རྐང་རྩེད་སྤོ་ལོ།
རྐང་རྩེད་སྤོ་ལོ་ནི་དེང་སང་འཛམ་གླིང་དུ་དགའ་བསུ་ཐོབ་ཆེ་ཤོས་གྱི་རྩེད་མོ་ཞིག་ཡིན། དེ་རྩེད་མཁན་རྩེད་མོ་བ་ལ་སྤོ་ལོའི་རྩལ་དང་བང་རྩལ་དགོས་པའི་མི་ཚད་བློ་རིག་པ་དང་དཔའ་སྤོབ་པ་ཡང་དགོས་མ། དེ་མིན་ཐུན་མོང་རོགས་རེད་ཀྱི་སེམས་ཡང་དགོས། རྐང་སྤོ་ཐོག་མར་ཀྲུང་གོར་བྱུང་ཞིང་ཕྱིས་སུ་ཡོ་རོབ་ཏུ་དར་ལ་དུས་རབས་༡༩པའི་དུས་དཀྱིལ་དུ་དབྱིན་ཇི་རུ་དར་རྒྱས་ཆེན་པོ་བྱུང་ནས་འཛམ་གླིང་ཀུན་ཏུ་དར་ཁྱབ་བྱུང་།[༡]
ལོ་རྒྱུས།
རྩོམ་སྒྲིགདཀར་ནག་འདྲེས་མའི་སྤོ་ལོས་ནམ་ཡང་སྐྱེས་པ་ཚོར་ཚ་རླབས་འཕྱུར་བའི་གླེང་གཞི་ཞིག་བསྩལ་ཐུབ། རྒྱལ་སྤྱིའི་ཐོག་ཆེས་མིང་གྲགས་ལྡན་པའི་རྐང་རྩེད་སྤོ་ལོ་ཚོགས་པའི་དབར་གྱི་འགྲན་བསྡུར་དང་། རྒྱལ་ཁབ་ཀྱི་མཚན་སྙན་དང་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་འགྲན་བསྡུར་ཞིག་དེ་མིན་གྱི་འཁྲུག་ཆ་དོད་པོ་རང་མེད་པའི་ས་ཁུལ་སོ་སོའི་ཚོགས་པའི་དབར་གྱི་འགྲན་བསྡུར་སོགས་ཚང་མས་ཇ་ཁང་ནང་དུ་བཞུགས་པའི་སྐྱེས་པ་ཚོར་བགྲོ་གླེང་གི་ཚ་རླབས་ཤིག་བཟོ་ཡི་ཡོད། བོད་ཀྱི་ངོས་ནས་བརྗོད་ན་ལུས་རྩལ་བྱེད་སྒོ་གང་གིས་ཀྱང་རྐང་རྩེད་སྤོ་ལོའི་བྱེད་སྒོ་ལས་བརྒལ་མི་ཐུབ་ཅིང་། ཐ་ན་ཁུག་ཀྱོག་ཏུ་གནས་པའི་གྲོང་གསེབ་ཀྱི་ཐང་གཤོང་ཞིག་ནས་ཀྱང་ཀོ་བའི་སྤོ་ལོར་རྗེས་དེད་བཏང་ནས་གཟུགས་པོ་རྔུལ་ཆུས་བརླན་པའི་ཕྲུ་གུ་མཐོང་ཐུབ་པས། རྐང་རྩེད་སྤོ་ལོའི་འདྲེན་ཤུགས་ཇི་འདྲ་ཞིག་ཡོད་མིན་དེ་ནས་རྟོགས་ཐུབ།
ལོ་ཞིག་ལ་རྒྱལ་རྩེ་ཁུལ་དུ་ཡུལ་སྐོར་ལ་བསྐྱོད་ཅིང་། དངུལ་ཏོག་ཙམ་གྲོན་ཆུང་ཡོང་བའི་སླད་དུ་གྲོགས་པོ་དོན་གྲུབ་ཀྱི་ཕ་མའི་ཁྱིམ་དུ་གནས་ཚང་གཡར་ནས་བསྡད་པ་ཡིན། དུས་དེར་ཏག་ཏག་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་བཞིན་པའི་སྒང་རེད། ང་རང་གི་བསམ་པར་ཁོང་གི་ཁྱིམ་དུ་བསྡད་པ་དེས་འགྲན་བསྡུར་གྱི་གནས་ཚུལ་ཇི་བཞིན་མཐོང་མི་ཐུབ་སྙམ་པའི་སེམས་ཁྲལ་བྱུང་། གང་ལགས་ཤེ་ན། བོད་ཀྱི་གྲོང་གསེབ་ཏུ་མི་སེར་གྱི་ཁྱིམ་ལ་བརྙན་འཕྲིན་གྱི་ནང་དུ་སྟོན་པ་ནི། ཉིན་མཚན་མེད་པར་བལྟས་ཚར་རྒྱུ་མེད་པའི་བོད་སྐད་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་ལས་མ་འདས། འོན་ཀྱང་ངའི་བསམ་ཡུལ་ལས་འདས་པ་ཞིག་ལ། དོན་གྲུབ་ཀྱི་ཨ་ཕ་ལྷག་པ་ཚེ་རིང་ནི་སྤོ་ལོར་དགའ་བ་ཞིག་ཡིན་པ་དང་། ལོ་ན་དོན་གསུམ་ལ་ཕེབས་པའི་ཞིང་པ་བགྲེས་སོང་འདིས་འཛམ་གླིང་སྤོ་ལོའི་འགྲན་བསྡུར་རིང་གི་དུས་ཚོད་དམ་འཛིན་གྱིས། ཐ་ན་མཚན་གུང་གི་ཆུ་ཚོད་གཉིས་གསུམ་དུས་ཀྱི་འགྲན་བསྡུར་ལེ་ཚན་ལའང་གཡེངས་མེད་གཟིགས་པ་མ་ཟད། གཉིད་མི་བྲོ་བ་དང་འགྲན་བསྡུར་ལ་ལྟ་བའི་དུས་ཚོད་འཐུས་ཤོར་མི་ཡོང་བའི་ཆེད། ཁོང་གིས་སྐབས་རེ་མཚན་མོར་སྔོན་ལ་ཕྱི་རོལ་དུ་འཆམ་འཆམ་ལ་བསྐྱོད་པ་དང་། ཡར་ལོག་ཡོང་ནས་འགྲན་བསྡུར་ལ་གཟིགས་པ། ཡང་སྐབས་རེ་སྔོན་ལ་སིམ་གཉིད་ཞིག་ཁུག་པ་དང་། ཆུ་ཚོད་ཀྱི་སྒྲ་སྒྲོག་ཏན་ཏིག་བཟོས་རྗེས་དུས་ཐོག་ལ་ལངས་ནས་གཟིགས་ཀྱི་འདུག་མཚན་གུང་གི་དུས་སུ་ངས་ཁོང་དང་མཉམ་དུ་འགྲན་བསྡུར་འགའ་ཤས་ཤིག་བལྟས་པ་ཡིན། ཅང་མ་འགོར་བར་ལྗིད་ཏིག་ཏིག་གི་མིག་པགས་གོང་འོག་ཕན་ཚུན་འཐབ་ཡོང་བ་དང་། རིག་པ་གྲུང་པོ་ཇི་ལྟར་བྱས་ཀྱང་ཕན་ཐོགས་གང་ཡང་མིན་འདུག རྒྱ་སྐད་ཚིག་ཐོག་གི་འགྲེལ་པ་ཚིག་གཅིག་ཀྱང་ཧ་མི་གོ་བའི་བགྲེས་སོང་ལྷག་པ་ཚེ་རིང་ནི་གཉིད་ཀྱི་གཡའ་ཙམ་མེད་པར་དབྱིངས་ཚུད་ནས་འདུག ཁོང་གིས་སྐབས་རེ་རང་ཉིད་བློ་ཡིད་འཕྲོག་པ་ལས་འདོན་པའི་སྐད་ཅོར་གྱིས། ང་རང་གཉིད་འཐིབས་ཀྱི་ནང་ནས་ཐེངས་ཤས་བསླངས་ཤིང་། མིག་ཕུར་ནས་ཡང་ཁོང་དང་མཉམ་དུ་འཁྱུག་ཙམ་བལྟ་གིན་བསྡད། བགྲེས་སོང་ཁོང་གི་ཞལ་ལས་བྱུང་བའི་སྤོ་ལོའི་སྐོར་གྱི་ཐ་སྙད་ནི་ངས་དེ་ཙམ་གྱི་ཧ་མི་གོ་དཔེར་ན། མཚམས་ཐིག་བརྒལ་བ་དང་གནས་བརྒལ་ཟུར་འདྲེན་སྤོ་ལོ། སོགས་ཚང་མ་དབྱིན་སྐད་ཡིན་པ་དང་། ཚིག་སྐད་དེ་འདྲ་ཁོང་ཞིང་པ་རྒན་ཁོག་ཞིག་གི་བྱད་གཟུགས་དང་ཧེ་བག་ཤིན་ཏུ་ཆེ་བར་སྣང་།
