རི་བོ་ཧི་མ་ལའི་བསྟན་བཅོས་

རི་བོ་ཧི་མ་ལའི་བསྟན་བཅོས།

ཐབས་ཤེས་གོམས་པའི་མངོན་རྟགས་སུ།། བཟོ་བོ་རང་གིས་ལེགས་བྲིས་པའི།། ཞབས་མཐིལ་འཁོར་ལོའི་རི་མོ་དེས།། སྐྱེ་དགུ་འདི་དག་སྲུང་གྱུར་ཅིག། འདིར་གངས་རིའི་སྐོར་གྱི་གླེང་མོ་ཅུང་ཟད་བྱ་སྟེ། དེ་ཡང་ཧི་མ་ལ་ཡ་དང་། ཧི་མ་བནྟ་བྱ་བའི་ཚིག་འདི་གངས་ཅན་ཞེས་འགྱུར་བ་ཡིན་ཞིང་། གངས་ཅན་ཞེས་བྱ་བ་ནི་ཁ་བ་རི་ཁོ་ན་ལ་མི་བྱེད་ཀྱི། འོ་ན་ཅི་ཞེ་ན། རྒྱ་གར་བྱང་ཕྱོགས་ཀྱི་རི་རྒྱུད། གངས་རི། ནགས་རི། སྤང་རི་ལ་སོགས་པའི་རི་སྟོང་ཕྲག་དུ་མ་ཚོགས་པའི་སྤྱི་མིང་དུ་གྲགས་པ་ཡིན་ཏེ། དཔེར་ན། མདོ་དྲན་པ་ཉེར་བཞག་ལས། དེ་འདས་པ་ན་རིའི་རྒྱལ་པོ་གངས་ཅན་ཞེས་བྱ་བ། རྩེ་མོ་སྣ་ཚོགས་པ་དཔག་ཚད་སྟོང་དུ་གྱུར་པ་ཤུག་པ་དང་། སཱ་ལ་དང་། ཏ་མ་ལ་ལ་སོགས་པའི་ནགས་ཀྱིས་མཛེས་པ་ཞེས་གངས་ཅན་རི་ལ་ནགས་ཚལ་ཡོད་པ་གསལ་བར་བྱུང་ཞིང་། གནས་བརྟན་སྤྱན་དྲངས་པ་ལས་ཀྱང་། གངས་ཅན་གྱི་ཁྱད་ཆོས་སུ་ཐང་ཤིང་སྐྱེས་ཤིང་། གཡག་གི་རྨིག་པས་རྡོ་བཅག་པ་སོགས་བྱུང་ལ། གཞན་ཡང་རི་བོ་གངས་ཅན་ལ་སྦྱར་བའི་རྒྱ་གར་གྱི་སྙན་དངགས་རྣམས་ལ་ལྟོས་དང་། གངས་ཅན་རི་ལ་ནགས་ཚལ་དང་། མེ་ཏོག་གི་ཐང་ག་དང་། གཡག་ལ་སོགས་པ་དེར་ཡོད་ཚུལ་ཤ་སྟག་འབྱུང་། དེས་ན་གངས་ཅན་བྱ་བའི་མིང་ཙམ་ལ་འཁྲུལ་ནས། གངས་ཅན་རི་ལ་ཡོད་ཚད་ཐམས་ཅད་ཁ་བའི་ནང་དུ་ཡོད་སྙམ་པ་ནི་ས་སྐྱ་ན་ཡོད་ཚད་ཐམས་ཅད་ས་སྐྱ་བོ་ཞིག་གི་ནང་དུ་ཡོད་པར་བཟུང་བ་དང་འདྲ། དེ་བཞིན་གངས་ཀྱི་རི་ལ་སྨན་སྣ་ཚོགས་སྐྱེས་པར་བཤད་པ་ཡང་འདི་སྤང་ནགས་ཀྱི་རི་རྣམས་ལ་སྨན་རིགས་སྣ་ཚོགས་ཡོད་པ་ལ་བྱ་ཞིང་། གངས་ཀྱི་སེངྒེ་བྱ་བའི་མིང་ཡང་འདིར་བརྟེན་ནས་བྱུང་བ་ཡིན་ཏེ། འདིའི་ནགས་ཆེན་པོའི་ནང་དུ། སྟག