མནྜལ་དགོན་བཤད་སྒྲུབ་དར་རྒྱས་གླིང་།

དེའང་མདོ་ཁམས་རྒྱ་སྟོན་ལྡིང་དགུའི་ཡ་གྱལ་ཤོག་བཅུ་ལྡིང་དཔོན་གྱི་མངའ་ཁོངས་འབྲི་ཡུལ་དུ། ཐོག་མར་དུས་རབས་བཅུ་བཞི་པ་རབ་བྱུང་དྲུག་པའི་ནང་བླ་མ་རྒྱ་སྟོན་ཆོས་རྗེ་བཟང་པོས་ཕྱག་བཏབས་འབྲི་ཡུལ་སྐྱོག་ཀོ་དགོན་ཞེས་གྲགས། ཡུལ་གྱི་མིང་དངོས་འབྲི་ཡུལ་ཡིན་ཀྱང་ཕྱིས་སུ་སྒྲ་ཟུར་ཆག་ནས་འབུས་ཞེས་བརྗོད། ལྷོ་བདེ་སྟེང་དགོན་གྱི་ཡན་ལག་ཕྱག་རྒྱ་ཆེན་པོའི་ཉམས་ལེན་གནང་མཁན་བཀའ་བརྒྱུད་པ། ཕྱི་ལོ་ ༡༩༥༠ རབ་བྱུང་བཅུ་དྲུག་པའི་ལྕགས་སྟག་ལོར། དགོན་གནས་གཉིས་པ་རྫོགས་ཆེན་བླ་མ་ཐུབ་བསྟན་ཡེ་ཤེས་རིན་པོ་ཆེས་བྲི་ཡུལ་དགོན་དང་སོང་ཤོད་རི་ཁྲོད་གཉིས་གཅིག་ཏུ་སྡོམ་ཏེ། འབྲི་སོང་གཉིས་ཀྱི་བར་ས་སྟོང་ཞིག་ལ་ཕྱག་བཏབས། མཚན་ལ་མནྜལ་དགོན་བཤད་སྒྲུབ་དར་རྒྱས་གླིང་ཞེས་གསོལ། ཕྱག་རྫོགས་ཟུང་འབྲེལ་གྱི་ཉམས་ལེན་གནང༌། རྫོགས་ཆེན་བླ་མ་ཐུབ་བསྟན་ཡེ་ཤེས་རིན་པོ་ཆེས་འཛིན་སྐྱོང་འོག་དགེ་འདུན་ཞལ་གྲངས་བརྒྱ་དང་སུམ་ཅུ་ཙམ་ཡོད།  ཕྱི་ལོ་ ༡༩༥༩ ལོའི་དུས་འགྱུར་གྱིས་ཉམས་གུད་རྩ་རླག་ཏུ་སོང། སླར་ཡང་ཕྱི་ལོ་ ༡༩༨༨ ལོར་ཉམས་གསོ་གནང་། རྣལ་འབྱོར་པ་ཀརྨ་བཀྲ་ཤིས་འོད་ཟེར་དང་ཉིད་ཀྱི་སྲས་པོ་ཆོས་དབྱིངས་འགྲོ་འདུལ་རྡོ་རྗེ་རྣམ་གཉིས་ཀྱིས་གཟིགས་སྐྱོང་གནང་། དུས་མཆོད་ཁག་སྔར་རྒྱུན་ལྟར་ཉམས་གསོ་བྱུང་།  ད་ལྟའི་འཆར་ཡང་སྲིད་རིན་པོ་ཆེ་མཆོག་སྤྲུལ་ཡེ་ཤེས་རྡོ་རྗེས་འཛིན་སྐྱོང་དང༌རྙིང་མ་པའོ། དགེ་འདུན་ཞལ་གྲངས་བཅུ་ཕྲག་བཞི་ཙམ་རྒྱུན་བཞུགས་མཛད། དེང་སྐབས་ཆབ་མདོ་ས་ཁུལ་གྱི་དཔལ་འབར་རྫོང་སྲ་སྟེང་ཤང་འབྲི་སོང་གཉིས་ཀྱི་གྲོང་ཚོའི་ཁོངས་སུ་ཆགས་ཡོད།