འོན་ཀྱང་བོད་ཀྱི་ཉེ་རབས་ལོ་རྒྱུས་ལ་དོ་སྣང་ཅུང་ཟད་ཞིག་བྱས་ན། དབྱིན་ཀ་ལན་རྐང་རྩེད་སྤོ་ལོའི་སྐོར་གྱི་ཐ་སྙད་དེ་འདྲ་བགྲེས་སོང་ལྷག་པ་ཚེ་རིང་གི་ཞལ་ནས་འདོན་པར་ཡ་མཚན་པའི་སྣང་བ་གང་ཡང་བྱུང་མི་སྲིད།
༡༩༠༤ལོར་དབྱིན་ཇིས་ཀྲུང་གོའི་བོད་ལྗོངས་ལ་བཙན་འཛུལ་བྱས་པ་དང་། ཁོ་ཚོས་རྒྱལ་རྩེ་ནི་བོད་ཡོངས་ལ་དཔུང་འཇུག་བྱེད་པའི་ས་ཚིགས་དེར་བརྩིས་ནས་རྒྱལ་རྩེར་ཚོང་དོན་ཁང་དང་དམག་སྒར་བཙུགས་པས་གཉིད་མཐུག་ཏུ་ཡུར་བའི་བོད་ཀྱི་ས་སྒང་འདིར་མ་རྩ་རིང་ལུགས་རྙིང་གྲས་ཀྱི་ཆེས་སྔོན་ཐོན་བཟོ་ལས་སྒྲིག་ཆས་ཀྱི་རྐང་པ་འཛུགས་འགོ་ཚུགས། དེ་ནས་བཟུང་རྒྱལ་རྩེར་རིམ་བཞིན་རླངས་འཁོར་དང་། རྐང་འཁོར། ཁ་པར། ཏར་སོགས་ཐོན། དེའི་རྗེས་ཀྱི་མི་ལོ་བཅུ་ཕྲག་ནང་རྒྱལ་རྩེའི་མིང་གྲགས་ཁྱོན་ཡོངས་ནས་མཐོ་རུ་སོང་བ་དང་། བོད་ཀྱི་ནུབ་རྒྱུད་རྫོང་གཞིས་ཁག་ཏུ་མངགས་གཏོང་བྱས་པའི་དཔོན་རིགས་ཚོས་སྐབས་དེའི་བཀའ་ཤག་སྲིད་གཞུང་ལ་གནས་ཚུལ་སྙན་གསེང་ཞུ་དགོས་པའམ། ཚོང་པ་ཚོས་རྒྱ་གར་གྱི་ཚོང་པ་དང་ཚོང་དོན་འབྲེལ་གཏུགས་བྱེད་པ་སོགས་ཚང་མར་རྟ་བཞོན་ཏེ་རྒྱལ་རྩེར་མྱུར་སྐྱོད་ཀྱིས་ཏར་གཏོང་བའམ་ཁ་པར་གྱི་ཐོག་ནས་འབྲེལ་བ་བྱེད་ཀྱི་ཡོད། རྒྱལ་རྩེའི་ཁྱད་འཕགས་ས་ཁམས་དེས་བོད་ས་གནས་ཀྱི་སྲིད་ཕྱོགས་མི་སྣ་དང་། ཚོང་པ། གནས་མཇལ་བ་སོགས་རྒྱ་གར་དུ་བསྐྱོད་པ་དང་། མཚོ་ཐོག་བརྒྱུད་ནས་མེས་རྒྱལ་ནང་སར་སྐྱོད་པའི་ལམ་ཉག་གཅིག་ཏུ་གྱུར་བས་དུས་མཚམས་ཤིག་རིང་བོད་ཀྱི་ནུབ་ཁུལ་གྱི་གནད་ཆེའི་གྲོང་རྡལ་དེ་ཤིན་ཏུ་འཁྲུག་ཆ་དོད་པོ་ཞིག་ཏུ་གྱུར།
དབྱིན་ཇི་བ་དེ་ཚོས་སྐྱོ་སངས་ཀྱི་རོལ་རྩེད་བྱེད་ཆེད་རྒྱལ་རྩེའི་སྐྱིད་ནག་ཞེས་པའི་ཐང་སྡེར་དེར་ཁོ་པ་ཚོའི་ཕ་ཡུལ་ལ་རྒྱུན་དུ་རྩེད་པའི་རྐང་རྩེད་སྤོ་ལོ་རྩེད་པ་དང་། རྟ་ཐོག་སྤོ་ལོ་རྩེད་ཀྱི་ཡོད། ཡང་ཁོ་པ་ཚོར་ལས་ཀ་བྱེད་མཁན་གྱི་བོད་པའི་གཡོག་པོ་ཚོའི་ཁྲོད་དུ་ཡང་རྐང་རྩེད་སྤོ་ལོའི་རུ་ཁག་གཅིག་སྒྲིག་འཛུགས་བྱས་ཏེ་དབྱིན་ཇི་བ་ཚོར་སྤོ་ལོ་རྒྱག་རོགས་བྱེད་ཀྱི་ཡོད། བྱ་དངོས་གསར་པ་དང་ལེན་བྱེད་ནུས་ཆེ་བའི་ཁུལ་དེའི་བོད་མིས་ཟླུམ་ཞིང་འཕར་བའི་དངོས་པོ་དེར་དེ་མ་ཉིད་དུ་སྤྲོ་སྣང་འཕེལ། ཐོག་མའི་དུས་ཁོབ་ཤིག་ཤིག་གི་རྐང་པས་སྤོ་ལོར་རྡོག་རྒྱག་ཞུས་མི་ཐུབ་སྐབས་ལག་པས་སྤོ་ལོ་འཇུས་ཏེ་རྒྱུགས་ཤར་གློད་པས་དབྱིན་ཇིའི་མི་རྣམས་ངུ་མི་ཤོར་དགོད་མི་ཤོར་བའི་གནས་སུ་བསྐྱལ། རིང་པོ་མ་སོང་བར་གཡོག་པོའི་རུ་ཁག་གི་སྤོ་ལོའི་རྒྱག་རྩལ་ཡང་ཉིན་རེ་བཞིན་མ་བསྡད་པར་ཡག་ཏུ་སོང་ཞིང་། སྐྱིད་ནའི་མཐའ་འཁོར་གྱི་ཕྲུ་གུ་ཚོའི་ཡིད་དབང་ཡང་རྐང་རྩེད་སྤོ་ལོས་རིམ་བཞིན་འཕྲོག་པ་དང་། བགྲེས་སོང་ལྷག་པ་ཚེ་རིང་ལགས་ཀྱི་དུས་སུ་སླེབས་དུས་ཁུལ་དེའི་བོད་མི་ཚོས་རྐང་རྩེད་སྤོ་ལོ་རྩེར་སོན་པ་རྒྱག་ཐུབ་ཀྱི་ཡོད།
ཕྲུ་གུ་ཚོས་ཕྱོགས་གཅིག་ནས་མི་རྒན་པ་ཚོ་ལ་དཔེ་བལྟས་ཏེ་རྒྱག་པ་དང་། སྐབས་རེ་མི་རྒན་ཚོའི་རུ་ཁག་ལ་མི་ཆད་ཚེ། སྤོ་ལོ་རྒྱག་རྩལ་ཅུང་ཡག་པའི་ཕྲུ་གུ་ཆེ་བ་དེ་ཚོ་འགྲན་བསྡུར་ནང་འཇུག་གི་ཡོད། ཕྲུ་གུ་ཚོར་མི་རྒན་གྱི་སྤོ་ལོའི་ལྷམ་དང་གོས་ཆེ་དྲགས་ཀྱི་ཡོད་པས། བོད་ཟོམ་གྱོན་ནས་འགྲན་བསྡུར་ནང་བཞུགས་རྒྱུ་རང་རེད། ཁོ་ཚོས་འཁྱུག་ཙམ་རིང་སྲོག་ལྟོས་ངང་རྒྱུགས་པ་དང་། ཡང་འཁྱུག་ཙམ་རིང་སེམས་འཚབ་ངང་ལུས་སྒུར་ནས་ལྷམ་སྒྲོག་བཅིངས་ནས་སྡོད་ཀྱི་ཡོད། རྐང་རྩེད་སྤོ་ལོས་ནར་སོན་བཞིན་པའི་ཕྲུ་གུ་ཚོར་སྤྲོ་སྣང་ཚད་མེད་སྦྱིན་གྱི་ཡོད་ལ། ཡང་ཁོ་ཚོར་ཡིད་མུག་པ་ཡང་ཡོང་བ་ནི། སྤོ་ལོ་བརྒྱབ་དྲག་ཏེ་སྣམ་བུའི་ལྷམ་རལ་སོང་ན་ནང་མིའི་གཤེ་གཤེ་བཟེད་དགོས་ཤིང་། ལྷམ་གསར་པ་ཆ་གཅིག་བཟོ་བ་ལ་ཁྱིམ་ཚང་དབུལ་ཕོངས་ཤིག་གི་ངོས་ནས་བརྗོད་ན་དཀའ་ངལ་ཆེན་པོ་ཡིན་སྟབས་རྐང་རྗེན་མར་སྤོ་ལོ་རྒྱག་གི་ཡོད། སྐབས་དེ་དུས་ཀྱི་རྐང་རྩེད་སྤོ་ལོ་ནི་སྒྲོག་གུ་རྒྱག་དགོས་པའི་བཟོ་དབྱིབས་རྙིང་པའི་རིགས་ཡིན་པས་རྐང་རྗེན་མར་རྒྱག་སྐབས་གལ་ཏེ་སྤོ་ལོའི་ཕུ་ཏོག་ལ་རྡོག་རྒྱག་འཐེབ་ན། ན་ཚ་གཏོང་ཤུགས་ནི་སྨྲོས་པ་དཀའ། འོན་ཀྱང་འགྲན་བསྡུར་གྱི་རྒྱལ་ཁའི་རྩོད་སེམས་ཀྱིས་ན་ཚ་