སངྒེ། བསེ་རུ། གླང་པོ་ཆེ་ལ་སོགས་པ་རི་དྭགས་སྣ་ཚོགས་མཆིས་ཤིང་། སངས་རྒྱས་ཀྱི་སྤྱོད་པ་ཆེན་པོ་ལས་ཀྱང་། གངས་ཅན་གྱི་གླང་པོ་བྱ་བ་དང་། གླང་པོ་གངས་ཅན་ནགས་ན་ལྟར༑།ཞེས་གསུངས་པ་དང་། མཆོད་རྟེན་སྐོར་བའི་ཚིགས་བཅད་ལས་ཀྱང་། གངས་ཀྱི་གླང་ཆེན་བརྒྱ་སྙེད་དག་ཅེས་སོགས་ཀྱང་གསུངས་སོ། །དེ་ན་སེངྒེ་ནི་ནགས་ན་མཆིས་པའི་སེམས་ཅན༑ ལུས་སེར་སྐྱ། མཇུག་མ་རིང་པོའི་རྩེར་སྤུའི་ཕུན་བུ་ཡོད་པ། ཕོ་རྣམས་ལ་རྒྱ་དང་། རལ་པ་ཁམ་སེར་ཅན་ཡོད། འདིའི་གདོང་ལུས་དང་མི་འཚམ་པ་ཙམ་དུ་ཆེ་ཞིང་ཡངས་པས་པཉྩཱ་ནན་ཟེར་བ་ཡང་དོན་ལ་གདོང་ཡངས་བྱ་བ་ཡིན་མོད་གདོང་ལྔར་བསྒྱུར་ཞིང་། དེ་ལ་ཡང་དཔྲལ་བ། ཨོལ་ཀོ། མཁུར་ཚོས། སྣ་དང་བཅས་ལྔ་ལ་ཟེར་མོད། འདི་ནི་ཨཱནན་ཞེས་གདོང་བཞིན་རས་ཀྱི་དོན་ཡིན་པས་འབུར་ལྔ་རྩིས་པས་ག་ལ་ཕན། འགའ་ཞིག་གིས་རྐང་ལག་གི་མཐིལ་བཞི་དང་། གདོང་བཅས་ལྔ་ལ་བྱེད་སོགས་ཀྱང་སྨྲས། ལར་བྱིས་པའི་རྣ་བ་ངོ་མཚར་ལ་འཇགས་པའི་རྐྱེན་གྱིས་སྒྲོ་བཏགས་མེད་པའི་གཏམ་བདེན་པ་ཅི་ལ་ཡང་མི་དགའ་བ་སྣང་༑ འོན་ཀྱང་གངས་ཀྱི་སེངྒེ་བྱ་བའི་མིང་བྱེད་ཚེ། གོང་ལྟར། གངས་ཀྱི་གླང་ཆེན་བྱ་བ་བཞིན་རི་གངས་ཅན་གྱི་ནགས་ན་ཡོད་པར་གོ་བར་བྱ་དགོས་ཀྱི། སེངྒེ་དཀར་མོ་གཡུའི་རལ་པ་ཅན། གངས་རི་དཀར་སེང་ངེ་བའི་སྟེང་དུ་ཡོད་པར་བྱས་པ་ནི། དཔང་ལོ་ཆེན་པོས་གསུངས་པ་ལྟར་བོད་ཀྱི་བློ་བཟོ་ཁོ་ན་ཡིན་ཏེ། རྒྱ་གཞུང་ཐམས་ཅད་ན་འདི་ནགས་ཀྱི་སྲོག་ཆགས་སུ་བཤད་པ། དཔེར་ན། ཟླ་བའི་བཞི་འགྲེལ་ལས། རྒྱལ་པོས་སྐྱེ་རྒུ་སྲུང་ལ། སྐྱེ་དགུས་ཀྱང་རྒྱལ་པོ་སྲུང་བ་ཡིན་ཏེ། དཔེར་ན། སེངྒེས་ནགས་སྲུང་ལ། ནགས་ཀྱིས་སེངྒེ་སྲུང་བ་བཞིན་ནོ་ཞེས་དང་། ཚིག་གསལ་གྱི་དེ་བཞིན་གཤེགས་པ་བརྟག་པར་ཡང་། དེ་བཞིན་གཤེགས་