འབྲུག་པ་ཀུན་ལེགས།་(1455—1520) ཁོང་ནི་རབ་བྱུང་དགུ་བའི་ནང་དུ་བྱོན་ཞིང་འབྲུག་པ་བཀའ་བརྒྱུད་པའི་བྱ་བྲལ་བའི་རྣལ་འབྱོར་བ་ཆེན་པོ་ཞིག་ཡིན། སྐུ་ན་ཆུང་ངུའི་དུས་སུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་གནས་ངེས་མེད་དུ་འགྲིམ་དགོས་བྱུང་། གཞོན་ནུའི་དུས་སུ་རབ་ཏུ་བྱུང་སྟེ་ཕྱོགས་སོ་སོར་ཕེབས་ནས་སྒྲུབ་པ་ཉམས་ལེན་མཐའ་འཁྱོལ་བར་བྱས་ཤིང་རྟོགས་པ་མཐོན་པོར་སོན། ཕྱིས་སུ་ཁྱིམ་ཐབས་བྱས་ཀྱང་གནས་ངེས་མེད་འགྲིམ་ནས་ཆོས་དང་ཆོས་མིན་གྱིས་བྱ་ངན་ལ་ཐེར་འདོན་དང་། དྲང་བདེན་མ་ཡིན་པའི་འཇིག་རྟེན་གྱི་སྤྱོད་ངན་དག་སོགས་ལ་དགག་རྒྱག་མཛད་དེ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བོད་མི་རིགས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེའོ། །

mini
mini

ཁྱེད་བླ་མ་རྣམས་ཀྱི་ཆོས་ལུགས་འདི།།
ཟབ་མོ་གཞན་ལ་འཆད་འཆད་ནས།།
རང་ལ་མེད་པ་ངོ་མཚར་ཆེ།།
མེད་བསམ་མེད་པའི་ཧམ་པ་ལ།།

ཁྱེད་གྲྭ་བ་རྣམ་པའི་མོས་གུས་དེ།།
མིག་བཙུམ་ཐལ་མོ་སྦྱོར་སྦྱོར་ནས།།
སེམས་ལ་མེད་པ་ངོ་མཚར་ཆེ།།
བླ་མ་མགོ་བོ་བསྐོར་བའི་ཧམ་པ་ལ།།

ཁྱེད་སྔགས་པ་རྣམས་ཀྱི་བསྲུང་མ་དེ།།
དགྲ་དང་བགེགས་ལ་རྦད་རྦད་ནས།།
ཐུགས་སྒྲུབ་པ་མེད་པ་ངོ་མཚར་ཆེ།།
བསྲུང་མ་དགྲ་ལ་ངོམ་པའི་ཧམ་པ་ལ།།

ཁྱེད་དགེ་བཤེས་རྣམ་པའི་ལྷ་ཆོས་དེ།།
རིག་པ་གཞན་ལ་གཏོང་གཏོང་ནས།།
སེམས་གཞག་ས་མེད་པ་ངོ་མཚར་ཆེ།།
འགྲོ་མཚམས་གཟིགས་པའི་ཧམ་པ་ལ།།

ཁྱེད་རྟོགས་ལྡན་རྣམ་པའི་སྤྱོད་པ་འདི།།
གཞན་གྱི་ཞེན་པ་གསོག་གསོག་ནས།།
རང་བཟོད་པ་མེད་པ་ངོ་མཚར་ཆེ།།
ཧེ་རུ་ཀར་སྒོམ་པའི་ཧམ་པ་ལ།།

ཁྱེད་སྒོམ་ཆེན་རྣམས་ཀྱི་སྒྲུབ་ཚུལ་འདི།།
ལྐོག་ཟ་ཉལ་སྐྱིད་མཛད་མཛད་ནས།།
མཉམ་གཞག་མེད་པ་ངོ་མཚར་ཆེ།།
གྲུབ་རྟགས་སྟོན་པའི་ཧམ་པ་ལ།།

ཁྱེད་ཉེ་གནས་རྣམས་ཀྱི་ནོར་རྫས་དེ།།
བླ་མའི་མཛོད་ལ་སྤྱོད་སྤྱོད་ནས།།
ཡི་དྭགས་སྒྲུབ་པ་ངོ་མཚར་ཆེ།།
བླ་མས་ཐུགས་རྗེས་འཛིན་བསམ་ཧམ་པ་ལ།།

ཁྱེད་དཔོན་པོ་རྣམ་པའི་ཁྲིམས་ལུགས་དེ།།
གཞན་ལ་སྤྱོད་པའི་སྙིང་ཁམས་ལ།།
རང་ལ་མེད་པ་ངོ་མཚར་ཆེ།།
ཡོད་དོ་སྙམ་པའི་ཧམ་པ་ལ།།

ཁྱེད་སྦྱིན་བདག་རྣམ་པའི་སྦྱིན་པ་འདི།།
ལན་ལ་རེ་བའི་ཡུས་ལུགས་ལ།།
མི་ལ་སྟེར་བ་ངོ་མཚར་ཆེ།།
སངས་རྒྱས་ཐོབ་བསམ་ཧམ་པ་ལ།།

མཆོད་གཞིས་འཛིན་པའི་དཔོན་པོ་ཚོ།།
སྡོམ་པ་དམ་ཚིག་གཅིག་ཀྱང་མེད།།
ཆོས་པ་ཡིན་བསམ་ངོ་མཚར་ཆེ།།
ཆོས་གཟུགས་འཛིན་པའི་ཧམ་པ་ལ།།

ང་རྣལ་འབྱོར་ཀུན་ལེགས་རྒྱལ་ཁམས་བསྐོར།།
ཡུལ་ཕ་ཡུལ་སྤོངས་པས་ཅི་ཡོང་བ།།
ཞེན་པ་མ་ཐོངས་ངོ་མཚར་ཆེ།།
བྱ་བཏང་ཟེར་བའི་ཧམ་པ་ལ།།

丨འབྲུག་པ་ཀུན་ལེགས།