ཡང་རྦད་དེ་བརྗེད་འགྲོ་གི་ཡོད། འགྲན་བསྡུར་ནི་རྟག་ཏུ་དབྱིན་ཇི་བ་དང་བོད་མིའི་དབར་བྱེད་ཀྱི་ཡོད་པ་དང་། མ་གཞི་འགྲན་བསྡུར་བྱེད་སྐབས་དབྱིན་ཇི་བས་བོད་མི་དབུལ་ཕོངས་ཚོར་ལྟོ་ཆས་མཁོ་འདོན་བྱེད་ཀྱི་ཡོད་མོད། འོན་ཀྱང་སྤོ་ལོའི་རྩེད་ཐང་སྟེང་དུ་བོད་མི་ཚོས་དེས་རྐྱེན་པས་བཟོད་སྒོམ་བྱེད་ཀྱི་མེད་ལ། རང་རིགས་སྤུན་ཟླ་གསོད་མཁན་བཙན་འཛུལ་པར་གདོང་གཏུག་བྱེད་སྐབས་སོ་སོའི་མི་རིགས་ཀྱི་ལ་རྒྱ་ཤུགས་ཆེར་མངོན་ཡོང་བ་མ་ཟད། སུས་ཀྱང་འགོག་ཐབས་བྲལ་བ་ཞིག་ཏུ་གྱུར། དབྱིན་ཇི་བས་སྤོ་ལོ་ཁྲིད་ནས་སྒོའི་འགྲམ་དུ་བཅར་སྐབས་བོད་པའི་རུ་མི་ཚོས་སྐད་ཤུགས་ཆེན་པོས། ཁོའི་རྐང་པ་ཧྲུག་ཅག་གཏོང་། ཟེ་འབོད་པ་དང་། ནུས་ཤུགས་ལྡབ་སྐྱེས་ཀྱིས་འཛིངས་བས་རྐང་རྩེད་སྤོ་ལོར་མཁས་པའི་དབྱིན་ཇི་བ་རྣམས་དཀའ་ལས་ཁག་པའི་གནས་སུ་བསྐྱལ་ཞིང་། སྐབས་རེ་བོད་མིའི་རུ་ཁག་གིས་བྱ་དགའི་བུམ་པ་ཡང་ལེན་ཐུབ་ཀྱི་ཡོད།
རྒྱལ་རྩེ་ནི་བོད་ཀྱི་སྐུ་དྲག་ཚོའི་ཐབ་རྟེན་ས་ཆ་གཙོ་ཆེ་ཤོས་ཤིག་ཡིན་ཞིང་། སྒེར་པ་མང་པོ་ཞིག་གི་གཞིས་ཀ་ས་ཆ་དེར་ཡོད། དབྱིན་ཇི་བ་དང་ཁུལ་དེའི་ཞིང་པ་ཚོའི་དབར་འཁྲུག་ཆ་དོད་པའི་འགྲན་བསྡུར་གྱིས་བདེ་འཁོད་སྒྲིག་ལ་བྱང་བའི་སྐུ་དྲག་གི་བུ་ཕྲུག་ཚོར་ཤུགས་རྐྱེན་ཐེབས་ནས་ག་ལེར་ཁོ་ཚོ་ཡང་རྐང་རྩེད་སྤོ་ལོར་སྤྲོ་སྣང་ཤུགས་ཆེར་འཕེལ་བ་དང་། མ་ཡཱ་སོགས་ཀྱི་སྒེར་པ་ཚོས་སོ་སོའི་གཞིས་ཀའི་སྤོ་ལོའི་རུ་ཁག་སྒྲིག་འཛུགས་བྱས་ནས་འགྲན་བསྡུར་ལ་བཞུགས།
དེ་རྗེས་རྒྱལ་རྩེའི་རྐང་རྩེད་སྤོ་ལོའི་བྱ་གཞག་དེ་མྱུར་བར་འཕེལ་རྒྱས་སོང་ཞིང་། ལྷག་དོན་དུ་༡༩༥༡ལོར་བོད་ལ་ཞི་བས་བཅིངས་འགྲོལ་བཏང་རྗེས་གཞོན་ནུའི་རྒྱལ་གཅེས་ལས་འགུལ་བོད་ཀྱི་ས་ཆ་ཡོངས་སུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་དེས་རྒྱལ་རྩེའི་རྐང་རྩེད་སྤོ་ལོའི་བྱ་གཞག་འཕེལ་རྒྱས་ལ་འགུལ་ཤུགས་གསར་པ་ཞིག་སྦྱིན། ༡༩༦༥ལོར་བོད་ཀྱི་གྲོང་ཁྱེར་གཉིས་པར་གྲགས་པའི་གཞིས་ཀ་རྩེའི་སྤོ་ལོའི་རུ་ཁག་ཀྱང་ས་ཁུལ་ཆུང་གྲས་རྒྱལ་རྩེ་སྤོ་ལོའི་རུ་ཁག་གིས་ཕམ་ཉེས་སུ་བཏང་བས་རྒྱལ་རྩེ་སྤོ་ལོའི་རུ་ཁག་གི་མིང་གྲགས་ཆེས་ཆེར་འཕེལ། དུས་ཡུན་རིང་པོ་ཞིག་གི་ནང་རྒྱལ་རྩེའི་རྐང་རྩེད་སྤོ་ལོའི་རུ་ཁག་ནི་བོད་དུ་སྟོབས་ཤུགས་ཆེ་ཤོས་ཀྱི་སྤོ་ལོའི་རུ་ཁག་ཞིག་ཡིན་པ་དང་། ཁོ་ཚོར་ཕུལ་བྱུང་གི་རུ་མི་མང་པོ་ཞིག་ཀྱང་བྱུང་ཡོད་པའི་ནང་གོང་དུ་ཞུས་པའི་བགྲེས་སོང་ལྷག་པ་ཚེ་རིང་ལྟ་བུ་ཡིན་ལ། ཁོ་ཚོ་ནི་རྐང་རྩེད་སྤོ་ལོར་སེམས་དབུས་ནས་དབྱིངས་སུ་ཚུད། རིག་གནས་གསར་བརྗེ་ཆེན་མོའི་སྔ་ནུབ་ཏུ་རྒྱལ་རྩེའི་མདའ་དམག་དུས་ཆེན་གྱི་རྐང་རྩེད་སྤོ་ལོའི་འགྲན་རའི་ནང་ཞིང་པ་རང་ལས་གྲུབ་པའི་སྤོ་ལོའི་རུ་ཁག་ཞིག་གིས་འཁྲུག་ཆ་དོད་པའི་རྣམ་པ་གཏོད་པ་དང་། དེའི་རུ་མི་ནི་ཁུལ་དེ་གར་མིང་གྲགས་ཆེ་བའི་རྐང་རྩེད་སྤོ་ལོའི་དཔའ་རྒོད་རྐྱང་རྐྱང་ཡིན། ཁོ་ཚོའི་ལུས་ནས་ཞིང་སའི་དྲི་ཞིམ་འཐུལ་ཞིང་། བབ་ཆགས་ཀྱི་རང་མདངས་མངོན་ལ། ལྷམ་གོག་ཕུད་ནས་གཡུལ་སར་གདོང་མཆོངས་བྱེད་པ་དང་། སྤོ་ལོར་མགོ་བོ་བརྡུང་སྐབས་མགོ་ཐོག་གི་ལྕང་ལོ་ཡང་གཡུག་པ་སོགས་ཀྱིས་འགྲན་རའི་ཐོག་ཏུ་ལང་ཚོའི་དཔའ་ཉམས་ཤིག་བཞག་པས། དེང་གི་དུས་སུ་ཡང་རྒན་རྒོན་ཚོའི་ཡིད་ལ་དྲན་པ་དང་། ངར་རླབས་འཕྱུར་བ་བཟོ་གི་ཡོད།
ལོ་རབས་དྲུག་བཅུ་པའི་དུས་འགོར་བོད་ལྗོངས་སུ་སོ་སོའི་ཆེད་ལས་རྐང་རྩེད་སྤོ་ལོའི་རུ་ཁག་དངོས་སུ་བྱུང་ཞིང་། རུ་ཁག་འདི་རྣམ་ཀུན་ནས་མེས་རྒྱལ་ནང་ཁུལ་གྱི་ས་ཆ་ཁག་ཏུ་འགྲན་བསྡུར་ལ་བཞུགས་པའམ་སྦྱོང་བརྡར་བྱེད་པར་བཀོད་སྒྲིག་བྱེད་ཀྱི་ཡོད། ཛ་དྲག་ཆེ་བའི་འགྲན་ར་ནས་ཁོ་ཚོར་ཤེས་བྱ་གསར་པ་མང་པོ་བྱང་རྟོགས་བྱུང་བ་དང་། མིག་རྒྱང་ཡངས་པོར་ཕྱེ་ཞིང་། ཁོ་ཚོ་ནང་ས་ནས་ལོག་ཡོང་སྟེ་རྒྱུན་དུ་ལྷ་སའི་ལས་ཞོར་གྱི་སྤོ་ལོའི་རུ་ཁག་ཚོ་དང་འགྲན་བསྡུར་བྱེད་སྐབས་ཁོ་ཚོའི་མཆོག་གྱུར་གྱི་སྤོ་ལོའི་འཐབ་རྩལ་གྱིས་ལྷ་ས་དང་ས་ཁུལ་ཁག་གི་ལས་ཞོར་སྤོ་ལོའི་རུ་ཁག་ལའང་སྣེ་ཁྲིད་བྱུང་ཡོད། སྐབས་དེ་དུས་ལྷ་སར་སྤོ་ལོའི་རུ་ཁག་ཧ་ཅང་མང་པོ་ཡོད་ལ་ཆུ་ཚད་ཀྱང་མཐོ་པོར་སླེབས་ཤིང་། དེའི་ནང་ནས་བོད་ལྗོངས་རྐང་རྩེད་སྤོ་ལོའི་རུ་ཁག་ལ་འཇིགས་སྐུལ་བཟོ་ཐུབ་མཁན་ནི་ལྷ་ས་སློབ་འབྲིང་གི་སྤོ་ལོའི་རུ་ཁག་ཁོ་ན་ཡིན། བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་དང་ལྷ་ས་སློབ་འབྲིང་རུ་ཁག་དབར་གྱི་འགྲན་བསྡུར་གྱིས་ཧ་ལམ་ལྷ་ས་བ་ཕལ་མོ་ཆེ་མི་དམངས་ལུས་རྩལ་ཐང་ཆེན་དུ་འགུག་ཐུབ། ལྷ་ས་སློབ་འབྲིང་གི་སྤོ་ལོའི་རུ་མི་མཁས་པ་དེ་ཚོར་མང་ཚོགས་ཀྱིས་གསེར་གྱི་རྐང་པ་ཆེ་གེ་མོ་དང་དངུལ་གྱི་ལག་པ་ག་གེ་མོ་ཞེས་པའི་མིང་བཏགས་ཤིང་། བོད་ལྗོངས་རུ་ཁག་ལས་ཀྱང་མཚན་སྙན་ཆེ་བ་ཡོད་ལ། དེ་ནི་ཕལ་ཆེར་ལས་ཞོར་རུ་ཁག་ལ་ཞེན་ཕྱོགས་བྱེད་པ་ཡིན་ཤས་ཆེ།
ལོ་རབས་བདུན་བཅུ་པའི་དུས་མགོར་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ནི་དེ་བས་ཀྱང་མཚན་སྙན་ཆེ་བ་ཡོད། ཁོ་ཚོས་བོད་ཀྱི་ས་ཁུལ་ཁག་ལ་སྐོར་སྐྱོད་གཟིགས་འབུལ་དང་འགྲན་བསྡུར་བྱས་ཤིང་། ཁུལ་སོ་སོའི་ལོ་ཆུང་སྤོ་ལོའི་རུ་མི་ཚོར་སྦྱོང་བརྡར་སྤྲོད་རོགས་བྱས་པས་ལོ་ཆུང་གཞོན་ནུ་མི་ཉུང་བ་ཞིག་རྐང་རྩེད་སྤོ་ལོའི་ལམ་བུའི་ཐོག་ཏུ་ཁྲིད་སྟོན་བྱས་ནས་རྐང་རྩེད་སྤོ་ལོར་ཤ་ཞེན་ཟབ་མོ་སྐྱེས་པ་ཆགས།
ངེས་གསལ་ལ་སྐབས་དེ་དུས་ང་རང་སློབ་ཆུང་འགྲིམ་བཞིན་པའི་སྒང་ཡིན་པ་དང་། ཕྲུ་གུ་བུ་ཚོས་དགའ་ཤོས་བྱེད་པའི་ལུས་རྩལ་གྱི་བྱེད་སྒོ་ནི་རྐང་རྩེད་སྤོ་ལོ་དེ་རང་ཡིན། ལུས་རྩལ་དགེ་རྒན་ནི་བྱས་ཚར་རྒྱུ་མེད་པའི་ལས་ཀ་ཡོད་པ་བཞིན། རྟག་ཏུ་ལུས་རྩལ་ཐང་སྟེང་དུ་སྤོ་ལོ་ཞིག་གཡུགས་ནས་རྒན་ལགས་ལས་ཀ་ཡོད། སློབ་ཚན་ལ་ཡོང་མི་ཐུབ། ཁྱེད་རང་ཚོ་རྩེད་མོ་རྩེད་ཅེས་བརྗོད་རྗེས་ལུས་རྩལ་ཐང་སྟེང་ནས་མཐོང་རྒྱུ་མེད་པར་སོང་། དོན་དངོས་ཐོག་ང་ཚོས་རེ་བཞིན་པ་ཡང་རྒན་ལགས་ལ་ལས་དོན་ཞིག་འཕྲད་ནས་ང་ཚོར་སྤོ་ལོ་ཞིག་གནང་རྒྱུ་དེ་རང་ཡིན། དེ་ལྟར་བྱུང་ན་ང་ཚོ་རྐང་རྩེད་སྤོ་ལོའི་དབྱིངས་སུ་ཚུད་ནས་སྡོད་ཐུབ། དེ་ལྟ་བུའི་དགེ་རྒན་མེད་པའི་ལུས་རྩལ་སློབ་ཚན་ཡུག་ཙམ་ལ་ཕྱིན་ནས་བློ་ཡིད་མ་ཚིམ་གོང་ནས་སུན་སྣང་སྐྱེ་འོས་པའི་སློབ་ཚན་གྱི་གྲོལ་བརྡ་དེ་རླུང་འཚུབ་ཆར་དྲག་བཞིན་དུ་བརྡུང་བས་གྲོལ་བརྡ་གཏོང་མཁན་གྱི་རྒན་པོས་དུས་ཚོད་བལྟ་སྟངས་ནོར་བ་མིན་ནམ་སྙམ་གྱི་ཡོད། རྒན་ལགས་ལ་སྤྲེལ་ལད་ཤོད་རྒྱུར་དགའ་བའི་ཕྲུ་གུ་དེ་ཚོས་དྲིལ་བརྡ་ཐོས་མ་ཐག་ལམ་སེང་རྐང་རྩེད་སྤོ་ལོ་སྒྲུག་སྟེ་རྒན་ལགས་ཀྱི་ཁྱིམ་གྱི་ཕྱོགས་སུ་རྒྱུགས་འགྲོ་བ་དང་། རེ་ཆད་ཀྱི་ཕྲུ་གུ་ཚོ་ཡང་ཁོ་པའི་འཇོན་བཟོར་བལྟ་བ་ལས་བྱེད་ཐབས་གཞན་མེད་པར་གཟའ་འཁོར་རྗེས་མའི་ལུས་རྩལ་སློབ་ཚན་དེ་གང་མགྱོགས་འོང་རྒྱུར་རེ་སྒུག་བྱེད་བཞིན་སྡོད།
རྐང་རྩེད་སྤོ་ལོ་རྒྱག་ཆེད་ཕྲུ་གུ་ཚོས་ཀླད་པ་མི་ཉུང་བ་དཀྲུག་དགོས་ཤིང་། རྐང་རྩེད་སྤོ་ལོ་ངོ་མ་མེད་དུས་བལ་གྱི་རྐང་ཤུབ་རྙིང་ཧྲུལ་ནང་དུ་རས་ཚལ་བླུགས་པའམ་ཡང་ན་མར་སྐོགས་ནང་རྩྭ་ཧྲུག་གམ་བལ་སྙིགས་བླུགས་ཏེ་འཚེམ་བུ་སྟབས་བདེ་ཞིག་བརྒྱབ་ནས་སྤོ་ལོ་བྱེད་ཀྱི་ཡོད། སྐབས་དེ་དུས་སུས་རྐང་རྩེད་སྤོ་ལོ་ཞིག་འཁྱེར་ཏེ་རྩེད་མོ་རྩེད་བར་ཡོང་ན་དེ་ནི་ཕྲུ་གུ་ཡོངས་ཀྱི་འགོ་གཙོར་གྱུར་གྱི་ཡོད། ངོས་ཁྱིམ་གྱི་མི་རབས་སྔ་མ་སུ་ཞིག་རྐང་རྩེད་སྤོ་ལོར་རབ་ཏུ་དགའ་བ་ཡིན་མིན་མ་ཤེས། ཁྱིམ་དུ་རྐང་རྩེད་སྤོ་ལོ་ཧྲལ་ཧྲུལ་ཞིག་བཞག་འདུག་ལ། ད་དུང་སྟེང་དུ་དབྱིན་ཡིག་བྲིས་པའི་སྤོ་ལོའི་ནང་འགྱིག་གཉིས་ཀྱང་འདུག་སྐབས་དེ་དུས་ཀྱི་སྤོ་ལོ་ནི་ཕྱི་ནང་གཉིས་ཀྱི་པགས་པ་ལས་གྲུབ་པ་ཞིག་ཡིན་པ་དང་། དེང་དུས་རྐང་འཁོར་གྱི་འཁོར་ལོའི་འགྱིག་ལྤགས་ལྟ་བུ་ཡིན་ཞིང་། ནང་པགས་ཀྱི་སྟེང་དུ་ཕུ་ཏོག་རིང་པོ་ཞིག་འདུག་ཕུ་བརྒྱབ་ཟིན་རྗེས་མྱུར་དུ་ཕུ་ཏོག་བཀག་དགོས་པ་དང་། དེ་རྗེས་ཕུ་ཏོག་དེ་ཤུགས་ཀྱིས་ཕྱི་པགས་ནང་དུ་འཇུག་དགོས་ལ། མཐའ་མཇུག་ལྷམ་སྒྲོག་བརྒྱབ་པ་བཞིན་སྒྲོག་གུ་རྒྱག་དགོས། ངེད་ཁྱིམ་གྱི་སྤོ་ལོ་དེ་རྟག་ཏུ་ཕུ་ཤོར་གྱི་ཡོད་པ་དང་། ཉིན་མོའི་དུས་སུ་དེ་ལ་ཕུ་ལྡིར་པོ་ཞིག་བརྒྱབ་ནའང་ཞག་པོ་