ར་ལོ
གཅིག
ཤོག་དཀར་མདུན་ལ་བླངས་ནས་ར་ལོའི་གཏהומוམ་རྒྱུད་འབྲི་རྒྱུ་ནི་སྤྲོ་སྣང་ལྡན་པའི་དོན་ཞིག་མ་ཡིན་ཏེ--ནམ་རྒྱུན་ཁོའི་སྣ་མདོར་འཕྱང་བའི་སེར་ལ་སྦོམ་པའི་སྣབས་དེ་ངའི་མིག་ལམ་ནས་ཕར་གཡོ་ཚུར་གཡོ་བྱེད་ཀྱིན་འདུག
ར་ལོ་མི་ཡུལ་འདིར་སྐྱེས་པ་ནས་བཟུང་ཨ་མ་མ་གཏོགས་གཉེན་ཉེ་ཟེར་བ་ཞིག་ཐོས་མ་མྱོང༌། ཁོས་སྐད་ཆ་སྨྲ་ཤེས་པའི་དུས་སུ་སྡེ་བའི་ནང་གི་སྐྱེས་པ་མ་རབས་ལ་ལས་ཁོ་ལ“ཁྱོད་ཀྱི་ཨ་ཕ་སུ་ཡིན། ”ཞེས་ཀུ་རེའི་ཚུལ་གྱིས་འདྲི་བར་བྱེད། དེ་ནི་ར་ལོར་མཚོན་ན་ངེས་པར་དུ་ཨ་མར་འདྲི་དགོས་པའི་དོན་ཞིག་རེད།
“ཨ་མ། ངའི་ཨ་ཕ་སུ་རེད། ”
“རྗེས་སུ་ཨ་ཕ་ཞེས་པ་གཏན་ནས་གླེང་མི་ཆོག”ཨ་མས་ཁོ་ལ་འགྲམ་ལྕག་གཅིག་གཞུས་པ་དང་མཉམ་དུ་ཁོ་རང་ཚུར་འཐེན་ནས་རང་གི་བྲང་ཁར་སྦྱོར་བར་བྱེད། ཡིན་ན་ཡང་དུས་ཡུན་རིང་བོ་ཞིག་མ་འགོར་བར་མཚན་མོའི་དུས་སུ་སྐྱེས་པ་ཞིག་ཁོ་ཚང་ལ་ཡོང་གིན་འདུག ཕྱིས་སུ་རིམ་བཞིན་ཉིན་དཀར་ཡང་ཡོང་སྟེ་མཐའ་མར་ཁོང་ཚང་ནས་གཞི་སྡོད་བྱས་སོང༌། དེ་དུས་ཨ་མས་བྱམས་བརྩེའི་ངང་ནས“ར་ལོ། ངའི་གཅེས་ཕྲུག མི་འདི་ཁྱོད་ཀྱི་ཨ་ཕ་རེད”ཟེར། འོན་ཀྱང་མི་དེ་ནི་བྱིས་པ་གཞན་དག་གི་ཨ་ཕ་དང་མི་འདྲ་བར་ར་ལོ་ལ་ཀ་ར་གཅིག་ཀྱང་ཉོས་མ་མྱོང་ལ་འོ་ཞིག་ཀྱང་མི་བྱེད་པར་མ་ཟད། ར་ལོ་དེའི་གམ་ལ་བཅར་ཚེ་ཁོས་སུན་སྣང་གི་ངང་ནས“ཧེ། སྣ་མདོའིསྣབས་ལ་ལྟོས་དང༌། ཕར་སོང”ཟེར། ངོ་མ། ར་ལོའི་སྣབས་དེ་རང་འབབ་ཀྱི་ཆུ་བཞིན་དུ་ད་ཕྱིས་ན་ད་བཞུར་འོངས་པས་ཁོའི་ཨ་མས་རྟག་ཏུ“ཡང་ཀླད་ཞོ་བཞུར་གྱིན་འདུག”ཟེར།
ཤེས་མེད་ཚོར་མེད་ངང་ར་ལོ་ཕོ་ལོ་བཅུ་བཞིར་སླེབས་ནའང་ཡ་ཁའི་སྣབས་དེ་སྔར་ལས་ཀྱང་སྦོམ་ཞིང་རིང་བོར་འཕྱང་འདུག་པ་ལས་ཁོའི་ན་ཟླ་ཚོས་རྟ་རྒྱུག་མདའ་རྩེད་བྱེད་ཀྱིན་ཡོད་ནའང་ཁོ་རང་ད་རུང་ཞོན་པ་གཡུང་མ་ཞིག་ལའང་གཅིག་པུར་ཞོན་མི་ཕོད་པར་ཨ་མའི་འཕོང་ལ་བཟུང་ནས་འགྲོ་དགོས། དེ་དུས་ལ་ལས“ར་ལོ། ཁྱོད་ཀྱིས་ཨ་མ་པང་ལ་བཟུང་ནས་འགྲོ་བ་ཡིན་ནམ། ”ཞེས་ཀུ་རེའང་བྱེད།
རུ་དགུན་སར་སྤོར་བའི་སྔ་མོ་ཞིག་ལ། ར་ལོས་གཡག་གཅིག་གི་སྣ་ནས་བཟུང་ཞིང་ཕ་ཡར་གྱིས་དེ་ལ་ཁལ་འགེལ་བཞིན་པའི་སྐབས་སུ་གཡག་དེ་འདྲོག་རྒྱུག་ཅིག་བྱས་པ་ན་ཕ་ཡར་གྱིས་ར་ལོ་ལ“སྲ་མོ་བྱོས། དམ་པོར་ཟུངས”ཟེར།
ར་ལོས་ཨམ་གཙིགས་བསྡམས་ནས་མ་ཁར་སོ་བཏབ་ཅིང་སྣབས་སོ་ཐོག་ལ་ཐིགས་བཞིན་དུ་གཡག་སྣ་དམ་པོར་བཟུང་ནས་བསྡད།
“འོ་ཡ། མི་ཞིག་ཡོད་ན་ཁྱི་ཞིག་གི་ཡན་རེད། ”ཕ་ཡར་ཡིད་ཚིམ་པའི་ངང་ནས“དམ་པོར་ཟུངས། དམ་པོར……”ཞེས་ཚིག་མཇུག་མ་རྫོགས་གོང་གཡག་དེ་སླར་ཡང་སྐོར་རྒྱུག་ཅིག་བྱས་པས་ར་ལོ་ཁ་སྦུབ་ཏུ་བསྒྱེལ་ཏེ་ལག་གི་སྣ་ཐིག་ཤོར་མ་ཐག གཡག་རྒན་དེ་གདོན་ཞུགས་པ་ལྟར་བང་གིས་བརྒྱུགས་ནས་རྒྱབ་ཀྱི་སྒ་ཡང་དབོ་ཞབས་ལ་ལྷུང་སྟེ་རྨིག་པས་བརྫིས་པས་དངོས་པོ་རྣམས་ལེན་རྒྱུ་མེད་པར་བཟོས།