པ་ནགས་ཁྲོད་ན་སེངྒེ་ལྟར་ཞེས་དང་། ཤ་ཝ་རིའི་དོ་ཧར་ཡང་། ཅི་ལྟར་ནགས་ན་སེངྒེ་ང་རོ་ཡི། །ཞེས་དང་། རྟོགས་བརྗོད་རིན་པོ་ཆེའི་ནང་མྱ་ངན་མེད་ཀྱི་སྤྲིང་ཡིག་བཀོད་པར་ཡང་། མཚུངས་པ་མེད་པའི་ནགས་ཀྱི་གདོང་ལྔ་ཞེས་བཤད་དེ། གལ་ཏེ་གངས་སེང་དེ་ལྟར་མཐུ་ཆེ་བ་ཞིག་ཡོད་ན། རྒྱལ་པོ་ཡང་དེ་ཁོ་ནའི་མིང་གི་ཆེ་བ་ཐོབ་པར་གྱུར་པས་ཚིག་ཀྱང་དེ་ལྟར་སྦྱོར་བར་འགྱུར་རོ།། དེར་མ་ཟད་རྒྱལ་པོ་འདིའི་རྡོ་རིང་གི་ཏོག་དང་། རྒྱ་གར་སྐུ་བརྙན་རྙིང་མ་རྣམས་ཀྱི་བཞུགས་ཁྲི་དང་། བོད་ཀྱི་སྐུ་རྙིང་གི་བཞུགས་ཁྲི་དག་ལ་སེངྒེ་བྱུང་བ་ཡང་། ད་ལྟར་གྲོང་ཁྱེར་མང་པོ་དག་ན་གསོན་པོར་བཟུང་ཡོད་པའི་ནགས་སེང་མཇུག་རིང་གི་གཟུགས་འདྲ་བ་ཁོ་ན་བྱུང་ཞིང་། ལྷ་སའི་གཙུག་ལག་ཁང་གི་ལྕམ་སྣེ་པད་འབུར་དང་། སྒོ་རྒྱན་སོགས་ལ་སེངྒེའི་གདོང་དང་གཟུགས་སོགས་བྱུང་བ་རྣམས་ཀྱང་། ནགས་སེང་སྣ་ལེབ་ཀྱི་གཟུགས་ཁོ་ན་ཡོད་པ་བལྟས་པས་ཤེས་སོ། །དེ་ལྟར་དཔང་ལོས། གངས་ལ་སེངྒེ་ཡོད་པར་སྒྲོགས་པར་ཡུལ་འགལ་བའི་དཔེར་གསུངས་པ་ལ། བོད་མཁས་པས་དེ་ཚེ་གངས་ཀྱི་ངོས་ནས་སེངྒེ་ཕྲུ་གུ་དག་ལྷགས་ཏེ་སོགས་རྒྱ་ཆེར་རོལ་པའི་ལུང་དྲངས་ནས། འདི་ཡང་ཡུལ་འགལ་བའི་དཔེར་མི་གསུངས་གྲང་ཞེས་ཀྱལ་ཀ་མཛད་པ་ཡང་ངེས་པར་ཀྱལ་ཀ་རང་ཡིན་ཏེ། འདིའི་གངས་ཀྱི་ངོས་ནི་སྔར་ལྟར་ཧི་མ་ལ་ཡའི་ཕྱོགས་ཡིན་ལ། སེར་སྐྱ་ནས་འདིའི་ནགས་ཀྱི་རི་བར་དུ་རྐང་འགྲོས་ཉིན་གཅིག་ཙམ་གྱི་ས་ལས་མེད་པས། མདོ་ལས་ཀྱང་གངས་ཀྱི་ངོས་དང་ཉེ་བ། ཞེས་གསུངས་སོ།། དེ་ན་ལུང་དེ་བྱང་ཆུབ་སེམས་དཔའ་འཁྲུངས་པའི་སྔ་ལྟས་བརྒྱད་ཀྱི་སྐབས་སུ་གསུངས་ཤིང་༑ ཡང་དེར་དེའི་ཚེ་རིའི་རྒྱལ་པོ་གངས་རི་ལ། བྱ་འདབ་སྦེད་དང་། ནེའུ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། རྨ་བྱ་དང་། ངང་པ་དང་། ངུར་པ་ལ་སོགས་པའི་བྱ་གང་དག་གནས་པ་དེ་དག་དེར་འོངས་ནས་ཟས་གཙང་མའི་ཁྱིམ་གྱི་སྟེགས་བུ་ལ་སྐད་འབྱིན་པ་ནི་སྔ་ལྟས་གཉིས་པའོ་ཞེས་བྱ་འདི་དག་ཀྱང་གངས་ཀྱི་ངོས་ནས་འོང་བར་གསུངས་ལ། འདི་དག་ནགས་ཀྱི་བྱ་ཡིན་གྱི་ཁ་བའི་ནང་དུ་ག་ལ་སྡོད། དེ་ནི་ཧི་མ་ལ་ཡའི་ནགས་ནས་འོངས་པ་ལ་བྱ་ཞིང་། སེངྒེ་ལ་ཡང་དེ་ལྟར་བྱའོ། །གངས་ཅན་གྱི་ནགས་ཞེས་གཙུག་ནོར་གྱི་ཡལ་འདབ་སོགས་སུ་ཡང་བྱུང་། དེར་མ་ཟད་རྒྱལ་རོལ་རང་དུ་ཡང་སེངྒེ་ནགས་ན་གནས་པ་ཡང་ཡང་བསྟན་པ། དམ་པ་ཏོག་དཀར་གྱི་ཆེ་བའི་སྐབས་སེངྒེ་ལ་སྦྱར་ཏེ། འདུལ་བའི་ནགས་ཚལ་དང་༑ ནགས་འདབས་སུ་སྐྱེས་པའི་ལུས་དང་ལྡན་པ་ཞེས་དང་། བདུད་བཏུལ་བའི་བར་ཚིགས་སུ་ཡང་། ནགས་ཚལ་དག་གི་ཁྲོད་ན་ཝ་མང་པོས། །སེངྒེ་མེད་པར་དེ་ན་སྒྲ་ཡང་སྒྲོགས༑། ཞེས་དང་། ཇི་ལྟར་ནགས་སེང་སྒྲ་བསྒྲགས་ཝས་ཐོས་དང་།།སོགས་གསུངས་སོ།།གཞན་ཡང་འདུལ་བ་ལས། སེངྒེ་སྟག་གིས་གཏམས་པ་དང་། ཕྱུགས་རྗེས་བཏགས་པའི་ནགས་ཚལ་དུ་སོགས་དང་། ཀེ་ནའི་བུའི་ཚིགས་བཅད་གཅིག་པུའི་ནང་དུ་ཡང་། ཇི་ལྟར་སེངྒེ་མཆེ་བའི་སྟོབས། །ནགས་སུ་སྲོག་ཆགས་དང་འཕྲད་ན། །ཞེས་དང་། སེངྒེ་ནི་ནགས་སུ་འཇིགས་པ་མེད་པ་ལྟར་ཞེས་དང་། ནགས་ནང་སེངྒེ་སྒྲ་འབྱིན་ལྟར། སོགས་ལན་དུ་མར་བྱུང་བས་དྲངས་པས་ག་ལ་ལང་། སྔོན་བྱུང་བ་ནགས་ཚང་ཚིང་ཞིག་ན་སེངྒེ་རལ་པ་ཅན་ཞིག་གནས་ཏེ་ཞེས་སེངྒེའི་སྐྱེས་རབས་གསུངས་པ་དང་། མི་ཞིག་ནགས་སུ་སོང་བ་སེངྒེ་དང་ལྷན་དུ་དོང་དུ་ལྷུང་བ་དང་། སྟོན་པ་འཁོར་བཅས་ནགས་ཤིག་ནས་གཤེགས་སྐབས་ཁྱེའུ་གཉིས་ཀྱིས་རྔ་བརྡུངས་ནས་སེངྒེ་ལ་བསྲེལ་བྱས་པ་དང་། མཚན་མོ་ནགས་སུ་བཞུགས་སྐབས་དྲུག་སྡེ་བྱུང་ངོ་ཞེས་ཀུ་ཅོ་བཏོན་པས། དགེ་སློང་རྣམས་ཀྱིས་སེངྒེ་བྱུང་སྙམ་དུ་བྲོས་པ་སོགས། རྒྱ་གཞུང་ཁུངས་མ་རྣམས་ན་སེངྒེ་ལ་སྦྱར་བའི་ལོ་རྒྱུས་ཡོད་ཚད་ཐམས་ཅད། ནགས་ན་ཡོད་པར་བཤད་པ་ཤ་སྟག་བྱུང་བ་བདེན་ནམ་བརྫུན་ལྟོས་ཤིག