གཅིག་ཕྱིན་སོང་ན་སྟོང་ལེབ་དུ་གྱུར་གྱི་ཡོད། ང་རང་རྟག་ཏུ་སྤོ་ལོ་དེ་ཁྱེར་ཏེ་རྩེད་མོ་རྩེད་བར་འགྲོ་བ་དང་། སྐབས་དེ་དུས་ཁྱིམ་ཚང་སོ་སོར་ཕུ་མདའ་དཀོན་ཞིང་། གལ་སྲིད་ཡོད་ཀྱང་ཕྲུ་གུ་ཚོར་བེད་སྤྱོད་བྱེད་འཇུག་པ་དཀའ། ངའི་སྤོ་ལོ་དེས་སྔོན་ལ་རྩེད་གྲོགས་ཚོར་ལས་ཀ་ཐེངས་གཅིག་བྱེད་འཇུག་དགོས་པ་ནི། ཕྲུ་གུ་ཚོས་སྤོ་ལོའི་ཕུ་ཏོག་ཁའི་ནང་བཅུག་སྟེ་ཁྱོད་ཀྱིས་ཕུ་ཁ་དོ་དང་། ངས་ཕུ་ཁ་དོ་རེ་སྐོར་བྱས་ཏེ་འབུད་པས་གདོང་པ་དམར་པོར་གྱུར་ཞིང་། སྐེ་ཡང་སྦོམ་རུ་འགྲོ་བའི་སྣང་བ་ཡོང་གི་ཡོད། ཕྲུ་གུ་རྒན་པས་སྔོན་ལ་ཕུ་བརྒྱབ་ཟིན་རྗེས་ཆུང་བ་ཚོས་མཐུད་ནས་རྒྱག་དུས་དབུགས་ཚད་ཆུང་བ་འགའ་ཤས་ཀྱི་ཕུ་སྤོ་ལོའི་ནང་དྭ་རྒྱག་ཐུབ་རྒྱུ་བཞག་དེ་ལས་ལྡོག་སྟེ་སྤོ་ལོས་རང་གི་ཁའི་ནང་ཕུ་གང་བརྒྱངས་ནས་སྡོད་ཀྱི་ཡོད། དེ་ལྟར་རྩེ་དགོད་དང་འཁང་རའི་ཁྲོད་དུ་ཡང་སྐོར་བསྐྱར་སྐོར་ངང་ཕུ་བརྒྱབ་ནས་མཐའ་མཇུག་སྤོ་ལོ་ལྡིར་ཙམ་ཡོང་ཐུབ་ཀྱི་ཡོད།
སྤོ་ལོ་རྒྱག་མཁན་གྱི་ཕྲུ་གུ་ནི་ཧ་ཅང་མང་བས་དབང་ཆེ་བ་དང་། རྒྱག་རྩལ་མཁས་པ་རྣམས་རྒྱག་ཐུབ་པ་སྨོས་མེད་རེད། ང་རང་སྤོ་ལོ་རྒྱག་རྩལ་ཧ་ཅང་གི་ཞན་ཡང་སྤོ་ལོའི་བདག་པོ་ཡིན་པས་ཐེངས་མི་རེ་ངོ་རེར་འགྲན་བསྡུར་ནང་བཞུགས་ཆོག སྐབས་རེ་ང་རང་རྩེད་མོ་རྩེད་མི་འདོད་པའམ་ཁྱིམ་དུ་ལྟོ་ཆས་བཟའ་བར་ལོག་དགོས་ཚེ་ཕྲུ་གུ་ཚོས་ང་ལོག་མི་འགྲོ་བའི་ཞུ་བ་འཐེན་གྱི་ཡོད། སྐབས་རེ་ཡང་ང་རང་སྤྲོ་བ་མི་འཕེལ་སྐབས་ལམ་སེང་སྤོ་ལོ་སྒྲུག་ནས་ཁྱིམ་དུ་ལོག་གི་ཡོད་པས། སྤོ་ལོར་དབྱིངས་ཚུད་པའི་རྩེད་གྲོགས་རྣམས་གློག་ཆད་པའི་གློག་འགུལ་རྩེད་ཆས་དང་འདྲ་བར་ས་དེར་ཀེ་རེར་ལངས་སྡོད་པ་དང་། གང་ཙམ་སོང་རྗེས་ངའི་རྒྱབ་ཏུ་གཞི་ནས་ཚིག་ངན་གྱི་སྒྲ་སྒྲོག་གི་ཡོད། སྐབས་དེ་དུས་རྐང་རྩེད་སྤོ་ལོ་ནང་བཞིན་ཕྲུ་གུ་ཚོའི་ཡིད་དབང་འགུག་ཐུབ་མཁན་གྱི་རིག་གནས་རོལ་རྩེད་ཧ་ཅང་གི་དཀོན་པས། ཕྲུ་གུ་ཚོས་རྐང་རྩེད་སྤོ་ལོར་དགའ་ཞེན་བྱེད་ཚད་ནི་སྨྱོ་བའི་ཚད་དུ་སླེབས་པ་དང་འདྲ། གཞིས་ཀ་རྩེར་སྐད་གྲགས་ཆེ་བའི་ཅའོ་ཁྲང་ཞེས་པའི་ཐང་ཆེན་ཞིག་ཡོད་པ་དང་། གཞི་ཁྱོན་ཧ་ཅང་ཆེ་བའི་ཐང་ཆེན་དེར་ལུས་རྩལ་ཀྱི་སྒྲིག་ཆས་ནི་ཁ་སྤྲོད་དུ་གནས་པའི་རྐང་རྩེད་སྤོ་ལོའི་སྒོ་གཉིས་རང་ལས་མེད། ཐང་ཆེན་དེ་ནི་རྩྭ་སྔོན་རྐང་གཅིག་མེད་པའི་སྐྱ་ཐེར་ཐེར་གྱི་བྱེ་ས་མཁྲེགས་པོ་ཞིག་ཡིན་ལ། སྤང་ནི་སྦར་མཐིལ་ཙམ་ཡང་རིག་རྒྱུ་མེད། སློབ་གྲྭ་གྲོལ་རྗེས་སམ་དུས་ཆེན་དང་ངལ་གསོའི་དུས་སུ་ས་ཆ་འདི་ནི་ཕྲུ་གུ་ཚོའི་སྤྲོ་སྣང་བྱེད་སའི་ཞིང་ཁམས་རང་ཡིན། ཁོ་ཚོས་སོ་སོས་བཟོས་པའི་རིགས་སྣ་ཚོགས་ཀྱི་སྤོ་ལོ་རྒྱག་བཞིན་རྐང་རྩེད་སྤོ་ལོ་མཁས་ཅན་དུ་འགྱུར་རྒྱུའི་སྐྱིད་པའི་རྨི་ལམ་སྐྲུན་བཞིན་གནས། ལྷག་པ་ལྡང་དུས་སུ་ཐལ་རྡུལ་གྱིས་ས་གཞི་འགྲིབ་ནས་ཕྲུ་གུ་ཚོའི་རྔུལ་ཆུས་ཡོངས་སུ་བརླན་པའི་ངོ་གདོང་ལ་ཐལ་བའི་ཤ་གསོས་ཤིག་བྱུག་པ་དང་། ཆར་དུས་སུ་ས་བྱེ་རྣམས་འདམ་རྫབ་ཏུ་གྱུར་ནས་ཐེངས་ཤས་འགྲན་རྗེས་ཚང་མ་འདམ་མི་ལྟ་བུར་གྱུར། དེ་ལས་ཀྱང་ཉེན་ཁ་ཆེ་བ་ཞིག་ནི་སྤོ་ལོའི་ཐང་སྟེང་ལ་ཐེངས་གཅིག་འགྱེལ་ན་རྨ་མི་བཟོ་བར་ལུས་པ་གཅིག་ཀྱང་མེད་པ་དང་། ཕྲུ་གུ་རེ་འགའ་འགྱེལ་ཤུགས་ཆེ་དྲག་པས་རྡོ་བྱེར་བརྡར་ནས་པགས་པ་ལྷེབ་ཙམ་བཤུས་ཤིང་། ཁྲག་དམར་འཛར་འཛར་དུ་ཐོན་གྱི་ཡོད། འོན་ཀྱང་དེ་ཚོ་ཚང་མས་ཕྲུ་གུ་ཚོའི་རྩེད་སེམས་འགོག་མི་ཐུབ་ཅིང་། རྐང་རྩེད་སྤོ་ལོའི་ཡིད་དབང་འཕྲོག་ཤུགས་ལ་བཀག་འགོག་བྱེད་ཐབས་བྲལ།