“ཚིག་པ་གཡག་ལ་ཟོས་ཏེ་ལྕག་གིས་རྟ་ལ་བྲབས”ཟེར་བའི་དཔེ་ལྟར་ཕ་ཡར་ཁོང་ཁྲོའི་ངང་ནས་བརྒྱུགས་ཡོང་སྟེ“ར་ངན་སྣབས་ལུག་འདིས་གཡག་སྣ་ཞིག་ཀྱང་འཛིན་མི་ཐུབ། ”ཟེར་བཞིན་ར་ལོར་འགྲམ་ལྕག་ཚ་བོ་གཉིས་གཞུས་ནས་སྣབས་དེ་མ་ནེའི་མགོ་ནས་བྲང་ཁའི་བར་འདྲུད་དུ་བཅུག་པ་ན་ཨ་མ་བརྒྱུགས་ཡོང་ནས“ཁྱོད་ཀྱིས་ངའི་བུ་ལ་རྡུང་མི་ཆོག ད་ནས་བཟུང་ཁྱོད་ཀྱིས་ངའི་བུ་ལ་མཛུབ་གུས་གཅིག་ཐུག་ན……ཁྱོད་རང་ཁྱིམ་འདི་ན་འདུག་ས་མེད”ཟེར།
“ཧ་ཧ། ངས་ཁྱོད་མ་བུ་གཉིས་ཀར་སྙིང་རྗེ་ནས་བསྡད་པ་མ་གཏོགས་འདུག་འདོད་ཆེ་ནས་བསྡད་པ་མིན། ང་རང་ད་ལྟ་ཉིད་ལ་འགྲོ་ཆོག”ཕ་ཡར་དངོས་གནས་ལམ་ལ་ཆས་སོང༌།
“ཨ་ཕ་འགྲོ་རུ་མ་འཇུག……”
“ཁྱོད་ཀྱིས་ཁྱི་ཁ་ཟུམ་ནས་སྡོད། ཁྱོད་ལ་ཨ་ཕ་ཞིག་གང་ན་ཡོད། ”འགྲམ་ལྕག་གཅིག་དང་མཉམ་དུ་ར་ལོ་བྲང་ཁར་སྦྱར་ནས་མ་བུ་གཉིས་ཀ་ངུས།
འཇིག་རྟེན་ཁམས་ན་ཇི་འདྲའི་མི་མང་བོ་ཞིག་ཡོད་པ་རེད་ཨང༌། ཡིན་ནའང་ར་ལོར་དེའི་ཁྲོད་ན་ཨ་མ་མ་གཏོགས་གཉེན་ཉེ་གཅིག་ཀྱང་མེད་ལ། དེ་ནི་ཨ་མར་ཡང་དེའི་ཁྲོད་ན་ར་ལོ་མ་གཏོགས་གཉེན་ཉེ་གཅིག་ཀྱང་མེད་པ་དང་འདྲ། འོན་ཀྱང་འཆི་བདག་གིས་དེ་ལ་སྙིང་རྗེ་ཞིག་གང་ནས་སྒོམ། དེ་ནི་ལུག་ཁྱུའི་ནང་ལ་སྤྱང་ཀི་བརྒྱུགས་དུས་གང་ཟིན་ན་དེ་ཡིན་པ་ལྟར། ད་ཐེངས་འཇིག་རྟེན་ཁམས་ཀྱི་མི་མང་བོའི་ནང་ནས་བསམ་བཞིན་ར་ལོའི་ཨ་མ་ཕྱི་མའི་ཡུལ་དུ་ཁྲིད་སོང༌། སྤྱིར་ཁོང་མ་བུ་གཉིས་ལ་གཉེན་ཉེ་གཅིག་ཀྱང་མེད་ནའང་དེ་དུས་མིག་ཆུ་མི་གཏོང་བའི་མི་གཅིག་ཀྱང་མེད། དེ་ནི་ར་ལོར་སྙིང་རྗེ་སྐྱེས་པ་སྨོས་ཅི་དགོས།
གཉིས།
ར་ལོའི་ཨ་མ་ཤི་བའི་ལོ་དེའི་དབྱར་ཁར། སྡེ་བའི་ནང་གི་མི་བསམ་ཤེས་འགས་གྲོས་བྱས་ནས་ར་ལོ་ཡུལ་ཚོའི་སློབ་ཆུང་ནང་ལ་བསྐྱལ་ཡོང་བ་རེད། དེ་ནི་ཁོ་རང་ཡི་གེ་སློབ་པར་བསྐྱལ་ཡོང་ཟེར་བ་ལས་དོན་དངོས་སུ་འཚོ་བ་འཁྱོལ་ཐབས་སུ་བསྐྱལ་ཡོང་ཟེར་ན་འགྲིག
ང་ཡང་ལོ་དེར་སློབ་གྲྭར་ཞུགས་པ་ཡིན་པས་ར་ལོ་ངེད་གཉིས་འཛིན་གྲྭ་གཅིག་ཏུ་འདུས། འོན་ཀྱང་ར་ལོ་ང་ལས་ལོ་ལྔས་ཆེ་ལ་ང་ཚོའི་འཛིན་གྲྭའི་ནང་གི་ལོ་ཆེས་ཆེ་བའང་ཁོ་རང་རེད།
དང་ཐོག་ར་ལོ་སློབ་སྦྱོང་ལ་ཤིན་ཏུ་བཟང་བ་འདྲ་སྟེ། སློབ་གྲོགས་སུས་ཀྱང་ཀ་མད་སུམ་ཅུ་བློར་མ་ཟིན་གོང་ལ་ར་ལོས་ཐོག་མར་བློར་ཟིན་པས་དགེ་རྒན་གྱིས་ཀྱང“ཚང་མས་ར་ལོར་སློབ་སྦྱོང་བྱོས”ཟེར། འོན་ཀྱང་ཉིན་འགའི་རྗེས་སུ་དགེ་རྒན་གྱིས་སློབ་གྲོགས་རེ་རེར་ཀ་མད་སུམ་ཅུ་སྒོ་སམ་སྟེང་ལ་འབྲི་རུ་བཅུག་དུས་ར་ལོས“ཀ”གཅིག་པོའང་འབྲི་མ་ཤེས་པས་སློབ་གྲོགས་ཚང་མ་གད་མོ་ཤོར་བ་དང༌། དགེ་རྒན་གྱིས“ཚང་མས་ར་ལོར་སློབ་སྦྱོང་བྱེད་མི་རུང”གསུངས།
“ཚང་མས་ར་ལོར་སློབ་སྦྱོང་བྱེད་མི་རུང༌། ”ཞེས་སློབ་གྲྭ་ཡོངས་སུ་ཁྱབ་སོང༌།
ར་ལོར་ངོ་མ་སློབ་སྦྱོང་བྱེད་མི་རུང་བ་འདྲ་སྟེ། ང་ཚོ་འཛིན་གྲྭ་འཕར་སྐབས་ར་ལོས་ད་རུང་ཀ་མད་སུམ་ཅུ་འབྲི་མི་ཤེས་པས་སློབ་སྦྱོང་མི་བཟང་བ་དང༌། རྒྱུན་པར་སྣབས་ལུག་པས་གཙང་སྦྲ་མི་བཟང༌། དུ་བ་འཐེན་པས་སྒྲིག་ལམ་ཡང་མི་བཟང་ཟེར་ནས་འཛིན་གྲྭ་འཕར་མ་ཐུབ། འོན་ཀྱང་དེ་ནི་ར་ལོར་མཚོན་ན་སེམས་ཁུར་བྱེད་དགོས་པའི་དོན་ཞིག་མིན་ཏེ། རྒྱུ་མཚན་ནི་ཁོ་ལ་འཛིན་གྲྭ་འཕར་མ་ཐུབ་པ་ལ་སྡིགས་དམོད་བྱེད་མཁན་མེད་པས་རེད། ར་ལོས་སེམས་ཁུར་བྱེད་ས་གཙོ་བོ་ནི་ཁོ་རང་དབྱར་གནང་སྐབས་སུ་ཡུལ་ལ་འགྲོ་ས་མེད་པ་དང༌། དགེ་སློབ་ཚོ་ཡུལ་ལ་སོང་རྗེས་ཁོའི་དུ་བའི་འབྱུང་ཁུངས་ཆད་པ་རེད། དེ་ཡང་མ་གཞི་ར་ལོའི་དུ་བའི་འབྱུང་ཁུངས་ནི་དགེ་རྒན་ཚོའི་ཁྱིམ་ལུད་དང༌། འཛིན་གྲྭ་མཐོན་པོའི་སློབ་མ་ཚོའི་གྱོན་པ་བཀྲུ་བའམ་ཟ་མ་ལེན་པ། ཉིན་རེས་ཀྱི་སློབ་མ་ཚོའི་ཚབ་ཏུ་སློབ་ཁང་ལ་གཙང་སྦྲ་བྱས་ན་དེ་ཚོས་ར་ལོར་དུ་བ་རྐང་རེ་སྟེར་བཞིན་ཡོད་པ་དེ་རེད།
འབྲོག་ཕྱོགས་ཀྱི་སློབ་མ་ཚོར་གོམས་གཤིས་ངན་པ་ཞིག་ཡོད་པ་ནི་གནང་བ་བྱིན་ན་དུས་ལྟར་ཕྱིར་མི་འོང་བ་དང༌། དབྱར་གནང་དགུན་གནང་ཚར་ནས་ཕྱིར་ཚོགས་དུས་ཀྱང་མ་མཐའ་ཡང་ཉིན་ལྔ་དྲུག་ལ་སློབ་འགོ་རྩོམ་མི་ཐུབ། འོན་ཀྱང་ར་ལོས་ཡུལ་ལ་གནང་བ་ཐེངས་གཅིག་ཀྱང་ཞུས་མ་མྱོང་བར་མ་ཟད། དབྱར་དགུན་གནང་ལའང་ཕྱིར་མ་འཚོགས་གོང་ནས་སློབ་གྲྭར་སླེབས་ཡོང༌། དེའི་ཐད་ནས་ངོ་མ་ཚང་མས་ར་ལོར་སློབ་སྦྱོང་བྱས་ན་འགྲིག
སློབ་གྲྭ་ཞིག་གི་ནང་ན་འཁོན་རྡུང་རེ་གཉིས་ཙམ་ཡང་མེད་པ་ག་ལ་སྲིད། ང་ཚོའི་སློབ་གྲྭའང་དེ་ལྟར་ཡིན་ཏེ། སློབ་མ་བསྟན་བཤིག་ལ་ལས་བསམ་བཞིན་ར་ལོའི་ཐོས་ས་ནས“ཚང་མས་ར་ལོར་སློབ་སྦྱོང་བྱེད་མི་རུང”ཟེར་བ་ན། ར་ལོས་སློབ་མ་དེ་ཡར་བདའ་མར་བདའ་བྱས་ནས་གཏོང་བར་མི་བྱེད། གལ་ཏེ་སློབ་མ་དེས་ཁ་ཕྱིར་འཁོར་ནས་ཁོ་དང་རྡུང་རེས་རྒྱག་རྩིས་བྱས་ཚེ་ར་ལོས“ང་ལ་དགེ་རྒན་གྱིས་རྡུང་རེས་མ་རྒྱག་ཟེར། ”ཟེར་ནས་ཇེ་གཉོམ་དུ་འགྲོ། འོན་ཀྱང་སློབ་མ་དེས་ཁོ་ལ་མ་བརྡུངས་པར་ཕར་འགྲོ་རྩིས་བྱས་པ་ན་ར་ལོས་སླར་ཡང་དེའི་རྗེས་བསྙེགས་ཏེ“ང་ལ་སློབ་སྦྱོང་བྱེད་མི་རུང་དོན་ཅི་ཡིན། ”ཟེར་བཞིན་དཔུང་གཏུག་རྒྱག་པར་བྱེད། ཉིན་ཞིག་ཁོ་ལས་ལོ་བདུན་གྱིས་ཆུང་བའི་སློབ་མ་ཞིག་གིས་ཁོ་རང་ཁ་སྦུབ་ཏུ་མནན་ནས་རྒྱབ་ལ་ཞོན་ཏེ“ངའི་རྟ་འདི་གོམ་ལག་བདེ་བར་ལྟོས་དང༌། ”ཟེར་ཞོར་ཨོང་རྡེབ་བྱེད་ཀྱིན་འདུག ར་ལོས“ཨ—དགེ་རྒན……”ཟེར་བཞིན་ངུས་ནས་མིག་ཆུ་སྣབས་དང་འདྲེས་ཤིང་སྣབས་སྟེང་ལ་ས་རྡུལ་འབྱར་ཏེ་འཕག་འཚག་ཇི་ལྟར་བྱས་ཀྱང་སློབ་མ་དེ་ཕར་གཡུག་མ་ཐུབ། དེ་ནས་བཟུང་ཚང་མས་ར་ལོ་གཟུགས་ཆེ་བ་མ་གཏོགས་ཤེད་མེད་པ་ཤེས་ཏེ་ཁོ་ལ་གཉོམ་འཇོག་མཁན་ཇེ་མང་དུ་སོང༌།
ང་ཚོ་ཐེངས་གཉིས་པར་ལོ་རིམ་འཕར་སྐབས་ར་ལོས་ད་རུང་ཀ་མད་སུམ་ཅུ་ཀློག་ཤེས་པ་ཙམ་ལས་འབྲི་མི་ཤེས་པས་ལོ་རིམ་འཕར་མ་ཐུབ་ལ། ཐེངས་གསུམ་པ་དང་བཞི་བའང་དེ་ལྟར་ཡིན། འོན་ཀྱང་དགེ་རྒན་ཚོས་སྐམས་ལུག་རེ་བཤའ་སྐབས་ར་ལོ་ནི་མེད་དུ་མི་རུང་བ་ཞིག་ཡིན་པས་ལོ་རིམ་འཕར་མ་ཐུབ་ན་ཡང་སྐྱོན་མེད་པ་འདྲ། ལོ་ལྔ་བར་ང་རང་སློབ་ཆུང་ནས་མཐར་ཕྱིན་ཏེ་རྫོང་མི་རིགས་སློབ་འབྲིང་ནང་དུ་ཞུགས།