གཞན་ཡང་རྒྱུད་བླ་དང་། རྟོགས་བརྗོད་རིན་པོ་ཆེ་བསྟོད་ཚོགས་མང་པོ་དག་ན་ཡང་ནགས་སེང་གི་སྒྲོས་བྱུང་བ་བྲིས་པས་མི་ལང་། རང་རེ་ལ་འོས་པའི་ནགས་སེང་གི་མིང་ཟུར་ཙམ་ཡང་མ་གྲགས་པར། མི་འོས་པའི་གངས་སེང་། འདམ་སེང་། བྲག་སེང་། སྤང་སེང་། དར་སེང་སོགས་སེངྒེ་ཁྱུ་ཞིག་བྱུང་བ་དེ་ཡ་མཚན༑ དྲི་མེད་འོད་དུ་འདམ་སེང་གི་པགས་པ་ཞེས་བྱུང་བ་ཡང་། སྐབས་གཞན་དུ་འབྲོག་དགོན་པའི་སེངྒེ་བྱ་བ་ཞིག་ལ། བུ་སྟོན་གྱིས་འདམ་སེང་ཞེས་མཆན་བཏབ་པ་དེ་ཡིན་འདུག་ལ༑ ནགས་ཀྱི་སྐད་དོད། ཨརྞྱ་རྟག་ཏུ་འབྲོག་སྟོང་དུ་བསྒྱུར་བས་དེས་ན་འདི་ཡང་དོན་ལ་ནགས་སེང་ཡིན་ནོ།།མངོན་བརྗོད་སྣ་ཚོགས་གསལ་བར་ཡང་། ནགས་ཀྱི་རྒྱལ་པོ་ཞེས་སེངྒེའི་མིང་གི་རྣམ་གྲངས་སུ་བྱུང་། སེངྒེ་རལ་པ་ཡང་ལྗང་ཁུ་མིན་པ་སྒྲུབ་ཐབས་མང་པོ་ན་སེངྒེ་ལྟར་སྐྲ་སེར་སྐྱ་འཁྲིགས་པ་ཞེས་གསུངས་པ་དེའོ།། སྤྱིར་སེངྒེ་འདི་རྒྱ་གར་གྱི་སྲོག་ཆགས་སུ་སོང་གཤིས། འདིའི་མིང་ཡང་རྒྱ་གར་གྱི་སྐད་ཟུར་ཆག་པ་ཙམ་ཡིན་གྱི། རང་རེའི་ཡུལ་ན་ཐོག་མ་ནས་ཡོད་པའི་སྲོག་ཆགས། རྟ་ལུག་ཁྱི་ཕག་སོགས་ལ་བོད་སྐད་རང་རྐྱ་བའི་མིང་ཡོད་པ་དེ་འདྲ་ཡང་འདི་ལ་མེད། དེར་མ་ཟད་རང་ཅག་གི་རི་མོའི་སེངྒེ་གཡུ་རལ་ཅན་འདི་རྒྱ་ཁྱི་མགོ་ཟེང་གི་གཟུགས་རང་དུ་འདུག་པས་རྒྱ་ནག་གི་རི་མོའི་ཤན་བྱུང་བར་གོར་མ་ཆག་ལ། རྒྱ་ནག་པ་རྣམས་ནི་སེངྒེ་མགོ་ལུས་སྔོན་པོར་བྱེད་པ་ཡིན་ཅིང་། རང་རེ་ནི་དཀར་པོ་བྱས་ལ། ལི་ཡུལ་གྱི་བྲིས་ཆ་འགའ་ལའང་སྣང་ཞིང་༑ སྔོན་བོན་ལ་གྲགས་པ་ཞིག་མིན་ནམ་སྙམ་ཏེ། བོད་ཀྱི་རྩ་བའི་རུས་ཆེན་འདྲེན་པའི་སྐབས། ཡེ་སེང་དཀར་མོ་གནམ་གྱི་འཇུ་ཐག་ཅན་གཅིག སྤྱང་ཕྲུག་ཡེ་ཤེས་ལྷ་ཡི་སྒྲོན་མ་གཉིས༑ མོ་རྫི་ནག་པོ་ཁྱིའི་རྔ་མ་ཅན་གསུམ། སོགས་བོན་རྒན་རྣམས་ཀྱི་གསུང་རིས་འཁྲུལ་མེད་ཅིག་འདུག་པས་སོ།། ལར་རྗེ་ཚངས་དབྱངས་པས་གངས་སེང་གཟིགས་པར་གསུངས་པ་དང་། གླང་པོ་ཅན་གྱི་ཡལ་འདབ་ལས་བྱུང་བ་ལྟ་བུ། མཐུ་བསམ་གྱིས་མི་ཁྱབ་པའི་དབང་དུ་བྱས་པའི་དུང་གི་སེངྒེ་དང་། གསེར་གྱི་གླང་པོ། ཤེལ་གྱི་བུ་མོས་ཤེལ་གྱི་སྐུད་པ་འཁེལ་བ་སོགས་ཀྱང་ཡོད་ལ་རག་མོད་ཀྱང་། རི་བོང་རྭ་མེད་པའི་རྣམ་བཞག་འདི་སྤྱི་བཏང་ལྟར་བྱེད་ཚེ། གངས་སེང་ཡང་ངེས་པར་མི་རུང་བ་ཞིག་གོ་སྙམ་མོ། ། འོ་ན་གངས་སེང་ངམ་ནགས་སེང་གང་ཡིན་ཀྱང་རུང་གིས་རྔོན་བྱེད་དུ་མི་འགྲོ་བས་འདི་ལ་དོ་གལ་དེ་ཙམ་གྱིས་ཅི་ཞིག་བྱ་སྟེ། འོན་ཀྱང་གངས་སེང་དང་། ནགས་སེང་། གཡུ་རལ་དང་། རལ་པ་ཁམ་སེར། སྤུ་མདོག་དཀར་པོ་དང་། སེར་སྐྱ་སོགས་ཞིབ་ཏུ་ཕྱེས་ཤེ་ན། སྒྲུབ་ཐབས་དང་། བསྟན་བཅོས་དང་། ལོ་རྒྱུས་དང་། སྐུ་བརྙན་མང་པོ་ཞིག་རྒྱ་གར་གྱི་ཡིན་ནམ༑ བོད་ཀྱི་ཡིན། སྔོན་གྱི་ཡིན་ནམ། ཕྱིས་ཀྱི་ཡིན་ཅེས་གསལ་པོར་ངོས་ཟིན་པ་ལ་ནི་ནོངས་པ་ཅི་ཞིག་མཆིས་ཏེ། བརྒྱ་བྱིན་གྱི་རྡོ་རྗེས་རིའི་རྐང་པ་བཅག་པ་སོགས་རིག་བྱེད་ཀྱིས་རྫུན་ཇི་སྙེད་ཅིག་ལ་སྦྱར་བ་བཞིན་ནོ། །དེར་མ་ཟད་གངས་ཅན་ནགས་ཀྱི་སེངྒེ་བྱ་བའི་ཚིག་སྡུད་ཡིན་པར་བྱས་ན་གངས་སེང་བྱ་བའི་ཐ་སྙད་ཀྱང་རང་སོར་བཞག་ཆོག་པས་ཁྱེད་རྣམས་ལ་གནོད་བསྐྱལ་བ་ཅི་ཡང་མེད་དོ།། གངས་ཀྱི་སེངྒེ་གར་ཡང་མ་མཆིས་ཤིང་།། གེ་སར་རྒྱལ་པོ་གུད་དུ་མི་བཞུགས་མོད།། སྒྲོ་བཏགས་སེམས་ལ་དངོས་སུ་སྣང་བ་འདི།། སྙན་ཚིག་སྒྲ་ཡི་བརྗོད་བྱར་ཅིས་མི་རུང་།།