དུས་ཀྱི་འཁོར་མདའ་༡༩༢༠ལོར་བསྒྱུར་དུས་རྐང་རྩེད་སྤོ་ལོའི་ལུས་རྩལ་དེ་ལྷ་སར་སྤེལ་འགོ་ཚུགས་ཤིང་། བྱ་དངོས་དཔེ་གསར་ལ་དགའ་བའི་སྐུ་དྲག་གི་བུ་ཕྲུག་དང་། ཚོང་པ། སློབ་མ་སོགས་ཀྱིས་རྐང་རྩེད་སྤོ་ལོ་དེ་དཔེ་གསར་གྱི་རོལ་རྩེད་བྱེད་སྒོ་ཞིག་ཏུ་བརྩིས་པ་དང་། དེ་ནས་རིམ་བཞིན་ཁྱབ་གདལ་བྱུང་། སྔོན་ལ་ཕྱི་རྒྱལ་དུ་སོང་ནས་དེ་གར་རྐང་རྩེད་སྤོ་ལོ་རྩེད་སྟངས་མཐོང་མྱོང་བའི་སྐྱེ་བོ་རེ་འགས་རས་ཀྱི་སྤོ་ལོ་བཟོས་ནས་བརྒྱབ་པ་དང་། རྗེས་སུ་འབྱོར་པ་ཅན་གྱི་སྐུ་དྲག་གི་བུ་ ཕྲུག་དང་། ཚོང་པས་ཕྱི་རྒྱལ་ནས་རྐང་རྩེད་སྤོ་ལོ་ངོ་མ་ཁྱེར་ཡོང་། རྐང་རྩེད་སྤོ་ལོའི་ལུས་རྩལ་འདིར་བོད་དུ་མི་མང་པོས་དགའ་ཞེན་དང་ཡིད་བཞུགས་བྱེད་ཀྱི་ཡོད་མོད། འོན་ཀྱང་སྐབས་དེ་དུས་ཀྱི་བོད་ས་གནས་སྲིད་གཞུང་དང་། སྐུ་དྲག་རྒན་གྲས་ཚོའི་ཁྲོད་ནས་འགོག་རྐྱེན་བཟོས་ཤིང་། ལྷག་པར་སྐུ་དྲག་རྒན་གྲས་ཚོས་ལུས་རྩལ་གྱི་བྱེད་སྒོ་འདི་འདྲར་མཐོང་མི་བདེ་བ་བྱེད་པ་སྟེ། ལོ་ན་ཆུང་བའི་སྐུ་དྲག་ཚོས་འགྲན་རའི་ནང་བདེ་འཇགས་ཁྱུག་པོས་རྒྱུགས་ཆེད་ཐོབ་ཐང་མཚོན་བྱེད་ཀྱི་པ་ལྕོག་དང་། པ་ལྕོག་སྟེང་གི་གའུ་མར་འགྲོལ་བ་དང་། ད་དུང་རིན་ཐང་ཆེ་བའི་རྣ་རྒྱན་སོག་བྱིལ་དང་། ཨ་ལོང་སོགས་ཚང་མ་བཀྲོལ་ཏེ་གོས་སྲབ་གྱོན་ནས་འགྲན་བསྡུར་བྱེད་ཀྱི་ཡོད་པས་བཀྲ་མི་ཤིས་པ་ཞིག་ཏུ་བལྟ་ཡི་ཡོད། གང་ལགས་ཤེ་ན་སྐབས་དེ་དུས་བོད་ལ་དཔོན་རིགས་གནས་དབྱུང་བཏང་ན་གཞི་ནས་མགོ་ཐོག་གི་གའུ་བཀྲོལ་བ་དང་། འབྱོར་ལྡན་ཁྱིམ་ཚང་སྟོངས་སོང་ན་གཞི་ནས་རྣ་རྒྱན་དཀྲོལ་གྱི་ཡོད། རྒྱན་ཆ་དེ་ཚོ་ནི་ཐོབ་ཐང་དང་དཔལ་འབྱོར་གྱི་མཚོན་རྟགས་རང་ཡིན། འོན་ཀྱང་དཔེ་གསར་འབའ་ཞིག་དོན་དུ་གཉེར་བ་ནི་གཞོན་ནུ་ཚོའི་འཚོ་བའི་ཁྱད་ཆོས་ཡིན་པས་སྐབས་དེ་དུས་ཀྱི་ན་གཞོན་སྐུ་དྲག་རྣམས་ཀྱིས་འཕྱ་དམོད་དང་། སྡིགས་མོའི་ཁྲོད་དུ་རྐང་རྩེད་སྤོ་ལོའི་ལུས་རྩལ་གྱིས་སྟེར་བའི་སྤྲོ་སྣང་དང་ངར་ཤུགས་ཅི་དགར་མྱོང་བཞིན་མཆིས།
༡༩༣༠ལོའི་ཡས་མས་སུ་རྐང་རྩེད་སྤོ་ལོའི་ལུས་རྩལ་འདི་བཞིན་ལྷ་སའི་ནང་རྒྱ་ཆེར་འཕེལ་ཞིང་། སྤྱི་ཚོགས་ཀྱི་རྨང་གཞི་རྒྱ་ཁྱབ་ཡོད་པའི་ལུས་རྩལ་གྱི་རྣམ་གྲངས་ཤིག་ཏུ་ཕྱིན། སྔ་རྗེས་སུ་སྐུ་དྲག་གི་རུ་ཁག་དང་། ཏར་ཁང་རུ་ཁག གོ་མིན་ཏང་སློབ་ཆུང་གི་སློབ་མའི་རུ་ཁག ཝ་པ་གླིང་ཧུད་རིགས་རུ་ཁག་སོགས་དང་། ད་དུང་ལྷ་སར་ཡོད་པའི་ཕྱི་གླིང་པས་ཀྱང་སྤོ་ལོའི་རུ་ཁག་སྒྲིག་འཛུགས་བྱས་པ་ནི་དབྱིན་ཇིའི་ལས་ཚབ་ཁྲུའི་མངའ་འོག་གི་བདེ་སྐྱིད་གླིང་ཁའི་རུ་ཁག་དང་། བལ་པོའི་ཚོང་པའི་རུ་ཁག་སོགས་སྔ་རྗེས་སུ་ལས་ཞོར་རྐང་རྩེད་སྤོ་ལོའི་རུ་ཁག་བཅུ་ལྷག་སྒྲིག་འཛུགས་བྱུང་ཞིང་། གཟའ་འཁོར་རེའི་རེས་གཟའ་ཉི་མར་རྟག་ཏུ་འགྲན་བསྡུར་བྱེད་ཀྱི་ཡོད། དེ་ཉིན་ལྷ་ས་གྲོང་གི་སྐྱེ་བོ་རྣམས་རྩེ་དྲུང་གླིང་ཁར་(དེང་དུས་བོད་དམག་ཁུལ་ཁང་གི་ཤར་ངོས།)འདུས་ཏེ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་བལྟས་ནས་འཁྲུག་ཆ་དོད་ཤོས་ཀྱི་བར་སྐོར་དུ་ཧ་ལམ་ཚོང་ཁང་ཚང་མ་སྒོ་བརྒྱབ་སྟེ་ཁུ་སིམ་དུ་གནས་པ་དང་། སྐོར་བར་ཕེབས་མཁན་གྱི་བགྲེས་སོང་ཁ་ཤས་ལས་མཐོང་རྒྱུ་མེད།
ཤ་བརྡོལ་ཁྲག་བརྡོལ་གྱི་ན་གཞོན་བོད་དམག་དང་། དགོན་སྡེ་ཁག་གི་ན་གཞོན་སེར་མོ་བ་ཚོས་ཀྱང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་བཞུགས་རྒྱུའི་འདུན་པ་ཆེན་པོ་བྱེད་ཅིང་། མཐར་བོད་དམག་སྤོ་ལོའི་རུ་ཁག་སྒྲིག་འཛུགས་བྱུང་བ་དང་། སྐབས་དེ་དུས་གོ་མིན་ཏང་སློབ་ཆུང་གི་ནང་དུ་ཉི་ཧོང་དུ་སློབ་གཉེར་ལ་ཕེབས་མྱོང་ཞིང་། སྤོ་ལོ་རྒྱག་རྩལ་ལ་ཤིན་ཏུ་མཁས་པའི་དགེ་རྒན་ཞིག་ཡོད་པ་དེ་གདན་ཞུ་བྱས་ནས་སྦྱོང་བརྡར་ཁྲིད་སྟོན་བྱས་ཡོད། སེར་མོ་བ་ཚོ་ནི་ཆོས་ལུགས་ཀྱི་གནོན་ཤུགས་ཀྱིས་རྐྱེན་པས་རང་སོ་སོའི་སྤོ་ལོའི་རུ་ཁག་འཛུགས་ཐུབ་མེད་པ་དང་། ན་གཞོན་སེར་མོ་བ་ཚོ་ཡང་འགྲན་རའི་ཐོག་གི་སྒེག་ཉམས་འཆོར་བའི་རུ་མི་ཞིག་ཏུ་གྱུར་ཐུབ་མེད། ཡིན་ནའང་ཁོ་ཚོ་འཁྲུག་ཆ་དོད་ཤོས་ཀྱི་གཟིགས་མོ་བར་གྱུར་བ་ནི་སུས་ཀྱང་བཀག་འགོག་བྱེད་ཐབས་བྲལ།
སངས་རྒྱས་བསྟན་པའི་གཟི་བྱིན་གྱིས་ཡོངས་སུ་བཀླུབས་པའི་ལྷ་ལྡན་གྱི་ཞིང་ཁམས་འདིར་འཕྲོག་རྩོད་གཏུམ་སྤྱོད་ཀྱིས་གང་བའི་རྩེད་ལས་འདི་འདྲ་ཞིག་ཚེགས་མེད་ལམ་ལྷོངས་ཀྱིས་འཕེལ་རྒྱས་བྱུང་བ་ནི་བསམ་ཡུལ་ལས་འདས་པ་རང་རེད། ངོ་མ་བསམ་ཚོད་ལྟར་༡༩༤༡ལོའི་ཉིན་ཞིག་ལ་སེར་བ་ཐེངས་གཅིག་བབས་པ་དེས་ལུས་རྩལ་གྱི་བྱེད་སྒོ་འདི་བཀག་འགོག་བྱེད་རྒྱུར་ཁ་གཡར་ས་ཡག་ཤོས་ཤིག་རྙེད།