གསུམ།
དགུན་དཀྱིལ་གྱི་ཞོགས་པ་ཞིག་ལ། ནུབ་བྱང་མཐོ་སྒང་ལ་ཅི་འདོད་དུ་ཡོད་པའི་རླུང་དང་ཁ་བས་བར་སྣང་ཁམས་ན་རང་མོས་ཀྱིས་འཁྲབ་སྟོན་བྱེད་ཀྱིན་ཡོད་པས་ངས་གཞུང་ལས་ཁང་གི་ལྕགས་ཐབ་ནང་ལ་མེ་འུར་འུར་དུ་བུས་པ་ཡིན།
གློ་བུར་དུ། འབྲོག་པ་ཞིག་གིས་སྒོའང་མ་བརྡུངས་པར་ནང་ལ་འཛུལ་ཡོང་སྟེ“འདི་མི་དམངས་ཁྲིམས་ཁང་ཨེ་རེད”ཟེར།
“རེད། ཁྱོད་ལ་དོན་ཅི་ཡོད། ”
“ཨ་ཙི། ཁྱོད་དོན་གྲུབ་མིན་ནམ། ”
“ཡིན་ཡ། ཁྱོད……”
“ངོ་མི་ཤེས་ཁུལ་མ་བྱེད”ཟེར་བཞིན་དུ་ཁོས་རང་འགུལ་གྱིས་རྐུབ་སྟེགས་ཤིག་ལྕགས་ཐབ་གམ་ལ་འཐེན་ནས་སྟེང་དུ་བསྡད་མ་ཐག “ལས་བྱེད་པ་བྱས་རྗེས་སློབ་གྲོགས་ཡང་བརྗེད་སོང་ངམ”ཟེར།
འོ། འདི་ནི་ལོ་བཅུ་ལྷག་སྔོན་གྱི་ངའི་སློབ་གྲོགས་ར་ལོ་མ་ཡིན་ནམ། ཨ་ཙི། ར་ལོ་ངོ་མ་རྒས་འདུག ཁོའི་ཐོད་པར་གཉེར་མ་བབས་ཤིང་མཆུ་འགྲམ་དུ་རིང་ཐུང་མི་མཉམ་པའི་ཁ་སྤུ་ཡང་མང་བོ་སྐྱེས་འདུག འགྱུར་མེད་པ་ནི་སྣ་མདོའི་སེར་ཞིང་སྦོམ་པའི་སྣབས་དེ་རེད།
“ཡ། ངོ་ལོས་ཤེས། ཁྱོད་ལ་དོན་ཅི་ཡོད་དམ། ”
“དོན་དག་ལོས་ཡོད། ”ར་ལོས་སྣབས་ཁུང་འཇིབ་ཅིག་བྱས་ནས“ངའི་ཆུང་མ་གཞན་གྱིས་ཕྲོགས་སོང༌། མི་དེའི་མིང་ལ་བསོད་ནམས་དར་རྒྱས་ཟེར། ཁོ་རང་ང་ཚོའི་སྡེ་བའི་ནང་གི་མི་ཆེས་ཐ་ཤལ་བ་ཞིག་ཡིན། དེ་མ་རེད་བསམ་ན་ཁྱོད་རང་སོང་ནས་ང་ཚོ་བྲག་དམར་སྡེ་བའི་རྒན་གཞོན་ཀུན་ལ་དྲིས་དང་ཤེས། ཚེ་ཟད་དེས་ན་ནིང་ཨ་ཁུ་རབ་རྒྱས་ཚང་གི་རྟ་བརྐུས་མྱོང༌། ད་ལོ་ཡང་ཨ་ནེ་མཚོ་སྐྱིད་ཚང་གི་མཛོ་རྒན་བརྐུས་ནས་ཧོས་ཧོས་ཤིག་ལ་བཙོངས། ཁ་སང་ཡང་ཁོས་ཅི་མི་སྙམ་པར་ང་ལ་རྡུང་རྡེག་བྱས་པར་མ་ཟད་ངའི་ཆུང་མའང་འཕྲོགས་སོང༌། དེས་ན་ཁྱོད་ཚོ་ཁྲིམས་ཁང་ལ་བསོད་ནམས་དར་རྒྱས་ནོན་པའི་ཁྲིམས་ཤིག་མེད་པ་ཡིན་ནམ་ཡང་ན་ཁྱོད་ཚོ་ཁོ་ལ་སྐྲག་པ་ཡིན། ཁྱོད་ཚོ་མི་དམངས་ཁྲིམས་ཁང་གིས་ང་འབྱོར་མེད་གྲལ་རིམ་ར་ལོ་ལ་རོགས་བྱེད་ན་དེ་རིང་ཡིན་ལ་མི་བྱེད་ནའང་དེ་རིང་ཡིན། ”ར་ལོས་བཤད་ཀྱིན་བཤད་ཀྱིན་སྣབས་ལུག་ནས་མ་ནེའི་མགོ་ལ་ཐུག་སོང༌།
“ཁྱོད་ལ་རོགས་ལོས་བྱེད། ཡིན་ནའང་ང་ཚོའི་གཞུང་ལས་ཁང་འདི་ཉེས་དོན་ཁང་ཡིན་ལ་ཁྱོད་ཀྱི་གྱོད་གཞི་འདི་དམངས་དོན་ཁང་ལ་བཤད་དགོས”
“ངས་དམངས་དོན་མ་དོན་མི་ཤེས། ”ར་ལོ་ཁོང་ཁྲོ་ལངས་བྱུང་བ་འདྲ།
“ཁྱོད་ཚོ་བསོད་ནམས་དར་རྒྱས་ལ་སྐྲག་པ་མིན་ན་ཁོ་རང་བཙོན་ལ་བཅུག་སྟེ་ངའི་ཆུང་མ་ཕྱིར་སྤྲོད་དགོས། ཁོ་མོ་ཡང་བཙོན་ལ་འཇུག་རན་འདུག”
“བྲེལ་བ་མ་ལངས། ”ངས་ར་ལོར་དུ་བ་རྐང་གཅིག་བྱིན་ནས“སློབ་གྲོགས་ར་ལོ། འུ་གཉིས་ལོ་མང་བོར་ངོ་མ་ཐུག་པས་ཐོག་མར་ཁ་བརྡ་ཞིག་བྱོས་དང༌། —ཁྱོད་རང་ལོ་མང་བོར་རིག་རྒྱུ་མེད་པ་གང་ལ་སོང་བ་ཡིན། ”
