ཡོངས་ས་གནས་ཕལ་ཆེ་བ་མངའ་འོག་ཏུ་བསྡུས། གོང་མ་འདི་ནི་ཧོར་གྱི་རྒྱལ་པོ་ལས་ཆེས་སྟོབས་ཆེ་བའི་རྒྱལ་པོ་ཞིག་སྟེ་ཁོང་གིས་རྒྱ་བོད་ ཧོར་གསུམ་གྱི་ས་ཆ་ཡོངས་རྫོགས་དབང་དུ་བསྡུས་ཏེ་སྲིད་ཁྲིམས་གཅིག་གིས་ཤར་ཕྱོགས་ གླིང་ཕྲན་ཀའོ་ལི་ནས།མན་ཇུ།ཞིས་པན།སི་ཡན་སོགས་ནས་ནུབ་ངོས་རྒྱ་གར་གྱི་ཕྱེས་ཁ་ ཆེའི་མཐའ་མཚམས་བར་དབང་དུ་བསྡུས་ཏེ། ཤར་ཨེ་ཤ་ཡ་གླིང་གི་སྟོབས་ཅན་རྒྱལ་ཁབ་ཞིག་ཆགས་པ་རེད། ༡༢༩༤ལོར་འདས། རས་པ་དཀར་པོ་དང་སེ་ཆེན་རྒྱལ་པོ་གཉིས་འཇལ་འཕྲད། བླ་མ་ཏི་ཤྲཱི་རས་པ་གཤེགས་རྗེས་སྐུ་འབུམ་གྱི་ས་དེ་ཉིད་དུ་སྒར་པ་བཞུགས་ཅིང་། གཤེགས་རྫོགས་ཀྱི་གདུང་འབུམ་ཆེན་མོ་ཞག་ལྔ་བཅུ་ནས་གྲུབ། བཞུགས་ཁང་ཐོག་གཉྫི་ ར་དང་བཅས་པ་བླ་ན་མེད་པ་མཛད།ཕྱི་ལོ་༡༢༣༦རབ་བདུན་མེ་སྤྲེལ་ལ་བཞུགས་ཡུལ་གྱི་གཟིམས་ཁང་དང་དགོན་པ་འདེབས་པར་མཛད་པ་ལ་སྐུ་འབུམ་རྩ་བ་ཟེར།དེ་ནས་སྤྱན་སྔ་རས་དཀར་ཤེས་རབ་བྱང་ཆུབ་ཀྱིས་བྱང་སྐྱོ་ལྟག་ན་བ་གསེར་གྱི་གོང་བ་ཆགས་ཀྱིས་བཅག་ནས་བཞུགས།དུས་དེར་ཧོར་སེ་ཆེན་རྒྱལ་པོའམ་རྒྱལ་བུ་གོ་བེ་ལ་忽必烈ཞེས་པས་མདོ་སྨད་དུ་དམག་དྲངས་ནས་བྱོན་པ་ལ།ཆོས་རྗེ་རས་པ་དཀར་པོ་དང་གུང་སྒོམ་ཨའུ་དཔོན་སློབ་མཇལ། སྤྱན་གཟིགས་རྒྱ་ཆེར་ཕུལ། འབའ་རོམ་བཀའ་རྒྱུད་དང་ཧོར་གྱི་མཆོད་ཡོན་འབྲེལ་བ། རས་པ་དཀར་པོའི་སེ་ཆེན་རྒྱལ་པོའམ་རྒྱལ་བུ་གོ་བ་ལ་མཇལ་རྗེས་འགྲོ་མགོན་ཏི་ཤྲཱི་སངས་ རྒྱས་རས་ཆེན་གྱི་སྐུ་འབུམ་ཆེན་མོའི་རྩར་གཙུག་ལག་ཁང་བཞེངས་པའི་བཀའ་ལུང་གནང་བར་ཞུས་པས། ཆོས་རྗེ་རས་པ་དཀར་པོ་ལ་ཤིན་ཏུ་དད་པར་གྱུར་ཏེ་རྒྱལ་པོའི་སྤྱི་ བོར་བཀུར་ནས་ལྷ་ཆོས་ཀྱི་བླ་མ་དང་། གུ་ཡི་གུང་སྒོམ་ཨའུ་མི་ཆོས་ཀྱི་དཔོན་དུ་བསྐོས། དེའི་དུས་སུ་གནས་དྲུག་ཁྲི་སྐོར་དུ་གྲགས་ པ་ཆབ་འབངས་ཀྱི་ལྷ་སྡེར་ཕུལ། དེར་གནས་དྲུག་ལ་རེ་རེར་ཁྲི་སྡེ་ གཉིས་རེ་བསྡོམས་ཁྲི་སྐོར་བཅུ་གཉིས་ཡོད་པར་གྲགས། གཙུག་ལག་ཁང་བཞེངས་པའི་བཀའ་ལུང་དང་ཁྲོ་ཐམ་ཆེན་མོ་གོས་དར་གསེར་དངུལ་སོགས་ཀྱི་མཐོང་གཟིགས་བླ་ན་མེད་པར་མཛད། གནས་དྲུག་ཁྲི་སྐོར་བཅུ་གཉིས་མངའ་ཞབས་སུ་བསྡུས་པ། དེ་ནས་ཡར་ཕེབས་ཏེ་གནས་དྲུག་ཁྲི་སྐོར་མངའ་ཞབས་སུ་བསྡུས།གནས་དྲུག་ནི་༡རྟམ་མཁར་སྐྱ།༢ཆམ་མཁར་དམར།༣རྫ་གྱིང་ཐང་།༤ལྕི་དབེ་ཁུ།༥ལྷོ་རྟ་ཤོད།༦འདན་རག་ཐག་ཡིན་ཟེར་ཞིང་།གང་ལྟར་ནའང་དུད་ཁྲི་སྐོར་བཅུ་གཉིས་ཡིན་ལ་ས་ཧོར་གྱིས་གཏན་ལ་ཕབས་པའི་གཞིས་ཁ་དྲུག་ནས་དེའི་དཔྱ་ཁྲལ་སྡུད་ཅིང་།སྐུ་འབུམ་དགོན་དུ་འབུལ།མི་ཉག་ཡུལ་ནས་ཤིང་བཟོ་བ་དང་རྡོ་བཟོ་བ་བོས་ཏེ་ལྷ་ཁང་ནང་སོ་ཆེན་མོ་ཞེས་པ་ཀ་བ་བརྒྱ་དང་ཉི་ཤུའི་མལ་ཐོག་གསུམ་བྱ་འདབ་གསེར་གྱི་གཉྫི་ར་ཁྱམས་སྐོར་ལམ་དང་བཅས་པ་འགྲན་ཟླ་དང་བྲལ་བ་རྒྱ་ཕིབས་སུ་བཞེངས།ཐོག་བར་མར་བཀའ་བརྒྱུད་དང་རྒྱུད་སྡེའི་ལྷ་རིས།འོག་མར་ཟང་གསེར་གྱི་ཐུབ་ཆེན་སོགས་རྟེན་མཆོད་ཀྱི་རིམ་པ་བསམ་ལས་འདས།ཕྱི་ཐམས་ཅད་རྒྱུད་སྡེའི་སྔགས་ཀྱིས་མཚན་པའོ།། དར་ཞིང་རྒྱས་པའི་མདོ་སྟོད་སྒོམ་སྡེའི་རྒྱལ་སྲིད། བོད་སིལ་བུའི་དུས་ནས་བཟུང་མདོ་སྟོད་ས་ཡི་ཐིག་ལེ་འདིར་ལུགས་ཟུང་གསེར་གྱི་འཁོར་ལོའི་དབང་སྒྱུར་བྱས་པ་ཆེས་སྔ་ཤོས་ནི་སྒོམ་སྡེའི་རྒྱལ་སྲིད་འདི་ཡིན་ལ།རས་པ་དཀར་པོ་དང་གུང་སྒོམ་ཨའུ་སོགས་ཀྱི་སྐབས་སུ་ས་སྐྱ་སོགས་ལ་འབྲེལ་བ་མེད་པར་གོང་ནས་གོང་མ་སེ་ཆེན་རྒྱལ་པོའི་ཐད་ཀར་གཟིགས་སྐྱོང་འོག་ཆོས་སྲིད་ཀྱི་ལས་ཀ་སྐྱོང་བཞིན་ཡོད། ཕྱིས་ལུས་མེད་རྡོ་རྗེའི་སྐབས་སུ་ད་གཟོད་མདོ་སྟོད་སྒོམ་སྡེའི་རྒྱལ་སྲིད་ལ་ཆོས་རྒྱལ་འཕགས་པས་གཟིགས་རྟོགས་མཛད་དེ།ཆོས་སྲིད་ཀྱི་ལས་ཀ་ཆེ་གྲས་ས་སྐྱ་གོང་ནས་བཀའ་ལུང་ཞུ་དགོས་པ་རེད།འདི་དག་གི་སྐབས་སུ་གདན་ས་སྐུ་འབུམ་དུ་བླ་མ་དགེ་བའི་བཤེས་གཉེན་དགེ་འདུན་པ་ཁྲི་ཕྲག་ལས་མི་ཉུང་ཞིང་ཕྱོགས་ཀྱི་མི་སྣ་སྐྱེ་བོ་ཕོ་མོའི་འདུ་བ་བསམ་གྱིས་མི་ཁྱབ་པའི་ཆོས་དང་ཆབ་སྲིད་ཆེར་རྒྱལ་པའང་མདོ་ཁམས་སྒང་འདིར་འདི་ལ་ལྷག་པ་མ་བྱུང་ ཞིང་། དཔལ་ལྡན་འབའ་རོམ་པའི་བསྟན་པའི་རྩ་ལག་ ཆེན་པོ་རྨད་དུ་བྱུང་བ་ཞིག་ སྟེ།འདིའི་སྐབས་ཀྱི་མཚན་ལ་རས་ཚང་སྒོམ་སྡེ་ཞེས་ཡོངས་སུ་ གྲགས་ཤིང་གྲུབ་པ་ཉིད་དོ།།