༡༩༤༡ལོའི་དབྱར་ཁར་རྐང་རྩེད་སྤོ་ལོར་དགའ་བའི་ལྷ་ས་བ་ཚོས་རྐང་རྩེད་སྤོ་ལོའི་རུ་ཁག་བཅུ་གཅིག་སྒྲིག་འཛུགས་བྱས་ནས་གཞི་ཁྱོན་ཆུང་ངུ་མ་ཡིན་པའི་རིམ་མཚུངས་མཉམ་འགྲན་ཞིག་གཉེར། གཟིགས་མོ་བ་ཚོས་སུས་འགྲན་བསྡུར་ཨང་དང་པོ་ལེན་མིན་ཐད་ལ་དོ་སྣང་ཆེན་པོ་བྱེད་པ་དང་། སྐྱེ་བོ་མི་ཉུང་བ་ཞིག་གིས་ད་དུང་ཕན་ཚུན་རྒྱན་འཛུགས་བྱས་ཏེ་འགྲན་བསྡུར་གྱི་རྒྱལ་ཕམ་མཇུག་འབྲས་ལ་བལྟ་བཞིན་ཡོད། ཉིན་ཞིག་འགྲན་ནུས་ཆེ་ཤོས་ཀྱི་སྐུ་དྲག་རུ་ཁག་དང་། བདེ་སྐྱིད་གླིང་ཁའི་དབྱིན་ཇིའི་རུ་ཁག་གཉིས་དབར་དཔུང་རྭ་བཤམས་པས་གཟིགས་མོ་བ་ཚོའི་སེམས་ཤུགས་ངར་ལ་སྤྲོ་བ་རབ་ཏུ་བརྟས་བཞིན་གནས། གཟིགས་མོ་ཚོའི་ཁྲོད་ནས་བར་མི་ཆད་པར་སྐད་འབོད་སྒྲོག་ནས་སྐུ་དྲག་རུ་ཁག་ལ་ངར་ཤ་སློང་བ་དང་། ངེས་པར་དུ་བདེ་སྐྱིད་གླིང་ཁའི་དབྱིན་ཇི་བའི་རུ་ཁག་ཕམ་ཉེས་སུ་གཏོང་དགོས་ཞེས་སྐུལ་མ་བཏང་། འགྲན་རའི་མཐའ་འཁོར་ལ་ཐག་པ་བཏང་སྟེ་འགྲན་ར་གྲུ་བཞིར་གནས་པ་དང་། དཔལ་འབྱོར་ཡོད་པའི་མི་ཚོས་ཐག་པའི་ཕྱི་ལོགས་སུ་གདན་བཏིང་ཞིང་། མདུན་དུ་ཞལ་བཟས་སྒྲིག་གཤོམ་བྱས་ནས་ཞལ་ཟས་ཟ་བཞིན་སྤོ་ལོར་བལྟ་བ་དང་། ཁོ་ཚོའི་རྒྱབ་ཏུ་གཟིགས་མོ་བ་ཕལ་པ་རྣམས་མི་ཚོགས་ལས་གྲུབ་པའི་གྱང་བཞིན་གནས།
འགྲན་བསྡུར་འགོ་ཚུགས་རྗེས་ནམ་མཁའ་ནི་སྔོ་ཞིང་དྭངས་ལ། ཉི་འོད་ཚ་ལམ་ལམ་དུ་འཕྲོ་བཞིན་འགྲན་རའི་ཁྲོད་ཀྱི་དངངས་འཚབ་དང་། ཛ་དྲག་གི་རྣམ་པ་ཡུག་གཅིག་ཏུ་འདྲེས་ནས་མཁའ་རླུང་ཁྲོད་ཀྱི་རྔུལ་དྲི་ཡང་བཙིར་བ་ལྟར་དུ་འཐུལ་ཡོང་། བདེ་སྐྱིད་གླིང་ཁའི་དབྱིན་ཇིའི་རུ་ཁག་གིས་སྤོ་ལོ་གཅིག་བླུགས་སྐབས་འགྲན་ར་ཡོངས་སྐད་ཅོར་གྱིས་ཁེངས་ཤིང་། རེ་ཆད་ཀྱི་གཟིགས་མོ་བ་ཚོ་ནི་ཁོང་ཁྲོ་ཞི་ཐབས་བྲལ་བ་དང་། ལྷག་པར་དུ་སེར་མོ་བ་ཚོ་ནི་དབྱིན་ཇིའི་མི་ཚུར་འཐེན་ནས་ཐེངས་གཅིག་ཉེས་ན་གཞི་ནས་ཁོང་ཁྲོ་ཞི་རྒྱུ་ཡིན་པ་ལྟར་དུ་གནས། འགྲན་རའི་ཐོག་ཏུ་དངངས་འཚབ་ཀྱི་རྣམ་པ་ཆེས་ཆེར་རྒྱས་པའི་སྐབས་དེར་དགོད་བྲོ་བའི་གནས་ཚུལ་ཞིག་ཐོན་པ་སྟེ། འགྲན་རའི་ཁྲོད་ཀྱི་ཚེར་ཕུང་གི་གསེབ་ཞིག་ནས་གློ་བུར་དུ་རི་བོང་གཅིག་ཐོན་བཞིན་འགྲན་རའི་ནང་ཕར་རྒྱུགས་ཚུར་རྒྱུགས་བྱས་པ་དང་། རུ་མི་ཚོས་རྐང་རྩེད་སྤོ་ལོ་གཡུགས་ཏེ་རི་བོང་རྗེས་འདེད་བཏང་བས་གཟིགས་མོ་བ་ཚོ་ནི་དགོད་སྒྲའི་ཁྲོད་དུ་ཡུད་ཙམ་གནས་ནས་དངངས་འཚབ་ཀྱི་སེམས་པ་འཁྱུག་ཙམ་ངལ་གསོ་ཐེབས་པ་བཟོས། རི་བོང་དེ་ཅུང་མ་འགོར་བར་མཐོང་རྒྱུ་མེད་པར་སོང་བ་དང་། ཡང་འགྲན་བསྡུར་མུ་མཐུད་འགོ་ཚུགས། འགྲན་བསྡུར་གྱི་ཚ་རླབས་མེ་ལྟར་འཕྱུར་བའི་མཚམས་དེར་མཁའ་དབྱིངས་སུ་གློ་བུར་དུ་སྤྲིན་ནག་མཐུག་པོ་འཁྲིགས་པ་དང་སྐད་ཅིག་ཉིད་ལ་མཐོང་རྒྱུ་དཀོན་པའི་སེར་བ་རྡོག་ཧ་ཅང་ཆེ་བ་བབས་ཏེ་གཟིགས་མོ་བ་དང་སྤོ་ལོ་བ་རྣམས་ནི་མགོ་བོ་བཀབ་སྟེ་ཕྱོགས་བཞིར་བྲོས་པ་དང་། མི་ཁ་ཤས་ལ་རྨས་སྐྱོན་ཡང་ཅུང་ཟད་ཕོག
གློ་བུར་དུ་བྱུང་བའི་སེར་བ་དེས་གླེང་གྲོས་འདི་ལྟར་བྱུང་བ་སྟེ། རྒྱང་རིང་ནས་བལྟ་སྐབས་སེར་བ་དེ་ཕོ་བྲང་པོ་ཏ་ལའི་ཕྱོགས་ནས་འགྲན་རའི་ཐོག་ཁ་གཏུགས་ལ་བབས་པ་དང་། རྐང་རྩེད་སྤོ་ལོའི་འགྲན་ར་དེ་རང་སྐྱ་ཆིལ་ཆིལ་དུ་གྱུར་བ་ལས་ས་ཆ་གཞན་ནི་སྔར་བཞིན་སྐམ་པོར་གནས་འདུག་ཅེས་བརྗོད། དེ་ལྟ་བུའི་ནམ་རྒྱུན་དང་མི་འདྲ་བའི་གནམ་གཤིས་ཀྱི་འགྱུར་ལྡོག་དེས་མཐའ་མཇུག་མི་རྣམས་ལ་ཚོད་དཔག་འདྲ་མིན་འདི་འདྲ་ཞིག་བྱུང་བ་སྟེ། རྣམ་ཀུན་སེར་བ་བབས་ཀྱི་མེད་པར་རྐང་རྩེད་སྤོ་ལོ་རྒྱག་པའི་སྒང་དེ་རང་ལ་བབས་དོན་ཅི་ཡིན། ཏག་ཏག་འགྲན་རའི་ཐོག་ཏུ་བབས་པ་ལས་ས་ཆ་གཞན་ལ་མི་བབས་པ་གང་ཡིན། སེར་བ་མ་བབས་གོང་དུ་འགྲན་རའི་ནང་རི་བོང་ཐོན་པ་དེ་སྔ་ལྟས་ཅི་ཡིན་ཞེས་པ་སོགས་རྒྱུན་ལྡན་མིན་པའི་གནམ་གཤིས་འགྱུར་ལྡོག་བྱུང་བ་དེས་ལྷ་སའི་ནང་འདྲ་མིན་སྣ་ཚོགས་ཀྱི་ཚོད་དཔག་ཐོན།