“དེ་རེད། དེ་ཆོག་གི”ར་ལོའི་་གཤིས་ཀ་ཇེ་འཇམ་དུ་སོང་ནས་ང་ལ་ཁ་བརྡ་བྱས་བྱུང༌།
གཤམ་ནི་ར་ལོ་ངེད་གཉིས་ཁ་བྲལ་རྗེས་ཀྱི་དོན་དག་འགའ་ཡིན་ལ། ངས་སྒྲུང་རྩོམ་གྱི་ཁྱད་ཆོས་ཡོང་ཆེད་འཕྲི་སྣོན་ཅུང་ཙམ་བྱས་པ་མ་གཏོགས་ཕལ་ཆེར་དངོས་དོན་ཡིན་པས་སྙིང་ཉེ་བའི་ཀློག་མཁན་རྣམ་པས་ཡིད་ཆེས་བྱས་ཆོག
བཞི།
ར་ལོས་ཀ་མད་སུམ་ཅུ་འབྲི་མི་ཤེས་ནའང་སློབ་ཆུང་དེའི་ནང་གི་དགེ་རྒན་ཕལ་ཆེར་ལས་ཀྱང་ལོ་ཆེ་བས་ཁོ་རང་ངོ་མ་སློབ་གྲྭའི་ནང་ནས་འཇོག་ཐབས་མེད་པས་ཕྱིར་མི་གཏོང་ཀ་མེད་བྱུང༌། (ཁ་གཡོར་ས་ནི་ར་ལོས་བུད་མེད་དགེ་རྒན་ཞིག་གི་སྒོ་བརྡུངས་པ་རེད་ཟེར) དེས་ན་ར་ལོ་ལ་ཁྱིམ་དང་གཉེན་ཉེ་མེད་པས་ཁོ་རང་གང་འདོད་དུ་འཁྱམ་པ་ལས་ཐབས་ཅི་ཡོད།
ར་ལོ་དང་ཐོག་སུ་ཚང་ལ་སླེབས་ནའང་རང་འགུལ་གྱིས་དེ་ཚང་ནས་ལས་ཀ་ལས་པ་དང་ཟོག་འཚོ་རུ་འགྲོ་བས་ཁོའི་ལྟོ་བར་འདང་རྒྱག་མེད་པར་གྱུར། སྐབས་ཤིག་ལ་ཁྱིམ་ཚང་ཞིག་གིས“ཨེ—བུ་མོར་གང་ལྟར་མག་པ་ཞིག་དགོས་འདུག མི་རྐྱང་ར་ལོ་འདིས་ཡ་ཁའི་སྣབས་ཉར་མི་ཐུབ་ནའང་ཟོག་རྫི་བཟང་བོ་ཞིག་ཡིན་པར་མ་ཟད་གོ་ཚད་ལ་ཁོའི་ལག་པ་གཙང་མ་རེད་ཟེར། དེས་ན་ཁོ་རང་མག་པར་བཞག་ན་གཉེན་རྟགས་ཀྱང་སྟེར་མི་དགོས་པས་མི་བཟང་ངམ”ཟེར།
དེ་ནི་ར་ལོའི་འདོད་ཐོག་ཏུ་རྟ་བརྒྱུགས་པ་རེད།
ཡ་མཚན་ཞིག་ལ་ར་ལོ་རིམ་བཞིན་གདོན་གྱིས་བསླུས་པ་ལྟར“ང་རང་ཁྱོད་ཚང་གི་མག་པ་ཡིན་པ་ལས་གཡོག་པོ་མིན” ཟེར་ནས་ལས་ཀ་ཅི་ཡང་མི་ལས་ཤིང་ཟོག་རྫི་ལའང་མི་འགྲོ། དེ་ལྟར་ཨ་ཞང་ཚང་ལྷག་པར་ཁྲོས་ཏེ“ཨ་ཨ། དྲིན་ཆེན་ལ་དྲིན་ལོག་ཟེར་བ་འདི་མིན་ན་ཅི་ཡིན། མི་རྐྱང་སྣབས་ལུག་འདི་ལ་གཞན་ན་མ་དཔེ་བའི་བརྙས་བཅོས་ཤིག་མ་བྱས་ན་བུ་མིན”ཟེར། ཡིན་ནའང་ར་ལོའི་ཐོས་ས་ནས་ཚིག་ཟུར་ཙམ་ཡང་མ་གླེང་བར་ཁོ་རང་ཅི་འདོད་བཞིན་སྡོད་དུ་བཅུག ར་ལོའི་ཡ་ཁའི་སྣབས་ལ་འདག་ཐབས་མེད་ནའང་ཁ་ཤའི་སེར་ཁ་རྣམས་སོས་ཤིང་གདོང་ལ་དམར་མདངས་རྒྱས་པར་མ་ཟད། ཉིན་ལྟར་ཕྲ་ཞིང་ཐུང་བའི་རལ་བ་བྱི་བའི་རྔ་མ་འདྲ་བ་ཞིག་བཞག་ཡོད་པ་དེ་ཡང་ཡང་ཤད་ནས་འདུག་ལ་སྐད་ཆ་བཤད་སྐབས་ཀྱང“ཨ—”“དེ་འདྲ་ཡིན་ནམ—” “ཡ་མཚན—” “གོ་མ་མྱོང་ཡ—”“གནའ་མིའི་གཏམ་དཔེ་ལ—”ཟེར་ནས་ཚིག་གི་བར་ཐག་ཀྱང་ལྡབ་འགྱུར་གྱིས་ཇེ་རིང་དུ་སོང་ནས་ཉིན་འགའི་སྔོན་གྱི་མི་རྐྱང་སྣབས་ལུག་རེད་ཟེར་ན་སུས་ཀྱང་རྣ་བར་མི་འགྲོ་བའི་ཚད་ལ་སླེབས་ཡོད།
འོན་ཀྱང“གཞན་ན་མ་དཔེ་བའི་བརྙས་བཅོས”ཤིག་གིས་ཁོ་ལ་བསྒུགས་ཡོད་པ་ར་ལོས་གང་ནས་ཤེས།
ཉེ་སྔོན་ཁྱིམ་ཚང་དེས་ཆང་དང་དུ་བ། ཀ་ར་ཉོས་ཤིང༌། གོ་རེ་ལས་པ་དང་སྐམས་ལུག་བཤས་ནས་སྟོན་ཆེན་ཞིག་ལ་གྲ་སྒྲིག་བྱེད་ཀྱིན་ཡོད་པ་འདྲ། ར་ལོས་འདི་ཅི་ཡིན་དྲིས་ཚེ“འུ་ཚང་ལ་བླ་ཆེན་ཞིག་སླེབས་རྒྱུ་རེད”ཟེར།
“འོ—དེ་ངོ་མ་འུ་ཚང་གི་བསོད་ནམས་རེད་ཡ—”ར་ལོས་རལ་བ་ཤད་བཞིན་དུ་དེ་སྐད་སྨྲས།
ར་ལོར་གོམས་གཤིས་ཤིག་ཡོད་པ་ནི་ཞོགས་པ་མལ་ལས་ལངས་པ་ཤིན་ཏུ་འཕྱི། དེ་རིང་ཡང་ཁོ་རང་གོམས་སྲོལ་ལྟར་ཕལ་ཆེར་ཉིན་གུང་ལ་ཉེ་དུས་ཡར་ལངས་ཏེ་སློག་པ་གཡང་ཤམ་བྱས་ནས་རས་གུར་གྱི་སྒོར་བུད་དུས་སྦྲ་སྒོ་ན་རྟ་མང་བོ་བཏགས་ཡོད་པ་དང་ཁྱིམ་ན་གླུ་ལེན་གར་རྩེད་བྱེད་ཀྱིན་འདུག་པས། ར་ལོའི་སེམས་ལ“བླ་ཆེན་ཕེབས་བྱུང”བསམས་ཏེ་མྱུར་དུ་སྐ་རགས་བཅིངས་ནས་ཕར་སོང་བ་ན་ཚང་མས་ངོ་མཚར་བའི་མིག་གིས་ཁོ་ལ་བལྟས་འདུག ར་ལོ་ཧ་ལས་ཏེ་ཡར་ལྟ་མར་ལྟ་བྱས་དུས་རང་གི་ཆུང་མ་དེ་ཕོ་གསར་གཞན་ཞིག་དང་མཉམ་དུ་རྒྱན་གོས་ཕུན་སུམ་ཚོགས་པས་སྤྲས་ཏེ་གྲལ་ན་དཔུང་བ་མཉམ་གཤིབ་བྱས་ཏེ་ཙོག་པུར་བསྡད་འདུག་པ་མཐོང་བས་ར་ལོ་དེ་བས་ཀྱང་ཧ་ལས་ནས“འདི་ཅི་ཡིན”ཞེས་རིག་རིག་བྱེད་བཞིན་དྲིས།
ཆུང་མའི་མིང་བོས“ངེད་ཚང་ལ་མག་པ་བཞག་པ་མིན་ནམ། ”ཟེར།
“འུ་ཚང་གི་སུ་ལ་མག་པ་བཞག་པ་རེད། ”
“ཨ་ཅེ་མ་གཏོགས་ང་ལ་མག་པ་འཇོག་སྲིད་དམ། ”ཟེར་བས་ཚང་མས་ཧབ་ཆ་བརྒྱབ།
“ཨ་ཅེར་མག་པ་གཉིས་བཞག་ན་ཆོག་གམ། ”
“ཅི་ཟེར། མག་པ་གཉིས་གང་ན་ཡོད། ”
“ང༌། ཁོ། ”
“ཧ་ཧ་ཧ། མི་རྐྱང་སྣབས་ལུག་འདི་ཆང་མ་འཐུང་བར་བཟི་འདུག ཁྱོད་རང་ངེད་ཚང་གི་ཟོག་རྫི་ཡིན་པ་ལས་མག་པ་གང་ནས་ཡིན། ”
“དཔེ་མི་སྲིད། འདི་འདྲའི་བརྙས་བཅོས་ཤིག་བྱེད་སྲོལ་གང་ན་ཡོད། ང་དེ་རིང་འདི་ནས་འཆི་མ་ཐུབ་ན་བུ་མིན། ”ར་ལོས་ཁུ་ཚུར་ཕྱར་ནས་བརྒྱུགས་པ་ན་མི་རྣམས་ཀྱིས་ར་ལོ་འཛིན་ཅི་ཐུབ་བྱས། དེ་ཡང“ཁྱི་ངན་བཀག་ན་མི་ཁོགས། མི་ངན་བཟུང་ན་མི་ཐུབ། ”ཟེར་བའི་དཔེ་ལྟར་ར་ལོ་སྔར་ལས་ཇེ་བཙན་དུ་སོང་སྟེ“ཧ་ཧ། ང་ར་ལོ་ཚང་གི་ཕ་རྒྱལ་བོའི་འཁྲུངས་རབས། མ་རྒྱལ་མོའི་སྐྱེས་རབས་ཁྱོད་ཚོས་གོ་ཨེ་མྱོང༌། ངས་དེ་རིང་སྡེ་བ་འདི་ཁྲག་དཀྲུགས་དཀྲུགས་ཤིག་མ་བྱས་ན་ང་མི་རྐྱང་ར་ལོ་ཟེར་བ་མིང་ཙམ་ཡིན། ང་ར་ལོ། ཁྱོད་ཚོ……”ཞེས་ངར་ངར་གྱིས་བཤད་བཤད་པས་ར་ལོའི་སྣབས་ཁ་ནང་དུ་བཞུར་ནས་མུ་མཐུད་དུ་བཤད་མ་ཐུབ།
མི་རྣམས་ར་ལོའི་ཚུགས་ཀར་དགོད་རྒྱུ་གཏིང་ནས་སྐྱེས་ཏེ་ཁོ་རང་གློད་ནའང་ར་ལོས་སྐུད་པོར་ཁུ་ཚུར་གཞུ་མ་ཕོད་པར་དཔུང་གཏུག་བརྒྱབ། སྐུད་པོས“ངས་དེ་རིང་ཨ་ཅེའི་གཉེན་སྟོན་གྱི་རྟེན་འབྲེལ་ལ་བསམས་ནས་མི་རྐྱང་སྣབས་ལུག་ཁྱོད་ལ་རྡུང་འདོད་མི་འདུག ཁྱོད་ཀྱིས་རང་ཚོད་ཟུངས་ལ་གང་ནས་ཡོང་ན་དེ་རུ་ཕྱིར་སོང”ཟེར། འོན་ཀྱང་ར་ལོས་དེ་ལ་དཔུང་གཏུག་ཡང་ཡང་བརྒྱབ་ནས་འགྲོ་ན་འགྲོ་རུ་མ་བཅུག་འདུག་ན་འདུག་ཏུ་མ་བཅུག་པས་དེ་ཡང་ཐབས་ཟད་དེ་ར་ལོའི་རལ་བ་ནས་བཟུང་སྟེ་གཡུག་སྐོར་ཞིག་བྱས་པ་ན་ར་ལོ་གན་རྐྱལ་དུ་འགྱེལ་བ་དང་རལ་བ་རྩ་ནས་བལ།
“ཨ་ཧོ། ངའི་རལ་བ་གཡག་རིན་དེ་ཨང……” ར་ལོས་ས་ནས་འཕག་འཚག་རྒྱག་བཞིན་དུ“ཁྱོད་ཀྱིས་ངའི་རལ་བ་མི་འཇལ་ན་ང་དེ་རིང་འདི་ནས་མི་འགྲོ་ཁོ་ཐག་ཡིན། ”ཟེར།
“ཁྱོད་མི་འགྲོ་ན་ངས་ཁྱོད་ཀྱི་རྣ་བ་གཅོད་རྒྱུ། ”སྐུད་པོས་གྲི་བཏོན་ནས་ཚུར་ཡོང་བ་ན་ར་ལོ་མྱུར་དུ་ཡར་ལངས་ནས་བྲོས་སོང༌།
ལྔ།