ལྷ་ཡི་བཀོད་པ་ཆེས་མཐོར་བརྩི་བའི་སྤྱི་ཚོགས་ཁྲོད་དེ་ལྟ་བུའི་རྒྱུན་གཏན་མ་ཡིན་པའི་རང་བྱུང་གི་སྣང་ཚུལ་དེ་རིགས་ནི་ཚོད་དཔག་བྱེད་པའི་རྒྱུ་རྐྱེན་འོས་ཤོས་སུ་སོང་ངེས་ལ། འཆར་ཡན་བཟང་བའི་མི་ཚོས་སངས་རྒྱས་ཀྱི་དབུ་ལ་རྡོག་རྒྱག་འབུད་ན། མཇུག་འབྲས་དེ་འདྲ་ཡོང་རྒྱུ་རང་རེད་ཅེས་བཤད། དགོན་སྡེ་ཁག་ལ་ཐེངས་དེའི་འགྲན་བསྡུར་གྱིས་རྐང་རྩེད་སྤོ་ལོའི་ལུས་རྩལ་མུ་མཐུད་འཕེལ་རྒྱས་ཡོང་བར་བཀག་འགོག་བྱེད་པའི་དེ་བས་ཁུངས་ལྡན་པའི་རྒྱུ་མཚན་རྙེད་ཐུབ་པ་བྱུང་། དགོན་སྡེ་རྣམས་ཀྱིས་དང་ཐོག་ནས་རྐང་རྩེད་སྤོ་ལོའི་ལུས་རྩལ་ལ་ངོ་རྒོལ་བྱེད་པ་དང་། རྐང་རྩེད་སྤོ་ལོའི་ལུས་རྩལ་གྱིས་ཆོས་ལུགས་ལ་འཇིགས་ཉེན་བཟོ་ཡི་འདུག གང་ཡིན་ཟེར་ན། འགྲན་བསྡུར་བྱེད་སྐབས་གྲ་པ་མང་པོ་ཞིག་སེམས་པ་ཆོས་ལ་མི་གནས་པར་དགོན་པ་ནས་ཐོན་ཏེ་འགྲན་རའི་ཐོག་གི་རྐང་རྩེད་སྤོ་ལོར་དབྱིངས་བཞུགས་ནས་སྡོད་ཀྱི་འདུག ད་རེས་གློ་བུར་དུ་སེར་དྲག་བབས་པ་དེ་སངས་རྒྱས་ཀྱིས་ཀྱང་དེ་ལྟ་བུའི་དམུ་རྒོད་ཀྱི་རྡོག་རྒྱག་ལ་ཞེན་ལོག་སྐྱེས་པའི་ར་གསལ་པོར་འཕྲོད་ཐུབ་པ་རེད་ཅེས་བརྗོད། འཁྲུག་ཆ་དོད་པའི་རྐང་རྩེད་སྤོ་ལོའི་ལུས་རྩལ་དེ་དུས་དེ་ནས་བཟུང་བོད་ཀྱི་ཡུལ་དུ་བཀག་འགོག་བྱེད་པའི་ལས་དབང་འཕྲད།
༡༩༥༡ལོར་བོད་ལ་ཞི་བས་བཅིངས་འགྲོལ་བྱས་རྗེས་རྐང་རྩེད་སྤོ་ལོའི་ལུས་རྩལ་ལ་སླར་ཡང་ཚེ་སྲོག་གསར་པ་ཞིག་རྙེད། གང་ལགས་ཤེ་ན། མ་གཞི་ནས་ལུས་རྩལ་དེ་ལ་གཞི་ཁྱོན་ཆེ་བའི་རྨང་གཞི་ཡོད་སྟབས་དེ་མ་ཉིད་དུ་བོད་ཀྱི་ལུས་རྩལ་བྱེད་སྒོའི་ཁྲོད་ནས་འཕེལ་རྒྱས་མྱུར་ཤོས་དང་། མི་དམངས་ཚོས་དགའ་ཤོས་བྱེད་པའི་བྱེད་སྒོ་ཞིག་ཏུ་གྱུར་བ་དང་། ལྷག་པར་ལས་རིགས་ཁག་དང་། སློབ་གྲྭ་ཁག་གི་ན་གཞོན་ཚོའི་ཁྲོད་ནས་དེ་ལ་དགའ་དད་བྱེད་མཁན་ཡང་མང་པོ་དོན།
༡༩༥༦ལོར་བོད་ཀྱི་རྒྱལ་གཅེས་གཞོན་ནུའི་མཛའ་མཐུན་ཚོགས་པས་བོད་ཀྱི་ལུས་རྩལ་བལྟ་སྦྱོང་རུ་ཁག་སྒྲིག་འཛུགས་བྱས་ནས་རྒྱལ་ཡོངས་ཀྱི་ས་ཆ་ཁག་ཏུ་སྐོར་སྐྱོད་ཀྱིས་འགྲན་བསྡུར་བལྟ་སྦྱོང་བྱས་ཤིང་། ཚོགས་པ་དེའི་ནང་ནས་རྐང་རྩེད་སྤོ་ལོའི་རུ་ཁག་དེ་བལྟ་སྦྱོང་ཚར་རྗེས་པེ་ཅིང་ལུས་རྩལ་སློབ་གླིང་དུ་ཟབ་སྦྱོང་བྱས་ཏེ་བསྡད་པ་དང་། དེ་སྔའི་སུའུ་ལེན་གྱི་རོགས་སྐྱོར་ལུས་རྩལ་དགེ་རྒན་སུའུ་སི་ཁེ་ཧྥུས་སློབ་ཁྲིད་གནང་། རུ་ཁག་དེ་བོད་དུ་ལོག་རྗེས་སླར་ཡང་རྐང་རྩེད་སྤོ་ལོར་དད་པའི་མི་མི་ཉུང་བ་ཞིག་སྐུལ་ཁྲིད་བྱས་པ་དང་། དེ་རྗེས་བོད་ཀྱི་གཞོན་ནུ་མཉམ་འབྲེལ་རུ་ཁག་དང་པོ་དང་། གཉིས་པ་སྒྲིག་འཛུགས་བྱས་ཤིང་། མང་ཚོགས་ཚོས་རུ་ཁག་དེ་གཉིས་ལ་ཧ་ཅང་གིས་དགའ་པོ་བྱེད་ཀྱི་ཡོད་ལ་ཁོ་ཚོར་རུ་ཁག་དམར་པོ་དང་དཀར་པོ་ཞེས་པའམ་ཡང་ན་པོ་ཏ་ལའི་རུ་ཁག་ཞེས་ཀྱང་འབོད་ཀྱི་ཡོད།
དེང་དུས་ཀྱི་བོད་དུ་མི་རྣམས་ཀྱིས་རྐང་རྩེད་སྤོ་ལོར་དོ་སྣང་དང་དགའ་ཞེན་བྱེད་ཚད་ནི་ཧ་ལམ་འཛམ་གླིང་སྤྱི་དང་མཉམ་མཚུངས་ཡིན་ལ། རྐང་རྩེད་སྤོ་ལོ་ནི་སྔར་བཞིན་དགའ་བསུ་ཆེ་ཤོས་ཐོབ་པའི་ལུས་རྩལ་གྱི་བྱེད་སྒོ་ཞིག་རང་ཡིན། ། ། །
པར་རིས་བར་འཁྱམས།
རྩོམ་སྒྲིགལེགས་སྒྱུར་ དམིགས་འབེན་པ་ཚོ།
རྩོམ་སྒྲིག༩ ཟླ་བ་དགུ་པ ༢༠༢༤
རྩེད་མོ་མེ་ཚོ་། | གོ་ལ་། | རྩེ་ད་མོ་། | ག་/རྩ་། | ལོ་ཚོ་། | |||||||
---|---|---|---|---|---|---|---|---|---|---|---|
༡ | ཁེ་ལི་སི་ཏི་ཡ་ནུའོ་རོ་ནའར་ཏུའོ། | ༩༡༩ | ༡༢༧༣ | ༠.༧༢ | ༢༠༠༡ | ||||||
༢ | ལི་ཨོནེ་ལ མེ་ཞི | ༨༦༥ | ༡༡༢༤ | ༠.༧༧ | ༢༠༠༣ | ||||||
༣ | ཡོ་སེ་ཕ་། བི་ཀ་ན་། | ༨༡༢ | ༥༢༢ | ༡.༥༦ | ༡༩༣༡-༡༩༥༧ | ||||||
༤ | རོ་མ་རི་ཨོ་། | ༧༧༢ | ༩༩༤ | ༠.༧༨ | ༡༩༨༥-༢༠༠༩ | ||||||
༥ | པེ་ལེ་། | ༧༦༧ | ༨༡༢ | ༠.༩༤ | ༡༩༥༦-༡༩༧༧ | ||||||
༦ | ཕེ་རེ་ན་ཅ་། པུ་ཤ་ཀ་ཤ། | ༧༤༦ | ༧༥༤ | ༠.༩༩ | ༡༩༤༣-༡༩༦༦ | ||||||
༧ | གེ་རྡ་། མུ་ལླེ་ར་། | ༧༣༥ | ༧༩༣ | ༠.༩༣ | ༡༩༦༢-༡༩༨༡ | ||||||
༨ | རོ་བེརྟ་ ལེ་བན་དོབྶ་ཀི། | ༦༨༧ | ༡༠༠༢ | ༠.༦༩ | ༢༠༠༥ | ||||||
༩ | ཨ་བེ་། ལེ་ནྶ་ཏྲ་། | ༦༧༦ | ༧༧༧ | ༠.༨༧ | ༡༩༣༦-༡༩༦༣ | ||||||
༡༠ | ཨེ་ཡུ་སེ་བུ་ཡོ་། | ༦༢༡ | ༦༣༩ | ༠.༩༧ | ༡༩༥༧-༡༩༨༠ |
- (rs)
ཟིན་ཐོ་འམ་དཔྱད་གཞི།
རྩོམ་སྒྲིག- ↑ དམག་དོན་དང་ལུས་རྩལ། ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧
དཔྱད་གཞིའི་དཀར་ཆག
རྩོམ་སྒྲིགབོད་ཀྱི་རྐང་རྩེད་སྤོ་ལོའི་འདས་དོན། ཆོས་གྲོགས་དྲ་ཚིགས་