ར་ལོས་ཁོ་རང་མ་བདའ་གོང་ལ་ཆུང་མར་མག་པ་བཞག་པ་དེར་སེམས་ཁྲལ་བྱེད་ཀྱི་མེད་ལ། སེམས་ཁྲལ་བྱེད་ས་གཙོ་བོ་ནི་རང་གི་ཡིད་དུ་འོང་བའི་རལ་བ་དེ་མེད་པར་མི་གྲལ་ལ་ཇི་ལྟར་འགྲོ་བསམ་གྱིན་ཡོད་པ་དེ་རེད། ཡིན་ནའང་ཅུང་མ་འགོར་བར་ར་ལོའི་ཕོ་བ་ལྟོགས་པས་ཁོ་རང་མི་གྲལ་དུ་མི་འགྲོ་ཀ་མེད་བྱུང༌།
ར་ལོས་སྡེ་བ་མང་བོ་ཞིག་བརྒྱུད་པ་དང་ཁྱིམ་ཚང་མང་བོ་ཞིག་ནས་མི་རྐྱང་དུ་བསྡད། དང་ཐོག་ཁོ་རང་སུ་ཚང་ལ་སླེབས་ནའང་རང་འགུལ་གྱིས་ལས་ཀ་ལས་པ་དང་ཟོག་འཚོ་རུ་འགྲོ། འོན་ཀྱང་ཕོ་བ་འགྲངས་རྗེས་རིམ་བཞིན“ཨ—”“འོ—”
“གནའ་མིའི་གཏམ་དཔེ་ལ—”སོགས་ཚིག་གི་བར་ཐག་ཤིན་ཏུ་རིང་བའི་སྐད་ཆ་དེ་རྣམས་བཤད་བཞིན་འདུག་པ་ལས་ཟོག་རྫི་ལ་མི་འགྲོ་བས་ཁྱིམ་ཚང་ལ་ལས་ཁོ་ལ“སོང”ཟེར་ནས་དེད་པ་དང༌། ལ་ལའི་ཁྱིམ་ནས་ཁོ་རང་རང་འགུལ་གྱིས་བུད་འགྲོ།
ཉིན་ཞིག་ར་ལོ་དགོན་པ་ཞིག་གི་ནང་ལ་སླེབས་ཤིང༌། དགོན་པ་དེ་སླར་གསོ་བྱེད་བཞིན་པའི་སྒང་ཡིན་ལ་གྲྭ་བ་མང་བོ་ཞིག་ཀྱང་སྡུད་ལེན་བྱེད་བཞིན་ཡོད་པར་ཁེལ།
“སྤྱིར་ན་འཇིག་རྟེན་འཁོར་བར་སྙིང་པོ་མེད། ལྷག་པར་དུ་གསོན་སྙིང་ལེན་རྒྱུ་བོ་དེས་རང་གི་རལ་བ་གཡག་རིན་ལྡན་པ་དེ་བཅད་སོང་བར་རང་ཉིད་མི་གྲལ་དུ་འགྲོ་སྲོལ་མེད། ད་ལྟ་གྲྭ་བ་ཞིག་བྱས་ནས་ཨ་མའི་རྗེས་སུ་ཆོས་རེ་བཏོན་ནའང་མི་བཟང་རྒྱུ་མེད”སྙམ་ནས་ར་ལོས་སྐྱ་ལྭ་ཕུད་ནས་གྲྭ་ལྭ་གྱོན། ཆོས་མིང“ཆོས་དབྱིངས་གྲགས་པ”ཞེས་བཏགས།
ཆོས་དབྱིངས་གྲགས་པ་ཚོགས་ལ་ཐེངས་གཅིག་ཀྱང་ཆད་མ་མྱོང་བ་དང༌། སྐྱབས་འགྲོ་སོགས་ཐོག་མའི་འདོན་པ་རྣམས་ཀྱང་ཚང་མའི་སྔོན་ལ་བློར་ཟིན། ཁོའི་སེམས་ལའང“ཆོས་ཀྱི་འདོན་པ་འདི་སློབ་མའི་སློབ་སྦྱོང་ལས་སླ་བས་དངོས་གནས་སློབ་འདོད་པ་ཞིག་རེད། ”བསམས་ཏེ་མུ་མཐུད་སློབ་སྦྱོང་བྱས་པས་དགེ་བསྐོས་ཀྱིས་ཁོ་ལ་བསྟོད་བསྔགས་ཡང་ཡང་བྱས་ཏེ་ཕལ་ཆེར་ཆུང་དུས་ཀྱི“ཚང་མས་ར་ལོར་སློབ་སྦྱོང་བྱོས”ཟེར་བའི་ཚདལ་སླེབས་བྱུང༌།
འོན་ཀྱང་ཆོས་དབྱིངས་གྲགས་པས་རིམ་བཞིན་བླ་མ་ཁ་ཤས་དང་གྲྭ་བ་རེ་གཉིས་ཀྱི“གསང་བའི་མཛད་པ”རེ་དང“མངོན་གྱི་སྤྱོད་པ”རེ་མཐོང་ཐོས་སུ་གྱུར་པས“འདི་འདྲ་ཡིན་ན་དེ་འདྲའི་སྙིང་བོ་མི་འདུག”བསམས་ཏེ་དགོན་པའི་ནང་ན་འཐུང་རྒྱུ་ཡོད་དུས་དང༌། འདས་པོའི་ཁྱིམ་མི་ཚོས་གྲྭ་བ་རྣམས་ལ་སྒོར་མོའི་འགྱེད་རྒྱག་དུས་མ་གཏོགས་དགོན་པའི་ཉེ་འགྲམ་ན་རྫོང་མཁར་ཞིག་ཡོད་པ་དེར་སོང་ནས་གློག་བརྙན་ལ་ལྟ་བ་དང་དུ་བ་འཐེན་པ། ཐ་ན“སིལ་ཁུ”ཡིན་ཟེར་ནས་ཝུ་ཆང་ཡང་འཐུང་གིན་ཡོད་པས་སླར་ཡང་ཆུང་དུས་ཀྱི“ཚང་མས་ར་ལོར་སློབ་སྦྱོང་བྱེད་མི་རུང”ཟེར་བའི་ཚད་ལ་སླེབས།
དེ་བས་ཀྱང་ཚབས་ཆེ་བ་ཞིག་ནི། ཕྱི་དྲོ་ཞིག་ལ“ཆོས་དབྱིངས་གྲགས་པས་ཕ་གིའི་སྡེ་བ་དེའི་ནང་གི་བུ་མོ་ཞིག་གི་རྗེས་བསྙེགས་སོང༌། ”ཟེར་བའི་བཤད་ཚུལ་ཞིག་རླུང་ལྟར་དགོན་པའི་ནང་ལ་གྲགས་ཤིང༌། དེ་རིམ་བཞིན་དགེ་བསྐོས་དང་གྲྭ་རྒན་རྣམས་ཀྱིས་ཀྱང་ཐོས་བྱུང༌། དགེ་བསྐོས་ཀྱིས“ཆོས་དབྱིངས་གྲགས་པ་ལེ་ལོ་སྒྱིད་ལུག་ཅན་ཞིག་ཡིན་ནའང་འཇིག་རྟེན་འཁོར་བར་ཞེན་པ་ལོག་ནས་དམ་པའི་ཆོས་ལ་བློ་སེམས་རྩེ་གཅིག་ཡིན་པས་དེ་འདྲའི་ངོ་ཚ་བྲལ་བའི་དོན་དག་སྒྲུབ་མི་སྲིད། རྫུན་དང་ཕྲ་མ་ཡིན་ནའང་སྲིད། དེ་བས་མིག་གིས་དངོས་སུ་མ་མཐོང་ན་ད་དུང་བརྡར་ཤ་མི་ཆོད”བསམས་ནས་བསྡད།
འོན་ཀྱང་དོན་དེ་གྲྭ་བ་གཉིས་ཀྱིས་དངོས་སུ་མིག་གིས་མཐོང་བ་ཡིན་ཏེ—ཆོས་དབྱིངས་གྲགས་པར་ལས་རྒྱུ་མེད་པས་རྩེ་ཆུའི་འགྲམ་དུ“སིལ་ཁུ”ཞིག་བཟུང་ནས་འཐུང་བར་སོང༌། དེ་ནི་དབྱར་དུས་ཀྱི་ཉིན་གུང་ཞིག་ཡིན་ལ། དགུང་ཉི་མ་འོད་ཟེར་རྩེ་གཞུང་ཡོངས་སུ་འཕྲོས་ཤིང༌། འཇམ་མཉེན་གྱི་རྩྭ་ལྗང་ཁྲོད་དུ་མེ་ཏོག་སེར་ཆེན་ཆུན་པོ་ཆུན་པོར་སྐྱེས་འདུག་པ་ནི་རྒྱང་ནས་བལྟས་ན་ས་གདན་ལྗང་ཁུ་རི་མོ་སེར་བོ་ཅན་ཞིག་བཏིངས་པ་དང་འདྲ། རྩེ་ཆུ་སྔོན་མོ་ལྷོད་འཇགས་བག་ཕེབས་ཀྱི་ངང་ནས་བཞུར་བཞིན་འདུག་ལ། གལ་ཏེ་སྒྱུ་རྩལ་གྱི་ཕྲ་ཕུང་ཅུང་ཙམ་ལྡན་པའི་མི་ཞིག་དེའི་འགྲམ་ལ་སླེབས་ཚེ《མཐིང་མདོག་གི་ཏོ་ནོ་གཙང་བོ》རང་ཤུགས་ཀྱིས་སེམས་ལ་དྲན་ཞིང་རྣ་བར་གྲགས་པའི་སྣང་བ་ཞིག་སྟེར་སྲིད། རྒྱུ་མཚན་ནི་མཚམས་འདིའི་རྩེ་ཆུ་དེ་ཕྱོགས་གང་ནས་བལྟས་ཀྱང་དངོས་གནས་མཛེས་ཤིང་ལྟ་ན་སྡུག་པའི་ཏོ་ནོ་གཙང་བོ་དང་གཉིས་སུ་མེད་པས་རེད།
མཚམས་ཤིག་ལ་ཕ་གིའི་སྡེ་བ་དེའི་ནང་གི་བུ་མོ་ཞིག་ཆུ་ལེན་པར་ཡོང༌། བུ་མོ་དེ་ནི་དངོས་གནས་ཡིད་དུ་འོང་བ་ཞིག་ཡིན་ལ། ཁོ་མོས་ཆུ་ལེན་ཞོར་དུ་ཕ་གིའི་ཆོས་དབྱིངས་གྲགས་པར་ཟུར་མིག་གིས་ལྟ་ཙམ་བྱས་པ་དེས་ཆོས་དབྱིངས་གྲགས་པ་རི་དྭགས་རྙི་ལ་ཐེབས་པ་ལྟར་གྱུར་ཅིང༌། ཁོའི་སེམས་ལ“མ་གཞི་འཇིག་རྟེན་སྟེང་གི་ཆེས་ཡིད་དུ་འོང་བ་ནི་བུད་མེད་རེད། ”སྙམ་སྟེ་རང་དབང་མེད་པར་ལ་གཞས་ཤིག་ངག་ལས་ཤོར་སོང༌།
“རྫ་ཆུང་ཆུང་སྨུག་པ་ཅན་པོ། །
འབྲོང་རུ་དམར་འཁོར་ན་ཨེ་ཆོག།
མཚོ་ཆུང་ཆུང་ལྗང་ཤ་ཅན་པོ། །
ཉ་གསེར་མིག་འཁོར་ན་ཨེ་ཆོག།
མ་ཆུང་ཆུང་མོ་སྒོ་ཅན་པོ། །
ཕོ་ང་རང་འགྲོགས་ན་ཨེ་ཆོག།
ཅེས་རྨ་ལྷོའི་གཞས་དབྱངས་ཀྱིས་བླངས་པ་ན། ཆུ་ལེན་བུ་མོ་དེས་ཀྱང་མ་བསམས་པར་དེའི་ལན་ལ།
“སྤྲིན་པ་ཁ་སེར་གཏིང་ནག།
སད་དང་སེར་བའི་གཞི་མ། །
བན་དེ་སྐྱ་མིན་སེར་མིན། །
སངས་རྒྱས་བསྟན་པའི་དགྲ་བོ། ། ”
ཞེས་ཀན་ལྷོའི་གཞས་དབྱངས་ཀྱིས་ཤིན་ཏུ་མྱུར་བར་བླངས་པས་ཆོས་དབྱིངས་གྲགས་པས་དེའི་ཚིག་འབྲུ་མ་གོ་ལ། བསམ་བློ་ཡང་མ་བཏང་བར་སེམས་སུ“སྤྱིར་ན་བུ་མོ་ཚོས་སྐྱེས་པ་ཚོའི་ལ་གཞས་ལ་ལན་སྟེར་བ་ཧ་ཅང་དཀོན་ཡང༌། བུ་མོ་འདིས་དེ་མ་ཐག་ལན་བྱིན་པ་ནི་ང་རང་བློ་ལ་བབས་པ་མིན་ན་ཅི་ཡིན”སྙམ་སྟེ་དགའ་ཐག་ཆོད་ནས་དགེ་བསྐོས་དང་སྡོམ་པ་རྩ་བ་ནས་བརྗེད་དེ་ལྷམ་ཡང་མ་ཕུད་པར་རྩེ་ཆུར་བརྒལ་ནས་སོང༌།
དྲ་ངོས་སུ་འཇོག་པ་པོ་འཇའ་ཐང་འབྲོག་བུ་ཡིན།