༄༅། །དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགས།མཆོད་བརྗོད། ཨོཾ་སྭ་སྟི་པྲ་ཛེ་བྷྱཿ དཔལ་ལྡན་དཔལ་གྱིས་བརྒྱན་པ་དཔལ་གྱི་འབྱུང་གནས་དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ། སངས་རྒྱས་སྲས་དང་སློབ་མར་བཅས་པ་ལ་ཕྱག་འཚལ་ལོ། ། ཆོས་དབྱིངས་ལྷ་ཡི་ལས་ལས་འོངས། ། མཚན་དཔེ་དབང་པོའི་གཞུ་ཡིས་སྤྲས། ། འཕྲིན་ལས་བདུད་རྩིའི་ཆར་ཟིམ་འབེབས། ། ཐུབ་དབང་སྤྲིན་གྱི་དབང་པོར་འདུད། ། འདི་ན་ཡིག་ཚང་ལོ་རྒྱུས་མཁས་རྣམས་ཀྱང༌། ། འཕགས་ཡུལ་གཏམ་གྱི་སྦྱོར་བ་ལ་བཞུགས་ན། ། དབུལ་པོའི་སྐྱེ་བོ་ཚོང་ཟོག་འགྲེམས་པ་བཞིན། ། རྩལ་ཤུགས་ཕྱུང་ཡང་ཕོངས་པའི་རྒྱུ་ཉིད་མཐོང༌། ། མཁས་པ་འགའ་ཡང་ཆོས་ཀྱི་ཁུངས་འཆད་ཚེ། ། ཤིན་ཏུ་འཁྲུལ་པ་མང་དུ་མཐོང་བའི་ཕྱིར། ། འཁྲུལ་པ་སེལ་བྱེད་གཏམ་གྱི་སྦྱོར་བ་ནི། ། གཞན་ལ་ཕན་པའི་ཆེད་དུ་མདོ་ཙམ་བྲི། ། བར་དུ་དགེ་བ་གཞུང་།ཉེ་བར་མཁོ་བའི་སྡོམ།འདིར་ཉེ་བར་མཁོ་བའི་སྡོམ་ནི། རྒྱལ་པོ་མཐོང་ལྡན་དགེ་བའི་བརྒྱུད། ། ལག་བཟང་གཞུ་བཟང་དབང་ཆེན་དང༌། ། ཙ་མ་ཤཱ་སྟེ་བཞི་ཡིན་ནོ། ། མྱ་ངན་མེད་ཀྱི་བརྒྱུད་པ་ལ། ། མྱ་ངན་བྲལ་དང་དཔའ་བོའི་སྟེ། ། དགའ་བོ་པདྨ་ཆེ་སྟེ་བཞི། ། ཙནྡྲའི་རིགས་ལས་བྱུང་བ་ནི། ། ༡ཧ་རི་༢ཨཀྵཻ་༣ཛ་ཡ་དང༌། ། ༤ནེ་མ་༥ཕ་ནི་༦བྷང་ས་དང༌། ། ༧སཱ་ལ་རྣམས་ལ་ཙནྡྲ་སྦྱར། ། དེ་ནས་ཙནྡྲ་གུཔྟ་༨ དང༌། ། སྙིང་པོ་ཐིག་༩ལེ་དེའི་ཚ་བོ། ། ཤྲཱི་ཙནྡྲ་༡༠ཞེས་བྱའོ། ། ༡༡དྷ་རྨ་༡༢ཀརྨ་༡༣བྲྀཀྵ་དང༌། ། ༡༤བི་ག་མ་དང་༡༥ཀཱ་མ་དང༌། ། ༡༦པིདྒ་༡༧བཱ་ལ་༡༨བི་མ་ལ། ། ༡༩གོ་བི་ལ་༢༠ལི་ཏ་རྣམས་ལའང༌། ། ཙནྡྲ་ཐ་མར་སྦྱར་བར་བྱ། ། སྙིང་པོ་ཐིག་ལེ་མི་བགྲང་ན། ། ཙནྡྲའི་མིང་ཅན་བཅུ་དགུ་སྟེ། ། དེ་ལས་དབང་པོ་<ཨཀྴ་>ཟླ་བ་༡དང༌། ། རྒྱལ་བའི་<ཛ་ཡ> ཟླ་བ་༢ཞེས་བྱ་དང༌། ། ཆོས་ཀྱི་<དྷརྨ>ཟླ་བ་༣ལས་<ཀརྨ>ཟླ་༤བ། ། འདུ་<བི་ག་མ>བྲལ་༥འདོད་པའི་<ཀཱ་མ>ཟླ་བ་༦དང༌། ། དྲི་མེད་༧<བི་མ་ལ> ཟླ་བ་ཞེས་བྱ་བ། ། ཙནྡྲ་བདུན་དུ་གྲགས་པ་ཡིན། ། དེ་སྟེང་ཟླ་<ཙནྡྲ་གུཔྟ> བ་སྦས་པ་དང༌། ། ཕྱོགས<གོ་བི>གྲོལ་རོལ་༼ཆ༽<ལ་ལི་ཏ>བའི་ཟླ་བ་སྟེ། ། ཙནྡྲ་བཅུ་ཞེས་རབ་ཏུ་གྲགས། ། པཱ་ལའི་རིགས་ལས་བྱུང་བ་ནི། ། གོ་པཱ་ལ་དང་དེ་ཝ་དང༌། ། རཱ་ས་དྷརྨ་བ་ན་དང༌། ། མ་ཧི་མཧཱ་སྲཻཥྛ་དང༌། ། བྷེ་ཡ་ནེ་ཡ་ཨ་མྲ་དང༌། ། ཧསྟི་རཱ་མ་ཡཀྵ་སྟེ། ། ཀུན་ལ་པཱ་ལ་ཐ་མར་སྦྱར། ། པཱ་ལའི་རིགས་ལ་བཅུ་བཞིའོ། ། རྒྱལ་པོ་མེས་སྦྱིན་ཀ་ནིཥྐ། ། ལཀྵ་ཨ་ཤྭ་ཙནྡན་སྐྱོང༌། ། ཤྲཱི་ཧརྴ་ངང་ཚུལ་དང༌། ། བདེ་སྤྱོད་གོ་ཌ་འཕེལ་བྱེད་དང༌། ། ཀ་ནི་ཀ་དང་ཏུ་རུཥྐ། ། སོག་པོ་མང་པོས་བཀུར་བ་དང༌། ། སངས་རྒྱས་ཕྱོགས་དང་ཟབ་མོའི་ཕྱོགས། ། གཡོ་བག་གཡོ་བརྟན་བིཥྞུ་དང༌། ། སེང་གེ་བྷརྴི་སེང་གེ་ལྔ། ། གསལ་བ་རབ་གསལ་སྡེ་ཆེན་དང༌། ། ཤཱཀྱ་སྟོབས་ཆེན་ཞེས་བྱའོ། ། འདི་དག་ཐོར་བུ་བྱུང་བ་ཡིན། ། བ་སུ་རཀྵི་ཙ་ན་ཀ ། ཞིང་སྐྱོང་བཟོད་པ་སྐྱོང་བ་རྣམས། ། པཱ་ལའི་གསེབ་ལ་ཐོར་བུ་བྱུང༌། ། ལ་ཝ་ཀཱ་ས་མ་ཎི་ཏ། ། རཱ་ཐཱི་ཀ་སྟེ་སེ་ན་བཞི། ། ལྷོ་ཡི་ཕྱོགས་སུ་བྱུང་བ་ནི། ། ཀཉྩི་ལ་སོགས་སྣ་ཚོགས་པར། ། དཀར་པོ་ཟླ་འཛེས་སཱ་ལའི་བཞོན། ། དབང་ཆེན་སྡེ་བྱེད་ཡིད་འོང་དང༌། ། ལོངས་སྤྱོད་སྐྲ་བཟང་ཟླ་བའི་སྡེ། ། བདེ་བྱེད་སེང་སྟག་བུ་ད་དང༌། ། བུདྡྷ་ཤུ་ཙ་གདོང་དྲུག་དང༌། ། རྒྱ་མཚོ་རབ་གནོན་རྒྱལ་མཆོག་དང༌། ། གཙོ་བོ་དབང་ཆན་ལྷ་རྒྱལ་པོ། ། སྣ་ཚོགས་བྱིས་པ་རབ་གདུང་ངོ༌། ། ལྷོ་ཡི་ཕྱོགས་སུ་བྲམ་ཟེ་ ནི། ། སྟོབས་ཀྱི་བཤེས་གཉེན་ཀླུ་ཡི་ཏོག ། འཕེལ་བའི་ཕྲེང་བ་ཞེས་པ་བྱུང༌། ། གགྒྀ་ར་དང་གཞོན་ནུ་དགའ། ། བློ་གཞོན་བཟང་པོའི་ཀུན་དགའ་དང༌། ། སྦྱིན་བཟང་ལངྐ་དེ་ཝ་དང༌། ། བ་ཧུ་བྷུ་ཛེ་དབུ་མའི་བློ། ། སྔོན་གྱི་སློབ་དཔོན་ཆེ་རྣམས་སོ། ། རྒྱལ་བ་སྟོན་པའི་གཏད་རབས་ནི། ། ཡོངས་སུ་གྲགས་པ་རྣམ་པ་བདུན། ། ཉི་མ་གུང་པ་བསྣན་པས་བརྒྱད། ། བླ་མ་གྲགས་པ་བསོས་བྱིན་དང༌། ། འོད་སྲུང་ཡུལ་བརླན་སྤུ་ཆེན་པོ། ། གཏོང་བ་ཆེན་པོ་དགའ་བ་ཅན། ། ཆོས་ཀྱི་ཚོང་དཔོན་རྩིབས་ཅན་དང༌། ། རྟ་སྦས་ནནྟ་ཞེས་པ་རྣམས། ། བསྟན་པ་སྐྱོང་བའི་དགྲ་བཅོམ་མོ། ། བླ་མ་འོད་སྲུང་མང་སྟོན་དང༌། ། ས་སྟོན་ཆོས་བསྲུང་ཆར་བཟང་འབེབས། ། གནས་མ་བུ་དང་གོས་དམར་བ། ། མང་ཐོས་ཆོས་མཆོག་སྲུང་བ་པ། ། ཡང་དག་རྒྱལ་བ་གནས་བརྟན་དང༌། ། ཆོས་སྐྱོབ་དབྱིག་བཤེས་དབྱངས་སྒྲོགས་དང༌། ། དཔའ་ལེན་སངས་རྒྱས་ལྷ་དང་ནི། ། གཞོན་ནུ་ལེན་དང་མིའུ་ཐུང་དང༌། ། ཀུ་ན་ལ་དང་དགེ་བྱེད་དང༌། ། དགེ་འདུན་འཕེལ་དང་བསམ་རྫོགས་ཏེ། ། བཙུན་པ་ཆེན་པོའི་སྡེ་རྣམས་སོ། ། རྒྱལ་བ་ལེགས་རྒྱལ་དགེ་བ་དང༌། ། གྲུབ་པ་དྲེགས་མེད་ར་གྷ་པ། ། གྲགས་ལྡན་པ་ཎི་མཁས་པ་དང༌། ། བཟང་པོ་མཆོག་སྲེད་སུ་ཏྲ་དང༌། ། རིགས་ལྡན་མཐོ་བཙུན་བདེ་བྱེད་དང༌། ། ཆོས་ལྡན་བརྩོན་ལྡན་ཁྱབ་འཇུག་བཟང༌། ། སྦྲང་རྩི་སུ་པྲ་མདྷུ་དང༌། ། མཆོག་སྲེད་གཉིས་པ་གསལ་ལྡན་སྐྱེ། ། ཙ་ན་ཀ་དང་ནོར་གྱི་མིག ། ཤིངྐུ་ཕུར་བུ་མཀྵི་ཀ ། བ་སུ་ནཱ་ག་བཟང་པོ་བསྐྱངས། ། གང་བ་གང་བ་བཟང་པོ་སྟེ། ། བསྟན་ལ་བྱ་བ་བྱས་པ་ཡི། ། བྲམ་ཟེ་ཆེན་པོའི་སྡེ་རྣམས་སོ། ། ཐེག་ཆེན་སྟོན་པའི་སློབ་དཔོན་ནི། ། ཕལ་ཆེར་ཤིན་ཏུ་གྲགས་ཆེ་བས། ། སྡོམ་དུ་གསལ་བར་མ་བཀོད་ཀྱང༌། ། གཏམ་རྒྱུད་བཤད་པ་ཙམ་གྱིས་རྟོགས། ། འཛམ་གླིང་རྒྱན་དྲུག་ཡོངས་སུ་གྲགས་པ་ཉིད། ། དཔའ་བོ་སྒྲ་གཅན་འཛིན་དང་ཡོན་ཏན་འོད། ། ཆོས་སྐྱོང་རྣམས་ལ་ཆེན་པོ་བཞི་ཞེས་གྲགས། ། ཞི་བ་ལྷ་དང་ཙནྡྲ་གོ་མི་ལ། ། རྨད་བྱུང་སློན་དཔོན་གཉིས་ཞེས་མཁས་རྣམས་སྒྲོག ། མཆོག་གཉིས་རྒྱ་གར་ཡུལ་ན་གྲགས་པ་མེད། ། རྒྱན་དྲུག་མཆོག་གཉིས་ཞེས་བྱར་བོད་ཀྱིས་བཏགས། ། ཡེ་ཤེས་ཞབས་དང་མར་མེ་མཛད་བཟང་པོ། ། ལངྒ་རྒྱལ་བཟང་དཔལ་འཛིན་བྷ་ཝ་བྷ། ། སྐལ་ལྡན་གྲགས་པ་ལཱི་ལ་བཛྲ་དང༌། ། མི་ཐུབ་ཟླ་བ་དམ་ཚིག་རྡོ་རྗེ་དང༌། ། དེ་བཞིན་གཤེགས་བསྲུངས་བྱང་ཆུབ་བཟང་པོ་དང༌། ། པདྨ་སྲུང་ཞེས་བྱ་བ་བཅུ་གཉིས་པོ། ། རྣམ་གནོན་ཚུལ་གྱི་སྔགས་པའི་སློབ་དཔོན་ཡིན། ། དེ་ནས་མཁས་པ་སྒོ་དྲུག་ལ་སོགས་དང༌། ། གསང་སྔགས་སློབ་དཔོན་རྣམ་པ་སྣ་ཚོགས་བྱོན། ། ཞེས་པ་འདི་རྣམས་བློ་ལ་བྱང་བར་བཟུང་ན་འོག་ཏུ་འཆད་པའི་ལོ་རྒྱུས་རྣམས་མ་འཛིངས་པ་ཉིད་ཀྱིས་གོ་བདེ་ཞིང་བཤད་སླ་བར་འགྱུར་རོ། ། ༡ རྒྱལ་པོ་མ་སྐྱེས་དགྲའི་དུས་ཀྱི་གཏམ། དེའང་འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བཞུགས་པ་ཡན་ཆད་ཀྱི་རྒྱལ་པོའི་རབས་རྣམས་ནི་འདུལ་བ་ལུང་དང༌། མངོན་པར་འབྱུང་བའི་མདོ་དང༌། ཅི་རིགས་པ་རྒྱ་ཆེ་རོལ་པ་སོགས་སུ་འབྱུང་བ་ཉིད་ཡིད་བརྟན་དུ་གཟུང་བར་བྱ་ལ། མུ་སྟེགས་བྱེད་ཀྱི་གཞུང་ལུགས་རྣམས་ལས་རྫོགས་ལྡན་དང༌། གསུམ་ལྡན་དང༌། གཉིས་ལྡན་དང༌། རྩོད་ལྡན་གྱི་དུས་སོ་སོར་བྱུང་བའི་རྒྱལ་པོ་དང་དྲང་སྲོང་ལ་སོགས་པའི་རབས་ཤིན་ཏུ་མང་བ་ཡོད་ནའང༌། ཅི་རིགས་པར་བརྫུན་ཚིག་ཀྱང་འདྲེས་པས་མཐའ་གཅིག་ཏུ་ཡིད་བརྟན་དཀའ་བ་དང༌། དམ་པའི་ཆོས་ཀྱི་ལོ་རྒྱུས་དང་འབྲེལ་བ་གཅིག་ཀྱང་མེད་པས། རྣམ་དཀར་དོན་གཉེར་ལ་ཉེ་བར་མཁོ་བ་མི་སྣང་བས་འདིར་མི་ འབྲིའོ། །འོན་ཀྱང་དེ་དག་གི་སྟོན་པའི་གཞུང་ལུགས་ཅི་ཞིག་ཅེ་ན་བྷ་ར་ཏ་ཞེས་པ་ཤློ་ཀ་འབུམ་ལྷག་བཅས་དང༌། ར་མཱ་ཡ་ན་ཞེས་པ་ཤློ་ཀ་འབུམ་ཡོད་པ་ཞིག་དང༌། ཨཥྟ་ད་ཤ་པུ་རཱ་ཎ་སྟེ། སྔོན་གྱི་རབས་བཅོ་བརྒྱད་ཅེས་པ་ཤློ་ཀ་འབུམ་ལྷག་བཅས་ཡོད་པ་ཞིག་དང༌། སྙན་ངག་གི་བསྟན་བཅོས་ར་གྷུ་ཝཾ་ཤ་ཞེས་པ་ཤློ་ཀ་སྟོང་ཕྲག་བརྒྱད་ཅུ་པ་ལ་སོགས་པ་རྣམས་སོ། །འདིར་ནི་སྟོན་པའི་བསྟན་པ་ལ་བྱ་བ་བྱས་པའི་ལོ་རྒྱུས་རྣམས་བརྗོད་པར་བྱ་བ་ཡིན་ཏེ། དེ་ཡང་གང་གི་ཚེ་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་བསྡུ་བ་དང་པོ་བྱས་པའི་ཚེ། ལྷ་རྣམས་ཀྱིས་བསྟོད། མིའི་འཇིག་རྟེན་ཐམས་ཅད་དུ་བདེ་ཞིང་ལོ་ལེགས་པར་གྱུར། ལྷ་དང་མི་རྣམས་བདེ་བས་གནས་སོ། །རྒྱལ་པོ་མཐོང་ལྡན་དགེ་བ་ཞེས་ཀྱང་བྱ་བ་མ་སྐྱེས་དགྲར་གྲགས་པ་ཡང་རང་བཞིན་གྱིས་བསོད་ནམས་འཕེལ་བར་གྱུར་ཏེ། སྤོང་བྱེད་མ་གཏོགས་གྲོང་ཁྱེར་ལྔ་པོ་ཐམས་ཅད་འཐབ་རྩོད་མེད་པར་མངའ་འོག་ཏུ་ཆུད་པར་གྱུར་ཏོ། །དེ་བཞིན་གཤེགས་པ་དང་མཆོག་ཟུང་ཅིག་དགྲ་བཅོམ་པ་ཁྲི་ཕྲག་བཅུ་དྲུག་སྟོང་ཕྲག་བརྒྱད་དང་བཅས་པ་རབ་ཏུ་ཞི་བར་གཟིམས། འོད་སྲུང་ཆེན་པོ་ཡང་མྱ་ངན་ལས་འདས་པར་གྱུར་པའི་ཚེ། སྐྱེ་བོ་ཐམས་ཅད་སྐྱོ་ཤས་ཆེ་བར་གྱུར་ཏེ། དགེ་སློང་སྟོན་པའི་ཞལ་མཐོང་བས་སོ། སྐྱེ་བོ་རྣམས་ནི་སངས་རྒྱས་བཞུགས་པའི་ཚེ་བདག་ཅག་བག་མེད་པར་གྱུར་པས་ཁྱད་པར་མ་ཐོབ་བོ་ཞེས་ཡིད་འབྱུང་བས་ཆོས་ལ་རྩེ་གཅིག་ཏུ་བརྩོན་པར་བྱེད་དོ། །དེ་བཞིན་དུ་འཕགས་པ་སློབ་པ་རྣམས་ཀྱང་ངོ༌། །དགེ་སློང་གསར་བུ་སྟོན་པའི་ཞལ་མ་མཐོང་བ་དག་ནི་བདག་ཅག་གིས་སྟོན་པའི་ཞལ་མ་མཐོང་བས་དངོས་སུ་འདོམས་པར་བྱེད་པ་ཉམ་ཆུང་གིས། བསྟན་པ་ལ་བརྩོན་པར་མ་བྱས་ན་རབ་ཏུ་འཁྱམས་པར་འགྱུར་རོ་སྙམ་ནས་དགེ་བའི་ཕྱོགས་ལ་ཤིན་ཏུ་བརྩོན་པར་བྱེད་དོ། །དེའི་ཕྱིར་འབྲས་བུ་བཞི་ཐོབ་པ་ཉིན་རེ་བཞིན་ཡང་མང་དུ་འཕེལ་བར་གྱུར་ཏོ། ། དུས་དུས་སུ་འཕགས་པ་ཀུན་དགའ་བོས་འཁོར་རྣམ་པ་བཞི་ལ་གདམས་ངག་གི་ལུང་འབོགས་པར་བྱེད། སྡེ་སྣོད་འཛིན་པ་རྣམས་ཀྱིས་ཆོས་སྟོན་པར་བྱེད་པས། རབ་ཏུ་བྱུང་བ་ཐམས་ཅད་བག་ཡོད་པས་འཚོ་བར་བྱེད་དེ། སྟོན་པས་འོད་སྲུང་ཆེན་པོ་ལ་བསྟན་པ་གཏད། དེས་འཕགས་པ་ཀུན་དགའ་བོ་ལ་བསྟན་པ་གཏད་པ་ཡང་དོན་དང་ལྡན་པར་གྱུར་ཏོ། །རྒྱལ་པོ་ལ་སོགས་པ་ཁྱིམ་པའི་སྐྱེ་བོ་ཐམས་ཅད་ཀྱང་བསོད་ནམས་ཀྱི་མཐུ་དཔག་པར་དཀའ་བའི་རྒྱལ་པོ་དེ་རྣམས་ཀྱང་མཐོང་བའི་སྤྱོད་ཡུལ་དུ་མ་གྱུར་པས་ཡིད་འབྱུང་ཞིང༌། སྔོན་ནི་ཞིང་གི་དམ་པ་སྟོན་པ་ཡང་མཐོང་ན། ད་ལྟར་ནི་དེའི་སློབ་མ་དང༌། ཡང་སློབ་ཀྱི་ཚོགས་ཙམ་ཞིག་མཐོང་ངོ་ཞེས་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དཀོན་པའི་འདུ་ཤེས་ཉེ་བར་བཞག་ནས་རྟག་ཏུ་གུས་པས་མཆོད་པ་དང༌། དགེ་བ་ལ་བརྩོན་པར་བྱེད། འཐབ་རྩོད་ལ་སོགས་པ་མེད་དེ། ཚུལ་དེ་ལྟ་བུས་ལོ་བཞི་བཅུ་ཙམ་འཇིག་རྟེན་དགེ་བ་ལ་གནས་པར་གྱུར་ཏོ། །ཞེས་གྲགས་སོ། །དེ་ལ་འཕགས་པ་ཀུན་དགའ་བོས་བསྟན་པ་བསྐྱངས་ནས་ལོ་བཅོ་ལྔ་ཙམ་ལོན་པ་ན། ཁྱེའུ་གསེར་མདོག་གིས་དགྲ་བཅོམ་པ་ཐོབ་སྟེ། དེའི་ལོ་རྒྱུས་ནི་གསེར་མདོག་གི་རྟོགས་བརྗོད་ཉིད་ན་གསལ་ལོ། །དེའི་ཚེ་གསེར་མདོག་ལྟ་བུའི་སྐྱིད་དེ་བ་ཡང་ཚེགས་མེད་པར་དགྲ་བཅོམ་པའི་གནས་ལ་བཀོད་ན། འཕགས་པ་ཀུན་དགའ་བོ་ནི་སངས་རྒྱས་དང་འདྲ་བའི་ཉན་ཐོས་སོ་ཞེས་རྒྱལ་པོ་མ་སྐྱེས་དགྲས་བསམས་ཏེ། འཕགས་པ་ཀུན་དགའ་བོ་ལ་སོགས་པའི་དགྲ་བཅོམ་པ་ལྔ་སྟོང་ལ་ལོ་ལྔའི་བར་དུ་ཡོ་བྱད་ཐམས་ཅད་ཀྱི་བསྟབས་པའི་མཆོད་པ་བྱས་སོ། །དེའི་ཚེ་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཀིམྨི་ལིའི་ཕྲེང་བ་བྱ་བ་ནས། བྲམ་ཟེ་བྷ་ར་དྷྭ་ཛ་གནོད་པ་ཅན་དང་རུས་གཅིག་པ་ཞེས་བྱ་བ་སྒྱུ་མའི་རིགས་སྔགས་ལ་ཤིན་ཏུ་མཁས་པ་མ་ག་དྷྭར་འོངས་ནས། དགེ་སློང་རྣམས་དང་ཆོ་འཕྲུལ་འགྲན་པར་བྱས་སོ། ། རྒྱལ་པོ་ལ་སོགས་པ་སྐྱེ་བོ་ཐམས་ཅད་འདུས་པའི་མདུན་དུ། གསེར་དང་དངུལ་དང་ཤེལ་དང་བཻ་ཌཱུརྱའི་རི་བཞི་སྤྲུལ། དེ་རེ་རེ་ལ་རིན་པོ་ཆེའི་སྐྱེད་མོས་ཚལ་བཞི་བཞི། ཚལ་རེ་རེ་ན་པདྨའི་རྫིང་བུ་བཞི་བཞི། འདབ་ཆགས་སྣ་ཚོགས་པས་གང་བ་སྤྲུལ་པ་ན། འཕགས་པ་ཀུན་དགའ་བོས་གླང་ཆེན་གཏུམ་པོ་མི་བཟད་པ་མང་པོ་སྤྲུལ་ཏེ་པདྨ་རྣམས་ནི་ཟོས། རྫིང་རྣམས་ནི་དཀྲུགས། རླུང་དྲག་པོ་བཏང་སྟེ་ཤིང་རྣམས་ནི་བཅག །རྡོ་རྗེའི་ཆར་ཕབ་པས་རྭ་བ་དང་རི་རྣམས་ནི་ལྷག་མ་མེད་པར་བྱས་སོ། །དེ་ནས་འཕགས་པ་ཀུན་དགའ་བོས་ལུས་ཀྱི་བཀོད་པ་ལྔ་བརྒྱ་ཙམ་བསྟན་ཏེ། ལ་ལ་ནི་འོད་འབྱིན། ལ་ལ་ནི་ཆར་འབེབས། ལ་ལ་ནི་མཁའ་ལ་སྤྱོད་ལམ་བཞི་བྱེད། ལ་ལ་ནི་སྟོད་ནས་མེ་འབར་ཞིང་སྨད་ནས་ཆུ་འབྲུབ་པ་ལ་སོགས་པ་ཡ་མ་ཟུང་གི་ཆོ་འཕྲུལ་མང་པོ་བསྟན་ཏེ་སླར་བསྡུས་ སོ། །བྷ་ར་དྷྭ་ཛ་གནོད་པ་ཅན་དང་རུས་པ་གཅིག་ལ་སོགས་པ་སྐྱེ་བོའི་ཚོགས་རྣམས་ཤིན་ཏུ་དད་པར་གྱུར་པ་ལ་ཆོས་མང་དུ་བསྟན་པས་ཞག་བདུན་གྱི་ཁོངས་སུ་བྷ་ར་དྷྭ་ཛ་ལ་སོགས་པ་བྲམ་ཟེ་ལྔ་བརྒྱ་དང་གཞན་ཡང་སྐྱེ་བོ་ཁྲི་ཕྲག་བརྒྱད་བདེན་པ་ལ་བཀོད་དོ། །དེ་ནས་དུས་གཞན་ཞིག་ན་འཕགས་པ་ཀུན་དགའ་བོ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། ཁྱིམ་བདག་ཤ་ནའི་གོས་ཅན་གྱིས་ལོ་ལྔར་དགེ་འདུན་རྣམས་ལ་དུས་སྟོན་ཆེན་པོ་བྱས་ཏེ། མཐར་འཕགས་པའི་བཀས་རབ་ཏུ་བྱུང༌། རིམ་གྱིས་སྡེ་སྣོད་གསུམ་འཛིན་པ་དང༌། དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བར་གྱུར་ཏོ། ། དེ་ལྟར་ན་སྔ་ཕྱིར་རིམ་གྱིས་དགེ་སློང་ཁྲི་ཙམ་དགྲ་བཅོམ་པའི་གནས་ལ་ཡོངས་སུ་བཀོད་ནས། ཡུལ་ཡངས་པ་ཅན་གྱི་ལི་ཙ་བཱི་རྣམས་དང༌། མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་གཉིས་ཆར་གྱིས་གདུང་གི་སྐལ་བ་ཐོབ་པའི་དོན་དུ་ཡུལ་དེ་གཉིས་ཀྱི་བར་ཆུ་བོ་གདྒཱའི་དབུས་སུ་བཞུགས་པ་ལ། དྲང་སྲོང་ལྔ་བརྒྱས་བསྙེན་པར་རྫོགས་པ་ཞུས་པ་ལ། ཆུའི་དབུས་སུ་གླིང་སྤྲུལ། དེར་དགེ་སློང་རྣམས་ཀྱང་འདུས་པ་ལ་རྫུ་འཕྲུལ་གྱིས་ཆུ་ཚོད་གཅིག་ཁོ་ན་ལ་ལྔ་བརྒྱ་པོ་རྣམས་རིམ་གྱིས་བསྙེན་པར་རྫོགས་ནས་དགྲ་བཅོམ་པ་ལ་བཀོད་པས་ཉི་མ་གུང་པ་ལྔ་བརྒྱ་དང༌། ཆུ་དབུས་པ་ལྔ་བརྒྱ་ཞེས་གྲགས། དེའི་གཙོ་བོ་ནི་ཉི་མ་གུང་པ་ཆེན་པོ་དང༌། ཆུ་དབུས་པ་ཆེན་པོ་ཞེས་གྲགས་སོ། །དེ་ནས་དེར་མྱ་ངན་ལས་འདས་ཏེ། སྐུ་གདུང་རང་བྱུང་གི་མེས་ཞུགས་ལ་བཞེན་ཏེ། རིན་པོ་ཆེའི་གོང་བུ་ལྟ་བུ་ཆ་གཉིས་སུ་གྱུར་པ་ཆུའི་རླབས་ཀྱིས་བདས་ཏེ་འགྲམ་གཉིས་སུ་ཕྱིན་ནས། བྱང་གི་ནི་སྤོང་བྱེད་པས་ཁྱེར། ལྷོའི་ནི་མ་སྐྱེས་དགྲས་ཁྱེར་ཏེ་སོ་སོའི་ཡུལ་དུ་མཆོད་རྟེན་བྱས་སོ། ། དེ་ལྟར་ན་ཀུན་དགའ་བོས་ལོ་བཞི་བཅུར་བསྟན་པ་བརྐྱངས། དེའི་ཕྱི་ལོ་རྒྱལ་པོ་མ་སྐྱེས་དགྲ་ཡང་འདས་ཏེ། ཡུད་ཙམ་དམྱལ་བར་སྐྱེས་ནས། དེ་ལས་ཤི་འཕོས་ནས་ལྷར་སྐྱེས་ཏེ། འཕགས་པ་ཤ་ནའི་གོས་ཅན་ལ་ཆོས་ཉན་པས་རྒྱུན་དུ་ཞུགས་པ་ཐོབ་པར་གྲགས་སོ། །རྒྱལ་པོ་མ་སྐྱེས་དགྲའི་སྐབས་ཀྱི་གཏམ་སྟེ་དང་པོའོ།། །། ༢ རྒྱལ་པོ་ལག་བཟང་གི་དུས་ཀྱི་གཏམ། དེ་ནས་རྒྱལ་པོ་མ་སྐྱེས་དགྲའི་བུ་ལག་བཟང་གིས་རྒྱལ་སྲིད་བྱས། ལོ་བཅུ་བདུན་ཙམ་དུ་སངས་རྒྱས་ཀྱི་བསྟན་པ་མཆོད་དེ། དེའི་ཚེ་འཕགས་པ་ཤ་ནའི་གོས་ཅན་གྱིས་ཀྱང་བསྟན་པ་ཅུང་ཟད་སྐྱོང་ལ། གཙོ་བོར་འཕགས་པ་ཉི་མ་གུང་པ་ཡུལ་ལྦཱ་རཱ་ཎ་སཱིར་བཞུགས་ཏེ། འཁོར་རྣམས་པ་བཞི་ལ་ལུང་འབོགས་པར་བྱེད། བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཆོས་སྟོན་པར་བྱེད་དོ། །དུས་གཞན་ཞིག་ན་ལྦཱ་རཱ་ཎ་སཱིའི་བྲམ་ཟེ་དང་ཁྱིམ་བདག་མང་པོ་ཞིག་དགེ་སློང་སློང་བ་པོ་མང་པོ་ཡིད་སུན་པར་གྱུར་ཏེ། དགེ་སློང་རྣམས་ལ་བསོད་སྙོམས་ཀྱི་སྤྱོད་ཡུལ་གཞན་ན་མེད་པ་ལྟ་ཞེས་ཁ་ཟེར་བར་གྱུར་པ་དང༌། ཝ་རཱ་ཎ་སཱི་ལས་ལོངས་སྤྱོད་མོད་པ་འགའ་ཡང་མེད་ཟེར་བ་དང༌། བདག་ཅག་གིས་ཁྱེད་རྣམས་གསོ་དགོས་ན་ཁྱེད་དག་གིས་ཁོ་བོ་ཅག་ལ་ཅུང་ཟད་ཅིག་ཀྱང་མི་བྱིན་པ་ལྟ་ཟེར་བ་ན། འཕགས་པ་ཉི་མ་གུང་པ་དགྲ་བཅོམ་པ་ཁྲི་ཕྲག་གཅིག་གི་འཁོར་གྱིས་བསྐོར་ནས་ནམ་མཁའི་ལམ་ལ་འཕུར་ཞིང་གཤེགས་ནས། བྱང་ཕྱོགས་རི་ཨུ་ཤི་རར་བྱོན་ནོ། །དེར་ཁྱིམ་བདག་ཨ་ཛ་ཞེས་བྱ་བས། ཕྱོགས་བཞིའི་དགེ་འདུན་ཐམས་ཅད་བསྡུས་ཏེ། དུས་སྟོན་གྱི་མཆོད་པ་ལོ་གཅིག་ཏུ་བྱས་པས། དགྲ་བཅོམ་པ་བཞི་ཁྲི་བཞི་སྟོང་འདུས་སོ། །རྐྱེན་དེ་ལ་བརྟེན་ནས་བྱང་ཕྱོགས་སུ་བསྟན་པ་ལྷག་པར་དར་བར་གྱུར་ ཏོ། །དེ་ལྟར་ཉི་མ་གུང་པས་ཨུ་ཤི་རར་ལོ་གསུམ་དུ་ཆོས་བསྟན་ཏོ། ། དུས་དེའི་ཚེ་མཉན་ཡོད་ན་འཕགས་པ་ཤ་ནའི་གོས་ཅན་བཞུགས་ཏེ། འཁོར་རྣམ་པ་བཞི་ལ་ཆོས་བསྟན་པས་དགྲ་བཅོམ་པ་སྟོང་དུ་ཉེ་བ་ཙམ་བྱུང་ངོ༌། །སྔོན་རྒྱལ་པོ་མ་སྐྱེས་དགྲ་ཡོད་པའི་ཚེ། བྲམ་ཟེའི་རིགས་ཆོས་དང་མི་ལྡན་པ་ཤིན་ཏུ་གདུག་ཅིང་གཏུམ་པ་ཁ་ཟས་ཀྱང་གཙང་རྨེ་མེད་པར་སྤྱོད་ཅིང༌། སྲོག་ཆགས་སྣ་ཚོགས་ཀྱི་སྲོག་གཅོད་པ། པ་ན་དང༌། ན་བ་ཞེས་བྱ་བ་གཉིས་ཡོད་དོ། །དེ་གཉིས་ཀྱིས་ཁྱིམ་འགའ་ཞིག་ཏུ་རྐུན་མོ་བྱས་པའི་རྒྱུས་རྒྱལ་པོས་ཆད་པ་བཅད་པ་ན། དེ་རྣམས་ཤིན་ཏུ་ཁྲོས་པས། དགྲ་བཅོམ་པ་མང་པོ་ལ་གདུགས་ཚོད་གསོལ་ཏེ། དགེ་བའི་རྩ་བ་འདིས་གནོད་སྦྱིན་དུ་གྱུར་ཏེ། རྒྱལ་པོ་དང་མ་ག་དྷཱ་པ་རྣམས་འཇོམས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དུས་ལན་གཅིག་ན་དེ་གཉིས་རིམས་ཀྱིས་བཏབ་སྟེ་ཤི་ནས་གནོད་སྦྱིན་དུ་སྐྱེས་སོ། །གང་གི་ཚེ་རྒྱལ་པོ་ལག་བཟང་གིས་རྒྱལ་སྲིད་བྱས་ནས་ལོ་བདུན་ནམ་བརྒྱད་ལོན་པའི་ཚེ། དེ་གཉིས་མ་ག་དྷཱར་གནོད་སྦྱིན་གྱི་ས་ཐོབ་པར་གྱུར་ཏེ། ཡུལ་དུ་རིམས་ནད་ཆེན་པོ་བཏང་ངོ༌། །དེར་མི་ཕྱུགས་མང་པོ་ཤི་ཞིང་རིམས་ཆད་དུ་མ་འདོད་པ་ན། ལྟས་མཁན་རྣམས་ཀྱིས་དེ་ལྟར་ཤེས་ཏེ། མ་ག་དྷཱ་པའི་ཡུལ་པ་རྣམས་ཀྱིས་མཉན་ཡོད་ནས་འཕགས་པ་ཤ་ནའི་གོས་ཅན་སྤྱན་དྲངས་ཏེ་གནོད་སྦྱིན་དེ་གཉིས་འདུལ་བར་གསོལ་བར་བཏབ་བོ། །དེས་ཀྱང་དེ་གཉིས་གནས་པའི་རི་གུརྦ་ཞེས་བྱ་བར་གཤེགས་ཏེ་གནོད་སྦྱིན་གྱི་ཕུག་པར་བཞུགས་པ་ན། དེའི་ཚེ་གནོད་སྦྱིན་དེ་གཉིས་གནོད་སྦྱིན་གཞན་གྱི་མདུན་སར་སོང་བ་ལས་གྲོགས་གནོད་སྦྱིན་གཞན་ཞིག་གིས་སྦྲན་ཏེ། སླར་འོངས་ནས་རབ་ཏུ་ཁྲོས་པས་ཕུག་པའི་བྲག་རྣམས་རྟིབ་པ་ན། ཡང་ཕུག་པ་གཞན་ཞིག་བྱུང་སྟེ། དེ་ན་འཕགས་པ་ཤ་ནའི་གོས་ཅན་འདུག་གོ །དེ་ལྟར་ལན་གསུམ་སོང་བ་ན། དེ་གཉིས་ཀྱིས་མེ་སྦར་བས། དགྲ་བཅོམ་པས་དེ་བས་ཀྱང་ཆེ་བའི་མེ་ཕྱོགས་བཅུར་སྦར་ཏེ། གནོད་སྦྱིན་གཉིས་སྐྲག་སྟེ་བྲོས་པས། ཕྱོགས་ཐམས་ཅད་འབར་བས་འབྲོས་པའི་ས་ཡང་མ་རྙེད། དེར་ཤ་ནའི་གོས་ཅན་ལ་སྐྱབས་སུ་སོང་བས་མེ་ཞིའོ། །དེ་ནས་ཆོས་བསྟན་པས་ཤིན་ཏུ་དད་པར་གྱུར་ཏེ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གནས་ལ་བཀོད། དེ་མ་ཐག་རིམས་ཀྱང་ཞི། དེ་ལྟ་བུའི་ཆོ་འཕྲུལ་བསྟན་པ་བྲམ་ཟེ་དང་ཁྱིམ་བདག་བརྒྱ་སྟོང་གིས་མཐོང་ངོ༌། །རྒྱལ་པོ་ལག་བཟང་གི་དུས་སུ་བྱུང་བའི་གཏམ་སྟེ་གཉིས་པའོ།། །། ༣ རྒྱལ་པོ་གཞུ་བཟང་གི་དུས་ཀྱི་བྱུང་གཏམ། རྒྱལ་པོ་དེ་འདས་པ་ན། དེའི་བུ་གཞུ་བཟང་གིས་རྒྱལ་སྲིད་བྱས་ཏེ་ཉི་མ་གུང་པས་ཁ་ཆེའི་ཡུལ་བཏུལ་བ་དང་དུས་མཉམ་མོ། །དེ་ཡང་ཉི་མ་གུང་པས་རྫུ་འཕྲུལ་གྱིས་ཁ་ཆེའི་གནས་སུ་བྱོན། ཀླུ་གནས་པའི་མཚོའི་འགྲམ་དུ་བཞུགས་ སོ། །དེའི་ཚེ་ཀླུའི་རྒྱལ་པོ་ཨཽ་དུཥྟ་འཁོར་དང་བཅས་པ་རྣམས་ཁྲོས་པས་རྫི་ཆར་དྲག་པོ་ཕབ་ཀྱང་ཆོས་གོས་ཀྱི་མཐའ་མ་གཡོས་སོ། །མཚོན་ཆ་སྣ་ཚོགས་ཀྱི་ཆར་ཕབ་པ་མེ་ཏོག་ཏུ་གྱུར་པས་ཀླུ་དངོས་སུ་འོངས་ཏེ། འཕགས་པ་ཅི་བཞེད་ཟེར་བ་ལ་ས་གཞི་བྱིན་ཅིག་གསུངས་པས། ས་གཞི་ཇི་ཙམ། སྐྱིལ་ཀྲུང་གཅིག་གིས་ཁྱབ་པའི་སའོ། །འོ་ན་འབུལ་ལོ། །དེང་རྫུ་འཕྲུལ་གྱིས་སྐྱིལ་ཀྲུང་གཅིག་གིས་ཁ་ཆེ་ཡུལ་དགུའི་ས་ནོན་པར་མཛད་པ་ན་ཀླུ་ན་རེ། འཕགས་པ་ལ་འཁོར་ཇི་ཙམ། ལྔ་བརྒྱའོ། །དེ་ལས་གཅིག་མ་ཚང་ནས་སླར་འཕྲོག་གོ་ཟེར་བ་ན། ས་འདི་ནི་སྟོན་པས་ལྷག་མཐོང་དང་མཐུན་པའི་གནས་སུ་ལུང་བསྟན་པ་ཡིན་ན། གང་ན་སྦྱིན་པ་པོ་ཡོད་པ་དེར་སློང་བ་པོ་ཡོད་པས། བྲམ་ཟེ་དང་ཁྱིམ་བདག་དག་ཀྱང་འཇུག་དགོས་སོ། །ཞེས་གསུངས་ནས་ཨུ་ཤིར་ནས་འཁོར་ཉི་མ་གུང་པ་ལྔ་བརྒྱ་པོ་རྣམས་དང༌། ཝཱ་རཱ་ཎ་སཱི་ནས་ཆོས་ལ་མངོན་པར་དད་པའི་བྲམ་ཟེ་དང་ཁྱིམ་བདག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་ཁ་ཆེར་ཞུགས་སོ། །དེ་ནས་རིམ་གྱིས་ཡུལ་སྣ་ཚོགས་ནས་སྐྱེ་བོ་དུ་མ་འོངས་ཏེ། ཉི་མ་གུང་པ་ཉིད་བཞུགས་པའི་དུས་ལ་ཡང་གྲོང་ཁྱེར་ཆེན་པོ་དགུ་དང༌། རི་བོར་གྱི་གྲོང་མང་པོ་དང༌། རྒྱལ་པོའི་ཕོ་བྲང་གཅིག་དང༌། གཙུག་ལག་ཁང་བཅུ་གཉིས་དགེ་འདུན་ཤིན་ཏུ་མང་བ་དང་བཅས་པས་ཡུལ་བརྒྱན་པར་གྱུར་ཏོ། །དེ་ནས་ཁ་ཆེའི་སྐྱེ་བོའི་ཚོགས་རྣམས་རྫུ་འཕྲུལ་གྱིས་རི་སྤོས་ངད་ལྡན་དུ་ཁྲིད་ནས་བྱོན་ཏེ། མེ་འབར་བའི་ཆོ་འཕྲུལ་གྱིས་ཀླུ་རྣམས་བཏུལ། ཆོས་གོས་ཀྱི་གྲིབ་མས་ནོན་པའི་གུར་གུམ་རྣམས་འབུལ་བར་བྱས་པ་ལ། དགྲ་བཅོམ་པས་ཆོས་གོས་ཆེན་པོར་སྤྲུལ་ཏེ། དེའི་གྲིབ་མས་ཕོགས་ནས་སྐྱེ་བོ་ཐམས་ཅད་ཀྱིས་གུར་གུམ་བླངས་ཏེ། སླར་ཡང་ཡུད་ཙམ་གྱིས་ཁ་ཆེར་སླེབ་པ་དང༌། ཁ་ཆེའི་ཡུལ་གུར་གུམ་གྱི་སྐྱེ་གནས་ཀྱིས་ཁྱབ་པར་བྱས་ནས། ཁྱེད་རྣམས་ཀྱི་ལོངས་སྤྱོད་འཕེལ་བའི་ཁྱད་པར་འདི་ཡིན་ནོ་ཞེས་བསྟན་ཞིང་ཁ་ཆེ་ན་གནས་པ་ཐམས་ཅད་བསྟན་པ་ལ་བཙུད་ནས་མྱ་ངན་ལས་འདས་སོ། །དེས་ཁ་ཆེའི་ཡུལ་དུ་ལོ་ཉི་ཤུ་ཙམ་ཆོས་བསྟན་པར་གྲགས་སོ། །གང་གི་ཚེ་ཉི་མ་གུང་པ་ཁ་ཆེར་གཤེགས་པ་དེའི་ཚེ། འཕགས་པ་ཤ་ནའི་གོས་ཅན་གྱིས་གྲོང་ཁྱེར་དྲུག་ལ་གནས་པའི་འཁོར་རྣམ་པ་བཞི་ལ་ཆོས་སྟོན་པར་བྱེད་དོ། །ནམ་ཞིག་ན་རྒྱལ་པོ་གཞུ་བཟང་རྒྱལ་སྲིད་ལོ་ཉི་ཤུ་རྩ་གསུམ་དུ་བརྐྱངས་ནས་དུས་ལས་འདས་སོ། ། དེའི་འོག་ཏུ་རྒྱལ་པོ་དེའི་འཁོར་དང་ཞོ་ཤས་འཚོ་བ་ཉིས་སྟོང་ཞིག་ཤ་ནའི་གོས་ཅན་ལ་རབ་ཏུ་བྱུང་སྟེ། དེ་དག་ལ་སོགས་པ་རབ་ཏུ་མང་པོ་དག་དང་ལྷན་ཅིག་དུར་ཁྲོད་བསིལ་པའི་ཚལ་དུ་དབྱར་གནས་པར་མཛད་དོ། །དགག་དབྱེའི་ཚེ་དུར་ཁྲོད་ཀྱི་རྒྱུད་ལྟ་ཞིང་སོང་བས་དེ་ཐམས་ཅད་ཀྱིས་མི་སྡུག་པའི་ཏིང་ངེ་འཛིན་ཐོབ་སྟེ། མི་རིང་བར་ཡིད་ལ་བྱེད་པའི་ཁྱད་པར་ཐམས་ཅད་བསྒྲུབས་ནས་དགྲ་བཅོམ་པར་གྱུར་ཏོ། །དེ་ནས་སྤོས་ཚོང་སྦས་པའི་བུ་ཉེ་སྦས་བསྙེན་པར་རྫོགས་པ་ཙམ་གྱིས་བདེན་པ་མཐོང་ ངོ༌། །ཞག་བདུན་ནས་དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བར་གྱུར་ཏོ། །དེ་ནས་ཉེ་སྦས་ལ་བསྟན་པ་གཏད་དེ། ཡུལ་ཙམྤར་མྱ་ངན་ལས་འདས་ སོ། །ཤ་ནའི་གོས་ཅན་འདིས་སྔ་ཕྱིར་གདམས་ངག་བསྟན་པས་བདེན་པ་མཐོང་བ་ནི་འབུམ་ཙམ། དགྲ་བཅོམ་པ་ཡང་ཁྲི་ཙམ་བྱུང་ངོ༌། །དེ་ལ་ཁ་ཆེ་བ་རྣམས་ནི་ཉི་མ་གུང་པ་ཡང་བསྟན་པའི་གཏད་རབས་ལ་ངེས་པར་བགྲང་དགོས་ཏེ། ཡུལ་དབུས་སུ་ཉི་མ་གུང་པས་ལོ་བཅོ་ལྔར་བསྟན་པ་བསྐྱངས་པ་དེའི་ཚེ་འཕགས་པ་ཤ་ནའི་གོས་ཅན་སློབ་མ་ཉུང་ངུར་གནས་སོ། །ཉི་མ་གུང་པ་ཁ་ཆེར་གཤེགས་པ་ནས་ཤ་ནའི་གོས་ཅན་གྱིས་བསྟན་པ་བསྐྱངས་པ་ཡིན་པས་བསྟན་པའི་གཏད་རབས་བརྒྱད་ཡིན་ནོ་ཞེས་ཟེར་ལ། གཞན་རྣམས་ནི་ཉི་མ་གུང་པ་ཁ་ཆེ་འདུལ་བར་སྟོན་པས་ལུང་བསྟན་ཞིང༌། ཀུན་དགའ་བོས་བཀའ་བསྒོས་པ་ཡིན་ལ། ཀུན་དགའ་བོས་བསྟན་པ་གཏད་པ་ནི་ཤ་ནའི་གོས་ཅན་ཁོ་ན་ཡིན་པས། གཏད་རབས་ནི་བདུན་ཁོ་ནའོ་ཞེས་ཟེར་ཏེ་བོད་རྣམས་ཀྱང་དེའི་རྗེས་སུ་འབྲང་ངོ༌། །རྒྱལ་པོ་གཞུ་བཟང་གི་དུས་སུ་བྱུང་པའི་གཏམ་སྟེ་གསུམ་པའོ།། །། ༤ འཕགས་པ་ཉེ་སྦས་ཀྱི་དུས་ཀྱི་གཏམ དེ་ནས་ཉེ་སྦས་ཀྱིས་གདྒཱ་བརྒལ་ནས་བྱང་ཕྱོགས་སུ་གཤེགས་ནས། ཡུལ་ལུས་འཕགས་ཞེས་བྱ་བ་ཏི་རཱ་ཧུ་ཏིའི་ནུབ་ཐད་ཀྱི་ཡུལ་ཞིག་ཏུ། ཁྱིམ་བདག་བ་སུ་ས་ར་ཞེས་བྱ་བ་ཞིག་གིས་གཙུག་ལག་ཁང་བཞེངས་ཕྱོགས་བཞིའི་དགེ་འདུན་མཆོད་པ་ཞིག་ཡོད་པའི་སར་བཞུགས། དབྱར་གནས་པ་མཛད། དེར་གདམས་ངག་བསྟན་པས་ཟླ་བ་གསུམ་དེ་ཉིད་ལ་དགྲ་བཅོམ་པ་ཐོབ་པ་སྟོང་ཕྲག་གཅིག་ཚང་བར་བྱུང༌། དེ་ནས་རིའི་རྒྱལ་པོ་གནྡྷ་རར་བྱོན་ནས་ཆོས་བསྟན་པས་ཀྱང་སྐྱེ་བོ་དཔག་ཏུ་མེད་པ་བདེན་པ་ལ་བཀོད། དེ་ནས་ཡང་ཡུལ་དབུས་དང་ཉེ་བའི་ནུབ་བྱང་གི་མཚམས་གྲོང་ཁྱེར་བཅོམ་བརླག་ཏུ་བྱོན་པ་ན་བཅོམ་བརླག་གི་སྒོ་དྲུང་ན་སྐྱེ་བོ་མང་པོ་ཚོགས་པའི་སར་གྱད་ཀྱི་གཙོ་བོ་ཚོད་པའི་ལས་བྱེད་པ་ན་ཊ་དང༌། བྷཊྚ་ཞེས་བྱ་བ་གཉིས་གཏམ་དུ་གླེང་པ་ལས། འཕགས་པ་ཉེ་སྦས་ཀྱི་བསྔགས་པ་བྱེད་ཅིང༌། ཤིར་སྟེ་མགོ་བོ་ཞེས་བྱ་བའི་རི་ལ་འཕགས་པ་ཤ་ནའི་གོས་ཅན་གྱི་དུས། དེ་གཉིས་རང་གིས་བཞེངས་པའི་གཙུག་ལག་ཁང་དུ་འཕགས་པ་ཉེ་སྦས་གནས་འཆའ་བར་བྱེད་ན་ཅི་མ་རུང་ཞེས་སྨོན་པར་བྱེད་དོ། ། དེའི་ཚེ་ཉེ་སྦས་ཀྱིས་རྒྱང་རིང་པོ་ནས་མཐོང་བས་ཨེ་མའོ་རིང་མོ་ནས་དབང་པོ་དུལ་བ་བརྗིད་དང་ལྡན་པ་འོང་བ་འདི་ནི་འཕགས་པ་ཉེ་སྦས་ཡིན་ཡང་དག་གོ་ཞེས་ཕན་ཚུན་དུ་བགྲོས་ནས་ཅུང་ཟད་བསུ་རུ་སོང་སྟེ་ཕྱག་བྱས་ནས། འཕགས་པ་ཉེ་སྦས་ལགས་སམ་ཞེས་དྲིས་པ་ལ། འཇིག་རྟེན་དུ་དེ་ལྟར་གྲགས་སོ་ཞེས་གསུངས་པས། གར་མཁན་དཔའ་བོའི་གཙུག་ལག་ཁང་ཞེས་བྱ་བ་མགོ་བོའི་རི་ལ་ཡོད་པ་དེ་ཕུལ་ནས་ཡོ་བྱད་ཐམས་ཅད་ཀྱིས་སྟོབ་པར་བྱེད་དོ། །དེར་ཆོས་བསྟན་པས་རབ་ཏུ་བྱུང་བ་དང་ཁྱིམ་པ་མང་པོ་ཞིག་གིས་བདེན་པ་མཐོང་ངོ༌། །དེ་ནས་དུས་གཞན་ཞིག་ན་སྐྱེ་བོ་འབུམ་ཕྲག་མང་པོ་འདུས་པ་ལ་ཆོས་སྟོན་ཞིང་ཡོད་པའི་ཚེ། བདུད་སྡིག་ཅན་གྱིས་གྲོང་ཁྱེར་དུ་འབྲས་ཀྱི་ཆར་ཕབ་བོ། །དེའི་ཚེ་སྐྱེ་བོ་མང་པོ་ཞིག་གྲོང་ཁྱེར་དུ་སོང༌། ལྷག་མ་རྣམས་ཆོས་ཉན་པར་བྱེད་དོ། །ཉི་མ་གཉིས་པ་ལ་གོས་ཀྱི་ཆར་ཕབ་པས་ཡང་སྐྱེ་བོ་མང་པོ་ཞིག་གྲོང་ཁྱེར་དུ་སོང༌། དེ་བཞིན་དུ་གསུམ་པ་ལ་དངུལ་གྱི་ཆར་དང༌། བཞི་པ་ལ་གསེར་གྱི་ཆར་དང༌། ལྔ་པ་ལ་རིན་པོ་ཆེ་སྣ་བདུན་གྱི་ཆར་ཕབས་པས་ཆོས་ཉན་པའི་ཚོགས་པ་ཤིན་ཏུ་བྲི་བར་གྱུར་ཏོ། །ཉི་མ་དྲུག་པ་ལ་བདུད་སྡིག་ཅན་རང་ཉིད་ལྷའི་གར་མཁན་གྱི་ཆས་སུ་བྱས། བུ་དང་ཆུང་མ་བུ་མོ་རྣམས་ཀྱང་ལྷའི་གླུ་དང་གར་མཁན་གྱི་གཟུགས་སུ་བསྒྱུར་ནས་གར་མཁན་ཕོ་མོ་སུམ་ཅུ་རྩ་དྲུག་གྲོང་ཁྱེར་དུ་བྱུང་སྟེ། གར་གྱི་བཀོད་པ་དང་སྒྱུ་འཕྲུལ་གྱི་ལྟད་མོ་སྣ་ཚོགས་པ་དང༌། གླུ་དང་རོལ་མོའི་སྒྲ་དབྱངས་སྙན་པོས་སྐྱེ་བོ་ཐམས་ཅད་ཀྱི་ཡིད་བསྒྱུར་ནས། ཆོས་ཉན་པ་གཅིག་ཀྱང་མེད་དོ། །དེའི་ཚེ་འཕགས་པ་ཉེ་སྦས་ཀྱང་གྲོང་ཁྱེར་དུ་བྱོན་ཏེ། ཨེ་མའོ་སྐྱེས་བུ་དཔའ་བོ་ཁྱོད་རྣམས་ཀྱི་གར་ལེགས་ཀྱི། བདག་གིས་ཀྱང་ཕྲེང་བ་གདགས་པར་བྱའོ་ཞེས་རེ་རེ་བཞིན་གྱི་མགོ་དང་མགྲིན་པར་མེ་ཏོག་གི་ཕྲེང་བ་རེ་བཅིངས་སོ། །དེ་མ་ཐག་ཏུ་འཕགས་པའི་རྫུ་འཕྲུལ་གྱིས་སྡིག་ཅན་འཁོར་བཅས་ཐམས་ཅད་ལུས་རྒས་འགོགས་ཤིང་མི་སྡུག་པ་གོས་ཧྲུལ་བ། མགོ་ལ་ནི་མི་རོ་རུལ་པ་བཅིངས། མགྲིན་པར་ནི་ཁྱི་རོ་བམ་པ་རེ་བཏགས་པ་དྲི་ངན་པ་ཕྱོགས་བཅུར་ལྡང་ཞིང༌། མཐོང་བ་ཙམ་གྱིས་སྐྱུགས་པར་འདྲེན་པར་བྱིན་གྱིས་བརླབས་སོ། །དེར་འདོད་ཆགས་དང་མ་བྲལ་བའི་སྐྱེ་བོ་ཐམས་ཅད་སྐྱོ་བ་དང་འཇིགས་པ་དང་སྐྱུག་བྲོ་བས་སྣ་བཀག་ཅིང་ཕྱིར་ཕྱོགས་པས་འདུག་གོ །དེའི་ཚེ་ཉེ་སྦས་ཀྱིས་ཀྱང་སྡིག་ཅན་ཁྱོད་ངའི་འཁོར་ལ་ཅིའི་ཕྱིར་འཚེ། དེས་སྨྲས་པ། འཕགས་པ་བཟོད་པར་མཛོད་ལ་བདག་ཅག་བཅིངས་བ་ལས་ཁྲོལ་ཞིག །གསུངས་པ། ངའི་འཁོར་ལ་མི་འཚེ་ན་དེ་ལྟར་བྱའོ། ། སྨྲས་པ། བདག་གི་ལུས་ཞིག་པར་གྱུར་ཀྱང་མི་འཚེའོ། །དེ་མ་ཐག་བདུད་ཀྱི་ལུས་རྣལ་དུ་གནས་པར་གྱུར་ཏོ། །དེས་སྨྲས་པ། བདག་གིས་བྱང་ཆུབ་སྙིང་པོར་གོ་ཏ་མ་ལ་ཀུན་ཏུ་མཐོ་འཚམ་པར་བྱས་ན། དེ་ནི་བྱམས་པའི་ཏིང་ངེ་འཛིན་ལ་གནས་སོ། །གོ་ཏ་མའི་ཉན་ཐོས་རྣམས་ནི་གདུག་པ་ཕ་རོལ་གནོན་པ་སྟེ། རེ་ཞིག་བདག་གིས་རྩེད་མོ་ཅུང་ཟད་བྱས་པ་ལ་འཕགས་པས་བདག་བཅིངས་སོ། ། དེ་ནས་ཉེ་སྦས་ཀྱིས་བདུད་སྡིག་ཅན་དེ་ལའང་ཆོས་ཀྱི་གཏམ་ཀུན་ཏུ་སྦྱོར་བར་བྱས་ནས། ངས་ནི་སྟོན་པའི་ཆོས་ཀྱི་སྐུ་མཐོང་ན། །གཟུགས་ཀྱི་སྐུ་ནི་མ་མཐོང་བ་ལས། །སྡིག་ཅན་ཁྱོད་ཀྱིས་དེ་མཐོང་བའི་ཕྱིར་སྐུའི་རྣམ་པ་ཇི་ལྟ་བུ་སྟོན་ཅིག ། དེས་སྟོན་པའི་རྣམ་པར་སྤྲུལ་པ་ན། འཕགས་པ་ཉེ་སྦས་རབ་ཏུ་དད་པ་སྐྱེས་ཏེ། བ་སྤུ་ལངས་མཆི་མ་འཁྲུག་བཞིན་དུ་སངས་རྒྱས་ལ་ཕྱག་འཚལ་ཞེས་ཐལ་མོ་སྦྱར་བ་སྤྱི་བོར་བཞག་པས། བདུད་སྡིག་ཅན་གྱིས་མ་བཟོད་དེ་བརྒྱལ་ཞིང་འགྱེལ་བར་གྱུར་ཏོ། །དེར་བདུད་ཀྱང་མི་སྣང་བར་གྱུར། ཚུལ་དེས་སྐྱེ་བོ་ཐམས་ཅད་ཡིད་འབྱུང་ཞིང་དད་པ་ལྷག་པར་སྐྱེས། འབྲས་ཀྱི་ཆར་ཕབ་པ་ནས་བརྩམས་ཏེ། སྔོན་གྱི་དགེ་བའི་རྩ་བས་བསྐུལ་བའི་སྐྱེ་བོ་ཕྱོགས་བཞི་ནས་འདུས་པ་དེ་རྣམས་ཐམས་ཅད་ལ་ཞག་དྲུག་པ་དེ་ཉིད་ཀྱི་མཚན་ཐོག་ཐག་ཏུ་ཆོས་བསྟན་པས་ཉི་མ་བདུན་པ་ལ་སྐྱེ་བོ་འབུམ་ཕྲག་བཅོ་བརྒྱད་ཀྱིས་བདེན་པ་མཐོང་བར་གྱུར་ཏོ། །དེ་ནས་གར་མཁན་དཔའ་བོའི་གཙུག་ལག་ཁང་དུ་ཇི་སྲིད་འཚོའི་བར་དུ་བཞུགས་ཏེ། ཕུག་སྲིད་དུ་ཁྲུ་བཅོད་བརྒྱད་པ། རྒྱར་ཁྲི་བཅུ་གཉིས་པ། དཔངས་སུ་ཁྲུ་དྲུག་པ་ཞིག་ཡོད་ལ། ཉེ་སྦས་ཀྱི་གདམས་པས་དགེ་སློང་རབ་ཏུ་བྱུང་བ་གཅིག་གིས་དགྲ་བཅོམ་པ་ཐོབ་པ་ན་ཤིང་བུ་སོར་བཞི་པ་ཞིག་ཕུག་དེར་འཕངས་སོ། །དེ་ནས་དུས་གཞན་ཞིག་ན་ཚུལ་དེ་ཁོ་ནས་ཕུག་དེ་ཤིང་བུ་དེ་འདྲ་བས་གོ་མཚམས་མེད་པར་གང་བར་གྱུར་ཏོ། །དེའི་ཚེ་འཕགས་པ་ཉེ་སྦས་ཀྱང་ཡོངས་སུ་མྱ་ངན་ལས་འདས་ཏེ། གདུང་ཡང་ཤིང་བུ་དེ་རྣམས་ཀྱིས་ཞུགས་ལ་ཕུལ་བས། རིང་བསྲེལ་གཅིག་ཏུ་གྱུར་པ་ལྷ་རྣམས་ཀྱིས་ཁྱེར་རོ་ཞེས་གྲགས་སོ། །འདི་ནི་སྟོན་པ་ཉིད་ཀྱིས་མཚན་མེད་པའི་སངས་རྒྱས་སུ་ལུང་བསྟན་པ་སྟེ། སྐུ་ལ་མཚན་དཔེ་མེད་པ་མ་གཏོགས་འགྲོ་ཕན་སྟོན་པ་ཉིད་དང་ཕྱོགས་མཚུངས་པའི་དོན་ཡིན་ལ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་འོག་ཏུ་འདི་ལས་འགྲོ་བའི་དོན་ཆེ་བ་མ་བྱུང་ངོ༌། ། ཉེ་སྦས་ཀྱིས་བསྟན་པ་སྐྱོང་བའི་ཚེ། ཉི་འོག་གི་རྒྱལ་ཁམས་ཕལ་ཆེ་བ། རྒྱལ་པོ་གཞུ་བཟང་གི་བུ་རྒྱལ་པོ་དབང་ཆེན་གྱིས་རྒྱལ་སྲིད་བསྐྱངས་པའི་ལོ་དགུ་དང༌། དེའི་བུ་ཙ་མ་ཤས་ལོ་ཉེར་གཉིས་སུ་རྒྱལ་སྲིད་བསྐྱངས་པའི་སྐབས་ཤས་ཆེ་བ་ཡིན་ཞྀང༌། དེའི་ཚེ་རྒྱ་གར་ཤར་ཕྱོགས་སུ་དགྲ་བཅོམ་པ་བླ་མ་ཞེས་བྱ་བ་བཞུགས་པ་ལ་རྒྱལ་པོ་དབང་ཆེན་ལྷག་པར་དད་པར་གྱུར་ཏེ། ཡུལ་བ་ག་ལ་པ་རྣམས་ཀྱིས་བྱ་གག་སྐྱོང་བའི་ལྗོངས་ཤིག་ཏུ་གཙུག་ལག་ཁང་བཞེངས་ཏེ་ཕུལ། བྱ་གག་གི་ཀུན་དགའ་ར་བ་ཞེས་བྱ་བར་གྲགས་སོ། །དེས་ཀྱང་ཉི་འོག་གི་འཁོར་རྣམ་པ་བཞི་ལ་གདམས་ངག་མང་དུ་བསྟན་པས་འབྲས་བུ་བཞི་ཐོབ་པ་མང་དུ་བྱུང༌། དེའི་སློབ་མའི་གཙོ་བོ་ནི་དགྲ་བཅོམ་པ་གྲགས་པའོ། །རྒྱལ་པོ་དབང་ཆེན་འདས་ནས་རྒྱལ་པོ་ཙ་མ་ཤ་རྒྱལ་སྲིད་ལ་འཁོད་ནས་མི་རིང་པ་ན་ཡུལ་མ་ག་དྷཱ་ན་བྲམ་ཟེ་མོ་ཛཿས་ཞེས་བྱ་བ་ལོ་བརྒྱ་དང་ཉི་ཤུར་ཉེ་བ་ཞིག་ཡོད་དོ། ། དེ་ལ་བུ་སྤུན་གསུམ་སྟེ། རྒྱལ་བ་དང༌། ལེགས་རྒྱལ་དང༌། དགེ་བ་ཞེས་བྱའོ། །དང་པོ་ནི་ལྷ་ཆེན་པོ་དབང་ཕྱུག་ལ་མོས་པའོ། །གཉིས་པ་ནི་ཐུབ་པ་སེར་སྐྱ་ལ་མོས་པའོ། །གསུམ་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་མོས་པའོ། །དེ་རྣམས་རང་རང་གི་གཞུང་ལུགས་ལེགས་པར་བྱང་སྟེ། ཁྱིམ་གཅིག་ཏུ་ཉིན་རེ་བཞིན་རྩོད་པར་བྱེད་དོ། །དེར་མ་ན་རེ། ཁྱོད་དག་ལ་གོས་དང་ཁ་ཟས་ལ་སོགས་པ་རྟག་ཏུ་ཕོངས་པ་མེད་པར་ངས་སྦྱོར་བར་བྱེད་ན་ཅིའི་ཕྱིར་རྩོད། དེ་རྣམས་ན་རེ། བདག་ཅག་ཁ་ཟས་ལ་སོགས་པའི་ཕྱིར་རྩོད་པ་མ་ཡིན་གྱི། སྟོན་པ་དང་ཆོས་ལས་བརྩམས་ཏེ་རྩོད་དོ། །དེར་མ་ན་རེ། རང་གི་བློ་གྲོས་ཀྱི་མཐུས་སྟོན་པ་དང་ཆོས་བཟང་ངན་མི་ཤེས་ན་སྐྱེ་བོ་མཁས་པ་གཞན་རྣམས་ལ་དྲིས་ཤིག །དེ་དག་གིས་ཀྱང་མ་ལས་ཉན་ཏེ་ཡུལ་སྣ་ཚོགས་སུ་སོང་ཞིག་དྲིས་པ་ན། སོ་སོར་ཡིད་ཆེས་པའི་གནས་ཐོབ་པ་མེད་དོ། །མཐར་དགྲ་བཅོམ་པ་བླ་མའི་དྲུང་དུ་སོང་ནས་རང་རང་གི་གཏམ་རྒྱས་པར་བྱས་སོ། །དེ་ལ་རྒྱལ་བ་དང༌། ལེགས་རྒྱལ་གཉིས་ཀྱིས་གྲོང་ཁྱེར་གསུམ་བཅོམ་པ་ལ་སོགས་པ་ལྷ་ཆེན་པོའི་བསྔགས་པ་དང༌། ཐུབ་པ་སེར་སྐྱའི་དམོད་པའི་མཐུ་སོགས་ཆེ་བ་བརྗོད་ནས་དགེ་སྦྱོང་གོ་ཏ་མ་ནི་དམོད་པ་མི་བྱེད་པའི་ཕྱིར་དཀའ་ཐུབ་ཀྱང་མ་གྲུབ་པར་མངོན་ཞིང་ལྷ་མིན་འཇོམས་པར་མི་བྱེད་པས་མཐུ་ཆུང་བའོ། །ཞེས་པ་ལ་སོགས་པ་བརྗོད་པ་ན། དགྲ་བཅོམ་པ་ན་རེ། གང་ཞིག་ཞེ་སྡང་གིས་ཁོང་འཁྲུགས་ཏེ་དམོད་པ་བྱེད་པ་ལ་ནི་དཀའ་ཐུབ་ཅི་ཞིག་ཡོད་དེ། ཇི་ལྟར་འདི་ན་མཁའ་འགྲོ་མ་དང་སྲིན་པོ་གདུག་པ་གཏུམ་པོ་འཆོལ་བར་སྤྱོད་པ། ཚུལ་ལས་ཉམས་པ་དེ་དག་ཀྱང་དམོད་པ་བྱེད་དོ། །གང་ཞིག་འདི་ན་གསོད་པ་དང་འཆིང་བ་དང་བརྡེག་པ་ལ་སོགས་པའི་རྩོམ་པ་མེད་པར་ཡང་འགྲོ་བ་འདི་དག་ནི་གདོན་མི་ཟ་བར་འཆི་བར་འགྱུར་བ་ཡིན་ན། དེ་དག་གསོད་པའི་སྦྱོར་བ་ཀུན་ཏུ་རྩོམ་པ་ནི་ཤིན་ཏུ་བླུན་པ་སྟེ། མི་མཁས་པ་འགའ་ཞིག་ཉི་མ་ནུབ་པར་གྱུར་པ་ལ་དབྱུག་པས་བདའ་བར་བྱས་ནས་བདག་ཉིད་རྒྱལ་བས་སྙེམས་པ་བཞིན་ནོ། །གཞན་ཡང་བྲམ་ཟེ་དག་ཉོན་ཅིག །སངས་རྒྱས་འཇིག་རྟེན་ཕན་བརྩོན་པའི། །ཆོས་ནི་འཚེ་བ་མེད་པ་ཡིན། །དེ་ལ་ཡིད་རྟོན་དེའི་རྗེས་ཞུགས། དེ་ཡང་འཚེ་བ་མེད་པར་བརྗོད། །ཡུན་རིང་ཕན་པའི་བྱ་བ་མཛད། །དེ་ལས་བྱང་ཆུབ་ཐོབ་གྱུར་ནས། །རྟག་ཏུ་འཚེ་མེད་ཕན་པར་སྤྱོད། །འཁོར་ལའང་ཕན་པ་བརྩོན་པར་འདོམས། །བྲམ་ཟེའམ་ཡང་ན་དགེ་སྦྱོང་ནི། །གཞན་གྱིས་ཐོས་པའི་ཚིག་ལ་ཡང༌། །འདིས་གནོད་བྱས་པའི་གཏམ་ཡོད་མིན། །ཀུན་ཏུ་དགེ་བའི་ངང་ཚུལ་འདིའོ། །དྲག་པོ་དུར་ཁྲོད་གནས་ལ་དགའ། །མི་ཤ་ཚུལ་བུ་རྐང་དག་ཟ། །གཏུམ་ཞིང་སྲོག་ཆགས་གསོད་དགའ་བར། །ལྷ་ཆེན་ཉིད་ཀྱི་ཆོས་ལས་བཤད། །གཞུང་ཡང་འཚེ་བས་དྲི་མར་བྱས། །དེ་ལ་རབ་ཡིད་རྟོན་པ་ཡང༌། །རྟག་ཏུ་འཚེ་བ་ལོངས་སྤྱོད་པ། །འདི་ལ་འཁས་པ་སུ་ཞིག་མགུ། །དཔའ་བོ་ཡོན་ཏན་ཉིད་ཡིན་ན། །སེང་གེ་སྟག་ལ་སོགས་པ་ཡང༌། །མཆོད་བྱ་ཉིད་དུ་འགྱུར་མིན་ནམ། །ཞི་བར་སེམས་པ་ཡོན་ཏན་ཉིད། །ཅེས་པ་ནི། རྒྱུད་ཆགས་དང་པོའོ། ། དེ་དག་ལ་སོགས་པ་སྐྱོན་དང་ཡོན་ཏན་གྱི་ཁྱད་པར་བསྟན་པའི་སྒོ་ལྔ་བརྒྱའི་བར་དུ་རྒྱུད་ཆགས་བཟླས་པས་བྲམ་ཟེ་དེ་གཉིས་ཀྱིས་ཀྱང་བདེན་པར་གོ་སྟེ། དཀོན་མཆོག་གསུམ་ལ་ལྷག་པར་དད་པར་གྱུར་ཏོ། །བྲམ་ཟེའི་བུ་དགེ་བ་སྔར་ནས་དད་པ་ཉིད་ལྷག་པར་འཕེལ་བས། དེ་གསུམ་ཆར་བློ་གྲོས་གཅིག་པར་གྱུར་ནས་རང་གི་ཁྱིམ་དུ་སོང་སྟེ་མ་ལ་སྨྲས་པ། བདག་ཅག་རྣམས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་ཤེས་པས་སྟོན་པའི་སྐུ་གཟུགས་བཞུགས་པའི་ལྷ་ཁང་རེ་བཞེངས་པར་བྱེད་ན། ས་གང་ཡིན་པ་མས་སྟོན་ཅིག །དེ་ནས་མ་དེས་བསྟན་པ་ལྟར་བྲམ་ཟེ་རྒྱལ་བས་ནི་ཝཱ་རཱ་ཎ་སཱིའི་ཆོས་འཁོར་གནས་སུ་སྐུ་གཟུགས་ཀྱི་ལྷ་ཁང་བཞེངས་སོ། །སྟོན་པ་ཉིད་བཞུགས་པའི་གཙུག་ལག་ཁང་རྣམས་ནི། དངོས་གནས་ལ་སྤྲུལ་པའི་རང་བཞིན་ཅན་ཡིན་པའི་ཕྱིར་སྤྲུལ་པ་བསྡུས་པར་མངོན་ནའང་སེམས་ཅན་རྣམས་ཀྱི་སྣང་ངོར་རལ་འདྲུམ་ལ་སོགས་པའི་སྐྱོན་གྱིས་དུས་དེ་ཙམ་ན་ཤུལ་ཙམ་ལས་མེད་དོ། ། དེའི་ཕྱིར་བྲམ་ཟེ་ལེགས་རྒྱལ་གྱིས་ནི་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་དུ་སྐུ་གཟུགས་དང་ལྷ་ཁང་བཞེངས། ཆུང་བ་བྲམ་ཟེ་དགེ་བས་ནི། རྡོ་རྗེའི་གདན་གྱི་གནྡྷོ་ལ་སྟེ། དྲི་གཙང་ཁང་བྱང་ཆུབ་ཆེན་པོ་དང་བཅས་པ་བཞེངས་ཏེ། བཟོ་བོ་ནི་ལྷ་ཡི་བཟོ་བོ་མིའི་རྣམ་པར་སྤྲུལ་ཏེ་འོངས་པ་རྣམས་ཀྱིས་བྱས་ཏེ། དེ་ལ་བྱང་ཆུབ་ཆེན་པོ་བཞེངས་པའི་རྒྱུ་ཚོགས་རྣམས་དང༌། ལྷ་བཟོ་བ་རྣམས་དང་བྲམ་ཟེ་དགེ་བ་རྣམས་ནང་དུ་འདུག །ཞག་བདུན་གྱི་བར་དུ་གཞན་སུ་ཡང་ནང་དུ་མི་འོང་བར་བྱས་པ་ལས་ཞག་དྲུག་སོང་བ་ན། བྲམ་ཟེ་སྤུན་གསུམ་གྱི་མ་འོངས་ཏེ་སྒོ་བརྡུངས་སོ། །དེར་ཞག་དྲུག་ལས་མ་ལོན་ཏེ། ནངས་པར་སྒོ་དབྱེའོ་ཞེས་བྱས་པས། མ་ན་རེ། ང་ནི་དོ་ནུབ་འཆི་བ་ཡིན་ན། ད་ནི་སའི་སྟེང་ན་སངས་རྒྱས་ཀྱི་ཞལ་མཐོང་བ་ཁོ་མོ་ཁོ་ནར་ཟད་པས་ཕྱིས་གཞན་གྱིས་སྐུ་གཟུགས་དེ་བཞིན་གཤེགས་པ་འདྲ་བ་དང་མི་འདྲ་བ་མི་ཤེས་སོ། །དེ་བས་ན་ངེས་པར་སྒོ་ཕྱེ་ཞིག་ཅེས་ཟེར་བས་སྒོ་ཕྱེ་བ་ན། བཟོ་བོ་རྣམས་མི་སྣང་བར་གྱུར་ཏོ། །དེར་ལེགས་པར་བརྟགས་པ་ན། འདི་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་སྟོན་པ་དང་འདྲ་ན། འོན་ཀྱང་མི་འདྲ་བའི་ཁྱད་པར་གསུམ་ཞིག་ཡོད་དེ། འོད་ཟེར་སྤྲོ་བ་ཡང་མེད། ཆོས་ཀྱང་མི་སྟོན། བཞུགས་པ་ཁོ་ན་ལས་སྤྱོད་ལམ་གཞན་གསུམ་ཡང་མི་འཛད་པས་སོ། །ཞེས་ཟེར་ཏེ། སངས་རྒྱས་དངོས་དང་འདྲ་བའི་སྐུ་གཟུགས་ཡིན་སྐད། ཞག་བདུན་མ་ལོན་པས་བཟོའི་ཁྱད་པར་ཅུང་ཟད་མ་གྲུབ་པ་ནི་ཁ་ཅིག་ཞབས་གཡས་ཀྱི་མཐེ་བོང་ཡིན་པར་འདོད། ཁ་ཅིག་དབུ་སྐྲ་གཡས་སུ་འཁྱིལ་བ་ཡིན་པར་འདོད་པས་དེ་གཉིས་ཕྱིས་བཞེངས་པར་བྱེད་དོ། །འོན་ཀྱང་པཎྜི་ཏ་རྣམས་ནི་སྐུ་ལ་བ་སྤུ་དང་ན་བཟའ་སྐུ་ལ་མ་རཻག་པ་གཉིས་མ་གྲུབ་པ་ཡིན་ནོ་ཞེས་གསུངས་པར་གྲགས་ཤིང༌། པཎྜི་ཏ་ས་དབང་བཟང་པོས་ཀྱང་དེ་བཞིན་དུ་བཤད་དོ། །དེའི་ནུབ་མོ་བྲམ་ཟེ་མོ་ཛཿས་ཡང་གནོད་པ་མེད་པར་དུས་ལས་འདས། དེ་ནས་མི་རིང་བ་ཉིད་ན་བྲམ་ཟེ་དགེ་བ་ལམ་ཞིག་ཏུ་སོང་བ་ལས། ནོར་བུ་ཨསྨ་གརྦྷ་རང་འོད་འབྱིན་པ་ཞིག་རྙེད་དོ། ། དེས་བསམ་པ་བྱང་ཆུབ་ཆེན་པོ་བཞེངས་མ་ཟིན་པའི་སྔོན་དུ་རྙེད་ན་སྤྱན་འབྲས་བྱ་བ་ལས། མ་རྙེད་དོ་སྙམ་པ་ལ། དེ་མ་ཐག་སྤྱན་འབྲས་ཀྱི་ཐད་དུ་རང་བྱུང་གི་ཁུང་བུ་བྱུང་ངོ༌། །དེ་དུམ་བུ་གཉིས་སུ་བྱ་བར་བརྩམས་པ་ན་དེ་ཉིད་འདྲ་བ་གཉིས་སུ་རང་གྱུར་ཏེ་སྤྱན་འབྲས་གཉིས་ཀྱི་སར་བཅུག་གོ །དེ་བཞིན་དུ་ཨིནྡྲ་ནཱི་ལ་འོད་འཕྲོ་བ་རྙེད་དེ་སྨིན་མཚམས་ཀྱི་མཛོད་སྤུར་བཅུག་གོ །དེའི་མཐུས་རྒྱལ་པོ་ར་ཐཱི་ཀཱ་ཡན་ཆད་དུ་བྱང་ཆུབ་ཆེན་པོའི་ལྷ་ཁང་གི་ནང་དུ་མཚན་མོའང་ནོར་བུའི་འོད་ཀྱིས་ཤིན་ཏུ་གསལ་བར་ཁྱབ་པ་རྟག་ཏུ་བྱུང་ངོ༌། །དེའི་འོག་ཏུ་བྲམ་ཟེ་སྤུན་གསུམ་པོ་རྣམས་ཀྱིས་ལྷ་ཁང་གསུམ་པོ་དེ་རྣམས་སུ་དགེ་སློང་ལྔ་བརྒྱ་ལྔ་བརྒྱའི་འཚོ་བ་རྟག་ཏུ་སྦྱོར་ཞིང༌། ཕྱོགས་བཞིའི་དགེ་འདུན་ཐམས་ཅད་ཡོ་བྱད་ཀྱིས་མཆོད་པར་བྱས་སོ། །འཕགས་པ་ཉེ་སྦས་ཀྱི་དུས་སུ་བྱུང་བའི་གཏམ་སྟེ་བཞི་པའོ།། །། ༥ འཕགས་པ་དྷཱི་ཀའི་དུས་ཀྱི་གཏམ། དེ་ཡང་འཕགས་པ་ཉེ་སྦས་ཀྱིས་འཕགས་པ་དྷཱི་ཏི་ཀ་ལ་བསྟན་པ་གཏད་དེ། དེའི་ལོ་རྒྱུས་ནི་ཡུལ་འཕགས་རྒྱལ་དུ་བྲམ་ཟེ་ཕྱུག་པོ་ནོར་མང་བ་ཞིག་ཡོད་དོ། །དེ་ལ་བུ་དྷཱི་ཏི་ཀ་ཞེས་བྱ་བ་ཡོད་ཏེ་གསལ་བ་མཁས་པ་ཡིད་གཞུངས་པ་རིག་བྱེད་བཞི་དང་རིག་པའི་གནས་བཅོ་བརྒྱད་ལ་བྱང་བར་གྱུར་ནས། ཕ་རབ་ཏུ་མགུ་ནས་ཁྱིམ་ཕུབ་སྟེ་བག་མ་བླང་བར་བརྩམས་པ་ན་དེས་སྨྲས་པ། བདག་ནི་ཁྱིམ་གྱི་འདོད་པ་མེད་ཀྱིས། རབ་ཏུ་འབྱུང་དུ་སྩོལ་ཅིག །ཕས་སྨྲས་པ་ཅི་སྟེ་ཁྱོད་གདོན་མི་ཟ་བར་རབ་ཏུ་བྱུང་ཡང་ཇི་སྲིད་ང་མ་ཤིའི་བར་དུ་རབ་ཏུ་མ་བྱུང་ཞིག །འཁོར་བྲམ་ཟེ་འདི་རྣམས་ཀྱང་ཁྱོད་ཀྱིས་སྐྱོངས་ཤིག །དེས་ཀྱང་ཕ་ལས་ཉན་ཏེ། ཁྱིམ་དུ་ཚངས་པར་སྤྱོད་པས་གནས་ནས་བྲམ་ཟེ་ལྔ་བརྒྱ་པོ་དེ་རྣམས་ལ་འཚེ་བ་མེད་པའི་རིག་པ་དག་སྟོན་པར་བྱེད་དོ། །དུས་ནམ་ཞིག་ན་ཕ་འདས་པར་གྱུར་ཏེ། ཁྱིམ་ཀྱི་འབྱོར་པ་ཐམས་ཅད་དགེ་སྦྱོང་དང་བྲམ་ཟེ་ལ་བཏང་སྟེ་འཁོར་ལྔ་བརྒྱ་དང་བཅས་པ་ཀུན་ཏུ་རྒྱུའི་ཆས་སུ་ཞུགས་ཏེ། གྲོང་ཁྱེར་ཆེན་པོ་བཅུ་དྲུག་ཏུ་རྒྱུ་ཞིང༌། མུ་སྟེགས་ཅན་དང་བྲམ་ཟེ་ཆེ་བ་ཆེ་བར་གྲགས་པ་རྣམས་ལ་ཚངས་པར་སྤྱོད་པའི་ལམ་དྲིས་ཀྱང་མགུ་བའི་ལན་མ་བྱུང་སྟེ། མཐར་བཅོམ་བརླག་ཏུ་འཕགས་པ་ཉེ་སྦས་ལ་དྲིས་སོ། །དེར་ལྷག་པར་དད་པས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་ཉེ་སྦས་ཀྱིས་གདམས་པ་རྣམ་པ་བདུན་བསྟན་པས་ཞག་བདུན་གྱིས་བྲམ་ཟེ་ལྔ་བརྒྱས་དགྲ་བཅོམ་པ་ཐོབ་པར་གྱུར་ཏེ། འཕགས་པ་དྷི་ཏི་ཀ་ནི་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པར་བྱས་སོ། ། དེས་ཡུལ་དང་ཡུལ་གྱི་བྲམ་ཟེའི་གཙོ་བོ་མང་པོས་སངས་རྒྱས་ཀྱི་བསྟན་པ་ལ་མཆོག་ཏུ་དད་པ་ལ་བཀོད་དོ། །གང་གི་ཚེ་འཕགས་པ་ཉེ་སྦས་ཀྱིས་བསྟན་པ་གཏད་པ་དེའི་ཚེ་གྲོང་ཁྱེར་དྲུག་པོ་རྣམས་སུ་འཁོར་རྣམ་པ་བཞི་ལ་ལུང་ཕོག །སངས་རྒྱས་ཀྱི་བསྟན་པ་རབ་ཏུ་རྒྱས་པར་བྱས། སེམས་ཅན་ཐམས་ཅད་བདེ་བ་ལ་ཡོངས་སུ་བཀོད་དོ། །དུས་ལན་ཅིག་ཐོ་གར་གྱི་ཡུལ་ན་རྒྱལ་པོ་མི་ནར་ཞེས་བྱ་བ་ཡོད་དོ། །ཡུལ་དེ་ན་གནས་པ་ཐམས་ཅད་ནི་ནམ་མཁའི་ལྷ་ལ་མཆོད་པར་བྱེད་ཀྱི། གཞན་དུ་ན་དགེ་བ་ཙམ་དང་སྡིག་པ་ཙམ་ཡང་ཤེས་པ་མེད་དེ། དེ་དག་དུས་སྟོན་གྱི་ཚེ་འབྲུ་དང་གོས་དང་རིན་པོ་ཆེ་དང་དྲི་བཟང་པོའི་ཤིང་མང་པོ་བསྲེགས་པའི་དུད་པ་ཆེན་པོས་ནམ་མཁའ་ལ་མཆོད་པར་བྱེད་དོ། །དེ་རྣམས་མཆོད་པ་བྱེད་པའི་སར་འཕགས་པ་དྷི་ཏི་ཀ་འཁོར་དགྲ་བཅོམ་པ་ལྔ་བརྒྱ་དང་བཅས་པ་ནམ་མཁའི་ལམ་ནས་བྱོན་ཏེ། བཀད་སར་བཞུགས་སོ། །དེ་རྣམས་ཀྱིས་ཀྱང་ནམ་མཁའི་ལྷ་ཡིན་པར་བསམས་ཏེ། ཞབས་ལ་ཕྱག་བྱས་ནས་རྒྱ་ཆེར་མཆོད་པ་ལ་ཆོས་བསྟན་པས་རྒྱལ་པོ་ལ་སོགས་པ་སྐྱེ་བོ་སྟོང་སྙེད་ཀྱིས་བདེན་པ་མཐོང་ངོ༌། །སྐྱེ་བོ་དཔག་ཏུ་མེད་པ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གནས་ལ་བཀོད། དབྱར་ཟླ་བ་གསུམ་དུ་དེར་བཞུགས་པས་དགེ་སློང་ཡང་དཔག་ཏུ་མེད་པ་འཕེལ། དགྲ་བཅོམ་པ་ཐོབ་པའང་སྟོང་ཙམ་བྱུང་ངོ༌། །དེ་ནས་ཡུལ་དེ་དང་ཁ་ཆེའི་བར་དུ་ལམ་འགྲོ་འོང་ཅི་བདེ་བ་དོད་པར་གྱུར་ནས་ཁ་ཆེའི་གནས་བརྟན་མང་པོ་དེར་འོངས་ཏེ། བསྟན་པ་ཆེས་དར་བར་གྱུར། རྒྱལ་པོ་དེ་ཉིད་དང་དེའི་སྲས་ཨི་མ་ཥྱ་ཡི་དུས་ཁོ་ན་ལ་ཡང་གཙུག་ལག་ཁང་ཆེན་པོ་ལྔ་བཅུ་ཙམ་དགེ་འདུན་གྲངས་མེད་པ་དང་བཅས་པས་གང་བར་གྱུར་ཏོ། ། ཡང་ཤར་ཕྱོགས་ཀཱ་མ་རཱུ་པ་ན་བྲམ་ཟེ་སིདྡྷ་ཞེས་བྱ་བ་ལོངས་སྤྱོད་རྒྱལ་པོ་ཆེན་པོ་དང་མཉམ་པ་འཁོར་སྟོང་ཕྲག་མང་པོ་དང་བཅས་པ་ཉི་མ་མཆོད་པ་ལ་བརྩོན་པར་བྱེད་དོ། །དེས་ཉི་མ་མཆོད་པའི་དུས་ཞིག་ན། འཕགས་པ་དྷི་ཏི་ཀས་ཉི་མའི་དཀྱིལ་འཁོར་གྱི་དབུས་ནས་འོངས་པའི་ཆོ་འཕྲུལ་བསྟན་ཏེ། འོད་ཟེར་མང་པོ་སྤྲོ་བཞིན་དུ་འདུག་གོ །དེས་ཀྱང་ཉི་མ་ཡིན་པར་བསམ་ཏེ། མཆོད་ཅིང་ཕྱག་འཚལ་བ་ལ་ཆོས་བསྟན་པས་དད་པ་ཤིན་ཏུ་ཆེ་བར་གྱུར་པའི་ཚེ། འཕགས་པ་ཉིད་ཀྱི་ལུས་སུ་སྣང་བར་བྱས་སོ། །སླར་ཡང་ཆོས་བསྟན་པས་བྲམ་ཟེ་དེས་བདེན་པ་མཐོང་ཞིང་དད་པ་ཆེན་པོས་མཆོད་རྟེན་ཆེན་པོ་ཞེས་བྱ་བའི་གཙུག་ལག་ཁང་བྱས་སོ། །དེར་ཕྱོགས་བཞིའི་དགེ་འདུན་རྣམས་ལ་དུས་སྟོན་ཆེན་པོ་ཡང་བྱས་ཏེ། ཡུལ་ཀཱ་མ་རཱུ་པར་སངས་རྒྱས་ཀྱི་བསྟན་པ་ལྷག་པར་དར་བར་བྱས་སོ། །དེའི་ཚེ་ནུབ་ཕྱོགས་མ་ལ་ཝན་བྲམ་ཟེ་དྲེགས་མེད་ཅེས་བྱ་བ་ཅོད་པན་མ་བཅིངས་པའི་རྒྱལ་སྲིད་ལ་གནས་སོ། །དེ་ནི་ཉིན་རེ་བཞིན་ར་སྐྱེས་སྟོང་སྟོང་བསད་དེ་ཤ་ཁྲག་གི་སྦྱིན་སྲེག་བྱེད་དོ། །དེ་ལ་སྦྱིན་སྲེག་གི་ཐབ་ཀྱང་སྟོང་ཡོད་དོ། །རང་གི་འཁོར་བྲམ་ཟེ་ཐམས་ཅད་ཀྱང་སོ་སོའི་འབྱོར་པ་དང་འཚམ་པར་ཨ་ཛ་མེ་དྷའི་སྦྱིན་སྲེག་བྱེད་དུ་འཇུག་གོ །བྲམ་ཟེ་མ་ཡིན་པ་རྣམས་ཀྱང་མཆོད་སྦྱིན་གྱི་རྒྱུ་ཚོགས་གསོག་ཏུ་འཇུག་གོ །དུས་ནམ་ཞིག་ན་དེ་གོ་མེ་དྷ་སྟེ་བ་ལང་གཙང་མའི་མཆོད་སྦྱིན་བྱེད་པར་འདོད་པས། ངན་སྤོང་གི་རིགས་ཀྱི་དྲང་སྲོང་བྷྲྀ་ཀུ་ར་ཀཱ་ས་ཞེས་བྱ་བ་མཆོད་སྦྱིན་བྱེད་པ་པོར་བོས། བ་ལང་དཀར་གསལ་ཁྲི་ཕྲག་གཅིག་བསགས་ཤིང༌། བྲམ་ཟེ་རབ་ཏུ་མང་པོ་དག་ཀྱང་བོས། སྦྱིན་པའི་ཡོ་བྱད་གཞན་མང་པོ་ཡང་བཤམས། སྦྱིན་སྲེག་བྱེད་པར་བརྩམས་པ་ན། འཕགས་པ་དྷཱི་ཏི་ཀ་མཆོད་སྦྱིན་གྱི་སར་འོངས་ཏེ། དེར་ཐབས་གང་གིས་ཀྱང་མེ་སྦར་བར་མ་ནུས། བ་ལང་རྣམས་ཐབས་གང་གིས་ཀྱང་བསད་པར་མ་ནུས་ཤིང་རྨ་བྱུང་བར་མ་ནུས་སོ། །བྲམ་ཟེ་རྣམས་ཀྱིས་རིག་བྱེད་དང་རིག་སྔགས་བཏོན་པས་ཀྱང་སྒྲ་མ་བྱུང་ངོ༌། །དེར་བྷྲྀ་ཀུ་རཀྵ་ས་ན་རེ། མཆོད་སྦྱིན་འགྲུབ་པའི་གེགས་འདི་ནི་དགེ་སྦྱོང་འདིའི་ མཐུའོ། །དེར་ཐམས་ཅད་ཀྱིས་རྡོ་དང་དབྱུག་པ་དང་ཐལ་བ་འཕངས་པས་མེ་ཏོག་དང་ཙནྡན་གྱི་ཕྱེ་མར་གྱུར་པ་མཐོང་བ་ན། དེ་རྣམས་དད་པས་ཞབས་ལ་ཕྱག་བྱས་ཏེ་བཟོད་པར་གསོལ་ནས། འཕགས་པ་བཀའ་ཅི་ཞིག་སྩོལ། འཕགས་པ་ན་རེ། ཀྱེ་བྲམ་ཟེ་རྣམས་ཐོང་ཞིག །མཆོད་སྦྱིན་སྡིག་པ་ངན་པ་འདིས་ཅི་ཞིག་བྱ། སྦྱིན་པ་དག་བྱིན། བསོད་ནམས་དག་གྱིས་ཤིག །བདག་བྲམ་ཟེའི་རིགས་ཀྱི་ལྷ་ཡིན་ཞིང༌། མེའི་བྱ་བ་བྱེད་པ་ཞིག་ཡིན་ན་ནི་ལྷ་དང་ཕ་མ་བསད་པས་ཅི་ཞིག་ཏུ་འགྱུར། བ་ལང་གི་ཤ་ཀུན་ཏུ་མི་གཙང་བ་བྲམ་ཟེས་རེག་པར་བྱ་བ་ཡང་མ་ཡིན་ན། ལྷ་རྣམས་ཚིམ་པར་འགྱུར་རེ་སྐན། དྲང་སྲོང་སྡིག་པའི་ཆོས་འདི་ཐོངས་ཤིགཤ་ཡི་བཟའ་བ་ལ་སྲེད་པས། སྲེག་བླུགས་འདིས་ཁྱོད་ཅི་ཞིག་འགྱུར། སྒྱུ་མས་གསོ་བར་སྟོན་པ་ནི། །རིག་སྔགས་འཇིག་རྟེན་བསླུས་པ་ཡིན། ཞེས་བྱ་བ་ལ་སོགས་པ་ཆོས་རྒྱ་ཆེར་བསྟན་པས། དེ་རྣམས་སྡིག་པའི་ལས་ལ་ནི་འགྱོད། རང་གི་སྤྱོད་པ་ལ་ངོ་ཚ་བས་གདོང་སྨད་དེ་བཅོམ་ཆུང་ངུས་སྡིག་པ་ཞི་ཐབས་དྲིས་ སོ། །དེའི་ཐབས་འཕགས་པས་བསྟན་པ་ལྟར་བྲམ་ཟེ་དེ་ཐམས་ཅད་སྐྱབས་སུ་འགྲོ་བ་དང་བསླབ་པའི་གནས་ལྔ་ལ་བཀོད། ཁྱིམ་བདག་གདངས་ཅན་གྱི་ཀུན་དགའ་ར་བའི་ཤུལ་དུ་གཙུག་ལག་ཁང་ཆེན་པོ་བྱས་ཏེ་རྫས་ལས་བྱུང་བའི་བསོད་ནམས་བདུན་ལ་བརྩོན་པར་བྱེད་དོ། །དེ་ལྟར་ཡུལ་དེར་བསྟན་པ་ལྷག་པར་རྒྱས་པར་མཛད་དོ། །དུས་དེ་ཙམ་ན་རྒྱལ་པོ་མྱ་ངན་མེད་སྐྱེས་ནས་ཡུན་རིང་མ་ལོན་པའི་དུས་སོ། །དེ་དག་གི་རྗེས་སུ་རིམ་གྱིས་བྲམ་ཟེ་ལྔ་བརྒྱ་ཙམ་དཀོན་མཆོག་ལ་དད་པར་བྱས་ཏེ། ཡུན་རིང་པོར་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་བསྐྱངས་ཤིང༌། སེམས་ཅན་ལ་ཕན་པར་མཛད་ནས། འཕགས་པ་ནག་པོ་ལ་བསྟན་པ་གཏད་དེ་མ་ལ་ཝའི་ཡུལ་གྱི་ཁྱད་པར་འཕགས་རྒྱལ་གྱི་ཡུལ་དུ་མྱ་ངན་ལས་འདས་སོ། །འཕགས་པ་དྷཱི་ཏི་ཀའི་དུས་ཀྱི་གཏམ་སྟེ་ལྔ་པའོ།། །། ༦ རྒྱལ་པོ་མྱ་ངན་མེད་ཀྱི་དུས་ཀྱི་གཏམ། དུས་དེ་ཙམ་ན་རྒྱལ་པོ་མྱ་ངན་མེད་གཞོན་ནུར་གྱུར་པའི་སྐབས་སོ། །དེའི་གཏམ་རྒྱུད་ནི་ཐ་རུའི་རྒྱུད་དུ་གཏོགས་པ་ཡུལ་ཙམྤ་ཨརྞ་ཞེས་བྱ་བར་ཉི་མའི་རིགས་ཀྱི་རྒྱལ་པོ་ནེ་མཱི་ཏ་ཞེས་བྱ་བ་བློན་པོ་ལྔ་བརྒྱ་དང་བཅས་འབྱོར་པ་ཆེན་པོས་བྱང་ཕྱོགས་ཀྱི་ས་ལ་དབང་སྒྱུར་བར་བྱེད་དོ། །དེ་ལ་དང་པོར་བུ་དྲུག་ཡོད་དེ། དགེ་བ་ཅན་དང༌། ཤིང་རྟ་ཅན་དང༌། དུང་ཅན་དང༌། ནོར་ཅན་དང༌། པདྨ་ཅན་དང༌། དྲུག་པ་ནི་གསེར་ཅན་ནོ། །དུས་གཞན་ཞིག་ན་ཚོང་དཔོན་གྱི་ཆུང་མ་ཞིག་རྒྱལ་པོ་དང་འདུས་པ་ལས་སྦྲུམ་མར་གྱུར་ཞིང༌། ནམ་ཞིག་ན་རྒྱལ་པོ་དེའི་མ་འདས་པའི་མྱ་ངན་བསལ་བའི་ཉིན་པར་ཚོང་དཔོན་གྱི་ཆུང་མ་ལས་ཁྱེའུ་བཙས་པས་འདི་ནི་མྱ་ངན་བསལ་བའི་ཉིན་པར་བཙས་པའི་ཕྱིར། འདིའི་མིང་མྱ་ངན་མེད་པར་ཐོགས་ཤིག་ཅེས་དེ་ལྟར་བཏགས། ཆེར་སྐྱེས་པའི་ཚེ་སྒྱུ་རྩལ་དྲུག་ཅུ་དང༌། བརྟག་པ་བརྒྱད་དང༌། ཡི་གེ་དང་ལག་རྩིས་ལ་སོགས་པ་ཤིན་ཏུ་བྱང་བར་གྱུར་པའི་སྐབས་ཤིག་ན། སྐྱེ་བོའི་དབུས་སུ་བྲམ་ཟེ་ལྟས་མཁན་ཞིག་ལ་བློན་པོ་རྣམས་ཀྱིས་རྒྱལ་པོའི་བུ་སུ་ཞིག་རྒྱལ་སྲིད་བྱེད་པར་འགྱུར་ཞེས་དྲིས་པས། ཟས་ཀྱི་མཆོག་ཟ། གོས་ཀྱི་མཆོག་གོན། སྟན་གྱི་མཆོག་ལ་འདུག་པ་དེས་སོ། །དེར་བློན་པོའི་མཆོག་གཉིས་ཀྱི་ལྐོག་ཏུ་དྲིས་པས། ཟས་ཀྱི་མཆོག་འབྲས་ཆན། གོས་ཀྱི་མཆོག་རས་སྦོམ་པོ། སྟན་གྱི་མཆོག་གཞུའོ། །ཞེས་བསྟན་པས་རྒྱལ་པོའི་བུ་གཞན་རྣམས་ནི་ཕུན་སུམ་ཚོགས་པའི་དཔལ་འབྱོར་ཅན་ཡིན་ལ། མྱ་ངན་མེད་ནི་ཟས་གོས་ཕལ་པ་དེ་རྣམས་ལ་ལོངས་སྤྱོད་པས་དེ་རྒྱལ་པོར་འགྱུར་བར་ཤེས་ སོ། ། བར་སྐབས་དེར་བལ་ཡུལ་དང༌། ཁ་ཤྱའི་ཡུལ་སོགས་ཀྱི་རི་བོར་བ་མང་པོ་ངོ་ལོག་གོ །དེ་རྣམས་འདུལ་བར་མྱ་ངན་མེད་དམག་དང་བཅས་པ་བཏང་པས་དཀའ་བ་མེད་པར་རི་བོར་བ་རྣམས་ཕབ་སྟེ་དཔྱ་ཕབ། གཏེའུ་བཟུང་ལོ་ཐང་བཅད་དེ་རྒྱལ་པོ་ལ་ཕུལ་བས། རྒྱལ་པོ་ན་རེ། ཁྱོད་ཀྱི་བློ་དང་སྟོབས་དང་དཔའ་བ་གང་ཡིན་པ་ལ་ཁོ་བོ་མགུ་ཡིས། ཅི་འདོད་པ་སྦྱིན་ནོ། །དེས་བདག་ཕྱོགས་འདིར་སྤུན་གཞན་རྣམས་ཀྱིས་འཚེ་བས། གྲོང་ཁྱེར་པ་ཊ་ལི་པུ་ཏྲ་གནས་སུ་སྩོལ་བ་དང༌། འདོད་པའི་ཡོ་བྱད་ཐམས་ཅད་ཀྱང་འཚལ་ལོ། །དེས་ཀྱང༌། བྱིན་ཏེ་གྲོང་ཁྱེར་དེར་སྐྱེད་མོས་ཚལ་ལྔ་བརྒྱ་བྱས་ཤིང༌། བུད་མེད་རོལ་མོ་ཐོགས་པ་སྟོང་གིས་བསྐོར་ཏེ་ཉིན་མཚན་དུ་འདོད་པའི་ཡོན་ཏན་རྣམས་ལ་རྩེ་བར་བྱེད་དོ། །དེ་ནས་ཡུལ་མ་ག་དྷཱར་རྒྱལ་པོ་ཙ་མ་ཤ་དུས་ལས་འདས། དེ་ལ་བུ་བཅུ་གཉིས་ཡོད་པ་འགའ་ཞིག་རྒྱལ་སྲིད་དུ་བསྐོས་ཀྱང་རྒྱལ་ས་མ་ཟིན། བློན་པོ་བྲམ་ཟེ་ངང་ཚུལ་ཟབ་པ་ཞེས་བྱ་བས་ལོ་འགའ་ཞིག་ཏུ་རྒྱལ་སྲིད་བྱས་སོ། །དེའི་ཚེ་རྒྱལ་པོ་ནེ་མཱི་ཏ་དང་དེ་གཉིས་དགྲར་གྱུར་པས་གདྒཱའི་འགྲམ་དུ་ཡུན་རིང་དུ་གཡུལ་འགྱེད་པ་ལས་རྒྱལ་པོའི་བུ་ཐུ་བོ་དྲུག་ནི་གཡུལ་གྱི་ལས་ལ་ཞུགས་པ་ལས། དེ་ཙམ་ན་རྒྱལ་བོ་ནེ་མཱི་ཏ་ཡང་དུས་ལས་འདས་སོ། །རྒྱལ་པོ་ཤི་བའི་གཏམ་བསྒྲགས་ན་ནི། མ་ག་དྷཱ་པ་སྟོབས་ཆེ་བར་འགྱུར་རོ་སྙམ་ནས་གསང་སྟེ། རྒྱལ་སྲིད་ཀྱི་བྱ་བ་བློན་པོ་གཉིས་ཉིད་ཀྱིས་བྱས་པ་ལས། ཞག་བདུན་ནས་གྲོང་ཁྱེར་གྱི་སྐྱེ་བོ་རྣམས་ཀྱིས་ཤེས་ཏེ་བློན་པོ་དེ་གཉིས་ཀྱི་ངག་གཅོག་པར་བྱེད་དོ། །དེའི་ཚེ་སྔོན་བྲམ་ཟེས་ལུང་བསྟན་པའི་དུས་ནི་འདི་ཡིན་ནོ་བསམས་ཏེ། མྱ་ངན་མེད་བོས་ཏེ་རྒྱལ་སྲིད་ལ་བཞག་ གོ ། རྒྱལ་པོའི་བུ་དྲུག་པོ་མ་ག་དྷཱ་པ་ལས་རྒྱལ་ཏེ་གྲོང་ཁྱེར་དྲུག་པོ་ཐོབ་པ་དེའི་ཉིན་པར་མྱ་ངན་མེད་རྒྱལ་སྲིད་ལ་འཁོད་དོ་ཞེས་ཐོས་ནས་བློན་པོ་ལྔ་བརྒྱའི་ཚོགས་དང་བཅས་པ་གངྒཱའི་བྱང་ཕྱོགས་སུ་མ་འོངས་པར་རྒྱལ་པོའི་ཁབ་ལ་སོགས་པའི་གྲོང་ཁྱེར་ལྔ་དང༌། དྲུག་པ་ནི་གྲོང་ཁྱེར་ཨངྒ་སྟེ། གྲོང་ཁྱེར་དྲུག་པོ་དེ་དག་ཏུ་རྒྱལ་པོའི་བུ་རེ་རེས་རྒྱལ་སྲིད་བྱས། དེ་ཡང་རྒྱལ་པོའི་བུ་དང་པོ་ནི་འཇིག་རྟེན་རྒྱང་པན་གྱི་གསང་ཚིག་ལ་མོས་སོ། །གཉིས་པ་ནི་ལྷ་ཆེན་པོ་ལ་མོས་སོ། །གསུམ་པ་ནི་ཁྱབ་འཇུག་ལ། བཞི་པ་ནི་རིག་བྱེད་མཐའི་གསང་བ་སྨྲ་བ་ལ། ལྔ་པ་ནི་གཅེར་བུ་པ་གསེར་ཅན་ལ། དྲུག་པ་ནི་བྲམ་ཟེ་ཀུ་ཤའི་བུ་ཞེས་བྱ་བའི་ཚངས་པར་སྤྱོད་པ་ལ་མོས་ཏེ། དེ་དག་གིས་ཀྱང་རང་རང་གི་གནས་གཞི་དག་བྱས་སོ། །མྱ་ངན་མེད་ནི་བྷྲྀ་ཀུའི་རིགས་ཀྱི་དྲང་སྲོང་མཁའ་འགྲོ་མ་དང༌། སྲིན་པོ་མཆོད་པར་བྱེད་པ་དག་གིས་ངག་ཚིག་ལ་བརྟེན་ཏེ། ལྷ་མོ་ཨུ་མ་དུར་ཁྲོད་ཀྱི་མ་མོར་བཅས་པ་ལ་ལྷར་འཛིན་ནོ། །དེ་ནས་ལོ་འགའ་ཞིག་ཏུ་འདོད་ཡོན་ལ་རྣམ་པར་རྩེ་བས་གནས་པ་ལས། ཀ་མ་ཨ་ཤོ་ཀ་སྟེ་འདོད་པའི་མྱ་ངན་མེད་ཅེས་གྲག་གོ ། དེ་ནས་ནམ་ཞིག་ཕུ་བོ་རྣམས་དང་མི་མཐུན་པར་གྱུར་ཏེ་ལོ་མང་པོའི་བར་དུ་འཐབས་ཤིང༌། མཐར་ཕུ་བོ་དྲུག་བློན་པོ་ལྔ་བརྒྱ་དང་བཅས་པ་ཡང་བསད། གཞན་ཡང་གྲོང་ཁྱེར་མང་པོ་བཅོམ་ནས། ཁ་བ་ཅན་དང༌། རི་བོ་འབིགས་བྱེད་ཀྱི་བར་གྱི་ཡུལ་ཀུན་ལ་དབང་བསྒྱུར་ལ། ཤིན་ཏུ་ཁྲོ་གཏུམ་ཆེ་བར་གྱུར་པས་ཆད་པས་གཅོད་པའི་བྱ་བ་རྣམས་མ་བྱས་པར་སེམས་རྣལ་དུ་མི་གནས་པར་ཁ་ཟས་ཀྱང་མི་ཟ་སྟེ། ཉིན་མོའི་དང་པོ་ལ་གསོད་པ་དང༌། འཆིང་བ་དང༌། བརྡེག་པ་ལ་སོགས་པ་ཆད་པས་གཅོག་པའི་བྱ་བ་རྣམས་བསྒོས་ནས་དེའི་འོག་ཏུ་སེམས་རྣལ་དུ་འདུག་ནས་ཁ་ཟས་ལ་འཇུག་གོ །དེ་ལྟར་རྒྱལ་པོ་དེའི་དམག་གི་གཏམ་ནི་ཤིན་ཏུ་མང་བར་ཡོད་ནའང་དགོས་པ་མེད་པའི་ཕྱིར་མ་བཤད་དོ། ། ཞེས་ས་དབང་བཟང་པོ་གསུང་ལ། རྒྱ་གར་བའི་གཏམ་རྣ་བར་བརྒྱུད་པ་འགའ་རེ་ཐོས་མོད། འདིར་ཡང་མ་བྲིས་སོ། །དེའི་ཚེ་བྲམ་ཟེ་ལོག་པར་ལྟ་བ་རྣམས་ཀྱིས་བསྐུལ་ཏེ་སྲཽག་གི་མཆོད་སྦྱིན་ལ་བརྩོན་པར་བྱེད་ཅིང༌། ཁྱད་པར་བྷྲྀ་ཀུའི་རིགས་ཀྱི་དྲང་སྲོང་བ་ལང་རྣ་བ་ཞེས་བྱ་བས་མི་ཁྲི་ཕྲག་གཅིག་བསད་པའི་མཆོད་སྦྱིན་བྱས་ན་རྒྱལ་སྲིད་ཀྱང་རྒྱས་ཤིང་ཐར་བའི་རྒྱུར་འགྱུར་རོ་ཞེས་བསྟན་པ་ལས་མཆོད་སྦྱིན་གྱི་ཁང་པ་བརྩིགས། མི་ཁྲི་ཕྲག་གཅིག་གསོད་པར་ནུས་པ་ཕྱོགས་ཀུན་ཏུ་བཙལ་ཡང་རེ་ཞིག་མ་རྙེད། མཐར་ཏི་རཱ་ཧཱ་ཏི་ནས་གདོལ་པའི་རིགས་ཤིག་རྙེད་དེ། གང་གསོད་པར་འོས་པ་ཐམས་ཅད་ཁང་པ་དེར་གཏོང་ལ། ཁྲི་ཕྲག་གཅིག་མ་ལོངས་ཀྱི་བར་དུ་དེར་བྱུང་ཚད་སོད་ཅིག །འདི་ནི་དཀའ་ཐུབ་ཟློག་མ་མཆོད་པའི་དམ་བཅའོ་ཞེས་རྒྱལ་པོ་ཉིད་ཀྱིས་ཁས་བླངས་ཏེ། ཚུལ་དེས་མི་སྟོང་ངམ་ཉིས་སྟོང་ཙམ་བསད་པ་ན། གསོད་པ་པོ་དེ་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་རྒྱུ་བ་ལ། དགེ་སློང་ཞིག་གིས་དེའི་སྤྱོད་པ་བཟློག་ཏུ་རེ་ནས་སྲོག་གཅོད་པའི་ཉེས་དམིགས་དམྱལ་བའི་གཏམ་སྣ་ཚོགས་པ་དག་བཤད་པས་དགེ་བའི་རྩ་བ་ནི་སད་མ་ནུས་པར་གཤེད་མ་དེས་བསམས་པ། སྔར་ནི་མི་རྣམས་མགོ་བཅད་དེ་བསད་ན། ད་ནི་དགེ་སློང་འདིའི་གཏམ་ལས་ཐོས་པ་དེ་འདྲ་བ་ཁོ་ནར་སྲེག་པ་དང༌། གཏུབ་པ་དང༌། པགས་པ་བཤུ་བ་ལ་སོགས་པ་སྣ་ཚོགས་པས་བསད་དུ་རུང་ངོ་སྙམ་སྟེ། དེ་ལྟ་བུས་མང་དུ་བསད་ནས་མཆོད་སྦྱིན་ཁང་པ་དེར་མི་ལྔ་སྟོང་ཙམ་བསད་དོ། ། དེའི་ཚེ་སྔར་གྱི་མིང་འགྱུར་ཏེ། ཙཎྜ་ལ་ཨ་ཤོ་ཀ་ཞེས་གཏུམ་པོ་མྱ་ངན་མེད་དུ་གྲགས་སོ། །དེའི་སྐབས་དགྲ་བཅོམ་པ་གྲགས་པའི་སློབ་མ་དགེ་ཚུལ་མང་དུ་ཐོས་པ་སྦྱོར་ལམ་གྱི་རྟོགས་པ་ལ་གནས་པ་ཞིག་ལམ་རྒྱུས་མ་ཤེས་པར་མཆོད་སྦྱིན་ཁང་པའི་ནང་དུ་སླེབ་བོ། གཤེད་མས་རལ་གྲི་བརྡེག་པར་བརྩམས་པ་ན་རྒྱུ་མཚན་དྲིས་སོ། །དེས་ཀྱང་སྔར་གྱི་གཏམ་བཤད་པས། འོ་ན་ཞག་བདུན་ནས་སོད་ཅིག །དེ་བར་དུ་ཁོ་བོ་ཡང་གཞན་དུ་མི་འགྲོ་ཡི། མཆོད་སྦྱིན་ཁང་པ་འདི་ཉིད་དུ་འདུག་པར་བྱའོ། །ཞེས་སྨྲས་པས་གཤེད་མས་ཀྱང་དེ་ལྟར་རུང་ཟེར། དེས་ཀྱང་མཆོད་སྦྱིན་གྱི་གནས་དེ་ཉིད་ཤ་ཁྲག་རུས་པ་ནང་ཁྲོལ་རྣམས་ཀྱིས་ཡོངས་སུ་གང་བ་དེ་ཉིད་མཐོང་བའི་རྐྱེན་གྱིས་མི་རྟག་པ་ལ་སོགས་པ་བདེན་པའི་རྣམ་པ་བཅུ་དྲུག་མངོན་དུ་བྱས། ཞག་བདུན་གྱི་སྔོན་དུ་དགྲ་བཅོམ་པ་ཡང་ཐོབ། རྫུ་འཕྲུལ་ཡང་གྲུབ་བོ། །ཞག་བདུན་སོང་བའི་ཉིན་པར་ཆ་ལུགས་འདི་ལྟ་བུ་སྔོན་ཆད་ཁང་པ་འདིར་མ་བྱུང་བས། སྔར་མ་བྱས་པའི་གསོད་ལུགས་བྱའོ་ཞེས་ཟངས་ཆེན་པོ་ཏིལ་མར་གྱིས་བཀང་བའི་ནང་དུ་དགེ་ཚུལ་བཅུག་ནས་མེ་བཏང་སྟེ་བསྲེགས་པས་ཉིན་མཚན་དུ་མེ་འབར་བར་གྱུར་ཀྱང་དེའི་ལུས་ལ་ཅུང་ཟད་ཀྱང་གནོད་པར་མ་གྱུར་ནས། རྒྱལ་པོ་ལ་སྦྲན་པས་རྒྱལ་པོ་ཡ་མཚན་སྐྱེས་ཏེ། དེ་ལྟ་བའི་ཕྱིར་མཆོད་སྦྱིན་ཁང་པར་འོངས་སོ། །དེར་གཤེད་མ་དེས་རལ་གྲི་ཐོགས་ཏེ་རྒྱུགས་ནས་བྱུང་བ་ན་རྒྱལ་པོས་རྒྱུ་མཚན་དྲིས་པས། འདི་ནི་རྒྱལ་བོ་ཉིད་ཀྱིས་དམ་བཅས་པའི་ཚིག་སྟེ། མི་ཁྲི་ཕྲག་གཅིག་ཏུ་མ་ལོངས་ཀྱི་བར་དུ་ཁང་པ་འདིར་སུ་བྱུང་བ་དེ་ཐམས་ཅད་བསད་པར་བྱའོ། ། རྒྱལ་པོས་སྨྲས་པ། འོ་ན་ངའི་སྔ་རོལ་དུ་ཁྱོད་ཉིད་འདིར་འོངས་པའི་ཕྱིར་སྔར་བསད་དོ་ཞེས་དེ་གཉིས་འཐབ་པར་གྱུར་པ་ན་དགེ་ཚུལ་དེས་ཆར་འབབ་པ་དང༌། ཀློག་འགྱུ་བ་དང༌། ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་ཆོ་འཕྲུལ་བསྟན་པས་རྒྱལ་པོ་དང་གཤེད་མ་གཉིས་ཆར་ལྷག་པར་དད་པར་གྱུར་ཏེ། ཞབས་ལ་ཕྱག་བྱས་ཤིང༌། བྱང་ཆུབ་ཀྱི་ས་བོན་རབ་ཏུ་སད་པར་གྱུར་ཏོ། །དེ་ནས་དེས་ཆོས་བསྟན་པས་རྒྱལ་པོ་སྡིག་པའི་ལས་ལ་ཤིན་ཏུ་འགྱོད་པར་གྱུར་ཏེ་མཆོད་སྦྱིན་གྱི་ཁང་པ་ཡང་དེ་ཉིད་དུ་བཤིག །སྡིག་པ་སྦྱང་བའི་ཕྱིར་དགེ་ཚུལ་ལ་བཞུགས་པར་ཞུས་པས། རྒྱལ་པོ་ཁྱོད་ཀྱི་སྡིག་པ་སྦྱོང་ཐབས་ངས་བསྟན་པར་མི་ནུས་ཀྱིས་ཤར་ཕྱོགས་བྱ་གག་གི་ཀུན་དགའ་ར་བ་ན། མཁན་པོ་དགྲ་བཅོམ་པ་གྲགས་པའི་རྒྱལ་མཚན་ཞེས་བྱ་བ་བཞུགས་ཏེ། དེས་རྒྱལ་པོ་ཁྱོད་ཀྱི་སྡིག་པ་སྦྱོང་བར་འགྱུར་རོ་ཞེས་ལུང་བསྟན་པ་ལྟར་རྒྱལ་པོས་ཀྱང་དགྲ་བཅོམ་པའི་དྲུང་དུ་འཕྲིན་བརྫངས་ཏེ། འཕགས་པ་པ་ཊ་ལི་པུ་ཏྲར་བྱོན་ཏེ་བདག་གི་སྡིག་པ་སྦྱོང་བར་ཞུ། གལ་ཏེ་འཕགས་པ་འདིར་མི་འབྱོན་ན་བདག་དེར་འོང་ངོ་ཞེས་བྱས་པས། རྒྱལ་པོ་དེར་བྱུང་ན་སྐྱེ་བོ་མང་པོ་ལ་གནོད་པར་མཁྱེན་ནས། དགྲ་བཅོམ་པ་གྲགས་པ་ཉིད་པ་ཊ་ལི་པུ་ཏྲར་བྱོན་ཏེ། ཉིན་རེ་བཞིན་རྒྱལ་པོའི་ཐད་དུ་ཆོས་བསྟན། མཚན་རེ་བཞིན་གཙུག་ལག་ཁང་དུ་བྱོན་ནས་འཁོར་རྣམ་པ་བཞི་ལ་གདམས་ངག་འབོགས་སོ། །གང་གི་ཚེ་དགྲ་བཅོམ་པ་གྲགས་པ་དང་མཇལ་བ་ཕྱིན་ཆད་ནས་རྒྱལ་པོ་དེ་ཤིན་ཏུ་དད་པ་ཆེ་བར་གྱུར་ནས། ཉིན་མཚན་དུ་དགེ་བའི་བྱ་བ་ཁོ་ནས་དུས་འདའ་སྟེ། ཉིན་རེ་བཞིན་དགེ་སློང་ཁྲི་ཁྲག་གསུམ་གསུམ་མཆོད་པར་བྱེད་དོ། ། བར་སྐབས་དེར་སྒྲ་བཅོམ་པ་གྲགས་པའི་མ་ག་དྷཱ་ལ་སོགས་པའི་ཡུལ་གཞན་དུ་བཞུགས་པའི་སྐབས་ཤིག །རྒྱལ་པོས་ཚོང་པ་ལྔ་བརྒྱ་ཙམ་ནོར་བུའི་གླིང་ནས་ནོར་བུ་ལེན་པར་མངགས་ནས། དེ་རྣམས་ཀྱིས་ཀྱང་གྲུ་ལེགས་པར་གྲུབ་སྟེ། རིན་པོ་ཆེ་སྣ་ཚོགས་པས་བཀང་ནས་ཚུར་འོངས། རྒྱ་མཚོའི་ཚུར་འགྲམ་དུ་ངལ་གསོ་ཞིང་བསྡད་པ་ལས། ཀླུ་རྣམས་ཀྱིས་མཚོ་རླབས་བཏང་སྟེ་ཟོང་ཐམས་ཅད་རྒྱ་མཚོར་ཁྱེར་རོ། །དེ་ནས་དེ་རྣམས་འཚོ་བ་གཞན་ལ་རག་ལས་ཤིང་རིམ་གྱིས་འོངས་པས། ནམ་ཞིག་ན་ཞག་བདུན་ན་ཚོང་པ་རྣམས་པ་ཊ་ལི་པུ་ཏྲར་སླེབ་བར་གྲགས་ཤིང༌། དེ་རྣམས་ཀྱིས་ཇི་ལྟར་གྱུར་པའི་གཏམ་མ་ཐོས་པས་བྲམ་ཟེ་དང༌། ཀུན་ཏུ་རྒྱུ་དང༌། སྐྱེ་བོའི་ཚོགས་དཔག་ཏུ་མེད་པ་དག་འདུས་ཏེ། ནོར་བུ་རྣམས་ཀྱི་ཁ་དོག་དང་ངོ་མཚར་བའི་ཡོན་ཏན་གང་ཡིན་པ་དེ་མཐོང་བར་འགྱུར་རོ་ཞེས་ཞག་བདུན་པའི་ཉིན་པར་རྒྱལ་པོ་སྐྱེ་བོའི་ཚོགས་དག་བཅས་པ་སྐྱེད་མོས་ཚལ་དུ་སོང་བ་ལས་ཚོང་པ་དེ་དག་སྟོད་གཡོགས་ཁོ་ན་བཅས་ཤིག་ཉམ་ཐག་པས་འོངས་པ་ན། ཧ་ཅང་མ་རིགས་ཏེ་གད་མོས་བཏབ་ནས་སྐྱེ་བོའི་ཚོགས་རྣམས་གྱེས་སོ། ། རྒྱལ་པོས་རྒྱུ་དྲིས་པས། ཚོང་པ་རྣམས་ཀྱིས་ལོ་རྒྱུས་བཤད་དོ། །ལྷའི་འདི་ལ་སླར་ཡང་ཀླུ་རྣམས་ཐུལ་འོག་ཏུ་ཆུད་པ་མ་མཛད་ན་ཕྱིན་ཆད་ནོར་བུ་ལེན་པར་སྤྲོ་བ་སུ་ཡང་མི་འབྱུང་བས། ལྷས་ཐབས་མཛད་པར་རིགས་སོ་ཞེས་བསྐུལ། དེར་རྒྱལ་པོ་ཡིད་ཁོང་དུ་ཆུད་ཅིང་མཁས་པ་རྣམས་ལ་ཐབས་དྲིས་པ་ན། བྲམ་ཟེ་དང༌། ཀུན་ཏུ་རྒྱུ་ལ་སོགས་པ་རྣམས་ཀྱིས་མ་ཤེས། དེར་དགྲ་བཅོམ་པ་མངོན་པར་ཤེས་པ་དྲུག་དང་ལྡན་པ་ཅིག་གིས་བསམས་པ་ན། དེའི་ཐབས་ལྷས་སྟོན་པར་འགྱུར་བ་ཡང་ཤེས། གལ་ཏེ་དགྲ་བཅོམ་པ་ཉིད་ཀྱིས་བསྟན་ན། འདི་ནི་དགེ་སློང་གི་ཕྱོགས་འཛིན་པ་ཡིན་ནོ་སྙམ་རྒྱལ་པོ་ཡང་ཐེ་ཚོམ་སྐྱེ་ཞིང༌། མུ་སྟེགས་ཅན་རྣམས་ཀྱིས་ཀྱང་ཁ་ཟེར་བར་འགྱུར་རོ་སྙམ་ནས། རྒྱལ་པོ་ཆེན་པོ་འདི་ལ་ཐབས་ནི་ཡོད་མོད་ཀྱིས། དོ་ནུབ་ཁྱིམ་གྱི་ལྷས་སྟོན་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ནས་ཐོ་རངས་ཀྱི་ཚེ་ཁྱིམ་གྱི་ནམ་མཁའ་ལ་གནས་པའི་ལྷས། རྒྱལ་པོ་སངས་རྒྱས་ལ་མཆོད་པ་རྒྱ་ཆེར་གྱིས་ཤིག །ཀླུ་ཐུལ་བར་འགྱུར་རོ། །དེ་ནས་ས་ལ་གནས་པའི་ལྷས། རྒྱལ་པོ་དགྲ་བཅོམ་པའི་དགེ་འདུན་རྣམས་ལ་མཆོད་པར་གྱིས་ཤིག ། དེས་ཐུལ་བར་འགྱུར་རོ་ཟེར། ནངས་པར་སྐྱེ་བོའི་ཚོགས་ཐམས་ཅད་བསྡུས་ནས་ལྷའི་ལུང་བསྟན་བཤད་ནས་དེ་ནི་ཇི་ལྟར་བགྱི་བྱས་པས་བློན་པོ་རྣམས་ན་རེ། ཁ་སང་ལུང་སྟོན་པ་པོའི་དགྲ་བཅོམ་པ་ཉིད་ལ་དྲིས་ཤིག་ཅེས་ཟེར་བས། དེ་སྤྱན་དྲངས་ཏེ་ཞུས་པ་ན། འདི་ལ་ཡིད་ཆེས་པའི་ཐབས་བྱའོ་ཞེས་རྒྱལ་པོ་མྱ་ངན་མེད་ཀྱི་བཀའ་ཀླུ་རྣམས་ཉོན་ཅིག །ཅེས་བྱ་བ་ལ་སོགས་པས་མཚམས་སྦྱར་ཏེ། ཚོང་པ་རྣམས་ཀྱིས་བླངས་པའི་ནོར་བུ་གང་ཡིན་པ་སླར་ཡང་ཚོང་པ་རྣམས་ལ་བྱིན་ཅིག་ཅེས་བྱ་བའི་ཡི་གེ་ཟངས་ཀྱི་གླེགས་བུ་ལ་བྲིས་ཏེ་གངྒ་ལ་བསྐྱུར། གྲོང་ཁྱེར་གྱི་ལམ་གྱི་བཞི་མདོ་ཆེན་པོར་རྡོ་རིང་ཤིན་ཏུ་མཐོ་བའི་རྩེ་མོར་ཨཥྟ་དྷཱ་ཏུའི་སྣོད་དུ་རྒྱལ་པོ་དང་ཀླུའི་གཟུགས་གསེར་ལས་བྱས་པ་རེ་རེ་བཞག །དེའི་ནངས་པར་བལྟས་པས་ཀླུ་རྣམས་འཁྲུགས་ཏེ་རླུང་གི་འཚུབ་མ་ཆེན་པོ་དག་བཅས་ཟངས་ཀྱི་གླེགས་བུ་ཕོ་བྲང་གི་སྒོ་དྲུང་དུ་བོར། རྒྱལ་པོའི་གཟུགས་བརྙན་དེ་ཀླུའི་གཟུགས་བརྙན་ལ་ཕྱག་འཚལ་བར་སོང་བ་ལ། རྒྱལ་པོས་དགྲ་བཅོམ་པ་ལ་དྲིས་པས། ད་ལྟ་འདི་ནི་ཀླུ་རྣམས་བསོད་ནམས་ཆེ་བ་ཡིན་པས། སླར་ཡང་རྒྱལ་པོ་ཉིད་ཀྱི་བསོད་ནམས་བསྐྱེད་པའི་ཕྱིར་སངས་རྒྱས་དང༌། དགེ་འདུན་ལ་མཆོད་པ་མཛོད་ཅིག་ཅེས་བསྐུལ་བས་སྐུ་གཟུགས་དང༌། མཆོག་རྟེན་ལ་མཆོད་པ་སྔར་གྱི་ལས་བདུན་འགྱུར་དུ་ཕུལ། དགྲ་བཅོམ་པ་དེས་ལྷ་དང་ཀླུ་ལ་སོགས་གནས་རྣམས་སུ་སྐད་ཅིག་གིས་སོང་སྟེ། དགྲ་བཅོམ་པ་ཐམས་ཅད་ལ་སྙན་གསན་ཕབ། རྒྱལ་པོས་ཀྱང་དུས་སྟོན་གྱི་ཁང་པ་ཆེན་པོ་བརྩིགས་ཏེ། དགྲ་བཅོམ་པ་དེས་གནྚི་བརྡུངས་པས་རི་རབ་དང༌། ཁོར་ཡུག་ལ་གནས་པ་ཚུན་ཆད་གྱི་དགྲ་བཅོམ་པ་ཐམས་ཅད་འདུས་ཏེ། དགྲ་བཅོམ་པ་སྟོང་ཕྲག་དྲུག་ཅུ་ཚོགས་པ་ལ་ཟླ་བ་གསུམ་དུ་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པར་བྱས་སོ། །དེའི་ཚེ་ཉིན་རེ་བཞིན་རྒྱལ་པོའི་གཟུགས་བརྙན་ཇེ་སྐྱེད་ལ་སོང་སྟེ་ཞག་བཞི་བཅུ་ཞེ་ལྔ་ན་རྒྱལ་པོ་དང་ཀླུའི་གཟུགས་བརྙན་གཉིས་པོ་མཉམ་པར་འགྲེང་བ་ཙམ་བྱུང༌། དེ་ནས་ཉིན་རེ་བཞིན་ཀླུའི་གཟུགས་བརྙན་ཇེ་གུག་ལ་སོང་སྟེ། སླར་ཞག་ཞེ་ལྔ་ན་ཀླུའི་གཟུགས་བརྙན་རྒྱལ་པོའི་གཟུགས་བརྙན་གྱི་རྐང་པ་ལ་ཕྱག་འཚལ་བར་སོང་ངོ༌། །སྐྱེ་བོ་ཐམས་ཅད་ཀྱང་དཀོན་མཆོག་མཆོད་པའི་བསོད་ནམས་ནི་འདི་འདྲའོ་ཞེས་ངོ་མཚར་ཆེན་པོ་སྐྱེས། དེ་ནས་སྔར་གྱི་ཟངས་ཀྱི་གླེགས་བུ་དེ་གངྒཱར་འཕངས་པས་དེའི་ནངས་པར་ཀླུའི་ཕོ་ཉ་མིར་སྤྲུལ་ནས་བྱུང་སྟེ། རིན་པོ་ཆེ་རྣམས་རྒྱ་མཚོའི་འགྲམ་ན་བསྐྱལ་ཡོད་ཀྱིས་ཚོང་པ་རྣམས་ལེན་དུ་ཐོང་ཞིག་ཟེར་བ་ལ་རྒྱལ་པོས་དེ་ལྟར་བྱེད་པར་བརྩམས་པའི་ཚེ། སྔར་གྱི་དགྲ་བཅོམ་པ་དེས་རྒྱལ་པོ་འདི་ནི་ངོ་མཚར་མི་ཆེ་ཡི། ཁྱེད་རྣམས་ཀྱིས་ཞག་བདུན་ནས་ནོར་བུ་དེ་རྣམས་ཕྲག་པ་ལ་ཐོགས་ཏེ་འདིར་འབུལ་བར་ཤོག་ཅིག་ཅེས་སྤྲིངས་ན། དེ་ལྟར་འགྱུར་བས་ངོ་མཚར་ ཆེའོ། །ཞེས་གསུངས་པ་བཞིན་བྱས་པས། ཞག་བདུན་པའི་ཉིན་པར་རྒྱལ་པོ་སྐྱེ་བོའི་ཚོགས་དཔག་ཏུ་མེད་པས་བསྐོར་བའི་དབུས་སུ་ཀླུ་རྣམས་ཚོང་པའི་གཟུགས་ཀྱིས་འོངས་ནས་ནོར་བུ་རྣམས་ཕུལ། རྒྱལ་པོའི་ཞབས་ལ་གཏུགས། སྐྱེ་བོའི་ཚོགས་ལ་ལྟད་མོར་བྱས་ཏེ། དེའི་དུས་སྟོན་ཆེན་པོ་ཡང་བྱས་སོ། །དེར་རྒྱལ་པོས་གནོད་སྦྱིན་ཤིང་རྟའི་རིག་སྔགས་ཀྱང་གྲུབ་སྟེ་གླང་པོ་ཆེ་ཙམ་གྱི་རྟ་དང༌། ཏཱ་ལའི་སྡོང་པོ་ཙམ་གྱི་སྐྱེས་བུ་སོགས་གནོད་སྦྱིན་གྱི་དཔུང་ཡན་ལག་བཞི་པ་མང་པོ་བྱུང་སྟེ། འབིགས་བྱེད་ཀྱི་ལྷོའི་ཡུལ་སོགས་ཡུལ་གཞན་ཐམས་ཅད་ཀྱང་གནོད་པ་མེད་པ་མངའ་འོག་ཏུ་ཆུད། བྱང་ཕྱོགས་ཁ་བ་ཅན་དང༌། ལི་ཡུལ་གྱི་རྒྱབ་ཀྱི་གངས་དང༌། ཤར་ལྷོ་ནུབ་གསུམ་རྒྱ་མཚོ་ལ་ཐུག་པའི་འཛམ་བུའི་གླིང་གིས་གཞི་དང། གླིང་ཕྲན་ལྔ་བཅུ་ཙམ་ལ་དབང་བསྒྱུར་བར་གྱུར་ཏོ། ། དེའི་རྗེས་སུ་དགྲ་བཅོམ་པ་གྲགས་པས་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལུང་བསྟན་པ་བཤད་དེ། དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་དུ་གྱུར་པའི་མཆོད་རྟེན་གྱིས་ས་སྟེང་བརྒྱན་པར་གྱིས་ཤིག །ཅེས་བསྐུལ་བ་ལ་སངས་རྒྱས་ཀྱི་རིང་བསྲེལ་དགོས་པ་བྱུང་ནས་རྒྱལ་པོ་མ་སྐྱེས་དགྲའི་གདུང་སྐལ་རྣམས་རྒྱལ་པོའི་ཁབ་ཀྱི་མཆོད་རྟེན་ཆེན་པོའི་ས་འོག་ཏུ་གཏེར་དུ་སྦས་ནས་ཡོད་པ་འདོན་པའི་ཕྱིར་རྒྱལ་པོ་དང་དགྲ་བཅོམ་པ་གྲགས་པ་སྐྱེ་བོའི་ཚོགས་དང་བཅས་ཏེ་དེར་བྱོན་ནས་ས་བྲུས་པ་ན་མི་འགྲེང་གསུམ་ཙམ་སོང་བའི་འོག་ཏུ་ལྕགས་ཀྱི་འཁོར་ལོ་མེ་འབར་བ་དྲག་ཏུ་འཁོར་བས་ལེན་པའི་གནས་མ་རྙེད་པའི་ཚེ། ཡུལ་གྱི་རྒན་མོ་ཞིག་གིས་ཐབས་བསྟན་ཏེ་ས་དེ་ཉིད་ནས་དཔག་ཚད་གསུམ་ཙམ་ནུབ་ཕྱོགས་སུ་ཕྱིན་པའི་རི་དྲུང་ཞིག་ན་ཆུ་འབབ་པ་ཞིག་ཡོད་པ་ཁ་བསྒྱུར་བས་འཁོར་ལོ་བསྐོར་བ་ཆད་ཅིང་མེ་ཞིའོ། །སླར་ཡང་ས་བྲུས་པ་ན། ཟངས་ཀྱི་གླེགས་བུ་ལ་འདི་ནི་དེ་བཞིན་གཤེགས་པའི་རིང་བསྲེལ་མ་ག་དྷཱའི་བྲེ་བོ་ཆེན་པོ་གཅིག་ཡོད་དེ། མ་འོངས་པ་ན་རྒྱལ་པོ་དབུལ་པོ་ཞིག་གིས་འདོན་པར་འགྱུར་རོ་ཞེས་བྲིས་པ་མཐོང་བ་ན་མྱ་ངན་མེད་ང་རྒྱལ་གྱི་དབང་གིས་འདོན་པར་བྱེད་པ་ནི་བདག་མ་ཡིན་ཏེ། དབུལ་པོ་ཉིད་ཀྱི་ཕྱིར་ན་གཞན་ཞིག་གོ་ཞེས་ཕྱིར་ཕྱོགས་ཏེ་འདུག་པ་ལས་སླར་ཡང་དགྲ་བཅོམ་པ་གྲགས་པས་བསྐུལ་ཏེ། མཐར་མི་འགྲེང་བདུན་ཙམ་དུ་ས་བྲུས་པ་ན་ལྕགས་ཀྱི་སྒྲོམ་ལ་སོགས་པ་སྒྲོམ་ཕྱི་ནང་རིམ་པ་བདུན་ཙམ་ཁ་ཕྱེ་བའི་དབུས་ནས། སྟོན་པའི་གདུང་སྔོན་མ་ག་དྷཱའི་བྲེ་བོ་ཆེན་པོ་གཅིག་ཡིན་པ་འཕེལ་ཏེ། ཁལ་དྲུག་གི་ཚད་ཙམ་དུ་ཡོད་པ་དང༌། སྒྲོམ་གྱི་གྲྭ་བཞི་ན་ནོར་བུ་རིན་པོ་ཆེ་རང་འོད་རྒྱང་གྲགས་ཙམ་དུ་འཕྲོ་བ་རེ་རེ་མཆོད་པའི་ཡོ་བྱད་དུ་བཞག་པ་མཐོང་ནས་དེའི་ནོར་བུ་རེ་ལ་ཡང་རིན་ཐང་དུ་བཅད་ན་རྒྱལ་བོ་མྱ་ངན་མེད་ཀྱི་རྒྱལ་སྲིད་ཀྱི་ལོངས་སྤྱོད་ཐམས་ཅད་ཀྱིས་མི་དཔོག་པར་ཤེས་ནས་རྒྱལ་པོའི་ང་རྒྱལ་ཆག་གོ །དེ་ལས་སྐུ་གདུང་རིན་པོ་ཆེ་བྲེ་བོ་ཆེན་པོ་གཅིག་བླངས་ཏེ། སླར་ཡང་སྔར་བཞིན་བཞུགས་སུ་གསོལ་ནས་སྦས་ཏེ་ལྕགས་ཀྱི་འཁོར་ལོ་ཡང་བཀོད། ཆུ་གསང་ཡང་སྔོན་བཞིན་འབབ་ཏུ་བཅུག་པས་སྔོན་བཞིན་མེ་འབར་བ་དང་འཁོར་བ་ན། སླད་ཀྱིས་སྟེང་གཡོགས་སོ། ། དེ་ནས་ཡུལ་ཐ་དད་དུ་སྐྱེ་བོ་རྣམས་ལ་ཡང་བཀའ་བསྒོས་ནས། ཕོ་ཉ་དང་ལས་ཀྱི་གྲོགས་ཐམས་ཅད་གནོད་སྦྱིན་མཐུ་བོ་ཆེ་རྣམས་ཀྱིས་བྱས་ཏེ། གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་དང༌། རྡོ་རྗེའི་གདན་གྱི་བར་སྐོར་དང༌། གཞན་ཡང་བྱང་ཕྱོགས་སུ་ལི་ཡུལ་ཚུན་ཆད་ཀྱི་འཛམ་བུའི་གླིང་གི་ཡུལ་ཐམས་ཅད་དུ་ཐུབ་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བརྩིགས་པས། ཉིན་མཚན་གཅིག་ལ་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་གྲུབ་ བོ། །དེ་ནས་ཡུལ་ཐམས་ཅད་དུ་བཀའ་བསྒོས་ཏེ། མཆོད་རྟེན་ཐམས་ཅད་ལ་མར་མེ་དང༌། བདུག་སྤོས་དང༌། མེ་ཏོག་གི་ཕྲེང་བ་སྟོང་སྟོང་གིས་ཉིན་རེ་བཞིན་མཆོད་པ་བྱེད་ཅིང་བྱང་ཆུབ་ཀྱི་ཤིང་ལ་གསེར་དང༌། དངུལ་དང༌། བཻ་ཌཱུརྱའི་བུམ་པ་སྟོང་ཕྲག་བཅུ་སྙེད་དྲི་བཟང་པོའི་ཆུ་དང༌། བདུད་རྩི་ལྔས་ཡོངས་སུ་བཀང་སྟེ་མཆོད་པར་བྱེད་ཅིང༌། རྒྱང་རིང་པོ་ནས་སྤོས་དང་མར་མེ་སྟོང་ཕྲག་བཅུ་སྙེད་ཀྱིས་མཆོད་པར་བྱས་སོ། །དེར་ཟླ་བ་གསུམ་དུ་དགྲ་བཅོམ་པ་སྟོང་ཕྲག་དྲུག་ཅུ་སྤྱན་དྲངས་ནས་ཉིན་རེ་བཞིན་པ་ཊ་ལི་པུ་ཏྲའི་སྟེང་གི་ནམ་མཁའ་ལ་བཞུགས་སུ་གསོལ་ཏེ་ཡོ་བྱད་ཐམས་ཅད་ཀྱིས་མཆོད། འཕགས་པ་སློབ་པ་རྣམས་དང་སོ་སོ་སྐྱེ་བོའི་དགེ་འདུན་རྣམས་ནི་ས་སྟེང་དུ་མཆོད་པར་བྱེད། དེའི་མཐར་དགེ་སློང་རེ་རེ་ལ་གོས་འབུམ་རི་བ་རེ་བསྐོན་ནོ། །དེའི་ནུབ་མོ་མཆོད་རྟེན་རྣམས་བལྟ་བའི་ཕྱིར་དུ་རྒྱལ་པོ་འཁོར་བཅས་གནོད་སྦྱིན་མཐུ་བོ་ཆེ་རྣམས་ཀྱིས་ཕྲག་པ་ལ་ཁྱེར་ཏེ། ཞག་བདུན་གྱི་ནང་དུ་འཛམ་བུའི་གླིང་གི་ས་ཐམས་ཅད་དཀོན་མཆོག་གི་མཆོད་རྟེན་ཐམས་ཅད་བསྐོར་ཞིང༌། མཆོད་པ་དཀྱུས་ལས་བཅུ་འགྱུར་གྱིས་ལྷག་པ་དང༌། སངས་རྒྱས་དང༌། ཉན་ཐོས་ཀྱི་མཆོད་རྟེན་ཐམས་ཅད་གསེར་གྱི་རྒྱན་རེ་རེ་ཕུལ། བྱང་ཆུབ་ཀྱི་ཤིང་ལ་ནི་རིན་པོ་ཆེ་ཐམས་ཅད་ཀྱིས་ལྷག་པར་བརྒྱན་པར་བྱས་སོ། །ཞག་བརྒྱད་པའི་ཉིན་པར་བདག་གི་དགེ་བའི་རྩ་བ་འདིས་མིའི་མཆོག་སངས་རྒྱས་སུ་གྱུར་ཅིག་ཅེས་སྨོན་ལམ་ཡང་ནས་ཡང་དུ་བཏབ་སྟེ། སྐྱེ་བོའི་ཚོགས་རྣམས་ལ་རབ་ཏུ་དགའ་བས་རྗེས་སུ་ཡི་རང་བར་གྱིས་ཤིག་ཅེས་སྨྲས་པས། སྐྱེ་བོ་མང་པོ་ཞིག་རྒྱལ་པོའི་རྩོམ་པ་འདི་ནི་བྱ་བ་མང་ཡང་འབྲས་བུ་ཆུང་བ་སྟེ། རེ་ཞིག་བླ་ན་མེད་པའི་བྱང་ཆུབ་ཅེས་བྱ་བ་ཡང་མེད་ན་རྒྱལ་པོའི་སྨོན་ལམ་འདི་འགྲུབ་པར་འགྱུར་རེ་སྐན་ཞེས་ཟེར་བ་ལ། གལ་ཏེ་བདག་གི་སྨཽན་ལམ་འདི་འགྲུབ་ནས་ཆེན་པོ་འདི་ཡང་གཡོ་བར་གྱུར་ཅིག །ནམ་མཁའ་ལས་ཀྱང་མེ་ཏོག་གི་ཆར་འབབ་པར་གྱུར་ཅིག །ཅེས་བརྗོད་མ་ཐག་ཏུ་ས་ཡང་གཡོས་ཤིང༌། མེ་ཏོག་གི་ཆར་འབབ་ལ་སྐྱེ་བོ་དེ་རྣམས་ཀྱང་དད་པས་སྨོན་ལམ་འདེབས་པར་བྱེད་ དོ། ། གང་གི་ཚེ་མཆོད་རྟེན་ཞལ་བསྲོའི་དོན་དུ་དགེ་སློང་རྣམས་ཟླ་བ་གསུམ་དུ་མཆོད་པ་བྱས་ལ་གྲོལ་བའི་ཉིན་པར་སོ་སོའི་སྐྱེ་བོའི་དགེ་སློང་མང་པོ་གློ་བུར་དུ་ལྷགས་པ་ལ་རྒྱལ་པོས་སྐྱེད་མོས་ཚལ་དུ་མཆོད་པ་ཆེན་པོ་བྱས་ཤིང༌། དེ་རྣམས་ཀྱི་གྲལ་གྱི་ཐོག་མར་འདུག་པའི་དགེ་སློང་རྒན་པོ་ཞིག་ལ་ལྷག་པར་ཡང་མཆོད་པ་ཆེན་པོ་བྱས་སོ། །དགེ་སློང་རྒན་པོ་དེ་ནི་ཐོས་པ་ཉུང་བ་ཤིན་ཏུ་བླུན་པ། ཚིགས་བཅད་གཅིག་ཀྱང་འདོན་པར་མི་ནུས་པ་ཡིན་ལ། དགེ་སློང་གཞོན་ནུ་དེ་རྣམས་ཀྱི་ནང་ན་སྡེ་སྣོད་འཛིན་པའང་མང་པོ་ཡོད་དོ། ཁ་ཟས་ཀྱི་བྱ་བ་ཟིན་པ་ན་གྲལ་འོག་ན་གནས་པ་རྣམས་ཀྱིས་རྒན་པོ་ལ་རྒྱལ་པོས་ཁྱོད་ལ་ལྷག་པར་བཀུར་སྟི་བྱེད་པའི་རྒྱུ་ཤེས་སམ་དྲིས་པ་ན། རྒན་པོས་མི་ཤེས་སོ་བྱས་སོ། །དེ་རྣམས་ཀྱིས་འདི་ནི་ཁོ་བོ་ཅག་གིས་ཤེས་ཏེ་ད་ལྟ་ཉིད་དུ་རྒྱལ་པོས་ཆོས་ཉན་པར་འདོད་ནས་འོང་སྟེ། ཁྱོད་ཀྱིས་ཆོས་སྟོན་དགོས་སོ། །དེར་དགེ་སློང་རྒན་པོ་དེ་གནད་དུ་ཕོག་པ་བཞིན་གྱུར། བདག་ནི་བསྙེན་པར་རྫོགས་ནས་ལོ་དྲུག་ཅུ་ལོན་ཀྱང་ཚིགས་སུ་བཅད་པ་གཅིག་ཀྱང་མི་ཤེས་པས་གལ་ཏེ་སྔར་དོན་དེ་གོ་ན་ཁ་ཟས་བཟང་པོ་དེ་རྣམས་དགེ་སློང་གཞན་ལ་བྱིན་ཏེ་ཆོས་སྨྲ་བ་འཚོལ་བ་ཞིག་ན། ད་ནི་ཟོས་ཟིན་པས་ཅི་ཞིག་བྱས་ན་ལེགས་སྙམ་ནས་ཤིན་ཏུ་སྡུག་བསྔལ་བར་གྱུར་པ་ལ་ཚལ་དེ་ལ་གནས་པའི་ལྷས་གལ་ཏེ་རྒྱལ་པོ་དགེ་སློང་འདི་ལ་མ་དད་པར་གྱུར་ན་མི་རུང་ངོ་སྙམ་ནས་སྤྲུལ་པའི་གཟུགས་ཀྱིས་དགེ་སློང་དེའི་མདུན་དུ་འོངས་ནས། རྒྱལ་པོ་ཆོས་ཉན་དུ་བྱུང་ན། རྒྱལ་པོ་ཆེན་པོ་ས་གཞི་རི་དང་བཅས་པ་འདི་ཡང་འཇིག་པར་འགྱུར་ན། རྒྱལ་པོའི་རྒྱལ་སྲིད་ནི་ལྟ་ཅི་སྨྲོས་ཏེ། རྒྱལ་པོ་ཆེན་པོ་འདི་ཉིད་བསམ་པར་རིགས་སོ་ཞེས་སྨོས་ཤིག་ཅེས་ཟེར། དེ་ནས་རྒྱལ་པོ་འོངས་ཏེ། གོས་གསེར་གྱི་མདོག་ཅན་ཕྲུགས་གཅིག་བསྐོན་ནས་ཆོས་ཉན་པའི་ཕྱིར་འདུག་པ་ལ། གོང་བཞིན་སྨྲས་པས་རྒྱལ་པོ་དད་པ་ཅན་ཡིན་པའི་ཕྱིར་ཤིན་ཏུ་བདེན་པར་བསམས་ཏེ། སྤུ་ཟིངས་བྱེད་ཅིང་དོན་དེ་ཉིད་སེམས་པར་བྱེད་དོ། །དེ་ནས་ཡང་ཚལ་གྱི་ལྷ་དེས་དགེ་སློང་རྒན་པོ་ཁྱེད་དད་པ་ཅན་གྱིས་བྱིན་པའི་རྫས་ཆུད་མ་ཟོས་པར་གྱིས་ཤིག །དེས་ཀྱང་སློབ་དཔོན་ལ་གདམས་ངག་ཞུས་ཏེ་རྩེ་གཅིག་ཏུ་བསྒོམས་པས་ཟླ་བ་གསུམ་ནས་དགྲ་བཅོམ་པ་ཐོབ་སྟེ་སུམ་ཅུ་རྩ་གསུམ་གྱི་གནས་ཡོངས་འདུ་ས་བརྟོལ་གྱི་ཚལ་དུ་དབྱར་གནས་པར་བྱས་ཏེ། སླར་པ་ཊ་ལི་པུ་ཏྲར་དགེ་འདུན་དང་སྐྱེ་བོའི་ཚོགས་མང་པོའི་དབུས་སུ་འོངས་པས་རྒྱལ་པོས་བྱིན་པའི་གོས་ལ་ཤིང་ཡོངས་འདུའི་དྲི་བཟང་པོ་ཆགས་པས་ས་ཕྱོགས་དེ་ཐམས་ཅད་དྲི་བསུང་གིས་ཁྱབ་བོ། །དེར་དགེ་སློང་གཞན་རྣམས་ཀྱིས་རྒྱུ་དྲིས་པས་དེས་ཀྱང་སྔར་གྱི་ལོ་རྒྱུས་བཤད་པས་ཐམས་ཅད་ངོ་མཚར་དུ་གྱུར་ཞིང༌། རིམ་གྱིས་གཏམ་དེ་རྒྱལ་པོས་ཀྱང་ཐོས་པ་ན། དགེ་སློང་བློ་ཤིན་ཏུ་རྟུལ་པ་ཡང་དགྲ་བཅོམ་པ་ཐོབ་པས་ཆོས་ཀྱི་ཡོན་ཏན་དང༌། དེ་ཡང་རང་གི་གོས་ཕུལ་བའི་རྐྱེན་ལས་བྱུང་བའི་ཕྱིར། སྦྱིན་པའི་གཞན་དོན་གྱི་ཕན་ཡོན་མཐོང་ནས་སླར་ཡང་དགེ་སློང་འབུམ་ཕྲག་གསུམ་ལ་ལོ་ལྔའི་དུས་སྟོན་ཆེན་པོ་བྱས་ཏེ། སྔ་དྲོའི་ཆ་དང་པོ་ལ་དགྲ་བཅོམ་པ་རྣམས་དང༌། གཉིས་པ་ལ་འཕགས་པ་སློབ་པ་རྣམས་དང༌། གསུམ་པ་ལ་སོ་སོ་སྐྱེ་བོའི་དགེ་འདུན་རྣམས་ལ་ཁ་ཟས་དང་གོས་མཆོག་དག་གིས་མཆོད་པར་བྱས་སོ། ། དེ་ནས་རྒྱལ་པོ་དེའི་ཚེའི་མཐའི་དུས་ཤིག་ན་ཉི་འོག་གི་ཕྱོགས་དང༌། ཁ་ཆེ་དང༌། ཐོ་གར་ཡུལ་གྱི་དགེ་འདུན་རྣམས་ལ་གསེར་བྱེ་བ་ཕྲག་བརྒྱ་རེ་འབུལ་བར་དམ་བཅས་ནས། ཁ་ཆེ་དང་ཐོ་གར་གྱི་དགེ་འདུན་རྣམས་ལ་རྫོགས་པར་ཕུལ། ཡོ་བྱད་གཞན་ཡང་དེ་དང་མཉམ་པ་ཕུལ། ཉི་འོག་གི་དགེ་འདུན་རྣམས་ལ་གསེར་དང་ཡོ་བྱད་བྱེ་བ་བཞིར་མ་ལོངས་པའི་གནས་སྐབས་སུ་རྒྱལ་པོ་ཉིད་ནད་ཚབས་ཆེན་པོས་ཟིན་ཏེ། རྒྱལ་པོའི་ཚ་བོ་ནོར་ལྷས་བྱིན་ཞེས་བྱ་བ་གསེར་གྱི་མཛོད་གཉེར་བ་ཡིན་པ་དེས་རྒྱལ་པོའི་ངག་བཅག་སྟེ་གསེར་ལྷག་མ་དགེ་འདུན་ལ་མ་ཕུལ་ལོ། །དེའི་ཚེ་རྒྱལ་པོའི་དྲུང་དུ་དགྲ་བཅོམ་པ་མང་པོ་ལྷགས་པ་ལ་རྒྱལ་བོ་ཉིད་སྐོམ་སེལ་བའི་སྐྱུ་རུ་ར་སྙིམ་པ་ཕྱེད་ཡོད་པ་ཤིན་ཏུ་དད་པའི་སེམས་ཀྱིས་དགེ་འདུན་ལ་ཕུལ་བས། དགྲ་བཅོམ་པ་དེ་རྣམས་ཀྱིས་མགྲིན་གཅིག་ཏུ་རྒྱལ་པོ་ཁྱེད་ཀྱིས་སྔོན་ཐམས་ཅད་རང་དབང་དུ་གྱུར་པའི་ཚེ་གསེར་བྱ་བ་དགུ་བཅུ་རྩ་དྲུག་ཕུལ་བ་ལས། ད་ལྟ་འདི་ཕུལ་བ་བསོད་ནམས་ལྷག་པར་ཆེའོ་ཞེས་བསྔགས། དེ་ནས་གཡོག་མོ་ཞིག་རྔ་ཡབ་ནོར་བུའི་ཡུ་བ་ཅན་གཡོབ་ཅིང་ཡོད་པ་ལས་ཉིན་མོ་ཚད་པའི་དུགས་ཀྱིས་གཉིད་ཡུར་ཏེ་རྔ་ཡབ་ལ་གནས་ལྷུངས་བ་རྒྱལ་པོའི་ལུས་ལ་ཕོག་པས་སྔོན་ནི་རྒྱལ་པོ་ཆེན་པོ་རྣམས་ཀྱིས་ཀྱང་རྐང་པ་འཁྲུ་བ་ལ་སོགས་པ་བྱེད་པ་ཡིན་ན། ད་ལྟ་བྲན་གྱི་མཐའ་མ་འདི་ལྟ་བུས་ཀྱང་བརྙེས་སོ་སྙམ་ནས་ཁྲོས་པའི་སེམས་དང་བཅས་ཏེ་དུས་ལས་འདས་སོ། །དེར་ཁྲོས་པའི་རྐྱེན་གྱིས་པ་ཊ་ལི་པུ་ཏྲ་དེ་ཉིད་དུ་མཚོ་ཆེན་པོའི་ནང་དུ་ཀླུར་སྐྱེས་པ་ན་དགྲ་བཅོམ་པ་གྲགས་པས་རྒྱལ་པོ་ཆོས་དང་ལྡན་པ་གང་དུ་སྐྱེས་ཞེས་བརྟགས་པས་མཚོ་དེར་ཀླུར་སྐྱེས་པར་ཤེས། དགྲ་བཅོམ་པས་མཚོ་དེའི་འགྲམ་དུ་འོངས་པས། སྔོན་གྱི་བག་ཆགས་ཀྱིས་རབ་ཏུ་དགའ་བའི་ཤུགས་ཀྱིས་མཚོ་དེའི་སྟེང་དུ་འོངས་ནས་དགྲ་བཅོམ་པའི་དྲུང་དུ་འདུག་པ་ལས། བྱ་དང་སྲོག་ཆགས་རྒྱུ་བ་ཟ་བར་རྩོམ་པའི་ཚེ་རྒྱལ་པོ་ཆེན་པོ་བག་ཡོད་པར་མཛོད་ཅིག་ཅེས་སོགས་ཆོས་བསྟན་པས་དེ་ཉིད་དུ་ཁ་ཟས་བཅད་དེ་ཤི་ནས་དགའ་ལྡན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ་ཞེས་གྲགས་སོ། །རྒྱལ་བོ་དེས་རང་གིས་དབང་བསྒྱུར་བའི་ཡུལ་ཐམས་ཅད་དུ་གཙུག་ལག་ཁང་དང༌། ཆོས་ཀྱི་གཞི་མང་པོ་དག་བྱས་པས་ཕྱོགས་ཐམས་ཅད་དུ་སངས་རྒྱས་ཀྱི་བསྟན་པས་ཁྱབ་པར་གྱུར་ཏོ། །གང་གི་ཚེ་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་ཐོབ་པ་དེ་ཕྱིན་ཆད་སྔར་གྱི་མིང་འགྱུར་ཏེ། དྷརྨ་ཨ་ཤོ་ཀ་སྟེ་ཆོས་ཀྱི་མྱ་ངན་མེད་དུ་གྲགས་སོ། ། ཉི་འོག་གི་དགེ་སློང་རྣམས་ལ་གསེར་བྱེ་བ་དགུ་བཅུ་རྩ་དྲུག་ལས་འབུལ་མ་ཐུབ་པའི་སྐབས་དེར་བློན་པོ་བློ་གྲོས་ཅན་ཞིག་གིས་རྒྱལ་པོ་འདི་ལ་ཐབས་ཡོད་དེ་རྒྱལ་སྲིད་ཐམས་ཅད་དགེ་འདུན་ལ་གཏོད་ཅིག །གསེར་བྱེ་བ་བརྒྱ་ནི་དེ་ཉིད་ཀྱི་ཁོངས་ན་གནས་སོ་ཞེས་ཟེར་བ་བདེན་པར་ཤེས་ཏེ་རྒྱལ་སྲིད་དགེ་འདུན་ལ་ཕུལ་ལོ། །རྒྱལ་བོའི་བསོད་ནམས་འཕེལ་པའི་དོན་དུ་ཉིན་ཞག་གཉིས་དགེ་འདུན་གྱིས་རྒྱལ་སྲིད་བསྐྱངས། དེར་དགེ་འདུན་ལ་གསེར་དང་དབྱིག་དཔག་ཏུ་མེད་པ་ཕུལ་ཏེ། རྒྱལ་སྲིད་བླངས་ནས། མྱ་ངན་མེད་ཀྱི་ཚ་བོ་མྱ་ངན་བྲལ་རྒྱལ་སྲིད་ལ་བསྐོས་སོ། །ས་དབང་བཟང་པོས་བྱས་པའི་གཏམ་རྒྱུད་ཀྱི་ཡི་གེ་ན་འདིའི་ལོ་རྒྱུས་གྱི་གོ་རིམ་བསྒྲིགས་པ་ཙམ་སྣང་ལ། ཉན་ཐོས་ཀྱི་སྡེ་སྣོད་དང་འབྲེལ་བ་ལ་མྱ་ངན་མེད་ཀྱི་རྟོགས་བརྗོད། མྱ་ངན་མེད་བཏུལ་པའི་རྟོགས་བརྗོད། མྱ་ངན་མེད་ཀྱིས་ཀླུ་བཏུལ་བའི་རྟོགས་བརྗོད། མཆོད་རྟེན་གྱི་རྟོགས་བརྗོད། དུས་སྟོན་གྱི་རྟོགས་བརྗོད། གསེར་ཕུལ་བའི་རྟོགས་བརྗོད་དེ་དྲུག་དང༌། ཀུན་ལའི་རྟོགས་བརྗོད་དེ་བདུན་ཡོད་པའི་གཉིས་པ་དང་བདུན་པ་བོད་དུ་འགྱུར་ལ། གཞན་རྣམས་ཀྱི་རྒྱ་དཔེ་ཡང་ཁོ་བོས་མཐོང་ཞིང༌། གསེར་ཕུལ་བ་སོགས་གཏམ་རྒྱུད་ཅི་རིགས་པ་དང་དཔག་བསམ་འཁྲི་ཤིང་ན་ཡང་ཡོད་དོ། །རྒྱལ་པོ་མྱ་ངན་མེད་ཀྱི་ལོ་རྒྱུས་ཀྱི་སྐབས་ཏེ་དྲུག་པའོ།། །། ༧ མྱ་ངན་མེད་དང་དུས་མཚུངས་ཀྱི་གཏམ། གང་གི་ཚེ་འཕགས་པ་དྷཱི་ཏི་ཀས་འཕགས་པ་ནག་པོ་ལ་བསྟན་པ་མ་གཏད་པའི་སྔོན་རོལ་ཞིག་ཏུ་འཕགས་པ་དྷཱི་ཏི་ཀ་ལོ་མང་པོ་སྐུ་བྲོ་འཚལ་ཏེ་མ་ལ་ཝའི་ཡུལ་གྱི་བྱེ་བྲག་ཀཽ་ཤཱམྦྷཱི་ཁོ་ནར་བཞུགས་ནས་འཁོར་རྣམ་པ་བཞི་ལ་གདམས་ངག་འབོགས་པ་ཡིན་པ་ལས་ཡངས་པ་ཅན་པའི་དགེ་སློང་དག་གནས་བརྟན་ནད་ཀྱྀས་བཏབ་པ་ལས་ཡང་དག་པའི་རྗེས་སུ་བསྟན་པ་ཅི་ཞིག་ཐོབ་པར་འགྱུར་ཞེས་དེའི་ཐད་དུ་མི་འགྲོ་ཞིང༌། མི་རུང་བའི་གཞི་བཅུ་སྤྱོད་བཞིན་དུ་འདི་ནི་ཆོས་ཡིན་འདུལ་བ་ཡིན། སྟོན་པའི་བསྟན་པ་ཡིན་ནོ་ཞེས་བསྒྲགས་སོ། །དགྲ་བཅོམ་པ་གྲགས་པ་ལ་སོགས་པ་དགྲ་བཅོམ་པ་བདུན་བརྒྱས་དེ་སུན་ཕྱུང་སྟེ། ཀུ་སྨ་པུ་རི་ཞེས་བྱ་བའི་གཙུག་ལག་ཁང་དུ་ལི་ཙ་བཱིའི་རིགས་ལས་བྱུང་བའི་རྒྱལ་པོ་དགའ་བྱེད་ཅེས་བྱ་བས་སྦྱིན་བདག་བྱས་ཏེ། བཀའ་བསྡུ་བ་གཉིས་པ་མཛད་པ་ཡིན་ལ། དེ་ལ་དགྲ་བཅོམ་པ་བདུན་བརྒྱ་ནི་གྲོང་ཁྱེར་དྲུག་གིས་མཚམས་བཅད་པའི་ཚེ། ཡངས་པ་ཅན་གྱི་ཕྱོགས་སུ་གཏོགས་པ་ཁོ་ནར་བཞུགས་པའི་དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་མང་དུ་ཐོས་པ་དག་གོ །དེའི་ཕྱིར་བསྡུ་བ་གཉིས་པ་འདི་ནི་ཆ་ཤས་ཀྱི་བསྡུ་བ་ཡིན་ནོ། ། འདིའི་ལོ་རྒྱུས་དངོས་ནི་ལུང་ཕྲན་ཚེགས་ལས་འབྱུང་བ་ལས་ལྷག་པ་མེད་ཅིང་གྲགས་ཆེ་བས་འདིར་མ་བྲིས་ལ། བསྡུ་བ་དེ་དུས་སྐབས་འདིར་བྱུང་བར་བྷཱ་ཊ་གྷ་ཊི་དང༌། ས་དབང་བཟང་པོས་བཤད་ཅིང༌། ད་ལྟ་བོད་དུ་ཡོད་པའི་འདུལ་བ་ན། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པའི་ཚེ། བསྡུ་བ་གཉིས་པ་མཛད་པར་བཤད་པ་དང་མཐུན་པར་བྱུང་བས། རང་ལུགས་འདི་ཁོ་ནར་གཟུང་ལ། སྡེ་པ་གཞན་འགའ་ཞིག་གི་འདུལ་བ་ན། སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་བརྒྱ་བཅུའམ་ཉིས་བརྒྱ་ཉི་ཤུ་ལོན་པ་ན་བསྡུ་བ་གཉིས་པ་མཛད་པར་བཤད་པའང་ཡོད་སྣང་ཞིང༌། དེ་དང་གུང་སྒྲིག་པའི་དབང་དུ་བྱས་ཏེ་རྒྱ་གར་ནས་བྱུང་བའི་ལོ་རྒྱུས་ཀྱི་ཡི་གེ་འགའ་ནའང༌། འཕགས་པ་དྷཱི་ཏི་ཀ་སོགས་དང་མྱ་ངན་མེད་དུས་མཚུངས་པར་བྱས་ནས་ལེགས་མཐོང་ཆེན་པོ་ཡང་མྱ་ངན་ལས་འདས། རྒྱལ་པོ་མྱ་ངན་མེད་ཀྱང་འདས་པའི་འོག་ཏུ་བསྡུ་བ་གཉིས་པ་བྱུང་ཟེར་བའང་སྣང༌། དེ་ནི་ལུང་ཕྲན་ཚེགས་ལས། དེས་ལེགས་མཐོང་ཆེན་པོ་ལ་བསྟན་པ་གཏད་དེ། གླང་པོ་ཆེན་པོ་དག་ཡོངས་སུ་མྱ་ངན་འདས་སོ། །དེའི་ཚེ་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ཞེས་སོགས་ཀྱི་ཚིག་ལ་འཁྲུལ་གཞི་བྱུང་བ་སྟེ། རྒྱ་སྐད་དུ་ཡ་དཱ་ཙི་ཏ་ཞེས་བྱ་བ་ཚིགས་གྲོགས་ཀྱི་དབང་གིས་གང་གི་ཚེ་དང་དེའི་ཚེ་གཉིས་ཀ་ལ་འཇུག་པ་ལས་སྐབས་འདིར་གང་གི་ཚེར་བསྒྱུར་དགོས་ལ། ལོ་ཉིས་བརྒྱ་ཉི་ཤུ་སོགས་སུ་བཤད་པ་ནི་ལོ་ཕྱེད་ལོར་བརྩིས་པའི་དབང་དུ་བྱས་པ་ཡིན་པས་ལོ་བརྒྱ་དང་བཅུར་བཤད་པ་དང་དགོངས་བ་གཅིག་གོ་ཞེས་བླ་མ་པཎྜི་ཏ་གསུང་ངོ༌། །པཎྜི་ཏ་དབང་པོས་བྱིན་གྱིས་བྱས་པའི་གཏམ་གྱི་སྦྱོར་བ་ན། རྒྱལ་བ་མྱ་ངན་ལས་འདས་ནས་ལོ་ལྔ་བཅུ་ན་ཉེ་སྦས་བྱུང་བ་དང༌། བརྒྱ་དང་བཅུ་ན་གཏད་རབས་རྫོགས་ཟིན། དེ་རྗེས་མྱ་ངན་མེད་བྱུང་བ་སོགས་བཤད་ན་ལུང་བསྟན་པ་དང་མི་འབྱོར་ཞིང༌། འཕགས་ཡུལ་གྱི་གཏམ་གྱི་སྦྱོར་བ་ཁུངས་མ་རྣམས་དང་འགལ་བས་ལེགས་ལེགས་འགྲིག་འགྲིག་འདྲ་ཡང་ཡིད་བརྟན་མེད་དོ་ཞེས་གསུང་གིན་སྣང་ངོ༌། ། ཡུལ་ཤར་ཕྱོགས་ཨངྒ་ཞེས་བྱ་བར་ཁྱིམ་བདག་ཕྱུག་པོ་ལོངས་སྤྱོད་ཤིན་ཏུ་ཆེ་བ་ཅིག་ཡོད་པ་དེའི་ཁྱིམ་ན་རང་གི་ལས་ཀྱི་མཐུ་ལས་བྱུང་བའི་ལྗོན་ཤིང་འབྲས་བུ་རིན་པོ་ཆེར་ལྷུང་བ་ཅིག་ཡོད་དོ། །དེ་ལ་བུ་མེད་པ་ལས་ལྷ་ཆེན་པོ་ཁྱབ་འཇུག་ནག་པོའི་གཟུགས་ཅན་ལ་ཡང་ནས་ཡང་དུ་མཆོད་པར་བྱེད་པ་ལས་ནམ་ཞིག་ན་ཁྱེའུ་ཞིག་བཙས་པ་མིང་ནག་པོར་བཏགས་སོ། །དེ་ཆེར་སྐྱེས་པ་ན་རྒྱ་མཚོ་ཆེན་པོར་འཇུག་འདོད་པར་གྱུར་ཏེ། ཚོང་པ་ལྔ་བརྒྱ་དང་བཅས་པ་གཟིངས་ལེགས་པར་བཅས་ཏེ་རིན་པོ་ཆེའི་གླིང་དུ་ཕྱིན། གྲུ་ལེགས་པར་གྲུབ་བོ། །དེ་བཞིན་དུ་རྒྱ་མཚོར་ལན་དྲུག་གི་བར་དུ་ཕྱིན་ཏེ་དུས་མྱུར་བ་ཁོ་ནར་དཀའ་བ་མེད་པས་གྲུ་གྲུབ་པར་གྱུར་པས་ཚོང་དཔོན་བསོད་ནམས་དང་ལྡན་པའི་གྲགས་པས་ཕྱོགས་ཐམས་ཅད་ཁྱབ་བོ། །བར་སྐབས་དེར་ཕ་མ་ཡང་འདས་ཤིང་འཕགས་པ་དྷཱི་ཏི་ཀ་ལ་དད་པ་ཐོབ་པའི་སྐབས་ཤིག་ན་བྱང་ཕྱོགས་ཐག་རིང་པོ་ནས་ཚོང་པ་མང་པོ་དག་ལྷགས་ཏེ་རྒྱ་མཚོར་འགྲོ་བར་བསྐུལ་ལོ། །དེས་གྲུ་བོ་ཆེ་ལན་བདུན་གྲུབ་པ་ནི་མ་ཐོས་ཀྱིས། བདག་གིས་འགྲོ་བར་མི་ནུས་སོ་ཞེས་བཟློག་ཀྱང་ནན་གྱིས་གསོལ་པ་བཏབ་པས་མཐར་སོང་ངོ༌། །རིན་པོ་ཆེའི་གླིང་དུའང་སོན། གྲུ་ནོར་བུས་བཀང་སྟེ་ཚུར་འོངས་པ་ན། རྒྱ་མཚོའི་གླིང་ལ་ཚལ་སྔོན་པོ་སྔོ་ཞིང་སྦྲེང་བ་དག་མཐོང་སྟེ། དེར་ཚོང་པ་རྣམས་ངལ་བསོ་བའི་སེམས་ཀྱིས་ཕྱིན་པས། སྲིན་མོ་ཁྲུང་ཁྲུང་གཞོན་ནུ་མ་ཞེས་བྱ་བ་རྒྱ་མཚོ་ལ་གནས་པའི་སྲིན་མོའི་རིགས་ཀྱི་ཁྱབ་པར་རྣམས་ཀྱིས་ཟིན་པ་ན། ཚོང་དཔོན་གྱིས་འཕགས་པ་དྷཱི་ཏི་ཀ་ལ་སྐྱབས་སུ་སོང་ངོ༌། ། དེའི་ཚེ་དེ་ལ་དགའ་བའི་ལྷ་རྣམས་ཀྱིས་འཕགས་པ་དྷཱི་ཏི་ཀ་ལ་སྦྲན་པས། འཕགས་པའི་རྫུ་འཕྲུལ་གྱིས་གླིང་དེར་འོང་པ་ན་གཟི་བརྗིད་མ་བཟོད་ནས། སྲིན་མོ་རྣམས་བྲོས་པའི་འོག་ཏུ་ཚོང་པ་དག་བདེ་བར་འཛམ་བུའི་གླིང་དུ་ཕྱིན་ནོ། །དེར་ཚོང་པ་དེ་ཐམས་ཅད་ཀྱི་ཡོ་བྱད་ཐམས་ཅད་ལོ་གསུམ་གྱི་བར་དུ་ཕྱོགས་བཞིའི་དགེ་འདུན་ལ་དུས་སྟོན་ཆེན་པོ་བྱས་ནས། མཐར་རབ་ཏུ་བྱུང་སྟེ་འཕགས་པ་དྷཱི་ཏི་ཀ་ལས་བསྙེན་པར་རྫོགས་ནས་མི་རིང་བར་ཐམས་ཅད་དགྲ་བཅོམ་པ་ཐོབ་བོ། །དེ་ནས་ནམ་ཞིག་ན་འཕགས་པ་དྷཱི་ཏི་ཀ་མྱ་ངན་ལས་འདས་པའི་ཚེ་ཚོང་དཔོན་གྱི་རིགས་ལས་རབ་ཏུ་བྱུང་བ་འཕགས་པ་ནག་པོས་བསྟན་པ་བསྐྱངས་ཏེ། འཁོར་རྣམ་པ་བཞི་ལ་གདམས་ངག་འབོགས་ཤིང་འབྲས་བུ་རྣམ་པ་བཞི་ཐོབ་པ་རྒྱུན་མི་ཆད་པ་ཡོད་དོ། །དེའི་ཚེ་ཁ་ཆེའི་ཡུལ་ནས་བྲམ་ཟེའི་རིགས་དགེ་སློང་གནས་པ་ཞེས་བྱ་བ་གདུག་པ་གཏུམ་པ་མང་དུ་ཐོས་པ། བདག་ཏུ་ལྟ་བ་ལ་མངོན་པར་དགའ་བ་ཅིག་ཡུལ་ཀུན་ཏུ་རྒྱུ་ཞིང་སོ་སོ་སྐྱེ་བོ་རྣམས་ལྟ་བ་ངན་པ་ལ་འགོད་པར་བྱེད་པ་བྱུང་སྟེ། དེའི་ཕྱིར་དགེ་འདུན་ཅུང་ཟད་རྩོད་པར་གྱུར་ཏོ། །དེར་མ་རུའི་ཡུལ་གྱི་ཆ་ཤས་པུ་སྐ་ར་ཎི་ཞེས་བྱ་བའི་གཙུག་ལག་ཁང་དུ་གནོད་སྦྱིན་སེར་སྐྱ་ཞེས་བྱ་བ་ཞིག་གིས་འཚོ་བ་སྦྱར་ནས་ཕྱོགས་བཞིའི་དགེ་འདུན་ཐམས་ཅད་བསྡུས་ཏེ། དེ་དག་ཕྱིར་བཅོས་ནས་དགེ་འདུན་ཐམས་ཅད་ཡོངས་སུ་འདུས་བའི་དབུས་སུ་བདག་མེད་པའི་ཆོས་ཡང་ནས་ཡང་དུ་བསྟན་ཏོ། །དེར་ཟླ་བ་གསུམ་ཙམ་འདས་པ་ན། གནས་བརྟན་གནས་པས་བདག་ཏུ་ལྟ་བ་ལ་སྔར་བཀོད་པའི་དགེ་སློང་དེ་ཐམས་ཅད་རྒྱུད་ཡོངས་སུ་དག་སྟེ་བདེན་པ་མཐོང་བ་ཤ་སྟག་ཏུ་གྱུར་ཏོ། །གནས་བརྟན་གནས་པ་ཉིད་ཀྱང་མཐར་ལྟ་བ་མ་ཉམས་པ་ལ་བཀོད། ཡང་སིངྒ་ལའི་གླིང་ན་རྒྱལ་པོ་ཁྲི་ལྡན་སེང་གེའི་མཛོད་པ་ཞེས་བྱ་བ་ཡོད་དེ། དེ་མདུན་ས་ན་གནས་པའི་ཚེ། འཛམ་བུའི་གླིང་ན་གནས་པའི་ཚོང་པ་ཞིག་གིས་སྟོན་པའི་སྐུ་གཟུགས་ཤིང་ལས་བྱས་པ་ཞིག་ཕུལ། དེས་འདི་ཅི་ཞེས་དྲིས་པའི་ཚེ། སྟོན་པ་ནས་བརྩམས་ཏེ་འཕགས་པ་ནག་པོའི་བར་གྱི་ཆེ་བ་རྣམས་བརྗོད་དོ། །དེ་ནས་རྒྱལ་པོ་འཕགས་པ་ནག་པོ་ལྟ་བར་འདོད་ཅིང་དམ་པའི་ཆོས་ཉན་པར་འདོད་ནས་ཕོ་ཉ་བ་མངགས་ཏེ། དེས་འཕགས་པའི་དྲུང་དུ་ཕྱིན་པ་ན་འཕགས་པ་འཁོར་ལྔ་བརྒྱ་དང་བཅས་པ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་ཤིང༌། ཕོ་ཉ་བ་ཡང་ཆོས་གོས་ཀྱི་གྲྭ་ལ་འཇུས་ཏེ། སིངྒ་ལའི་གླིང་གི་ཡུལ་གྱི་མཐར་བབས་ཤིང༌། ཕོ་ཉ་བ་སྔ་རོལ་ཏུ་བཏང་བས་རྒྱལ་པོ་ལ་སོགས་པས་ཡང་དག་པར་བསུས་ཏེ། འོད་ཟེར་ཁ་དོག་སྣ་ཚོགས་པ་སྤྲོ་བ་དང༌། འབར་བ་ལ་སོགས་པའི་ཆོ་འཕྲུལ་དང་བཅས་བཞིན་དུ་གྲོང་ཁྱེར་མཆོག་ཏུ་གཤེགས་སོ། །གླིང་དེར་ཟླ་བ་གསུམ་དུ་ཆོས་ཡང་དག་པར་བསྟན། གཙུག་ལག་ཁང་དང་དགེ་འདུན་གྱིས་གང་བར་བྱས་ཏེ་མང་པོ་ཞིག་འབྲས་བུ་བཞི་ལ་བཀོད་དོ། །གླིང་དེ་སྔོན་སྟོན་པས་ཞབས་ཀྱིས་བཅགས་ཀྱང༌། སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་བསྟན་པ་ཆེར་མེད་པ་ལས་འཕགས་པ་ནག་པོས་ཤིན་ཏུ་དར་བར་མཛད་དོ། །མཐར་རྒྱལ་པོའི་རིགས་ལས་བྱུང་བ་འཕགས་པ་ལེགས་མཐོང་ལ་བསྟན་པ་གཏད་དེ། བྱང་ཕྱོགས་ཀྱི་ཡུལ་ཀུ་ཤ་པ་ན་ཞེས་བྱ་བར་མྱ་ངན་ལས་འདས་སོ། །དེ་ལ་འཕགས་པ་ལེགས་མཐོང་ནི་ནུབ་ཕྱོགས་ཡུལ་བྷ་རུ་ཀཙྪར་སྐྱ་སེང་གི་རིགས་ལས་བྱུང་བའི་རྒྱལ་རིགས་མཐོང་བ་ཞེས་བྱ་བ་འབྱོར་པ་ཕུན་སུམ་ཚོགས་པ་ཅིག་ཡོད་དེ། དེའི་བུ་ལ་ལེགས་མཐོང་དུ་བཏགས་སོ། །དེ་ཆེར་སྐྱེས་ནས་སྐྱེད་མོས་ཚལ་ལྔ་བཅུ་དང༌། བུད་མེད་མཆོག་ལྔ་བཅུ། དེ་རེ་རེ་ལ་གཡོག་མོ་ལྔ་ལྔ། དེ་རེ་རེ་ལ་ཡང་སིལ་སྙན་མ་ལྔ་ལྔ། ཉིན་རེ་ལ་གསེར་པ་ཎ་ལྔ་སྟོང་གི་མེ་ཏོག་ལ་ལོངས་སྤྱོད་པར་བྱེད་ན་ལོངས་སྤྱོད་གཞན་གྱི་ཁྱད་པར་ནི་སྨོས་མ་དགོས་ཏེ་ལྷ་དང་མཐུན་པའི་ལོངས་སྤྱོད་ཅན་ནོ། ། དུས་ནམ་ཞིག་ན་དེ་འཁོར་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་སྐྱེད་མོས་ཚལ་དུ་འཇུག་པའི་ལམ་དུ་དགྲ་བཅོམ་པ་སུ་ག་ཡ་ན་ཞེས་བྱ་བ་འཁོར་མང་པོ་དང་བཅས་ཏེ་གྲོང་ཁྱེར་དུ་འཇུག་པ་མཐོང་བས་ལྷག་པར་དད་དེ། ཞབས་ལ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །དེར་དགྲ་བཅོམ་པས་ཆོས་བསྟན་པ་ན་སྟན་དེ་ལ་འཁོད་བཞིན་དུ་དགྲ་བཅོམ་པ་ཐོབ་བོ། །རབ་ཏུ་བྱུང་བར་ཞུས་པས་དགྲ་བཅོམ་པ་ཁྱིམ་ན་གནས་པ་ནི་གནས་མ་ཡིན་ཞིང་སྐབས་མ་ཡིན་མོད་འོན་ཀྱང་ཕ་ལ་རིག་པར་གྱིས་ཤིག །དེས་ཀྱང་ཕ་ལ་རབ་ཏུ་བྱུང་བར་ཞུས་པས། ཕ་རབ་ཏུ་ཁྲོས་པར་གྱུར་ཏེ། དེ་ལྕགས་སྒྲོག་གིས་འཆིང་བར་བརྩམས་པ་ན་སྐད་ཅིག་དེ་ཉིད་ལ་ནམ་མཁའ་ལ་འཕགས་ཤིང༌། འོད་ཟེར་སྤྲོ་བ་ལ་སོགས་པའི་ཆོ་འཕྲུལ་བསྟན་པས་ཤིན་ཏུ་དད་པར་གྱུར་ཏེ། བུ་ཁྱོད་ཡོན་ཏན་གྱི་ཁྱད་པར་འདི་ལྟ་བུ་ཐོབ་པས་ད་ནི་རབ་ཏུ་བྱུང་ལ་བདག་ལ་ཡང་བརྩེ་བར་གྱིས་ཤིག །དེར་རབ་ཏུ་བྱུང་ཞིང་ཕ་ལ་ཆོས་བསྟན་པས་དེས་ཀྱང་བདེན་པ་མཐོང་ངོ༌། །དེ་ནས་འཕགས་པ་ནག་པོ་སློབ་དཔོན་དུ་བསྟེན་ཏེ། ལྷན་ཅིག་གནས་པའི་ཚུལ་གྱིས་ཡུན་རིང་དུ་གནས་པ་ལས་འཕགས་པ་ནག་པོ་མྱ་ངན་ལས་འདས་ནས། འཁོར་རྣམ་པ་བཞི་ལེགས་མཐོང་ཆེན་པོས་འདུལ་བར་མཛད་དོ། ། དེའི་ཚེ་ནུབ་ཕྱོགས་སིནྡྷུའི་གནས་ན་གནོད་སྦྱིན་མོ་ཧིདྒ་ལཱ་ཙི་ཞེས་བྱ་བ་མཐུ་དང་རྫུ་འཕྲུལ་ཆེ་བ་གནས་ཏེ། དེས་ཡུལ་དང་ཡུལ་དུ་མི་ངས་ཆེན་པོ་དག་ཀྱང་གཏོང་བར་བྱེད། ཡུལ་གྱི་མི་རྣམས་གཞན་དུ་འབྲོས་པར་བརྩམས་པའི་ཚེ་རང་ཉིད་འཇིགས་པའི་གཟུགས་ཀྱིས་འོངས་ནས་ལམ་བཀག་གོ །དེ་ནས་སྐྱེ་བོའི་ཚོགས་ཀྱིས་ཉིན་རེར་བ་ལང་དྲུག་དང་ལྡན་པའི་ཤིང་རྟ་བཟའ་བཅས་བཀང་བ་དང༌། རྟ་མཆོག་རེ་དང༌། སྐྱེས་པ་དང༌། བུད་མེད་རེ་རེ་གཏོར་མར་འབུལ་བར་བྱས་སོ། །དེ་ནས་དུས་གཞན་ཞིག་ན་འཕགས་པ་ལེགས་མཐོང་གིས་དེ་འདུལ་བའི་དུས་ཡིན་པར་མཁྱེན་ནས། སིནྡྷཱུའི་གྲོང་དུ་བསོད་སྙོམས་བླངས་ཏེ་དེའི་གནས་སུ་བྱོན་ནས་གསོལ་བས་འདི་ནི་དགེ་སྦྱོང་ལམ་འཁྱམས་པ་ཅིག་གོ་སྙམ་མོ། །མཐར་ལྷུང་བཟེད་བཀྲུས་པའི་ཁུ་བ་དེའི་གནས་སུ་ཕོ་བས་དེ་ལྷག་པར་ཁྲོས་པར་གྱུར་ཏེ། རྡོ་དང་མཚོན་ཆའི་ཆར་ཕབ་པ་ན་དགྲ་བཅོམ་པས་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་མེ་ཏོག་གི་ཆར་དུ་གྱུར། འཕགས་པས་མོས་པའི་སྟོབས་ཀྱིས་ཕྱོགས་ཐམས་ཅད་མེར་གྱུར་པ་ན་གནོད་སྦྱིན་མོ་ཉིད་ཚིག་པས་འཇིགས་ཏེ་འཕགས་པ་ལ་སྐྱབས་སུ་སོང༌། དེས་ཀྱང་ཆོས་བསྟན་ཏེ་བསླབ་པའི་གནས་ལ་ཡང་དག་པར་བཀོད་དོ། ། ད་ལྟའི་བར་དུ་ཡང་དེ་ལ་ཤ་ཁྲག་གི་མཆོད་པ་བྱེད་པ་མེད་དོ། །གཞན་ཡང་ཕྱིས་འདུལ་བར་བྱེད་པ་པོ་མི་འབྱུང་བར་མཁྱེན་ནས། བསྟན་པ་ལ་མི་དད་པའི་ཀླུ་དང་གནོད་སྦྱིན་ལྔ་བརྒྱ་ཙམ་བཏུལ་ལོ། །དེ་ནས་འཕགས་པ་དེས་ལྷོ་ཕྱོགས་ཀྱི་རྒྱུད་ཀུན་ཏུ་བྱོན་ཏེ། གཙུག་ལག་ཁང་དང༌། དགེ་འདུན་གྱིས་ཁྱབ་པར་བྱས། གླིང་ཕྲན་མང་པོར་ཡང་སངས་རྒྱས་ཀྱི་བསྟན་པ་བཞག །རྒྱ་ཡུལ་ཆེན་པོ་སོགས་སུ་ཡང་ཆོས་ཅུང་ཟད་དར་བར་མཛད་ནས་སེམས་ཅན་དཔག་ཏུ་མེད་པ་བདེ་བ་ལ་བཀོད་དེ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་སོ། །དེ་ཡང་རྒྱལ་པོ་མྱ་ངན་མེད་ཆུང་ངུའི་ཚེ་འཕགས་པ་དྷཱི་ཏི་ཀའི་སྐུ་ཚེའི་སྨད་དང༌། དེ་སྡིག་སྤྱོད་ལ་གནས་པའི་ཚེ་འཕགས་པ་ནག་པོ་དང༌། ཆོས་ཀྱི་རྒྱལ་པོར་གྱུར་པའི་ཚེ་འཕགས་པ་ལེགས་མཐོང་གིས་བསྟན་པ་སྐྱོང་བའི་སྐབས་ཡིན་ཞིང༌། ལེགས་མཐོང་ཆེན་པོ་མྱ་ངན་ལས་འདས་རྗེས་རྒྱལ་པོའང་འདས་སོ། །འཕགས་པ་ཀུན་དགའ་བོ་ནས་ལེགས་མཐོང་གི་བར་ལ་སོ་སོར་རྟོགས་པ་བརྗོད་པ་རེ་ཡོད་པར་སྣང་ཞིང༌། དེ་དག་གི་སྙིང་པོ་ས་དབང་བཟང་པོས་བསྡུས་པ་བཞིན་དུ་བྲིས་སོ། །གཏད་རབས་དེ་དག་བསྟན་པ་རྫོགས་པར་སྐྱོང་བ། སྟོན་པ་སངས་རྒྱས་ཉིད་དང་མཛད་པ་ཕྱོགས་མཚུངས་པ་ཡིན་ལ། དེ་དག་གི་རྗེས་སུ་དགྲ་བཅོམ་པ་མང་དུ་བྱོན་མོད་ཀྱི་སྟོན་པ་དང་མཛད་པ་ཕྱོགས་མཚུངས་པ་འདི་ལྟ་བུ་དག་དང་མཉམ་པ་མ་བྱུང་ངོ༌། །རྒྱལ་བོ་མྱ་ངན་མེད་དང་དུས་མཚུངས་སུ་བྱུང་བའི་གཏམ་གྱི་སྐབས་དེ་བདུན་པའོ།། །། ༨ རྒྱལ་བོ་མྱ་ངན་བྲལ་གྱི་དུས་ཀྱི་གཏམ། རྒྱལ་པོ་མྱ་ངན་མེད་ལ་བུ་བཅུ་གཅིག་ཡོད་པ་ལས་མཆོག་ཏུ་གྱུར་བ་ནི། ཀུ་ན་ལ་སྟེ་རི་གངས་ཅན་ལ་གནས་པའི་བྱ་ཀུ་ན་ལའི་མིག་དང་འདྲ་བའི་མིག་ཡོད་པས་དྲང་སྲོང་ཞིག་གིས་མིང་དེ་ལྟར་བཏགས། དེ་སྒྱུ་རྩལ་ཐམས་ཅད་ལ་མཁས་པར་གྱུར་པའི་ཚེ། མྱ་ངན་མེད་ཀྱི་བཙུན་མོ་སྐར་རྒྱལ་བསྲུངས་མ་ཞེས་བྱ་བ་དེ་ལ་ཆགས་ནས་འབྲིད་དེ་རྔོད་པ་ལས། དེ་བག་ཡོད་པའི་ཕྱིར་དང་དུ་མ་བླངས་པས་སྐར་རྒྱལ་བསྲུངས་མ་ཁྲོས་སོ། །རེས་གཅིག་མྱ་ངན་མེད་བཤང་གཅི་འཁྲུ་སྐྱུགས་གཉིས་ཀར་བྱེད་པའི་ནད་བྱུང་ངོ༌། །རི་བོར་ཞིག་ན་མི་ཕལ་པ་ཅིག་དེ་ལྟར་ན་བ་སྐར་རྒྱལ་བསྲུངས་མས་ཐོས་ཏེ་དེ་བསད་ནས་ལྟོ་བ་ཕྲལ་ཏེ་བལྟས་པས་སྲིན་བུ་ཡན་ལག་མང་བོ་མི་བཟད་པ་ཅིག་མཐོང་ལ་དེ་གྱེན་ཐུར་དུ་འགྲོ་བ་ལས་འཁྲུ་སྐྱུགས་ཡོང་བ་ཤེས་སོ། །དེ་སྨན་གཞན་བཏབ་ཀྱང་མ་ཤི་ལ་སྒོག་སྐྱ་བཏབ་པས་ཤིའོ། །དེ་ནས་སྐར་རྒྱལ་བསྲུངས་མས་རྒྱལ་པོ་ལ་སྒོག་སྐྱའི་སྨན་མར་བཏང་ངོ༌། ། རྒྱལ་རིགས་རྣམས་སྒོག་སྐྱ་མི་ཟ་བ་ཡིན་ནའང་ནད་འཚོ་བའི་དོན་དུ་བསྟེན་པས་དེ་སོས་པ་ན། རྒྱལ་པོས་དམ་པ་སྦྱིན་པར་བྱས་པས་ད་ལྟ་མི་འཚལ་གྱི་དུས་གཞན་ཞིག་ན་གསོལ་ལོ། །ནམ་ཞིག་ན་ནུབ་བྱང་ཨསྨ་པ་རནྟ་ཞེས་བྱ་བ་ཡུལ་ཐག་རིང་པོ་ཞིག་ན་རྒྱལ་པོ་གླང་པོའི་རྣ་བ་ཞེས་བྱ་བ་ངོ་ལོག་པ་འདུལ་བའི་དོན་དུ་རྒྱལ་བུ་ཀུན་ལ་དམག་དང་བཅས་པ་སོང༌། མཐར་རྒྱལ་པོ་དེ་འོག་ཏུ་ཆུད་པ་ཙམ་གྱི་དུས་མྱ་ངན་མེད་ལ་སྐར་རྒྱལ་བསྲུངས་མས་ལྷས་དམ་པ་སྩལ་བའི་དུས་ནི་ད་ལགས་ཏེ་བདག་ལ་ཞག་བདུན་དུ་རྒྱལ་སྲིད་འཚལ་ལོ། །དེས་ཀྱང་བྱིན་པ་ན་ཀུ་ན་ལའི་མིག་ཕྱུང་ཞིག་ཅེས་པའི་ཡི་གེ་བྲིས་ཏེ། རྒྱལ་པོའི་དམ་རྒྱ་བརྐུས་ནས་བཏབ་སྟེ་ཕོ་ཉ་ཨསྨ་པ་རནྟར་བརྫངས་སོ། །དེའི་རྒྱལ་པོས་ཡི་གེ་ཀློག་ཀྱང་ཀུ་ན་ལའི་མིག་འབྱིན་པར་མ་ནུས་ཏེ། དེའི་ཚེ་ཀུ་ན་ལ་ཉིད་ཀྱིས་ཡི་གེ་བཀླགས་བ་ན་རྒྱལ་པོའི་བཀར་ཤེས་ནས་མིག་འབྱིན་པར་བརྩམས་པའི་ཚེ། མིག་ཡ་གཅིག་ཕྱུང་ལ་ངའི་ལག་ཏུ་གཏོད་ཅིག་ཟེར་བ་བཞིན་བྱས་པ་ན། སྔཽན་དགྲ་བཅོམ་པ་ཅིག་གིས་དེ་ལྟར་འགྱུར་བར་ཤེས་ནས་མི་རྟག་པ་ལས་བརྩམས་པའི་ཆོས་མང་དུ་བསྟན་པའི་དོན་རྟག་ཏུ་ཡིད་ལ་བྱེད་བཞིན་པ་ཡིན་པས་མིག་དེ་མཐོང་བས་རྐྱེན་བྱས་ཏེ་རྒྱུན་དུ་ཞུགས་པ་ཐོབ་བོ། །དེ་ནས་གཡོག་དང་བྲལ་བར་པི་ཝང་ལེན་ཞིང་ཡུལ་དང་ཡུལ་དུ་སོང་བ་ལས་མཐར་པ་ཊ་ལི་པུ་ཏྲའི་གླང་བོ་ཆེའི་ར་བར་སླེབ་པ་ལས། གླང་པོ་ཆེ་ཅང་ཤེས་ཀྱིས་ངོ་ཤེས་ཏེ་ཕྱག་བྱས་སོ། །མི་རྣམས་ཀྱིས་ནི་མ་ཤེས་ཏེ་ཐོ་རངས་གླང་རྫི་རྣམས་ཀྱིས་པི་ཝང་ལོངས་ཤིག་ཟེར་བས། ག་མ་ཀའི་གླུ་དང་བཅས་པི་ཝང་བླངས་པས་རྒྱལ་པོས་ཁང་བཟང་གི་རྩེ་མོ་ནས་བུའི་སྐད་འདྲ་བར་ཐོས་སོ། །ནམ་ལངས་པ་ན་བརྟགས་པས་ཡིན་པར་ཤེས་ཏེ། རྒྱུ་མཚན་བརྟགས་པ་ན་རྒྱལ་པོ་རབ་ཏུ་ཁྲོས་ཏེ་སྐར་རྒྱལ་བསྲུངས་མ་རྒྱ་སྐྱེགས་ཀྱི་ཁང་པར་བཅུག་ནས་མེ་ལ་སྲེགས་ཤིག་ཅེས་བརྗོད་པས་དེའི་ཚེ་ཀུ་ན་ལས་དེ་བཟློག་སྟེ། བདག་ནི་སྐལ་རྒྱལ་བསྲུངས་མ་དང༌། བདག་གི་བུ་ལ་མཉམ་པར་བྱམས་ཤིང་སྡང་བའི་སེམས་མེད་ན། མིག་སྔོན་བཞིན་དུ་གྱུར་ཅིག་ཅེས་བདེན་པ་གསོལ་བས་སྔོན་བས་ཀྱང་ལྷག་པའི་མིག་ཐོབ་པར་གྱུར་ཏོ། །དེ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་སྟེ། དེའི་ཕྱིར་ཕྱིས་དེ་རྒྱལ་སྲིད་ལ་ག་ལ་ཞིག་སྟེ། འོན་ཀྱང་དེའི་སྲས་མྱ་ངན་བྲལ་རྒྱལ་སྲིད་དུ་བསྐོས། དེའི་ཚེ་ཟེ་ར་གྷ་པ་ཞེས་བྱ་བ་ཡུལ་ཨོ་ཊི་བི་ཤར་བྱུང་སྟེ། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པ་དཀོན་མཆོག་གསུམ་བླ་མར་བྱེད་པ་ཞིག་ཡིན་ལ། དེ་གཉིད་ལོག་པའི་རྨི་ལམ་དུ་ལྷས་བསྐུལ་ཏེ། ནངས་པར་ཁྱོད་ཀྱི་ཁྱིམ་དུ་དགེ་སློང་ཞིག་བསོད་སྙོམས་ལེན་པར་འབྱུང་ལ། དེ་ནི་མཐུ་ཆེ་བ་རྫུ་འཕྲུལ་ཆེ་བ་ཡིན་པས་ཕྱོགས་ཀུན་གྱི་འཕགས་པ་ཐམས་ཅད་བསྡུ་བར་ནུས་ཏེ། དེ་ལ་གསོལ་བ་ཐོབ་ཅིག་ཅེས་བྱུང་ནས། ནངས་པར་དགྲ་བཅོམ་པ་བསོས་བྱིན་དེའི་ཁྱིམ་དུ་བྱོན་པས་དེ་ལ་གསོལ་བ་བཏབ་སྟེ། འཕགས་པ་བརྒྱད་ཁྲི་ཙམ་འདུས་པ་ལ་ལོ་གསུམ་དུ་དུས་སྟོན་བྱས་པས་བསྟན་པ་ལ་དགའ་བའི་ལྷ་རྣམས་ཀྱིས་དེའི་ཁྱིམ་དུ་རིན་པོ་ཆེའི་ཆར་ཕབ་བོ། །དེས་ཀྱང་ཇི་སྲིད་འཚོའི་བར་དུ་སློང་བ་པོ་འབུམ་ཕྲག་རེ་རེ་ཉིན་རེར་ཚིམ་པར་བྱེད་དོ། །རྒྱལ་པོ་མྱ་ངན་བྲལ་གྱི་དུས་ཀྱི་གཏམ་སྟེ་བརྒྱད་པའོ།། །། ༩ འོད་སྲུང་གཉིས་པའི་དུས་ཀྱི་གཏམ། དེའི་རྗེས་སུ་བྱང་ཕྱོགས་ཡུལ་གནྡྷ་རར་འཁྲུངས་པའི་དགྲ་བཅོམ་པ་འོད་སྲུང་ཞེས་བྱ་བས་བསྟན་པའི་བྱ་བ་རྣམ་པ་གསུམ་གྱིས་སེམས་ཅན་གྱི་དོན་མཛད་པའི་ཚེ། རྒྱལ་པོ་མྱ་ངན་བྲལ་གྱི་བུ་རྒྱལ་པོ་དཔའ་བོའི་སྡེ་ཞེས་བྱ་བ་རྣམ་ཐོས་སྲས་ཀྱི་བཙུན་མོ་ལྷ་མོ་དཔལ་གྲུབ་པས་སེམས་ཅན་ལ་གནོད་པ་ཅུང་ཟད་ཀྱང་མེད་པར་ལོངས་སྤྱོད་ཟད་མི་ཤེས་པ་བྱུང་ངོ༌། །ཕྱོགས་བཞིའི་དགེ་སློང་ཐམས་ཅད་ལ་མཆོད་པར་བྱེད་ཅིང་ལོ་གསུམ་གྱི་བར་དུ་ས་སྟེང་གི་མཆོད་རྟེན་ཐམས་ཅད་ལ་མཆོད་པའི་ཡོ་བྱད་བརྒྱ་ཕྲག་རེས་མཆོད་པར་བྱས་སོ། །དེའི་ཚེ་བཅོམ་བརླག་ཏུ་བྲམ་ཟེ་གྲགས་ལྡན་ཞེས་བྱ་བ་བསྟན་པ་ལ་མངོན་པར་དད་པས་གཙུག་ལག་ཁང་འདམ་བུ་ཅན་ཞེས་བྱ་བ་ཞིག་བཞེངས་ཏེ། དགྲ་བཅོམ་པ་ཡུལ་བསླན་པ་ཞེས་བྱ་བས་ཆོས་བསྟན་པ་ལས་ཕྱོགས་བཞིའི་དགེ་སློང་ཤིན་ཏུ་མང་བ་དག་འདུས་ཏེ། དགེ་སློང་འབུམ་སྙེད་ལ་དུས་སྟོན་ཆེན་པོ་ཡང་བཙུགས། དེའི་ཚེ་ཡུལ་མ་རུ་ཊའི་ཕྱོགས་ཅིག་ན། ཚོང་དཔོན་གྱི་བུ་ལྷ་ཆེན་པོ་ཞེས་བྱ་བ། ཕ་མ་དགྲ་བཅོམ་བསད་པ་སྟེ་མཚམས་མེད་གསུམ་བྱས་པ་ཅིག་རང་གི་སྡིག་པས་ཡིད་འབྱུང་ནས་ཁ་ཆེར་སོང་སྟེ། རང་གི་སྤྱོད་ཚུལ་ཡོངས་སུ་གསང་ནས་དགེ་སློང་བྱས་ཤིང་བློ་རྣོ་བས་སྡེ་སྣོད་གསུམ་པོ་ཡང་ཤིན་ཏུ་བྱང་བར་ཤེས་ནས་ཡིད་ཤིན་ཏུ་འགྱོད་པས་དགོན་པར་ཏིང་ངེ་འཛིན་ལ་བརྩོན་པར་བྱེད་དོ། །དེ་ལ་བདུད་ཀྱིས་བྱིན་གྱིས་བརླབས་ཏེ་ཐམས་ཅད་ཀྱིས་དགྲ་བཅོམ་པར་བཟུང་ནས་རྙེད་བཀུར་ཡང་ཆེར་འཕེལ། འཁོར་དགེ་སློང་མང་པོ་དང་བཅས་ཏེ་གཙུག་ལག་ཁང་འདམ་བུ་ཅན་དུ་ཕྱིན་པས་དགེ་སློང་རྣམས་ཀྱིས་སོ་སོ་ཐར་པའི་མདོ་རེ་མོས་སུ་བཏོན་པའི་ཚེ། ལྷ་ཆེན་པོ་ལ་རེས་བབས་པ་ན། མདོ་འདོན་པའི་མཇུག་ཏུ། ལྷ་རྣམས་མ་རིག་པ་ཡིས་བསླུས། །ལམ་ནི་སྒྲ་ཡི་རྒྱུན་ལས་བྱུང༌། །ཐེ་ཚོམ་ཅན་རྣམས་གཞན་གྱིས་འཇུག །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་སྟོན་པས་འཕགས་པ་རྣམས་དང༌། དགེ་སློང་རྒན་པོ་རྣམས་ཀྱིས་མདོའི་ཚིག་མ་ཡིན་ནོ་ཞེས་བརྗོད་པ་ལས། དགེ་སློང་གཞན་པ་ཕལ་ཆེར་གྱིས་ལྷ་ཆེན་པོའི་གྲོགས་བྱས་ཏེ་རྩོད་པར་གྱུར་ལ། གཞན་ཡང་དེས་མདོའི་དོན་རྣམས་ལ་ལོག་པར་སྟོན་པ་ཡང་མང་དུ་བཤད་ནས། དེ་ཤི་བ་ན་དེའི་རྗེས་སུ་དགེ་སློང་བཟང་པོ་ཞེས་བྱ་བ་བདུད་སྡིག་ཅན་ཉིད་ཀྱི་སྤྲུལ་པ་ཡིན་ནམ་ཡང་ཟེར། དེས་ཀྱང་བཀའི་དོན་རྣམས་ལ་བརྒལ་བརྟག་དང་ཐེ་ཚོམ་གྱི་གནས་མང་པོ་བསྐྱེད་ཅིང༌། གཞན་ལ་ལན་གདབ་པ་དང༌། མ་ཤེས་པ་དང༌། ཡིད་གཉིས་དང༌། ཡོངས་སུ་བརྟག་པ་དང༌། བདག་ཉིད་གསོ་བར་བྱེད་པ་སྟེ་གཞི་ལྔ་ཡོངས་སུ་བསྒྲགས་ནས། འདི་ནི་སྟོན་པའི་བསྟན་པ་ཡིན་ནོ་ཞེས་བསྔགས་པས་བློ་གྲོས་ཐ་དད་པ་མང་པོས་བཀའ་ལ་གོ་བ་འཚོལ་ལུགས་ཐ་དད་པ་བྱུང་སྟེ། ཐེ་ཚོམ་དང་ཡིད་གཉིས་སྣ་ཚོགས་པས་རྩོད་པ་ལང་ལོང་དུ་གྱུར་ཏོ། །ཡུལ་ཐ་དད་ཀྱི་སྐད་ཀྱིས་མདོ་སྣ་ཚོགས་སྟོན་པ་རྣམས་ཀྱང་ཡིག་རིགས་དང་ངག་སྒྲོས་ཅུང་ཟད་ཅུང་ཟད་འཆུགས་པས་ཚིག་སྣ་རིང་ཐུང་སྣ་ཚོགས་པ་བྱུང་ངོ༌། ། དེར་དགྲ་བཅོམ་པ་སོགས་མཁས་པའི་སྐྱེ་བོ་རྣམས་ཀྱིས་རྩོད་པ་དེ་ཞི་བར་བརྩམས་ཀྱང་སོ་སོ་སྐྱེ་བོའི་དགེ་སློང་རྣམས་བདུད་ཀྱིས་ནོན་ཏེ་རྩོད་པ་མ་ ཞིའོ། །ལྷ་ཆེན་པོ་དང་བཟང་པོ་ནམ་ཤི་བར་གྱུར་པ་དེའི་ཚེ་དེ་གཉིས་ཀྱི་ངང་ཚུལ་དགེ་སློང་རྣམས་ཀྱིས་ཤེས་སོ། །དགྲ་བཅོམ་པ་འོད་སྲུང་གཉིས་པ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་ཡུལ་མ་ཐུ་ར་སྟེ་བཅོམ་བརླག་ཏུ་འཕགས་པ་སྤུ་ཆེན་པོ་དང༌། འཕགས་པ་དགའ་བ་ཅན་ཞེས་བྱ་བས་བསྟན་པའི་བྱ་བ་མཛད་དོ། །འོད་སྲུང་གཉིས་པའི་དུས་ཀྱི་གཏམ་སྟེ་དགུ་པའོ།། །། ༡༠ འཕགས་པ་སྤུ་ཆེན་སོགས་ཀྱི་དུས་ཀྱི་གཏམ། འཕགས་པ་སྤུ་ཆེན་པོ་དང༌། འཕགས་པ་དགའ་བ་ཅན་གྱིས་བསྟན་པ་བསྐྱངས་ཏེ་མི་རིང་བ་ན་རྒྱལ་པོ་དཔའ་བོའི་སྡེ་འདས་ཏེ། དེའི་བུ་དགའ་བོས་རྒྱལ་སྲིད་བྱས། ལོ་ཉེར་དགུའི་བར་དུ་རྒྱལ་སྲིད་བསྐྱངས། རྒྱལ་པོ་དེས་ནི་ཤ་ཟ་པི་ཁུ་བ་ཞེས་བྱ་བ་གྲུབ་ནས། སྙིམ་པ་ནམ་མཁར་བཟེད་པ་ན་རིན་པོ་ཆེས་གང་བར་འགྱུར་རོ། །དེའི་ཚེ་ཡུལ་གསེར་བྲེར་བྲམ་ཟེ་མཁས་པ་ཞེས་བྱ་བ་བྱུང་སྟེ། ཕྱོགས་བཞིའི་དགེ་སློང་ཐམས་ཅད་བསྡུས་ནས་ལོ་བདུན་དུ་དུས་སྟོན་ཆེན་པོ་བྱས་སོ། །དེའི་འོག་ཏུ་ཀ་ཤི་ཝཱ་རཱ་ཎ་སཱིར་རྒྱལ་པོས་ལོ་མང་དུ་འཚོ་བ་སྦྱར་ཏེ་དགེ་སློང་རྣམས་མཆོད་པ་ལས། འདིའི་དུས་སུ་དགེ་སློང་ཀླུ་ཞེས་བྱ་བ་མང་དུ་ཐོས་པས་གཞི་ལྔ་པོ་ཡང་ནས་ཡང་དུ་བསྔགས་ཏེ་དགེ་འདུན་གྱི་རྩོད་པ་ཆེར་བསྐྱེད་ནས་སྡེ་པ་བཞིར་གྱེས་སོ། །དེར་འཕགས་པ་ཆོས་ཀྱི་ཚོང་དཔོན་ཞེས་བྱ་བ་དགྲ་བཅོམ་པ་ཐོབ་སྟེ་རབ་ཏུ་ཞི་བའི་དགེ་སློང་གི་ཚོགས་དང་བཅས་པ་རྩོད་པ་ཅན་གྱི་དགེ་འདུན་གྱི་ཚོགས་བོར་ནས། བྱང་ཕྱོགས་ཀྱི་རྒྱུད་དུ་སོང་ངོ༌། །རྒྱལ་པོ་དགའ་བོའི་གྲོགས་པོ་བྲམ་ཟེ་པཱ་ཎི་ནི་ཡིན་ཏེ། ཡུལ་ནུབ་ཕྱོགས་བྷི་རུ་ཀའི་ཚལ་དུ་སྐྱེས་ཏེ། སྒྲ་རིག་པ་ཤེས་སམ་མི་ཤེས་ལག་རིས་མཁན་ལ་བསྟན་པས་མི་ཤེས་པར་ལུང་བསྟན་པ་ལ། ཆུ་གྲི་རྣོན་པོས་ལག་རིས་བཅོས་ཏེ་ས་སྟེང་གི་བརྡ་སྤྲོད་པའི་སློབ་དཔོན་མཐའ་དག་བསྟེན། ལེགས་པར་བསླབས་ཤིང་ཤེས་ཀྱང་ད་དུང་མ་ཚིམ་སྟེ་ཡི་དམ་གྱི་ལྷ་རྩེ་གཅིག་ཏུ་བསྒྲུབས་པས་ཞལ་བསྟན་ཏེ། ཨ་ཨི་ཨུ་ཞེས་གསུངས་པ་ཙམ་གྱིས་འཇིག་རྟེན་གསུམ་ན་ཡོད་པའི་སྒྲའི་གནས་ཐམས་ཅད་ཤེས་ སོ། །འདི་ནི་ཕྱི་པ་རྣམས་དབང་ཕྱུག་ཡིན་ཟེར་ཡང་ཕྱི་པ་རང་ལ་ཡང་དེའི་ཁུངས་མེད། ནང་པ་རྣམས་སྤྱན་རས་གཟིགས་ཡིན་ཟེར་བ། བྲམ་ཟེའི་ཁྱེའུ་པཱ་ཎི་ ནི། །ངེས་པར་ཉན་ཐོས་བྱང་ཆུབ་ཏུ། །ང་ཡིས་ལུང་བསྟན་བྱས་པ་ཡིན། །འཇིག་རྟེན་དབང་ཕྱུག་བདག་ཉིད་ཆེ། །དེ་ཡང་དེ་ཡི་སྔགས་ཀྱིས་འགྲུབ། །ཅེས་འཇམ་དཔལ་རྩ་རྒྱུད་ལས་ལུང་བསྟན་པས་ཁུངས་དང་ལྡན་པའོ། ། དེས་པཱ་ཎི་བྱཱ་ཀ་ར་ཎ་ཞེས་བྱ་བའི་བསྟན་བཅོས་སྒྲ་སྦྱོར་བའི་མདོ་ཤློ་ཀ་སྟོང་དང༌། བྱེ་བྲག་ཕྱེད་པའི་མདོ་ཤློ་ཀ་སྟོང་སྟེ་ཉིས་སྟོང་ཡོད་པ་ཞིག་མཛད་དོ། །འདི་ནི་སྒྲའི་སྦྱོར་བ་མཐའ་དག་གི་རྩ་བ་ལྟ་བུ་ཡིན་ཏེ། དེ་ཡན་ཆད་དུ་སྒྲའི་སྦྱོར་བ་རྣམས་ཡི་གེར་འཁོད་པའི་བསྟན་བཅོས་ཀྱང་མང་ཅིང་ཕྱོགས་གཅིག་ཏུ་བསྒྲིགས་པའི་རིམ་པའང་མེད་པས། སྔོན་གྱི་སྒྲ་མཁན་རྣམས་ནི་སྒྲ་སྦྱོར་རེ་རེ་གཉིས་གཉིས་ནས་བརྩམས་ཏེ་ཐོར་བ་མཐའ་དག་བསགས་པས་མང་པོ་ཤེས་པར་གྱུར་པ་ཁོ་ན་ཡིན་པར་གྲགས་སོ། །ཨིནྡྲ་བྱཱ་ཀ་ར་ཎ་སྔ་བ་ཡིན་པར་བོད་ལ་གྲགས་ཀྱང་ལྷ་ཡུལ་དུ་བྱུང་བ་སྔ་བ་ཡིན་པར་སྲིད་ཀྱང༌། འཕགས་པའི་ཡུལ་དུ་བྱུང་བ་སྔ་བ་ནི་མ་ཡིན་ཏེ་འོག་ཏུ་འཆད་དོ། །བོད་དུ་འགྱུར་བའི་ཙནྡྲ་བྱཱ་ཀ་ར་ཎ་ནི་པཱ་ཎི་པ་དང་མཐུན་ལ། ཀཱ་ལཱ་པ་བྱཱ་ཀ་ར་ཎ་ནི་ཨིནྡྲའི་ལུགས་དང་མཐུན་ནོ་ཞེས་པཎྜི་ཏ་རྣམས་གསུང་ལ། ཁྱད་པར་པཱ་ཎི་བྱཱ་ཀ་ཏ་ཎ་ནི་ལྷག་པར་དོན་རྒྱས་པའི་ཕྱིར་དེ་ཆ་ལག་དང་བཅས་པར་རྫོགས་པར་ཤེས་པ་ནི་ཤིན་ཏུ་དཀོན་པར་གྲགས་སོ། །འཕགས་པ་སྤུ་ཆེན་པོ་ལ་སོགས་པའི་དུས་ཀྱི་གཏམ་སྟེ་ཅུ་པའོ།། །། ༡༡ རྒྱལ་པོ་པདྨ་ཆེན་པོའི་དུས་ཀྱི་གཏམ། བྱང་ཕྱོགས་མཐའ་འཁོབ་ཀྱི་ཡུལ་ནགས་ཀྱི་ས་ཞེས་བྱ་བར་རྒྱལ་པོ་མེ་བྱིན་ཞེས་བྱ་བ་བྱུང་སྟེ། དེས་དགྲ་བཅོམ་པ་ཆོས་ཀྱི་ཚོང་དཔོན་ལ་སོགས་པ་འཕགས་པ་སུམ་སྟོང་ཙམ་ལོ་སུམ་ཅུ་ལྷག་ཙམ་དུ་མཆོད་དོ། །ཡུལ་དབུས་སུ་ནི་འཕགས་པ་གཏོང་བ་ཆེན་པོ་ཞེས་བྱ་བས་བསྟན་པ་སྐྱོང་བར་མཛད་ཅིང༌། གྲོང་ཁྱེར་མེ་ཏོག་ཏུ་རྒྱལ་པོ་དགའ་བོའི་བུ་པདྨ་ཆེན་པོ་ཞེས་བྱ་བས་དགེ་འདུན་ཐམས་ཅད་མཆོད་པར་བྱེད་པ་ལས། གནས་བརྟན་ཀླུའི་རྗེས་སུ་ཞུགས་པ་དགེ་སློང་ཡིད་བརྟན་པ་ཞེས་བྱ་བས། གཞི་ལྔ་ཡོངས་སུ་བསྒྲགས་ཏཻ་རྩོད་པ་རྒྱ་ཆེར་སྤེལ་བས། སྡེ་པ་བཞི་ཡང་རིམ་གྱིས་བཅོ་བརྒྱད་དུ་གྱེས་པའི་མགོ་བརྩམས། རྒྱལ་པོ་པདྨ་ཆེན་པོའི་གྲོགས་བྲམ་ཟེ་བཟང་པོ་དང༌། བྲམ་ཟེ་མཆོག་སྲེད་ཟེར་བ་གཉིས་བྱུང༌། དེ་གཉིས་ཀས་དགེ་འདུན་ལ་མཆོད་པ་ཆེན་པོ་བྱས། བྲམ་ཟེ་བཟང་པོ་ནི་རིག་སྔགས་ཀྱི་མཐུས་ཡུལ་ཐ་དད་པ་གང་དུ་ཕྱིན་པ་དེར་ཡུལ་དེའི་མི་མ་ཡིན་ལས་ལོངས་སྤྱོད་ཐམས་ཅད་ལེན་པར་བྱེད་པ་ལས། བྲམ་ཟེ་སྟོང་བརྒྱད་བརྒྱ། དགེ་སློང་ཉིས་སྟོང༌། གཞན་ཀུན་ཏུ་རྒྱུ་དང་སྤྲང་པོ་ལ་སོགས་པ་ཁྲི་ཁྲག་རེ་ཉིན་རེར་ཡོ་བྱད་ཐམས་ཅད་ཀྱིས་ཚིམ་པར་བྱེད་པ་ཅིག་བྱུང༌། མཆོག་སྲེད་ནི་རིགས་སྔགས་གྲུབ་པའི་ཤིང་ལོའི་མཆིལ་ལྷམ་ཟུང་ཞིག་ཡོད་དོ། །དེ་གྱོན་ནས་ལྷ་དང་ཀླུ་ལ་སོགས་པའི་གནས་ནས་ཀྱང་ཡོ་བྱད་བཟང་པོ་དག་བླངས་ནས་སློང་བ་པོ་མགུ་བར་བྱེད་པ་ཅིག་ཡིན་པ་ལ། འོན་ཀྱང་དུས་ལན་ཅིག་རྒྱལ་པོ་དང་མི་མཛའ་བར་གྱུར་ཏེ། འདི་ཡིས་བདག་ལ་རིག་སྔགས་ངན་པ་བྱེད་དམ་སྙམ་ནས་དེ་གསོད་པའི་ཕོ་ཉ་བ་བཀྱེ་བ་ལས། དེ་མཆིལ་ལྷམ་གྱོན་ནས་གྲོང་ཁྱེར་འཕགས་རྒྱལ་དུ་བྲོས་སོ། །མཐར་རྒྱལ་པོས་བསླུས་ཏེ་བུད་མེད་ཅིག་གིས་དེའི་མཆིལ་ལྷྭམ་བརྐུས་ནས་འབྲོས་མ་ནུས་པ་ལ་གཤེད་མས་བསད། རྒྱལ་པོས་ཀྱང་བྲམ་ཟེ་བསད་པའི་སྡིག་སྦྱོང་ལ་གཙུག་ལག་ཁང་ཉི་ཤུ་རྩ་བཞི་བཞེངས། དེ་ཐམས་ཅད་དུ་ཡོ་བྱད་ཕུན་སུམ་ཚོགས་པའི་ཆོས་ཀྱི་གཞི་བྱས་སོ། །འགའ་ཞིག་འདིའི་དུས་སུ་བཀའ་བསྡུ་བ་གསུམ་པ་བྱུང་བར་འདོད་ནའང་ཅུང་མིན་པར་མངོན། མཆོག་སྲེད་ཅེས་བྱ་བ་དེས་བྱེ་བྲག་ཏུ་བཤད་པའི་གླེགས་བམ་མང་དུ་བྲིས་ཏེ་ཆོས་སྨྲ་བ་རྣམས་ལ་བྱིན་ནོ་ཞེས་འབྱུང་ལ། བཀའི་གླེགས་བམ་ཅི་རིགས་པ་ནི་སྟོན་པ་བཞུགས་པའི་དུས་ཉིད་ནས་ཀྱང་ཡོད། དགོངས་འགྲེལ་གྱི་བསྟན་བཅོས་གླེགས་བམ་དུ་འཁོད་པའི་ཐོག་མ་འདི་ཡིན་ནོ་ཞེས་ཟེར་ལ། དེ་ལ་བྱེ་བྲག་ཏུ་བཤད་པའི་དོན་ནི་ཞིབ་མོར་བཤད་པའི་དོན་ཡིན་ཞིང༌། དེ་ཡང་སྔོན་སྟོན་པ་ཉིད་ཀྱི་བཀའ་ཇི་ལྟ་བའི་ཚིག་བརྗོད་ནས་དེའི་གདམས་ངག་སྟོན་པ་དང༌། དེ་ཉིད་དུ་བཀའི་དོན་འགྲེལ་པར་བྱེད་པ་ལས། མདོ་སྡེ་ལས་གོ་སླ་བའི་བསྟན་བཅོས་ལོགས་སུ་བྱེད་པ་མེད་དོ་ཕྱིས་མ་འོངས་པའི་སེམས་ཅན་གྱི་དོན་དུ་བྱེ་བྲག་ཏུ་བཤད་པའི་བསྟན་བཅོས་བྱས་ཏེ། ཁ་ཅིག་ནི་ཉེ་སྦས་ཀྱི་དུས་སུ་དགྲ་བཅོམ་པ་རྣམས་ཀྱིས་སྤྱི་མཐུན་དུ་བརྩམས་ཞེས་དང༌། ཁ་ཅིག་ནི་གྲགས་པ་དང་ཐམས་ཅད་འདོད་ལ་སོགས་པས་བྱས་པར་འདོད་ཅིང༌། བོད་རྣམས་ནི་ཐམས་ཅད་འདོད་དང༌། སྒུར་པོ་ལ་སོགས་པ་དགྲ་བཅོམ་ལྔ་བརྒྱས་བྱང་ཕྱོགས་རི་བོ་འབིགས་བྱེད་གར་མཁན་གྱི་གཙུག་ལག་ཁང་དུ་མཛད་ཟེར་བ་ནི་ལུགས་སྔ་མ་དེ་གཉིས་ཆར་བསྲེས་པའི་གཏམ་དུ་སྣང་ཞིང༌། གང་ལྟར་ཡང་དགྲ་བཅོམ་དེ་དག་གི་གསུང་རྒྱུན་ཕྱོགས་གཅིག་ཏུ་བསྒྲིགས་པ་གནས་བརྟན་རྣམས་ཀྱི་རྣ་བ་ནས་རྣ་བར་བརྒྱུད་པ་ཕྱིས་ཡི་གེར་བཀོད་པའོ། ། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལུགས་ལྟར་ན་མངོན་པ་སྡེ་བདུན་བཀར་འདོད་པས་དགོགས་འགྲེལ་གྱི་བསྟན་བཅོས་ཀྱི་ཐོག་མ་ནི་བྱེ་བྲག་ཏུ་བཤད་པ་ཡིན་པར་འདོད་ལ། མདོ་སྡེ་བ་རྣམས་ལྟར་ན་བྱེ་བྲག་ཏུ་བཤད་པའི་སྔོན་ལ་བྱུང་བའི་མངོན་པ་སྡེ་བདུན་ཡང་ཉན་ཐོས་སོ་སོ་སྐྱེ་བོ་དག་གིས་བྱས་ནས། སྟོན་པའི་གསུང་ཤཱ་རིའི་བུ་ལ་སོགས་པས་བསྡུས་པར་ཁ་འཕངས་པར་འདོད་པས་དགོངས་འགྲེལ་གྱི་བསྟན་བཅོས་ཀྱི་ཐོག་མ་སྡེ་མདུན་ཡིན་ནོ། །སློབ་དཔོན་འགའ་ཞིག་ནི་སྡེ་བདུན་ཉིད་དང་པོར་སངས་རྒྱས་ཀྱི་བཀའ་ཡིན་ཡང་བར་དུ་ཉན་ཐོས་སོ་སོ་སྐྱེ་བོ་དག་གིས་བྱས་པའི་ཚིག་བཅུག་པའང་ཡིན་དུ་རུང་སྟེ། སྡེ་པ་ཐ་དད་པའི་མདོ་སྡེ་འགའ་ཞིག་བཞིན་ནོ། །དེས་ན་ཚད་མ་གསུམ་དང་འགལ་བའི་ནོར་བ་ཡོད་པ་དག་ནི་ཕྱིས་ལྷད་དུ་བཅུག་པའི་ཚིག་ཡིན་པར་བྱ་དགོས་སོ། ། ཐེག་པ་ཆེན་པོ་ལ་མངོན་པའི་སྡེ་སྣོད་ལོགས་ན་ཡོད་པ་བཞིན་ཉན་ཐོས་ལ་ཡང་འབྱུང་དགོས་ལ། སྡེ་སྣོད་གསུམ་དོན་ཕན་ཚུན་དུ་འབྲེལ་བར་གནས་པ་བདེན་མོད་ཀྱང་སྡེ་སྣོད་གཞན་གཉིས་ལ་གླེགས་བམ་ཐ་དད་པར་འབྱུང་ཞིང༌། མ་མོ་ལ་དེ་ལྟར་མི་འབྱུང་བའི་རྒྱུ་མཚན་མེད་དོ། །ཞེས་འདོད་དོ། །འདོད་པ་ཕྱི་མ་འདི་འཐད་འཐད་འདྲ་ཡང་སློབ་དཔོན་ཆེན་པོ་དབྱིག་གཉེན་ནི་མདོ་སྡེ་བའི་འདོད་པ་དང་མཐུན་པར་བཞེད་བཞེད་འདྲ་བས་རེ་ཞིག་དེ་ལྟར་ཁས་བླང་ངོ༌། །འགའ་ཞིག་བཀའ་མ་ཡིན་ཏེ། ནོར་བ་དུ་མ་ཡོད་པའི་ཕྱིར་ཤཱ་རིའི་བུ་ལ་སོགས་པས་བྱས་སོ་ཞེས་སྨྲ་བ་ཤིན་ཏུ་བླུན་པོའི་གཏམ་སྟེ། མཆོག་ཟུང་གཅིག་ནི་སྟོན་པའི་སྔོན་དུ་མྱ་ངན་ལས་འདས་པ་ཡིན་ལ། སྟོན་པ་བཞུགས་པའི་དུས་སུ་དགོངས་འགྲེལ་གྱི་བསྟན་བཅོས་བྱེད་པ་ཡང་མེད་པ་དང༌། སྟོན་པ་མངོན་སུམ་བཞུགས་བཞིན་དུ་བཀའི་དོན་ལོག་པར་འགྲེལ་པ་བྱུང་ན་ཧ་ཅང་ཐལ་བ་དང༌། སངས་རྒྱས་ཀྱི་བསྟན་པའི་དབང་དུ་བྱས་པ་གཞིར་བཞག་ལ། བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་ཀྱི་ཁྱད་པར་ཡང་སྟོན་པ་ཉིད་མངོན་སུམ་དུ་བཞུགས་པའི་དུས་སུ་བྱུང་བ་དང༌། མྱ་ངན་ལས་འདས་པའི་འོག་རོལ་ཏུ་བྱུང་བ་ཙམ་ཞིག་ལ་འཇོག་དགོས་པའི་ཕྱིར་དང༌། མཆོག་ཟུང་གཅིག་ལ་སོགས་པས་བཀའི་དོན་ལོག་པར་འགྲེལ་ན་ནི། དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། ཞེས་པའི་དཔང་དུ་གྱུར་པའི་སྐྱེ་བོ་ངོས་འཛིན་རྒྱུ་མེད་པའི་ཕྱིར་དང༌། དགྲ་བཅོམ་པ་རྣམས་ཀྱིས་ཀྱང་དེ་ཉིད་མ་མཐོང་བ་ཡིན་ན། ཉན་ཐོས་ལུགས་ལ་དེ་ཉིད་མཐོང་བའི་གང་ཟག་མི་སྲིད་པར་ཐལ་བར་འགྱུར་བའི་ཕྱིར་ རོ། །དེས་ན་སྟོན་པ་ཉིད་ཀྱི་རྣམ་པར་འཕྲུལ་པ་ལས་བྱུང་བའི་དགྲ་བཅོམ་པ་ཆེན་པོ་རྣམས་ལ་སྙིང་ཐག་པ་ནས་སྐུར་བ་འདེབས་པ་འདི་ནི་བདུད་ཀྱི་བྱིན་རླབས་སུ་རིག་པར་བྱའོ། །རྒྱལ་པོ་པདྨ་ཆེན་པོ་དང་དུས་མཉམ་པ་ལས་ཅུང་ཟད་ཕྱི་བ་ཙམ་ན། ཡུལ་ཨོ་ཊི་བི་ཤར་རྒྱལ་པོ་ཟླ་བསྲུང་བ་ཞེས་བྱ་བ་བྱུང་སྟེ། དེའི་ཁྱིམ་དུ་འཕགས་པ་འཇམ་དཔལ་དགེ་སློང་གི་ཚུལ་གྱིས་བྱོན་ཏེ། ཐེག་པ་ཆེན་པོའི་ཆོས་ཅི་རིགས་བ་བསྟན་ཞིང༌། གླེགས་བམ་ཞིག་ཀྱང་བཞག་གོ་ཞེས་འབྱུང་ལ་དེ་ནི་མདོ་ལུགས་པ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ཡིན་པར་འདོད་ལ། སྔགས་པ་རྣམས་ནི་ཏ་ཏྭ་སཾ་གྲ་ཧ་སྟེ་དེ་ཁོ་ན་ཉིད་བསྡུས་པ་ཡིན་ནོ་ཞེས་ཟེར་སྟེ། གང་ལྟར་ཡང་མི་འགལ་མོད་སྔ་མ་ལྟར་འཐད་དམ་སེམས་ སོ། །འདི་ནི་སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་ཐེག་པ་ཆེན་པོ་མི་ཡུལ་དུ་བྱུང་བའི་ཐོག་མ་ཡིན་ནོ། །རྒྱལ་པོ་པདྨ་ཆེན་པོའི་དུས་ཀྱི་གཏམ་སྟེ་བཅུ་གཅིག་ པའོ།། །། ༡༢ བཀའ་བསྡུ་གསུམ་པའི་དུས་ཀྱི་གཏམ། དེའི་རྗེས་སུ་ཁ་ཆེའི་ཡུལ་དུ་རྒྱལ་པོ་སེང་གེ་ཞེས་བྱ་བ་ཞིག་བྱུང་སྟེ། དཻ་རབ་ཏུ་བྱུང་ནས་མིང་ལེགས་མཐོང་ཞེས་བྱ་བར་བཏགས་ཏེ་དགྲ་བཅོམ་པ་ཐོབ་ནས་ཁ་ཆེར་ཆོས་བསྟན་ནོ། །དེ་ཛ་ལནྡྷ་རའི་ཡུལ་གྱི་རྒྱལ་པོ་ཀ་ནིཥྐ་ཞེས་བྱ་བས་ཐོས་ཏེ། ལྷག་པར་དད་ནས་བྱང་ངོས་ཁ་ཆེར་ཕྱིན་ཏེ་འཕགས་པ་སེང་གེ་ལེགས་མཐོང་ལས་ཆོས་ཉན་ཏེ་དེས་ཀྱང་བྱང་ཕྱོགས་ཀྱི་མཆོད་རྟེན་ཐམས་ཅད་ལ་མཆོད་པ་རྒྱ་ཆེར་བྱས། ཕྱོགས་བཞིའི་དགེ་འདུན་རྣམས་ལ་དུས་སྟོན་ཡང་མང་དུ་བཙུགས་སོ། །དེའི་ཚེ་དགེ་སློང་ཡང་དག་རྒྱལ་བ་ཅན་ཞེས་བྱ་བ་དགྲ་བཅོམ་པར་གྲགས་པ་ཞིག་གིས་ཆོས་མང་དུ་བསྟན། དབང་ཆེན་པོར་གྱུར་པས་བྲམ་ཟེ་དང་ཁྱིམ་བདག་དག་ལས་ཡོ་བྱད་མང་དུ་བླངས་ཏེ། དགེ་འདུན་འབུམ་ཕྲག་གཉིས་ཀྱིས་ཆོས་བགྲོ་བར་བྱས། དེ་ཙམ་ན་སྡེ་པ་བཅོ་བརྒྱད་དུ་སོ་སོར་གྱེས་གྲུབ་ཅིང༌། ཕན་ཚུན་ཆེར་རྩོད་པ་མེད་པས་གནས་སོ། ཁ་ཆེའི་ཡུལ་དུ་བྲམ་ཟེ་སུ་ཏྲ་ཞེས་བྱ་བ་ཡོ་བྱད་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཞིག་ཡོད་དེ། དེས་བྱེ་བྲག་ཏུ་སྨྲ་བའི་བཙུན་པ་ཆོས་སྐྱོབ་འཁོར་བཅས་དང༌། མདོ་སྡེ་པའི་ཐོག་མ་ཁ་ཆེའི་བཙུན་པ་ཆེན་པོ་གནས་བརྟན་འཁོར་དགེ་སློང་ལྔ་སྟོང་དང་བཅས་པ་རྟག་ཏུ་མཆོད་པར་བྱེད་ཅིང༌། སྡེ་སྣོད་གསུམ་ལྷག་པར་རྒྱས་པར་བྱས་སོ། །དེ་ལ་ལུང་དཔེའི་ཕྲེང་བ་དང༌། སྡེ་སྣོད་འཛིན་པའི་དཔེ་མཁྱུད་ལ་སོགས་པ་མདོ་སྡེ་པའི་ལུང་ངོ༌། །དེའི་ཚེ་ཤར་ཕྱོགས་ནས་འཕགས་པ་རྩིབས་ལོགས་ཞེས་བྱ་བ་དགྲ་བཅོམ་པ་མང་དུ་ཐོས་པའི་མཐར་ཕྱིན་པ་ཞིག་བྱུང་སྟེ། དེས་གནས་བརྟན་མང་དུ་ཐོས་པ་འགའ་ལས་གསེར་ཕྲེང་ཅན་གྱི་རྟོག་བརྗོད་ཅེས་བྱ་བ་རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་ལུང་བསྟན་པའི་མདོ་ལ་སོགས་པ་མདོ་ཤིན་ཏུ་དཀོན་པ་དག་ཀྱང་འདོན་པར་བྱེད་དོ། །དེ་རྒྱལ་པོ་ཀ་ནིཥྐས་ཐོས་ནས། ཁ་ཆེའི་ཡུལ་སྣ་རྒྱན་ནགས་ཀྱི་གཙུག་ལག་ཁང་ཞེས་བྱ་བར་དགེ་སློང་མཐའ་དག་འདུས་ནས་བཀའ་བསྡུ་བ་གསུམ་པ་བྱས་ཞེས་ཁ་ཆེ་བ་རྣམས་ཟེར་ལ། གཞན་དག་ནི་ཛ་ལནྡྷ་རའི་དགོན་པ་ཀུ་པ་ནའི་གཙུག་ལག་ཁང་དུ་བསྡུས་པར་འདོད་པ་ལས། མཁས་པ་ཕལ་ཆེར་ཕྱི་མ་འཐད་པར་མཛད་ དོ། །དེ་ལ་བོད་རྣམས་ལྟར་ན། དགྲ་བཅོམ་པ་ལྔ་བརྒྱ་དང༌། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དང༌། སོ་སོ་སྐྱེ་བོའི་པཎྜི་ཏ་ལྔ་བརྒྱ་འདུས་ནས་བསྡུས་ཟེར་ཡང༌། ཐེག་ཆེན་ལུགས་ལྟར་ན་དོན་ལ་མི་འཐད་པ་མེད་མོད། འོན་ཀྱང་དུས་དེ་ཙམ་ནས་སངས་རྒྱས་པའི་མཁས་པ་ཆེན་པོ་རྣམས་ལ་བཙུན་པ་ཆེན་པོ་ཟེར་བ་མ་གཏོགས། པཎྜི་ཏའི་མིང་གིས་འབོད་པ་མེད་པས་པཎྜི་ཏ་ལྔ་བརྒྱ་ཟེར་བ་མི་ལེགས་སོ། ། འགོས་གཞོན་ནུ་དཔལ་གྱིས་གཏད་རབས་ཀྱི་འཕྲོས་ནས་རྒྱ་དཔེ་འཁྱར་པོ་ཤོག་བྱང་གཅིག་བསྒྱུར་བ་ན་ཡང་བཱ་སུ་མི་ཏྲ་ལ་སོགས་པ་བཙུན་པ་བཞི་བརྒྱ་དང་ཞེས་འབྱུང་བ་ལྟར་ལེགས་སོ། །འོན་ཀྱང་འདིའི་བཱ་སུ་མི་ཏྲ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཆེན་པོ་དབྱིག་བཤེས་ཡིན་པར་བསམས་ན་མི་རུང་ལ། གཞན་ཡང་འདི་དག་ཉན་ཐོས་ཀྱི་བསྟན་པའི་དབང་དུ་བྱས་པ་ཡིན་པས་ཉན་ཐོས་རྣམས་ཉིད་ཀྱི་ལོ་རྒྱུས་དང་མཐུན་པར་བྱས་ན་ལེགས་པས། དགྲ་བཅོམ་པ་ལྔ་བརྒྱ་དང༌། སྡེ་སྣོད་འཛིན་པ་བཙུན་པ་ཆེན་པོ་ལྔ་སྟོང་ཞིག་གིས་བསྡུས་སོ་ཞེས་གྲགས་ལ། དེ་ཡང་དོན་དུ་ནི་བསྟན་པའི་ཆེ་བ་དབྱུང་བའི་ཕྱིར་དགྲ་བཅོམ་པ་ལྔ་བརྒྱ་ཞེས་སྨོས་པར་ཟད་ཀྱི། ཡང་དག་པར་ན་དགྲ་བཅོམ་པ་ཉུང་ངུ་ཞིག་དང༌། འབྲས་བུ་ཐོབ་པ་རྒྱུན་ཞུགས་ཡན་ཆད་བསྡུས་པས་ལྔ་བརྒྱར་ལོངས་པ་ཙམ་མོ། །དེ་ཡང་ལྷ་ཆེན་པོ་དང་བཟང་པོ་མ་བྱུང་བ་ཡན་ཆད་དུ་འབྲས་བུ་ཐོབ་པ་ཉིན་རེར་ཡང་ཤིན་ཏུ་མང་པོ་འབྱུང་བ་ལས། །དེ་གཉིས་ཀྱིས་བསྟན་པ་དཀྲུགས་ཏེ་རྩོད་པ་བྱུང་བ་ནས་དགེ་སློང་རྣམས་རྣལ་འབྱོར་ལ་མི་བརྩོན་པར་རྩོད་པའི་དོན་སེམས་པ་ཉིད་ཀྱིས་འབྲས་བུ་ཐོབ་པའང་ཤིན་ཏུ་ཉུང་བར་གྱུར་ལ། དེའི་ཕྱིར་བསྡུ་བ་གསུམ་པའི་དུས་འདི་ཙམ་ན་དགྲ་བཅོམ་བ་ཉུང་ངོ༌། །དེ་ལ་རྒྱལ་པོ་དཔའ་བོའི་སྡེའི་ཚེའི་སྨད་དང༌། རྒྱལ་པོ་དགའ་བོ་དང་པདྨ་ཆེན་པོའི་ཚེ་རིལ་པོ་དང༌། རྒྱལ་པོ་ཀ་ནཥྐའི་ཚེའི་སྟོད་ཡན་ཏེ་རྒྱལ་པོ་བཞིའི་རིང་ལ་དགེ་འདུན་རྩོད་པར་གྱུར་ཞིང༌། རྩོད་པ་དྲག་པོ་ལོ་དྲུག་ཅུ་རྩ་གསུམ་ཙམ་བྱུང་ཞིང༌། སྔ་ཕྱིར་རྩོད་པ་ཅི་རིགས་ཡོད་པ་དང་བཅས་ན་ལོ་བརྒྱར་ཉེ་བ་ཙམ་བྱུང་ངོ༌། །དེ་ཞི་ནས་བསྡུ་བ་གསུམ་པའི་ཚེ་སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་བསྟན་པ་རྣམ་དག་ཏུ་བསྒྲུབས་ཤིང་འདུལ་བ་ཡི་གེར་བཀོད་ལ། མདོ་སྡེ་དང་མངོན་པ་སྔར་ཡི་གེར་མ་འཁོད་པ་རྣམས་ཀྱང་ཡི་གེར་བཀོད་ཅིང༌། སྔར་འཁོད་པ་རྣམས་ལའང་དག་ཐེར་བྱས་སོ། །དེ་དག་གི་དུས་ཀྱི་ཚེ་ཐེག་པ་ཆེན་པོའི་གསུང་རབ་ཅི་རིགས་པ་མི་ཡུལ་དུ་བྱུང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་དགེ་སློང་འགའ་ཞིག་གིས་ཅུང་ཟད་ཙམ་བསྟན་ཏེ། འོན་ཀྱང་ཆེར་མ་དར་བས་ཉན་ཐོས་རྣམས་ཀྱི་རྩོད་པ་ནི་མེད་དོ། །བཀའ་བསྡུ་པ་གསུམ་པའི་དུས་ཀྱི་གཏམ་སྟེ་བཅུ་གཉིས་པའོ།། །། ༡༣ ཐེག་ཆེན་རྒྱས་པར་འགོ་བརྩམས་དུས་ཀྱི་གཏམ། བསྡུ་བ་གསུམ་པ་བྱས་པའི་འོག་ཏུ་རྒྱལ་པོ་ཀ་ནིཥྐ་ཡང་འདས་པ་ཙམ་ན། བྱང་ཕྱོགས་ཨསྨ་པ་རནྟ་ཞེས་བྱ་བ་ཁ་ཆེའི་ནུབ་ཐོ་གར་དང་ཉེ་བའི་ཕྱོགས་ཤིག་ཏུ་ཁྱིམ་བདག་ཛ་ཊི་ཞེས་བྱ་བ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པ་ཞིག་བྱུང་ཞིང༌། དེའི་བྱང་ཕྱོགས་ཀྱི་མཆོད་རྟེན་ཐམས་ཅད་མཆོད་པར་བྱེད། ནུབ་ཕྱོགས་མ་རུའི་ཡུལ་ནས་བྱེ་བྲག་ཏུ་སྨྲ་བའི་བཙུན་པ་དབྱིག་བཤེས་དང༌། ཐོ་གར་གྱི་བཙུན་པ་དབྱངས་སྒྲོག་གཉིས་ཡུལ་དེར་སྤྱན་དྲངས། དགེ་སློང་འབུམ་ཕྲག་གསུམ་ལོ་བཅུ་གཉིས་སུ་མཆོད་པར་བྱས་ཤིང༌། མཐར་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པས་འགྲུབ་པའི་རྟགས་སུ་མཆོད་པ་ཕུལ་བའི་མེ་ཏོག་རྣམས་ལོའི་བར་དུ་མ་རྙིང༌། མར་མེ་ཡང་དེ་བར་དུ་གནས་པ། ཙནྡན་གྱི་ཕྱེ་མ་དང༌། མེ་ཏོག་གཏོར་བ་རྣམས་ནམ་མཁའ་ལ་ཆགས། ས་གཡོ་བ་དང་རོལ་མོའི་སྒྲ་ལ་སོགས་པ་བྱུང་ངོ༌། །ཕོ་བྲང་རྒྱས་ལྡན་དུ་རྒྱལ་པོ་ཀ་ནིཥྐའི་བུས་དགྲ་བཅོམ་སོགས་འཕགས་པ་བརྒྱ་ཕྲག་གཅིག །གཞན་ཡང་དགེ་སློང་ཁྲི་སྙེད་ལ་ལོ་ལྔར་དུས་སྟོན་བྱས། ཤར་ཕྱོགས་གྲོང་ཁྱེར་མེ་ཏོག་ཏུ་བྲམ་ཟེ་བི་དུཿཞེས་བྱ་བར་བྱུང༌། དེས་སྡེ་སྣོད་གསུམ་གྱི་གླེགས་བམ་དཔག་ཏུ་མེད་པ་བཞེངས་ནས་དགེ་སློང་རྣམས་ལ་སྦྱིན་པར་བྱེད་དེ། དེ་ཡང་སྡེ་སྣོད་གསུམ་པོ་རེ་རེ་ལ་ཤློ་ཀ་འབུམ་འབུམ་ཡོད་ཅིང༌། དེ་ལྟ་བུ་ཚར་སྟོང་སྙེད་བཞེངས། དེ་རེ་རེ་ལ་ཡང་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་སྤེལ་བར་བྱས་སོ། །གྲོང་ཁྱེར་པ་ཊ་ལི་པུ་ཏྲར་དགྲ་བཅོམ་དུས་མི་སྦྱོར་འཕགས་པ་ཨ་ཤྭ་གུབྟ་ཞེས་བྱ་བ་བྱུང་སྟེ། དེ་ནི་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པའོ། །དེས་ཆོས་བསྟན་པས་འཕགས་པ་དགའ་བའི་བཤེས་གཉེན་ལ་སོགས་པ་དགྲ་བཅོམ་པ་ཡང་ཅི་རིགས་བྱུང་ཞིང༌། བདེན་པ་མཐོང་བ་མང་དུ་བྱུང་ངོ༌། ། ནུབ་ཕྱོགས་སུ་རྒྱལ་པོ་ལཀྵ་ཨ་ཤྭ་ཞེས་བྱ་བ་བྱུང་ནས་དེས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་ཆེར་བྱས་སོ། །ལྷོ་ནུབ་ཡུལ་སཽ་རཥྟ་ཞེས་བྱ་བར་བྲམ་ཟེ་རིགས་ལྡན་ཞེས་བྱ་བ་ཡོད་དེ། དེའི་ཚེ་ཡུལ་ཨངྒར་འཁྲུངས་པའི་གནས་བརྟན་ཆེན་པོ་དགྲ་བཅོམ་པ་ནནྡཱ་ཞེས་བྱ་བ་ཐེག་པ་ཆེན་པོའི་ཆོས་འཛིན་པ་ཡོད་དོ་ཞེས་ཐོས་ནས། ཐེག་པ་ཆེན་པོ་ཉན་པའི་དོན་དུ་དེ་སྤྱན་དྲངས་སོ། །དུས་དེའི་ཚེ་ན་ཡུལ་ཐ་དད་རྣམས་སུ་ཐེག་པ་ཆེན་པོ་སྟོན་པའི་དགེ་བའི་བཤེས་གཉེན་དཔག་ཏུ་མེད་བ་དག་ཅིག་ཅར་བྱུང་ལ། དེ་དག་ཐམས་ཅད་ཀྱང་འཕགས་པ་སྤྱན་རས་གཟིགས་དང༌། གསང་བའི་བདག་པོ་དང༌། འཇམ་དཔལ་དང༌། བྱམས་པ་ལ་སོགས་པ་སོ་སོ་ལས་ཆོས་གསན་པ། ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པ་ཤ་སྟག་སྟེ། བཙུན་པ་ཆེན་པོ་ཨ་བི་ཏརྐ་དང༌། བི་ག་ཏ་ར་ག་དྷྭ་ཛ་དང༌། དི་བྱ་ག་ར་གུབྟ་དང༌། རཱ་ཧུ་ལ་མི་ཏྲ་དང༌། ཛྙ་ན་ཏ་ལ་དང༌། དགེ་བསྙེན་ཆེན་པོས་སངྒ་ཏ་ལ་ལ་སོགས་པ་ཆོས་སྟོན་པ་པོ་ལྔ་བརྒྱ་ཙམ་བྱུང་ངོ༌། །འཕགས་པ་དཀོན་མཆོག་བརྩེགས་པ་ཆོས་ཀྱི་རྣམ་གྲངས་འབུམ། འདུས་པ་སྟོང་ཡོད་པ་དང༌། འཕགས་པ་ཕལ་པོ་ཆེ་ཆོས་ཀྱི་རྣམ་གྲངས་འབུམ་ཡོད་པ་ལེའུ་སྟོང་དང༌། འཕགས་པ་ལངྐར་གཤེགས་པ་ཉི་ཁྲི་ལྔ་སྟོང་པ་དང༌། རྒྱན་སྟུག་པོ་སྟོང་ཕྲག་བཅུ་གཉིས་པ་དང༌། ཆོས་ཡང་དག་པར་སྡུད་པ་སྟོང་ཕྲག་བཅུ་གཉིས་ལ་སོགས་པ་མདོ་སྡེ་ཤས་ཤིག་གི་གླེགས་བམ་ཡང་ལྷ་དང་ཀླུ་དང་དྲི་ཟ་དང་སྲིན་པོ་ལ་སོགས་པ་གནས་ཐ་དད་རྣམས་ལས་ཀླུའི་ཡུལ་ནས་བྱུང་བ་ཤས་ཆེ་བའི་ཚུལ་གྱིས་བྱུང་ཞིང༌། དེ་ལྟ་བུའི་སློབ་དཔོན་དེ་དག་ཕལ་ཆེ་བ་ཡང་བྲམ་ཟེ་དེས་སྤྱན་དྲངས། གཏམ་དེ་རྒྱལ་པོ་ལཀྵ་ཨ་ཤྭས་ཐོས་ནས་དད་པ་ཆེར་སྐྱེས་ཏེ། ཆོས་སྨྲ་བ་ལྔ་བརྒྱ་པོ་དེ་དག་སྤྱན་འདྲེན་པར་འདོད་དེ་བློན་པོ་རྣམས་ལ་དྲིས་པ། ཆོས་སྨྲ་བ་ཇི་ཙམ། ལྔ་བརྒྱའོ། །ཆོས་ཉན་པ་ཇི་ཙམ། ལྔ་བརྒྱའོ། །རྒྱལ་པོས་བསམས་པ། ཆོས་སྨྲ་པོ་ནི་མང་ན་སློབ་མ་ནི་ཉུང་ངོ་སྙམ་ནས་ཨ་བྷུ་ཞེས་བྱ་བའི་རིའི་རྩེ་མོ་ལ་གཙུག་ལག་ཁང་ལྔ་བརྒྱ་བྱས་ཏེ། དེ་རེ་རེར་ཆོས་སྨྲ་བ་རེ་རེ་སྤྱན་དྲངས། ཡོ་བྱད་ཐམས་ཅད་ཀྱིས་ཡོངས་སུ་བསྟབས། རྒྱལ་པོ་ཉིད་ཀྱི་འཁོར་དད་པ་ཆེ་ཞིང་བློ་རྣོ་བ་ལྔ་བརྒྱ་རབ་ཏུ་བྱུང་སྟེ་ཐེག་པ་ཆེན་པོ་ཉན་དུ་བཅུག་གོ །དེ་ནས་རྒྱལ་པོས་གླེགས་བམ་བྲི་བར་འདོད་དེ། ཐེག་པ་ཆེན་པོའི་སྡེ་སྣོད་ཇི་ཙམ་ཞེས་དྲིས་སོ། །སྤྱིར་ཚད་གཟུང་བར་མི་ནུས་མོད་ཀྱི་ད་ལྟར་ཡོད་པ་ནི་འབུམ་ཕྲག་བརྒྱའོ། །རྒྱལ་པོས་སྨྲས་པ། མང་མོད་ཀྱི་བྲིར་བར་བྱའོ་ཞེས་ཐམས་ཅད་བྲིས་ཏེ་དགེ་སློང་རྣམས་ལ་ཕུལ། དེ་ནས་དུས་ཀྱི་མཐར་གླེགས་བམ་རྣམས་དཔལ་ནཱ་ལེནྡྲར་སྤྱན་དྲངས་སོ། །དེར་ཐེག་པ་ཆེན་པོ་ལ་སྤྱོད་པ་དགེ་སློང་ལྔ་བརྒྱ་པ་ཕྲག་གསུམ་པོ་དེ་ནི་མདོ་སྡེ་དཔག་ཏུ་མེད་པ་འཛིན་པ། བློ་གྲོས་ཐོགས་པ་མེད་པ། བཟོད་པ་ཐོབ་པ་ཤ་སྟག་སྟེ། སྐྱེ་བོ་རྣམས་ཀྱི་མངོན་སུམ་དུ་རྫུ་འཕྲུལ་དང་མངོན་པར་ཤེས་པའི་རོལ་པ་ཅུང་ཟད་སྟོན་པ་ཤ་སྟག་གོ ། དེའི་ཕྱིར་ཐེག་པ་ཆེན་པོའི་སྙན་པའི་གྲགས་པས་ཕྱོགས་ཐམས་ཅད་དུ་ཁྱབ་པ་ན། ཉན་ཐོས་རྣམས་ཀྱི་བློར་མ་ཤོང་ནས། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་སྐུར་པ་བཏབ་བོ། །ཐེག་པ་ཆེན་པོ་པ་དེ་དག་ཀྱང་རྣལ་འབྱོར་སྤྱོད་པ་སེམས་ཙམ་པ་ཤ་སྟག་ཡིན་ཞིང༌། དེ་དག་སྔོན་སྡེ་བ་བཅོ་བརྒྱད་སོ་སོ་ལ་རབ་ཏུ་བྱུང་བ་ཡིན་པས། ཕལ་ཆེར་དེ་དག་དང་གནས་ལྷན་ཅིག་ཏུ་བཞུགས་པས་ཉན་ཐོས་སྟོང་ཕྲག་མང་པོའི་དབུས་ན་ཐེག་པ་ཆེན་པོ་རེ་རེ་གནས་པ་ཙམ་ཡིན་ནའང༌། ཉན་ཐོས་རྣམས་ཀྱིས་ཟིལ་གྱིས་གནོན་མི་ནུས་པའོ། །དེའི་ཚེ་མ་གདྷཱར་བྲམ་ཟེ་མཐོ་བཙུན་གྲུབ་རྗེ་དང༌། བདེ་བྱེད་བདག་པོ་ཞེས་བྱ་བ་སྤུན་གཉིས་བྱུང་སྟེ། རིགས་ཀྱི་ལྷ་ནི་དབང་ཕྱུག་ཆེན་པོ་མཆོད་པར་བྱེད་པ་ཡིན་ལ། དེ་གཉིས་ཀས་ཀྱང་ཕྱི་ནང་གི་གྲུབ་མཐའ་གཉིས་ཀར་མཁས་པར་ཤེས་སོ། །འོན་ཀྱང་མཐོ་བཙུན་ནི་ཐེ་ཚོམ་ཅན་དུ་གནས་ཤིང༌། དབང་ཕྱུག་ཆེན་པོ་ཉིད་བཟང་བར་ཡང་སེམས་ལ། བདེ་བྱེད་བདག་པོ་ནི་སངས་རྒྱས་ཁོ་ན་ལ་དད་པ་ལས། མའི་ཚིག་གིས་བསྐུལ་ནས་རྐང་མགྱོགས་བསྒྲུབས་ཏེ་རིའི་རྒྱལ་པོ་ཀཻ་ལ་ཤར་སོང་སྟེ་དབང་ཕྱུག་ཆེན་པོའི་གནས་ན་བཞོན་པ་ཁྱུ་མཆོག་དཀར་པོ་དང༌། ལྷ་མོ་ཨུ་མ་མེ་ཏོག་འཐུ་བ་སོགས་ཀྱང་མཐོང༌། མཐར་ལྷ་ཆེན་པོ་ཉིད་སེང་གེའི་ཁྲི་ལ་འདུག་ནས་ཆོས་སྟོན་པ་མཐོང༌། ཚོགས་ཀྱི་བདག་པོས་དེ་གཉིས་ལག་ཏུ་བླངས་ནས་ལྷ་ཆེན་པོའི་དྲུང་དུ་བཞག་གོ ་།ཇི་ཙམ་ན་ཡིད་ཀྱི་མཚོ་ནས་དགྲ་བཅོམ་པ་ལྔ་བརྒྱ་འཕུར་ཏེ་བྱུང་བ་ལ་དབང་ཕྱུག་ཆེན་པོས་ཕྱག་བྱས་ཤིང་ཞབས་བཀྲུས་ནས་གདུགས་ཚོད་གསོལ་ནས་ཆོས་ཉན་ནོ། །དེར་སངས་རྒྱས་པ་བཟང་བར་ཤེས་མོད་འོན་ཀྱང་དྲིས་པས། ཐར་པ་ནི་སངས་རྒྱས་ཀྱི་ལམ་ཁོ་ན་ལ་ཡོད་ཀྱི་གཞན་ལ་མེད་དོ་ཞེས་ལྷ་ཆེན་པོ་གསུང་པས། དེ་གཉིས་རབ་ཏུ་དགའ་བས་རང་གི་ཡུལ་དུ་ཕྱིན། བྲམ་ཟེའི་ཆ་བྱད་རྣམས་བོར་ཏེ། དགེ་བསྙེན་བཙུན་པའི་སྡོམ་པ་ཡང་དག་པར་བླངས། ཐེག་པ་མཐའ་དག་གི་ཆོས་མཁས་པར་སྦྱངས་ཏེ། སངས་རྒྱས་པ་དང་མུ་སྟེགས་པའི་བཟང་ངན་གྱི་ཁྱད་ཤན་འབྱེད་པའི་ཕྱིར། མཐོ་བཙུན་གྱིས་ཁྱད་པར་འཕགས་བསྟོད་དང༌། བདེ་བྱེད་ཀྱིས་ལྷ་ལས་ཕུལ་བྱུང་གི་བསྟོད་པ་བརྩམས། ཚོང་འདུས་དང༌། རྒྱལ་པོའི་ཕོ་བྲང་ཐམས་ཅད་དུ་བསྒྲགས། ཡུལ་གྱི་སྐྱེ་བོ་ཕལ་ཆེར་ཡང་དེ་དག་དབྱངས་སུ་ལེན་པ་བྱུང་ངོ༌། །མཐོ་བཙུན་སྐུ་མཆེད་ཀྱིས་རྡོ་རྗེ་གདན་དུ་ཉན་ཐོས་ཀྱི་དགེ་སློང་ལྔ་བརྒྱ་རེ་ལ་འཚོ་བ་སྦྱར་ཞིང༌། ནཱ་ལེནྡྲར་ཐེག་ཆེན་པ་ལྔ་བརྒྱ་རེ་མཆོད་དོ། ། དེ་ལ་ནཱ་ལེནྡྲ་ནི་སྔོན་འཕགས་པ་ཤཱ་རིའི་བུ་འཁྲུངས་པའི་ཡུལ་དང༌། མཐར་ཤཱ་རིའི་བུ་འཁོར་དགྲ་བཅོམ་པ་ཁྲི་ཕྲག་བརྒྱད་དང་བཅས་ཏེ་མྱ་ངན་ལས་འདས་པའི་ས་ཡང་ཡིན་ལ། བར་སྐབས་སུ་བྲམ་ཟེའི་གྲོང་ནི་སྟོངས། འཕགས་པ་ཤཱ་རིའི་བུའི་མཆོད་རྟེན་ཅིག་ཡོད་པ་ལ་རྒྱལ་པོ་མྱ་ངན་མེད་ཀྱིས་རྒྱ་ཆེར་མཆོད་ནས་སངས་རྒྱས་ཀྱི་ལྷ་ཁང་ཆེན་པོ་ཞིག་བཞེངས་སོ། །དེ་ནས་ཕྱིས་ཐེག་ཆེན་གྱི་དྲང་པོའི་སློབ་དཔོན་ལྔ་བརྒྱས་བཀའ་བགྲོས་ཏེ། གང་དུ་འཕགས་པ་ཤཱ་རིའི་བུའི་གནས་སུ་ཐེག་པ་ཆེན་པོའི་ཆོས་བསྟན་ན་ནི། ཐེག་པ་ཆེན་པོ་པ་རྣམས་ལ་ཆོས་ཤིན་ཏུ་དར་བར་འགྱུར་བའི་མཚན་མ་དང༌། གལ་ཏེ་མཽངྒལ་བུའི་གནས་སུ་བསྟན་པ་ན་ནི་དབང་ཆེ་བ་ཙམ་དུ་འགྱུར་གྱི། ཆོས་འཕེལ་བ་ཁོ་ན་མ་ཡིན་པའི་མཚན་མ་གཟིགས་ནས་བྲམ་ཟེའི་སློབ་དཔོན་སྐུ་མཆེད་ཀྱིས་གཙུག་ལག་ཁང་བརྒྱད་བཞེངས་ཏེ། དེར་ཐེག་ཆེན་མཐའ་དག་གི་གླེགས་བམ་བཞུགས་པར་བྱས་སོ། །དེ་ལྟར་ན་ནཱ་ལེནྡའི་གཙུག་ལག་ཁང་ཐོག་མར་འདེབས་པ་མྱ་ངན་མེད། ཆོས་བཞི་དར་བར་མཛད་པ་སློབ་དཔོན་ལྔ་བརྒྱ་དང༌། མཐོ་བཙུན་སྐུ་མཆེད། རྒྱས་པར་མཛད་པ་སྒྲ་གཅན་འཛིན་བཟང་པོ། ཤིན་ཏུ་རྒྱས་པར་བྱེད་པ་ཀླུ་སྒྲུབ་བོ། ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པར་མགོ་བརྩམས་པའི་སྐབས་ཀྱི་གཏམ་སྟེ་བཅུ་གསུམ་པའོ།། །། ༡༤ བྲམ་ཟེ་སྒྲ་གཅན་འཛིན་གྱི་དུས་ཀྱི་གཏམ། དེའི་འོག་ཏུ་རྒྱལ་པོ་ཙནྡན་སྐྱོང་ཞེས་བྱ་བས་ཉི་འོག་གི་རྒྱལ་ཁམས་སྐྱོང་བ་བྱུང་སྟེ། རྒྱལ་པོ་དེས་སྤྱིར་ཚེ་ནི་ལོ་ཕྱེད་དང་ཉིས་བརྒྱ་ཐུབ། རྒྱལ་སྲིད་ཀྱང་ལོ་བརྒྱ་ཉི་ཤུ་ཙམ་བསྐྱངས་སྐད། ལྷ་ཁང་དང་དགེ་འདུན་ལ་ལྷག་པར་མཆོད་ཅིང༌། དེ་ལས་གཞན་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་འདི་ལྟར་བྱས་ཀྱི་གཏམ་མི་སྣང་ངོ༌། །དེ་སྐབས་བྲམ་ཟེ་ཨིནྡྲ་དྷྲུ་བ་ཞེས་པ་རྒྱལ་པོ་དེའི་གྲོགས་པོ་ཞིག་གིས་ལྷའི་དབང་པོ་བསྒྲུབས་ནས་འགྲུབས་པ་ན། སྒྲའི་ངེས་གནས་ཞུས་ཏེ། དེས་བཤད་བ་དག་བྲིས་པ་ཨིནྡྲ་བྱཱ་ཀ་ར་ཎ་ཞེས་གྲགས་སོ། །དེ་ལ་ཤློ་ཀ་ཉི་ཁྲི་ལྔ་སྟོང་ཡོད་པ་སྟེ། འདི་ལ་ལྷས་བསྟན་པའི་བརྡ་སྤྲོད་པ་ཞེས་ཟེར་རོ། །རྒྱལ་པོ་དེ་རྒྱལ་སྲིད་དུ་འཁོད་པའི་དུས་ཙམ་ན། སློབ་དཔོན་ཆེན་པོ་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་ན་ལེནྡྲར་བྱོན་ཏེ། དེ་ཡང་བཙུན་པ་ནག་པོ་ཞེས་བྱ་བ་ཞིག་ལས་བསྙེན་པར་རྫོགས་ཤིང་ཉན་ཐོས་ཀྱི་སྡེ་སྣོད་རྣམས་གསན། ཁ་ཅིག་ཏུ་བཙུན་པ་སྒྲ་གཅན་འཛིན་འོད་བྱ་བ་ལས་བསྙེན་པར་རྫོགས། དེའི་མཁན་པོ་ནག་པོ་ཡིན་ཡང་ཟེར་ཏེ། འདིའི་ནག་པོ་ནི་གཏད་རབས་ཀྱི་དེ་མིན་ནོ། །སློབ་དཔོན་རྣམ་པར་མི་རྟོག་པ་ལ་སོགས་པ་སློབ་དཔོན་འགའ་ལས་ཐེག་པ་ཆེན་པོའི་ཆོས་ཀྱང་གསན་མོད་ཀྱི། གཙོ་བོར་གསང་བའི་བདག་པོ་ལ་སོགས་པ་ལྷག་པའི་ལྷ་རྣམས་ལས་ཐེག་པ་ཆེན་པོའི་མདོ་རྒྱུད་རྣམས་གསན་ཏེ། དབུ་མའི་ཚུལ་ལུགས་དར་བར་མཛད་དོ། ། སློབ་དཔོན་འདི་དང་དུས་མཉམ་དུ་བཙུན་པ་ཀ་མ་ལ་གརྦྷ་དང༌། གྷ་ན་ས་ལ་ལ་སོགས་པ་དབུ་མའི་ཚུལ་ལུགས་སྟོན་པའི་བཙུན་པ་ཆེན་པོ་བརྒྱད་ཙམ་བྱུང་ཞིང༌། བཙུན་པ་པྲ་ཀཱ་ས་ངྷརྨ་མ་ཎི་ཞེས་བྱ་བ་ལ་འཕགས་པ་སྒྲིབ་པ་རྣམ་སེལ་གྱི་ཞལ་མངོན་སུམ་དུ་བསྟན་ནས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ། ས་འོག་གི་འཇིག་རྟེན་ནས་འཕགས་པ་འདུས་པ་ཆེན་པོ་ཆོས་ཀྱི་རྣམ་གྲངས་འབུམ་ལེའུ་སྟོང་ཡོད་པ་སྤྱན་དྲངས། གཞན་ཡང་དང་པོའི་སློབ་དཔོན་ལྔ་བརྒྱ་པོ་རྣམས་ཀྱི་སློབ་མ་མང་པོས་ཀྱང་སྔར་མ་དར་བའི་མདོ་རྒྱུད་དུ་མ་སྤྱན་དྲངས་ཏེ་འདི་ཡན་ཆད་དུ་བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་གྱི་རྒྱུད་སྡེ་ཐམས་ཅད་དང༌། གསང་བ་འདུས་པ་དང༌། སངས་རྒྱས་མཉམ་སྦྱོར་དང༌། སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་བླ་མེད་ཅི་རིགས་པའང་ཡོད་དོ། །དུས་དེ་ཙམ་ན་གྲོང་ཁྱེར་གནས་བཅས་སུ་དགེ་སློང་བརྩོན་འགྲུས་ཆེན་པོ་ཞེས་བྱ་བ་དང༌། ཡུལ་ཝཱ་རཱ་ཎ་སཱིར་བྱེ་བྲག་ཏུ་སྨྲ་བའི་བཙུན་པ་ཆེན་པོ་སངས་རྒྱས་ལྷ་དང༌། ཁ་ཆེའི་ཡུལ་དུ་མདོ་སྡེ་བའི་སློབ་དཔོན་ཆེན་པོ་བཙུན་པ་དཔལ་ལེན་རྣམས་བྱུང་སྟེ། དེ་དག་གིས་ཉན་ཐོས་ཀྱི་ཐེག་པ་དར་བར་བྱས་སོ། །དེ་ལ་བཙུན་པ་ཆོས་སྐྱོབ་དང༌། དབྱངས་སྒྲོག་དང༌། དབྱིག་བཤེས་དང༌། སངས་རྒྱས་ལྷ་སྟེ་བཞི་པོ་དེ་ལ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཆེན་པོ་བཞི་ཞེས་གྲགས་ཏེ། རེ་རེ་ལའང་སློབ་མ་འབུམ་ཕྲག་བགྲངས་པ་ཡོད་པར་གྲགས་སོ། ། བྱེ་བྲག་ཏུ་སྨྲ་བའི་ལུང་ནི་སྤེལ་མ་གསུམ་གྱི་ཕྲེང་བ་དང༌། གདམས་ངག་བརྒྱ་པ་ཞེས་པ་ཡིན་ཏེ། སློབ་དཔོན་ཆེན་པོ་དེ་རྣམས་ཀྱིས་རྒྱས་པར་བྱས་སོ། །འདིའི་ཆོས་སྐྱོབ་ནི་ཆེད་དུ་བརྗོད་པའི་ཚོམས་བསྡུ་བ་པོ་ཆོས་སྐྱོབ་དང༌། འདིའི་དབྱིག་བཤེས་ཀྱང་བསྟན་བཅོས་རབ་ཏུ་བྱེད་པ་བྱེད་མཁན་གྱི་དབྱིག་བཤེས་དང༌། གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོ་བྱེད་མཁན་དབྱིག་བཤེས་གཉིས་ནི་མིང་གཅིག་པ་ཙམ་དུ་ཟད་པས་གཅིག་ཏུ་འཁྲུལ་བར་མི་བྱའོ། །གསང་འདུས་འཕགས་སྐོར་བ་རྣམས་ཀྱི་ལོ་རྒྱུས་ལྟར་ན་ཨུ་ཊི་བི་ཤའི་ཡུལ་དུ་རྒྱལ་པོ་བི་སུ་ཀལྤ་བྱུང་བ་ཡང་རྒྱལ་པོ་ཙནྡན་སྐྱོང་དང་དུས་མཚུངས་པ་ཙམ་དུ་བྱེད་དགོས་སོ། །དེའི་ཚེ་ཀུ་རུའི་ཡུལ་དུ་བྲམ་ཟེ་ཆོས་ལྡན་ཞེས་བྱ་བ་བྱུང་སྟེ། དེས་ཡུལ་ཕྱོགས་དེ་དག་དང་ཉེ་བར་སངས་རྒྱས་པའི་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས། ཐེག་པ་ཆེན་པོའི་ཆོས་སྟོན་པ་པོ་ཡོད་ཚད་ཀྱི་ཆོས་གཞི་བྱས། གྲོང་ཁྱེར་ཧ་སྟེ་ན་བུ་རར་བྲམ་ཟེ་བརྩོན་ལྡན་ཞེས་བྱ་བ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པས་ཀྱང་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་ཤིང༌། འདུལ་བ་འཛིན་པ་ཆོས་སྟོན་པ་པོ་བརྒྱ་རྩ་བརྒྱད་ཀྱི་ཆོས་གཞི་བྱས་སོ། ། དེའི་ཚེ་ཤར་ཕྱོགས་ཀྱི་ཡུལ་བྷངྒ་ལར་རྒྱལ་པོ་ཧ་རི་ཙནྡྲ་ཞེས་བྱ་བ་ཙནྡྲའི་རིགས་ཀྱི་ཐོག་མ་དེ་བྱུང་སྟེ། སྔགས་ལམ་ལ་བརྟེན་ནས་དངོས་གྲུབ་ཐོབ་པ། ཕོ་བྲང་ཐམས་ཅད་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པར་སྟོན་པ། ལྕགས་རིའི་ངོས་ལ་སྲིད་པ་གསུམ་གྱི་གཟུགས་བརྙན་འཆར་བར་བྱེད་པ། ལོངས་སྤྱོད་ལྷའི་དཔལ་འབྱོར་དང་མཉམ་པ། འཁོར་སྟོང་དང་བཅས་ཏེ་རིག་པ་འཛིན་པའི་གནས་ཐོབ་བོ། །དཔལ་ས་ར་ཧའམ་བྲམ་ཟེ་ཆེན་པོ་སྒྲ་གཅན་འཛིན་བྲམ་ཟེའི་སྤྱོད་པ་ལ་གནས་པའི་དུས་སུ་ནི། རྣལ་འབྱོར་སྤྱོད་པའི་སློབ་དཔོན་ལྔ་བརྒྱ་པོ་དེ་རྣམས་བྱུང་བ་ཡིན་ལ། མཐར་དེ་ཉིད་ཀྱི་སྐུ་ཚེའི་རིང་ལ་ཤེར་ཕྱིན་འབུམ་པ་མ་གཏོགས་ཐེག་པ་ཆེན་པོའི་མདོ་སྡེ་ཕལ་ཆེར་བྱུང་ཞེས་གྲགས་སོ། །བྲམ་ཟེ་སྒྲ་གཅན་འཛིན་གྱི་དུས་ཀྱི་གཏམ་སྟེ་བཅུ་བཞི་པའོ།། །། ༡༥ ཀླུ་སྒྲུབ་ཀྱིས་བསྟན་པ་སྐྱོང་དུས་ཀྱི་གཏམ། དེའི་འོག་ཏུ་སློབ་དཔོན་ཀླུ་གྲུབ་ཀྱིས་བསྟན་པ་བསྐྱངས་ཏེ། དབུ་མའི་ཚུལ་ལུགས་ལྷག་པར་དར་བར་མཛད། ཉན་ཐོས་པ་རྣམས་ལ་ཡང་ཕན་ཆེར་བཏགས། ཁྱད་པར་དགེ་སློང་དང་དགེ་ཚུལ་བསླབ་པ་འཆལ་བ་མང་པོ་དགེ་འདུན་གྱི་ནང་ན་དབང་ཆེན་པོར་ཡོད་པ་ཐམས་ཅད་གནས་ནས་བསྐྲད་དེ་སྟོང་ཕྲག་བརྒྱད་ཙམ་བྱུང་བར་གྲགས་ལ། སྡེ་པ་ཀུན་གྱི་བདག་པོ་མཛད། དེ་ཙམ་ན་བཙུན་པ་དགའ་བོ་དང༌། བཙུན་པ་དམ་པའི་སྡེ་དང༌། བཙུན་པ་ཡང་དག་བདེན་གསུམ་གྱིས་རྣལ་འབྱོར་སྤྱོད་པ་སེམས་ཙམ་གྱི་སྲོལ་བཟུང་ཞིང་བསྟན་བཅོས་ཀྱང་ཅི་རིགས་པར་བྱས་སོ། །མངོན་པར་ཀུན་གཞིའི་བཤད་པའི་སྐབས་སུ་བཙུན་པ་འདི་གསུམ་ལ་སྔོན་གྱི་རྣལ་འབྱོར་སྤྱོད་པ་བ་ཞེས་ཟེར་བའི་རྒྱུ་མཚན་ཡང་ཐོགས་མེད་སྐུ་མཆེད་ལ་ཕྱིས་ཀྱི་རྣལ་འབྱོར་སྤྱོད་པ་པར་འཇོག་པས་དེའི་རྗེས་འབྲང་མ་ཡིན་པ་གསལ་བར་སྟོན་པའི་ཚིག་གོ ། དེ་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་དཔལ་ན་ལེནྡྲར་ཐེག་པ་ཆེན་པོའི་ཆོས་སྨྲ་བ་ལྔ་བརྒྱ་ལ་ལོ་མང་པོའི་བར་དུ་གསེར་འགྱུར་རྩིའི་སྦྱོར་བ་ལ་བརྟེན་ཏེ་འཚོ་བ་སྦྱར། དེ་ནས་ལྷ་མོ་ཙཎྜི་ཀཱ་བསྒྲུབས་ཏེ། ནམ་ཞིག་ན་ལྷ་མོ་དེས་སློབ་དཔོན་ནམ་མཁའ་ལ་ཁྱེར་ཏེ་ལྷའི་གནས་སུ་འཁྲིད་པར་བརྩམས་པ་ན། ང་ལྷ་གནས་སུ་འགྲོ་བ་དོན་དུ་གཉེར་བ་མ་ཡིན། བསྟན་པ་ནམ་གནས་ཀྱི་བར་དུ་ཐེག་པ་ཆེན་པོའི་དགེ་འདུན་རྣམས་ལ་འཚོ་བ་སྦྱར་བའི་དོན་དུ་ཁྱོད་བསྒྲུབས་སོ། །ཞེས་གསུངས་པས་དེས་ན་ལེནྡྲ་དང་ཉེ་བའི་ནུབ་ཕྱོགས་སུ་རྗེ་རིགས་མ་བཟང་མོའི་ཚུལ་དུ་སྤྲུལ་ནས་འདུག་ལ། སློབ་དཔོན་གྱིས་འཇམ་དཔལ་གྱི་ལྷ་ཁང་རྡོ་ལས་གྲུབ་པ་ཤིན་ཏུ་མཐོ་བའི་ངོས་ཆེན་པོར་སེང་ལྡེང་གི་ཕུར་བུ་ཆེན་པོ་མིས་ཐེག་ཚད་གཅིག་བཏབ་སྟེ། འདི་ཐལ་བར་མ་གྱུར་གྱི་བར་དུ་ཁྱོད་ཀྱིས་དགེ་འདུན་ལ་འཚོ་བ་སྦྱོར་ཞིག་ཅེས་བསྒོས་པས། ལོ་བཅུ་གཉིས་ཀྱི་བར་དུ་དགེ་འདུན་ལ་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པར་བྱེད་པ་ཞིག་བྱུང་བ་ལས། མཐར་ཞལ་ཏ་བ་དགེ་ཚུལ་མ་རུངས་པས་དེ་ལ་འདོད་པའི་དུས་བཏབ་ཡང་ཡང་བྱས་ཀྱང༌། དེ་ཅང་མི་སྨྲ་བ་ལས། ལན་ཅིག་ན་སེང་ལྡེང་གི་ཕུར་བུ་དེ་ཐལ་བར་སོང་བ་ན་འདུ་བར་བྱའོ་ཟེར་བས། དགེ་ཚུལ་ངན་པ་དེས་སེང་ལྡེང་གི་ཕུར་བུ་མེས་བསྲེགས་ཏེ་ཐལ་བར་བྱས་པ་ན་ལྷ་མོ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་སློབ་དཔོན་གྱིས་དེའི་དོད་དུ། ལྷ་ཁང་བརྒྱ་རྩ་བརྒྱད་དུ་ཐེག་པ་ཆེན་པོའི་ཆོས་གཞི་བརྒྱ་རྩ་བརྒྱད་བཙུགས། དེར་ནག་པོ་ཆེན་པོའི་སྐུ་རེ་བཞེངས། བསྟན་པ་བསྲུང་བའི་གཉེར་གཏད་དོ། །གཞན་ཡང་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་ལ་གླང་པོ་ཆེའི་གནོད་པ་བྱུང་བའི་སྐབས་ཤིག །བྱང་ཆུབ་ཤིང་གི་རྒྱབ་ཏུ་རྡོ་རིང་གཉིས་བྱས་པས་ལོ་མང་པོར་མ་བྱུང༌། ཡང་གནོད་པ་བྱུང་བ་ལ་རྡོ་རིང་གི་སྟེང་དུ་ནག་པོ་ཆེན་པོ་སེང་གེ་ལ་ཆིབས་པ་བེ་ཅོན་ཐོགས་པ་རེ་བཞེངས་པས་ལོ་མང་པོར་ཕན་པར་བྱུང༌། ཡང་གནོད་པ་བྱུང་བས་མཐའ་རྡོའི་དྲ་མིག་གིས་བསྐོར། ཕྱི་རོལ་ཏུ་མཆོད་རྟེན་ལྷ་ཅན་བརྒྱ་རྩ་བརྒྱད་བཞེངས། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་ལྕགས་རི་བཏབ་ཅིང༌། ལྕགས་རིའི་ནང་དུ་ལྷ་ཁང་བརྒྱ་རྩ་བྱས། རྡོ་རྗེ་གདན་གྱི་ཤར་ངོས་ལ་ཆུའི་གནོད་པ་ཆེན་པོ་བྱུང་བའི་ཚེ། ཕ་བོང་བདུན་ལ་ཐུབ་པའི་སྐུ་བརྙན་ཆེན་པོ་བརྐོས་པ་ཞལ་ཕྱིར་བསྟན་ཏེ་ཆུ་རགས་ཀྱི་ཚུལ་དུ་བྱས་པས། ཆུའི་གནོད་པ་བཟློག །ཆུ་ལོན་གྱི་ཐུབ་པ་བདུན་ཞེས་གྲགས། ཆུ་ལོན་ནི་ཆུ་རགས་ཀྱི་མིང་ཡིན་པས། ཆུ་ནང་དུ་གཟུགས་བརྙན་ཤར་བ་ལ་འདྲ་ལེན་བྱས་པ་ཡིན་ཟེར་བ་ལ་ནི་མུན་སྤྲུལ་ཡིན་ཞིང༌། དེ་ཉིད་རྒྱལ་པོ་ཨུ་ཏྲ་ཡ་ན་བཏུལ་བའི་དུས་བྱུང་ཟེར་བ་ནི་འདུལ་བ་ལུང་དང་དངོས་སུ་འགལ་བས། དེ་གཉིས་ཀར་ཡང་རང་གི་དེ་ཉིད་གསལ་བར་སྟོན་པའོ། ། འདི་དག་དང་དུས་མཚུངས་པར་ཨུ་ཊི་བི་ཤིའི་ཡུལ་དུ་རྒྱལ་པོ་མུཉྫ་འཁོར་སྟོང་དང་བཅས་པ་རིག་པ་འཛིན་པའི་ལུས་གྲུབ་པ་དང༌། ནུབ་ཕྱོགས་མ་ལ་ཝའི་ཕྱོགས་གཅིག་ཌོ་ཌྷ་ཧ་རི་ཞེས་བྱ་བར་རྒྱལ་པོ་བྷོ་ཛི་དེ་བ་འཁོར་སྟོང་དང་བཅས་པ་མི་སྣང་བར་གྱུར་པ་ལ་སོགས་པ་སྔགས་ཀྱི་ལམ་དུ་ཞུགས་པ་ཐམས་ཅད་ལ་དངོས་གྲུབ་མ་ཐོབ་པ་གཅིག་ཀྱང་མེད་དོ། །དེའི་ཚེ་འཕགས་པས་གཟུངས་མང་པོ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་སྤྱན་དྲངས་པས་ཉན་ཐོས་རྣམས་ཀླུ་སྒྲུབ་ཀྱིས་བརྩམས་སོ་ཟེར་རོ། །དེ་ཕྱིན་ནས་ཐེག་ཆེན་གྱི་མདོ་སྡེ་གསར་དུ་བྱོན་པ་མེད་དོ། །ཉན་ཐོས་དངོས་སྨྲ་བ་རྣམས་ཀྱི་རྩོད་པ་བཟློག་བའི་ཕྱིར་རིག་པའི་ཚོགས་ལྔ་ལ་སོགས་པ་མཛད། བོད་ཀྱི་ལོ་རྒྱུས་རྣམས་ལ་དགེ་སློང་བདེ་བྱེད་ཅེས་བྱ་བས་རིག་པའི་རྒྱན་ཞེས་བྱ་བའི་བསྟན་བཅོས་ཐེག་ཆེན་སུན་འབྱིན་བའི་ཕྱིར་བརྩམས་པ་ཤློ་ཀ་འབུམ་ཕྲག་བཅུ་གཉིས་ཡོད་པ་བྱས་ཟེར་བ་སྣང་ཡང་ངག་སྒྲོས་འཆུགས་པ་སྟེ། ཤློ་ཀ་སྟོང་ཕྲག་བཅུ་གཉིས་ཡིན་པར་རྒྱ་གར་བའི་ལོ་རྒྱུས་ཀྱི་ཡི་གེ་གསུམ་ལས་མཐུན་པར་འབྱུང་ངོ༌། ། ཤར་ཕྱོགས་པ་ཊ་བེ་ས་ཏེ་པུཀྐཾ་གི་ཡུལ་དང༌། ཨོ་ཌི་བི་ཤ་དང༌། བྷངྒ་ལ། ར་ངྷའི་ཡུལ་རྣམས་སུ་ཡང་ལྷ་ཁང་མང་དུ་བཞེངས། དེའི་ཚེ་མ་ག་ངྷར་བྲམ་ཟེ་སུ་བིཥྞུ་ཞེས་བྱ་བའི་དཔལ་ན་ལེནྡྲའི་གནས་སུ་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས། ཐེག་པ་ཆེ་ཆུང་གི་ཆོས་མངོན་པ་མི་ནུབ་པའི་ཕྱིར་མ་མོ་འཛིན་པ་བརྒྱ་རྩ་བརྒྱད་ཀྱི་ཆོས་གཞི་བྱས། འཕགས་པ་ཀླུ་སྒྲུབ་ཀྱི་སྐུ་ཚེའི་སྨད་ལ་ལྷོ་ཕྱོགས་ཀྱི་རྒྱུན་དུ་བྱོན་ཏེ། རྒྱལ་བོ་བདེ་བྱེད་བཏུལ། ལོ་མང་དུ་བསྟན་པ་ བསྐྱངས། ལྷོ་ཕྱོགས་དྲྭ་བ་ལིའི་ཡུལ་དུ་བྲམ་ཟེ་མ་ངྷུ་དང༌། སུ་པྲ་མ་ངྷུ་ཞེས་བྱ་བ་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡོད་དེ། དེ་གཉིས་དང་སློབ་དཔོན་གྱིས་བྲམ་ཟེའི་ཆོས་ལ་རིག་པ་འགྲན་བས་རིག་བྱེད་བཞི་དང༌། རིག་པའི་གནས་བཅོ་བརྒྱད་སོགས་སློབ་དཔོན་གྱི་མཁྱེན་པའི་བརྒྱའི་ཆར་ཡང་བྲམ་ཟེས་མ་སླེབ། བྲམ་ཟེ་གཉིས་ན་རེ། བྲམ་ཟེའི་བུ་རིག་བྱེད་གསུམ་དང་ལྡན་པ་བསྟན་བཅོས་ཀུན་གྱི་མཐར་ཕྱིན་པ་ལ་ཤཱཀྱའི་དགེ་སྦྱོང་བྱེད་པ་ཅི་ཡིན་དྲིས་པ་ན། རིག་བྱེད་ཀྱི་བསྔགས་པ་མ་ཡིན་པ་དང་ཆོས་ཀྱི་བསྔགས་པ་དག་བརྗོད་པས་ལྷག་པར་དད་དེ་ཐེག་པ་ཆེན་པོ་མཆོད་པར་བྱས་ནས། སློབ་དཔོན་གྱིས་དེ་ལ་རིག་སྔགས་བྱིན་པས་དང་པོས་ནི་དབྱངས་ཅན་མ་གྲུབ་ལ། ཕྱི་མས་ནི་ནོར་རྒྱུན་མ་གྲུབ་བོ། །དེ་གཉིས་ཀས་ཀྱང་ཐེག་པ་ཆེན་པོའི་ཆོས་སྨྲ་བ་པོ་ཉིས་བརྒྱ་ལྔ་བཅུ་རེ་མཆོད་པར་བྱས་ཤིང༌། དང་པོས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་ཡང་ཉིན་ཞག་གཅིག་གམ་གཉིས་སམ་གསུམ་ལ་སོགས་པས་འབྲི་བར་བྱེད་དོ། །དེའི་ཕྱིར་དགེ་སློང་རྣམས་ལ་གླེགས་བམ་མང་དུ་སྟེར་རོ། །གཉིས་པས་ནི་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པར་བྱས་སོ། །དེ་ནས་སློབ་དཔོན་འདིས་ནི་ཉན་བཤད་དང་སྒོམ་པ་དང་ལྷ་ཁང་བཞེངས་པ་དང་དགེ་འདུན་ལ་འཚོ་བ་སྦྱར་བ་དང་མི་མ་ཡིན་གྱི་དོན་མཛད་པ་དང༌། མུ་སྟེགས་ཀྱི་རྒོལ་བ་བཟློག་པ་ལ་སོགས་པ་སྒོ་ཐམས་ཅད་ནས་དམ་པའི་ཆོས་བསྐྱངས་བས་ཐེག་པ་ཆེན་པོའི་བསྟན་པ་ལ་བཀའ་དྲིན་ཟླ་མེད་པར་བྱེད་པ་ཡིན་ ནོ། །བྲམ་ཟེ་ཆེན་པོ་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་དངོས་ནི་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་རིན་པོ་ཆེའི་འབྱུང་གནས་ལྟ་བུའི་གཏམ་དུ་བཤད་ཟིན་པས་དེར་ཤེས་པར་བྱའོ། ། རྒྱལ་པོ་བདེ་བྱེད་ཀྱིས་ཀྱང་ལོ་བརྒྱ་དང་ལྔ་བཅུ་ཙམ་ཐུབ་ཅིང༌། སློབ་དཔོན་འདིས་ལོ་དྲུག་བརྒྱ་ལས་བདུན་ཅུ་དོན་གཅིག་མ་ཚང་བར་འདོད་པ་དང༌། ཉེར་དགུ་མ་ཚང་བར་འདོད་པའི་ལུགས་གཉིས་སྣང༌། དང་པོའི་དབང་དུ་བྱས་ནས་ལོ་ཉིས་བརྒྱ་ཡུལ་དབུས་དང༌། ཉིས་བརྒྱ་ལྷོ་ཕྱོགས་དང༌། བརྒྱ་དང་ཉི་ཤུ་རྩ་དགུ་དཔལ་གྱི་རི་ལ་བཞུགས་ཞེས་གྲགས་པ་རགས་རྩིས་སུ་སྣང་ཞིང༌། གང་ལྟར་ལོ་ཕྱེད་ལོར་བརྩིས་པ་ཡིན་ཞེས་ཁོ་བོའི་བླ་མ་པཎྜི་ཏ་རྣམས་གསུང༌། ཕྱི་མ་ལྟར་ནའང་གཞན་འདྲ་བ་ལས་བརྒྱ་དང་བདུན་ཅུ་རྩ་གཅིག་དཔལ་གྱི་རིར་བཞུགས་ཞེས་ཟེར་རོ། །བཅུད་ལེན་གྲུབ་པ་ནས་པགས་པའི་ཁ་དོག་ནོར་བུའི་མདོག་ལྟ་བུར་གྱུར། དཔལ་གྱི་རིར་བསྒོམས་པས་ས་དང་པོ་བརྙེས་ཏེ་སྐུ་ལ་མཚན་སོ་གཉིས་གྱིས་བརྒྱན་པར་གྱུར་ཏོ། །སློབ་དཔོན་འདི་ཉིད་ཀྱི་གྲོགས་པོ་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཅེས་བྱ་བ་རྒྱལ་པོ་བདེ་བྱེད་ཀྱི་མདུན་ན་འདོན་དུ་གནས་སོ། དེའི་ཚེ་རྒྱལ་པོའི་བཙུན་མོ་ཐ་ཆུང་ཞིག་གིས་སྒྲའི་གནས་ཅུང་ཟད་ཤེས་ལ། རྒྱལ་པོས་ནི་མི་ཤེས་སོ། །སྐྱེད་མོས་ཚལ་དུ་ཆུ་ལ་རྩེ་བའི་ཚེ་རྒྱལ་པོས་དེ་ལ་ཆུ་གཏོར་བས། དེས་མ་མོ་ད་ཀཱ་སེཉྩ་ཞེས་བོད་སྐད་དུ་བདག་ལ་ཆུ་མ་འཐོར་ཞེས་པའོ། །རྒྱལ་པོས་ལྷོ་ཕྱོགས་ཀྱི་ཡུལ་སྐད་དང་སྦྱར་བས་བལ་སྲན་གྱི་ཁུར་བ་ཏིལ་མར་གྱིས་བཅོས་པ་བྱིན་ཅིག་པར་གོ་ནས། དེ་ཕྱིན་པས་བཙུན་མོ་དེ་རྒྱལ་པོ་བ་ལང་ལྟ་བུ་དང་ལྷན་ཅིག་ཏུ་གནས་པ་ལས་ཤི་བའང་སླའོ་སྙམ་སྟེ་ལྕེབ་པར་བརྩམས་པ་ལས། རྒྱལ་པོས་གཟུང་ནས་སྒྲ་སློབ་པར་བྱས་ཏེ་བྲམ་ཟེ་མཆོག་སྲེད་ལས་ལེགས་པར་བསླབས་སོ། །འོན་ཀྱང་ཅུང་ཟད་མ་རྫོགས་ནས་སློན་དཔོན་སཔྟ་ཨཝརྨ་ལས་བླངས་པ་ཡིན་ནོ། ། དེ་ལ་སློབ་དཔོན་མཆོག་སྲེད་ཀྱི་ལོ་རྒྱུས་ནི། སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་དད་པའི་བྲམ་ཟེ་ལས་དྲུག་པ་བརྩོན་པ་འཕགས་པ་ཀླུ་སྒྲུབ་ནཱ་ལེནྡྲའི་མཁན་པོ་མཛད་པའི་ཚེ་མཛའ་བཤེས་སུ་གྱུར་པ་ཞིག་མ་ག་ངྷའི་ཤར་ཕྱོགས་ར་རའི་ཡུལ་ན་ཡོད་པ་ལས། དེས་ལོ་བཅུ་གཉིས་སུ་འཕགས་པ་སྤྱན་རས་གཟིགས་ཀྱི་སྔགས་བཟླས་ཤིང༌། མཐར་གསེར་འབུམ་ཕྲག་བཞིའི་ཡོ་བྱད་སྦྱིན་སྲེག་ཏུ་ཕུལ་བས་འཕགས་པ་སྤྱན་རས་གཟིགས་ཞལ་མངོན་སུམ་དུ་བསྟན་ནས་ཁྱོད་ཅི་འདོད་གསུང་པ་ལ། བདག་གྲུབ་པ་ཆེན་པོ་བརྒྱད་ཀྱིས་སེམས་ཅན་གྱི་དོན་བྱ་བར་འདོད་པས་ནག་པོ་ཆེན་པོ་མངག་གཞུག་ཏུ་འཚལ་ཞུས་པས་དེ་བཞིན་དུ་གནང་ནས། དེ་ཕྱིན་ཆད་རིག་སྔགས་ཐམས་ཅད་ཇི་ལྟར་འདོད་པར་གྲུབ་ཅིང༌། རི་ལུ་ལ་སོགས་པ་གྲུབ་པ་བརྒྱད་པོ་སྟོང་ཕྲག་རེ་རེས་སེམས་ཅན་རྣམས་ལ་ཕན་བཏགས་སོ། །གྲུབ་པ་ཐོབ་པ་སྟོང་ཕྲག་བརྒྱད་པོ་དེ་དག་ཀྱང་ཁོང་ལ་བླ་མར་འཛིན། རིག་པ་མཐའ་དག་ཀྱང་མ་བསླབས་པར་རང་ཤེས་སོ། །དེ་ནས་ནུབ་ཕྱོགས་ཀྱི་ཡུལ་དུ་སོང་ནས་རྒྱལ་པོ་སནྟི་ཝ་ཧ་ན་ཞེས་བྱ་བ་ལོངས་སྤྱོད་ཆེན་པོ་དང་ལྡན་པའི་ཡུལ་དུ་གནས་སོ། ། དེར་ཡང་སྔགས་དང་རྒྱུད་ཀྱི་སྦྱོར་བས་སེམས་ཅན་ལ་ཕན་འདོགས་ཤིང་གནས་པ་ལས། ཝཱ་རཱ་ཎ་སཱིར་འོངས་པའི་ཚེ། བར་སྐབས་དེར་བྱུང་བའི་རྒྱལ་པོ་བྷི་མ་ཤུ་ཀ་ལ་ཞེས་བྱ་བའི་ཡུལ་དུའང་སེམས་ཅན་གྱི་དོན་ཆེར་བྱས་ཏེ། སྐབས་དེར་ཀཱ་ལཱི་དཱ་སའི་ལོ་རྒྱུས་སྦྱར། དེ་ནས་ལྷོ་ཕྱོགས་སུ་ཕྱིན། རྒྱལ་པོ་བདེ་བྱེད་སྒྲ་སློབ་པར་འདོད་པ་ལ། སྒྲ་པཱ་ཎི་པ་སོགས་ཡོངས་སུ་རྫོགས་པར་ཤེས་པའི་སློབ་དཔོན་མ་རྙེད་ནས། ཀླུའི་རྒྱལ་པོ་ཤེ་ཥ་ཞེས་བྱ་བ་པཱ་ཎི་པ་ཡོངས་སུ་རྫོགས་པར་ཤེས་པ་ཞིག་ཡོད་པར་ཤེས་ནས། བྲམ་ཟེ་མཆོག་སྲེད་ཀྱིས་རིག་སྔགས་ཀྱིས་མཐུས་བཀུག་ནས། ཤློ་ཀ་འབུམ་གྱིས་པཱ་ཎི་པའི་དོན་ཐམས་ཅད་རྒྱ་ཆེར་འགྲེལ་ནུས་པ་འཆད་པར་བྱས་ཤིང༌། སློབ་དཔོན་གྱིས་ཡི་གེར་འབྲི་བ་ལས། དེ་གཉིས་ཀྱི་བར་དུ་ཡོལ་བས་ཆོད་པར་བྱས་སོ། །ཤློ་ཀ་སྟོང་ཕྲག་ཉི་ཤུ་རྩ་ལྔ་སོང་པ་ན་འདིའི་ལུས་ནི་ཅི་འདྲ་སྙམ་སློབ་དཔོན་གྱིས་ཡོལ་བ་བཏེག་ནས་བལྟས་པས་སྦྲུལ་ཆེན་པོ་བསྒྱིངས་པ་མཐོང༌། ཀླུ་ཡང་ངོ་ཚ་སྟེ་བྲོས་སོ། །དེ་མན་ཆད་དུ་སློབ་དཔོན་ཉིད་ཀྱིས་འགྲེལ་པ་བྱས་ཏེ། དེ་ལ་ནི་ཚིགས་སུ་བཅད་པ་སྟོང་ཕྲག་བཅུ་གཉིས་ཀྱི་ཚད་ཙམ་ལས་མེད་དོ། །དེ་གཉིས་བསྡོམས་པ་ལ་ཀླུས་བསྟན་པའི་བརྡ་སྤྲོད་པ་ཞེས་གྲགས། དེར་སྒྲ་ལ་སོགས་པའི་རིག་པའི་གནས་རྣམས་ཀྱང་མང་དུ་བསྟན། མཐར་ནག་པོ་ཆེན་པོས་ཕྲག་པ་ལ་ཐོགས་ཏེ་རི་རབ་ཀྱི་རྩེ་མོ་ཡོངས་འདུ་ས་བརྟོལ་གྱི་གནས་སུ་གཤེགས་སོ་ཞེས་གྲགས་སོ། །དེར་རྒྱལ་པོ་བདེ་བྱེད་སློབ་དཔོན་མཆོག་སྲེད་ཀྱིས་བྱས་པའི་འགྲེལ་པ་ལ་ཡིད་མ་ཆེས་པར་བྲམ་ཟེ་སཔྟ་ཝརྨ་གཞོན་ནུ་གདོང་དྲུག་བསྒྲུབ་ཏུ་བཅུག་གོ །གྲུབ་ནས་ཁྱོད་ཅི་འདོད་ཅེས་ཟེར་བ་ན། ཨིནྡྲ་བྱཱ་ཀ་ར་ཎ་ཞེས་པར་འཚལ་ལོ་བྱས་པས། སིདྡྷོ་ཝརྣ་ས་མམྣཱ་ཡ་ཞེས་བརྗོད་པ་ཙམ་གྱིས་སྒྲའི་དོན་མཐའ་དག་ཤེས་སོ། ། སྔར་བོད་དུ་གྲགས་པའི་ལོ་རྒྱུས་ལྟར་ན་ཀ་ལཱ་པའི་ཀུན་བཤད་བཞི་པ་ཡན་ཆད་གཞོན་ནུ་གདོང་དྲུག་གིས་བཤད་ཅིང༌། ཀ་ལཱ་པ་ཞེས་པ་ཆ་བསགས་ཀྱི་དོན་རྨ་བྱའི་མཇུག་སྒྲོ་ཁ་དོག་སྣ་ཚོགས་པའི་ཆ་བསགས་པའི་དོན་དུ་འཆད་མོད། འདིར་ནི་དེ་ལྟར་མ་གྲགས་ཏེ། ཀ་ལཱ་པ་ནི་སཔྟ་ཝརྨ་ཉིད་ཀྱིས་བརྩམས་ལ། ཆ་བསགས་ཀྱི་དོན་ནི་ཉེ་བར་མཁོ་བའི་ཆ་ཤས་དག་བསགས་པའོ། །ཞེས་པའི་དོན་ནོ། །དེ་བཞིན་དུ་སློབ་དཔོན་འདིའི་མིང་ལ་དབང་ཕྱུག་གོ་ཆར་འཆད་པ་ཡང་མ་དག་པ་ཡིན་ཞིང༌། སརྦ་ཝརྨ་ཞེས་པ་ཡང་ཡིག་ནོར་བརྒྱུད་པ་སྟེ། སཔྟ་ཝརྨ་མུན་པའི་གོ་ཆ་ཡིན་ནོ། །ཀཱ་ལཱི་དཱ་སའི་ལོ་རྒྱུས་ནི། ཝཱ་རཱ་ཎ་སཱིའི་རྒྱལ་པོ་བྷི་མ་ཤུ་ཀླའི་མཆོད་གནས་སུ་བྲམ་ཟེ་མཆོག་སྲེད་ཡོད་པའི་ཚེ། རྒྱལ་པོའི་བུ་མོ་དཔྱིད་ལྡན་མ་ཞེས་བྱ་བ་བྲམ་ཟེ་མཆོག་སྲེད་ལ་སྦྱིན་པར་བྱས་པ་ལས། དཔྱིད་ལྡན་མ་ང་རྒྱལ་གྱི་དྲེགས་པས་མཆོག་སྲེད་ལས་ཁོ་མོ་མཁས་པའི་ཕྱིར་དེའི་གཡོག་མི་བྱེད་དོ་ཞེས་བྱས་སོ། །དེར་མཆོག་སྲེད་ཀྱིས་འདི་རྫུན་གྱིས་བསླུ་བར་བྱའོ་སྙམ་ནས། འོ་ན་བདག་གི་སློབ་དཔོན་མཁས་པ་བདག་ལས་བློ་གྲོས་བརྒྱ་འགྱུར་གྱིས་ཆེ་བ་ཞིག་ཡོད་པས་དེ་སྤྱན་དྲངས་ལ། དེ་ལ་རྒྱལ་པོས་དཔྱིད་ལྡན་མ་སྩོལ་ཞིག་ཅེས་བྱས་ནས། མ་གྷ་དྷའི་གནག་རྫི་གཟུགས་བཟང་བ་ཞིག །ཤིང་གི་ཡལ་གའི་རྩེ་མོ་ལ་གནས་ནས། ཡལ་གའི་རྩ་བ་ལ་སྟེའུ་བསྣུན་པར་བྱེད་པ་མཐོང་ནས་ཤིན་ཏུ་བླུན་པར་ཤེས་ཏེ། དེ་བོས་ནས་ཞག་འགར་ཁྲུས་དང༌། བསྐུ་མཉེ་ཕུན་སུམ་ཚོགས་པར་བྱས། བྲམ་ཟེ་པཎྜི་ཏ་འི་ཆ་བྱད་དུ་བཅོས། ཨོཾ་སྭ་སྟི་ཞེས་བྱ་བ་གཅིག་པུ་བསླབས། རྒྱལ་པོ་སྐྱེ་བོའི་ཚོགས་དང་བཅས་ཏེ་བཞུགས་པའི་དབུས་སུ་རྒྱལ་པོ་ལ་མེ་ཏོག་གཏོར་ཏེ་ཨོཾ་སྭ་སྟི་ཞེས་བྱ་བ་འདི་བརྗོད་ཅིག །གཞན་སུ་ཞིག་གིས་དྲིས་ཀྱང་ལན་འདེབས་པར་མ་བྱེད་ཅིག །ཅེས་བསྒོས་ནས་དེ་ལྟར་བྱེད་རྒྱུ་ལ་དེ་དག་བསྟབས་ཏེ་རྒྱལ་པོ་ལ་མེ་ཏོག་གཏོར་ནས། ཨུ་ཤ་ཊར་ཞེས་ཟེར་རོ། ། དེར་སློབ་དཔོན་གྱིས་ཡི་གེ་བཞི་པོ་དེ་དག་གི་དོན་བཀྲལ་ཏེ། ཨུ་མ་ཡ་ས་ཧི་ཏོ་རུ་དྲཿ ཤཾ་ཀ་ར་ས་ཧི་ཏོ་བིཥྞུ། ཊཾ་ཀཱ་ར་ཤུ་ལ་པཱ་ཎིཥྩ། རཀྵནྟུ་ཤི་པ་སརྦཱ་དཱ། ཞེས་པའི་དོན་ཏེ། ཤིས་པ་བརྗོད་པ་ཡིན་ཞེས་ཁ་བསྒྱུར་རོ། །ཚིག་ཏེ་བོད་སྐད་དུ་བསྒྱུར་བ་ན། ཨུ་མ་དང་བཅས་དྲག་པོ་དང༌། །བདེ་བྱེད་དང་བཅས་འཇུག་སེལ་ཏེ། །ཊཾ་ཚུལ་ཕྱག་ན་མདུང་ཐུང་ཡང༌། །ཞི་བས་རྟག་ཏུ་བསྲུང་བར་ མཛོད། །ཅེས་པའོ། །དེ་ནས་དཔྱིད་ལྡན་མས་སྒྲའི་དོན་ལ་སོགས་པ་དྲིས་ཀྱང་ཅང་མི་སྨྲ་བ་ལ། མཆོག་སྲེད་ཀྱིས་བདག་གི་སློབ་དཔོན་མཁས་པ་འདི་བུད་མེད་ཀྱིས་དྲིས་པ་ལ་ལན་ཅི་ལ་འདེབས་ཞེས་མགོ་རྨོངས་པར་བྱས་ནས། བྲམ་ཟེ་མཆོག་སྲེད་ལྷོ་ཕྱོགས་སུ་བྲོས་སོ། །དེ་ནས་དེ་ལྷ་ཁང་རྣམས་སུ་འཁྲིད་ཀྱང་ཅང་མི་སྨྲའོ། །མཐར་ལྷ་ཁང་གི་ཕྱི་ཁྱམས་སུ་སྲོག་ཆགས་སྣ་ཚོགས་པའི་གཟུགས་བརྙན་བྲིས་པ་ལས་བ་ལང་གི་གཟུགས་བརྙན་མཐོང་བས་དགའ་སྟེ། ཕྱུགས་སྐྱོང་བའི་རྣམ་འགྱུར་བྱེད་དོ། །དེ་ནས་ཀྱེ་མའོ་འདི་ནི་བ་ལང་རྫིའོ་ཞེས་གདོད་བསླུས་པར་ཤེས་སོ། །བློ་དང་ལྡན་ན་སྒྲ་བསླབ་པར་བྱའོ་ཞེས་བརྟགས་པས་ཀྱང་ཤིན་ཏུ་བློ་བརྟུལ་བར་བྱུང་སྟེ། དཔྱིད་ལྡན་མས་ཀྱང་སྡང་པོར་བྱས་ཤིང་ཉིན་རེ་བཞིན་མེ་ཏོག་འཐུར་བཏང་ངོ༌། །མ་ག་དྷཱའི་ཕྱོགས་གཅིག་ན་ལྷ་མོ་ནག་མོའི་སྐུ་ལྷའི་བཟོ་བོས་བྱས་པ་ཞིག་ཡོད་དེ། ཉིན་རེ་བཞིན་དེ་ལ་མེ་ཏོག་མང་དུ་ཕུལ་ནས་ཕྱག་བཙལ་ཏེ་གུས་པས་གསོལ་བ་བཏབ་པས། དུས་ནམ་ཞིག་ན། དཔྱིད་ལྡན་མ་ལྷ་མཆོད་པས་དུས་ཅིག་ལ། དེས་ཐོར་རངས་མེ་ཏོག་འཐུ་བར་སོང་བའི་ཚེ། དཔྱིད་ལྡན་མའི་གཡོག་མོ་ཞིག་ཀྱལ་ཀའི་དོན་དུ་གོ་ལ་མུར་བཞིན་དུ་ལྷ་མོ་ནག་མོའི་རྟེན་གྱི་རྒྱབ་ཏུ་ཡིབ་ཅིང་འདུག་གོ །ཕྱུགས་རྫི་དེས་སྔར་བཞིན་གསོལ་བ་བཏབ་པའི་ཚེ། གཡོག་མོ་དེས་གོ་ལ་མུར་འཕྲོ་ལག་ཏུ་གཏད་པའི་འདི་ནི་ལྷ་མོས་དངོས་སུ་གནང་བ་ཡིན་ནོ་སྙམ་ནས་མིད་དོ། །དེ་ཉིད་དུ་བློ་གྲོས་ཐོགས་པ་མེད་པས་རྟོག་གེ་དང་བརྡ་སྤྲོད་པ་དང་སྙན་ངག་སྨྲ་བ་ཆེན་པོར་གྱུར་ཏེ། ལག་པ་གཡས་སུ་པདྨའི་མེ་ཏོག་དང༌། གཡོན་དུ་ཨུཏྤལ་ཞིག་ཐོགས་ཏེ། པདྨ་མེ་ཏོག་བཟང་ཡང་ཡུ་བ་རྩུབ། ཨུཏྤལ་ནི་མེ་ཏོག་ཆུང་ཡང་ཡུ་བ་འཇམ་པས་གང་ཞིག་འདོད་ཅེས་པའི་དོན་ལ། བདག་གི་ལག་པ་གཡས་ན་པདྨ་དང༌། །གཡོན་ན་དེ་བཞིན་ཨུཏྤལ་ལའི་མེ་ཏོག །འཇམ་པའི་ཡུ་བའམ་རྩུབ་པའི་ཡུ་བ་ཅན། །གང་འདོད་ལོངས་ཤིག་པདྨའི་མིག་ཅན་མ། ། ཞེས་བརྗོད་པས་མཁས་པར་སོང་བར་ཤེས་ཏེ་བཀུར་བསྟི་ཆེན་པོ་བྱས། དེ་ལྷ་མོ་ནག་མོ་ལ་ཤིན་ཏུ་གུས་པར་བྱས་པས་ཀཱ་ལཱི་དཱ་ས་སྟེ་ནག་མོའི་འབངས་སམ་ནག་མོའི་ཁོལ་པོར་གྲགས། དུས་དེ་ཙམ་ན་སྙན་ངག་མཁན་མཐའ་དག་གི་གཙུག་གི་ནོར་བུར་གྱུར། སྤྲིན་གྱི་ཕོ་ཉ་ལ་སོགས་པ་ཕོ་ཉ་བརྒྱད་དང༌། གཞོན་ནུ་འབྱུང་བ་ལ་སོགས་པའི་སྙན་དངགས་ཀྱི་བསྟན་བཅོས་ཆེན་པོ་ཡང་མང་དུ་བརྩམས། འདི་དང་སཔྟ་ཝརྨ་གཉིས་ཀ་གྲུབ་མཐའ་ནི་ཕྱི་རོལ་པ་ཞིག་གོ ། དེ་དག་གི་དུས་ལི་ཡུལ་དུ་དགྲ་བཅོམ་པ་དགེ་འདུན་འཕེལ་བྱུང༌། གཞན་ཡང་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ལ། ཐོ་གར་དུ་སློབ་དཔོན་མིའུ་ཐུང་དང༌། ཁ་ཆེར་ཀུ་ན་ལ་དང༌། ཉི་འོག་དབུས་སུ་དགེ་བྱེད་དང༌། ཤར་ཕྱོགས་སུ་སློབ་དཔོན་དགེ་འདུན་འཕེལ་རྣམས་དང༌། མདོ་སྡེ་པའི་སློབ་དཔོན་ནུབ་ཕྱོགས་སུ་བཙུན་པ་གཞོན་ནུ་ལེན་ཞེས་བྱ་བ་བྱུང་སྟེ། དེ་རེ་རེ་ལ་ཡང་འཁོར་ཚོགས་བགྲང་བ་ལས་འདས་པ་ཡོད་དོ། །རྒྱལ་པོ་ཧ་རི་ཙནྡྲ་ནི་འཁོར་བཅས་འཇའ་ལུས་སུ་གྱུར་པས་དེའི་བརྒྱུད་པ་མེད་ལ་དེ་ཉིད་ཀྱི་ཚ་བོར་གྱུར་པ་ཨཀྵ་ཙནྡྲ་དང༌། དེའི་བུ་ཛ་ཡ་ཙནྡྲ་རྣམས་ཀྱིས་རྒྱལ་སྲིད་སྐྱོངས་པའི་དུས་ཡིན། དེ་གཉིས་ཀྱང་དམ་པའི་ཆོས་མཆོད་པར་བྱེད་པ་བྱུང་མོད། བསྟན་པ་ལ་བྱ་བ་ཆེར་བྱས་པའི་ལོ་རྒྱུས་མི་སྣང་ངོ༌། །ལྷོ་ཕྱོགས་སུ་རྒྱལ་པོ་ཧ་རི་བྷ་དྲ་འཁོར་སྟོང་དང་བཅས་པ་རི་ལུའི་དངོས་གྲུབ་ཐོབ་བོ། དང་པོ་ཐེག་ཆེན་དར་བ་ནས་དེ་བར་དུ་སྐྱེ་བོ་སྟོང་ཕྲག་ཏུ་བཅད་པ་བརྒྱ་ཐམ་པས་རིག་པ་འཛིན་པ་གྲུབ་བོ། །དུས་དེ་ཙམ་ན་ཀླ་ཀློའི་ཆོས་དང་པོར་བྱུང་བའང་ཡིན་ཏེ། ཁ་ཅིག་ཁ་ཆེའི་ཡུལ་དུ་བཙུན་པ་དཔལ་ལེན་འདས་པའི་དུས་སུ་བྱུང་ཞེས་ཟེར་ལ། འགའ་ཞིག་བཙུན་པ་ཀུ་ན་ལའི་སློབ་མ་ཡིན་ཡང་ཟེར་ཏེ། མདོ་སྡེ་འཛིན་པ་མང་དུ་ཐོས་པ་ཡིན་ཡང་དད་པ་མེད་པ་གཞོན་ནུའི་སྡེ་ཞེས་བྱ་བ་ཞིག་བྱུང་སྟེ། དེ་བསླབ་པ་འཆལ་བ་དགེ་འདུན་གྱིས་གནས་དབྱུང་བྱས་པས་ཆེར་འཁྲུགས་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་འགྲན་པར་ནུས་པའི་ཆོས་རྩོམ་མོ་ཞེས་ཐོ་གར་གྱི་ཡུལ་གྱི་རྒྱབ་ཤུ་ལི་ཀ་ཞེས་བྱ་བའི་ཡུལ་དུ་སོང༌། མིང་མཱ་མཐར་ཞེས་པར་སྤོས། ཆ་ལུགས་བསྒྱུར་ནས་འཚེ་བ་ཆོས་སུ་སྨྲ་བའི་ཀླ་ཀློའི་ཆོས་བརྩམས་ཏེ། ལྷ་མིན་གྱི་རིགས་ཀྱི་གདོན་ཆེན་པོ་བིཥླི་མིལླིའི་གནས་སུ་སྦས་ཤིང་གཏད་དོ། །བདུད་ཀྱིས་བྱིན་གྱིས་བརླབས་ཏེ་གཡུལ་ལས་རྒྱལ་བ་ལ་སོགས་པའི་རིག་སྔགས་མང་པོའང་གྲུབ་བོ། ། དེའི་ཚེ་ཁོ་རཱ་སཱ་ནའི་ཡུལ་ན་བྲམ་ཟེའི་རིགས་ཀྱི་བུ་མོ་ཞིག་ཉིན་རེར་མེ་ཏོག་མང་པོ་འཐུས་ཏེ་ཕུང་པོར་བྱས་ནས་ལྷ་ལ་ཡང་མཆོད། གཞན་ལ་ཡང་འཚོང་བ་ལས། ལན་ཅིག་མེ་ཏོག་གི་ཕུང་པོའི་དབུས་ནས་བྱི་ལ་ཞིག་བྱུང་སྟེ་ལུས་ལ་ཐིམ་པ་དང་སྦྲུམ་མར་གྱུར། ལོ་དུས་སུ་ཁྱེའུ་སྟོབས་དང་ལྡན་པ་ཞིག་བཙས་ཏེ། ཆེར་སྐྱེས་པ་ན་བྱིས་པ་ན་མཉམ་ཐམས་ཅད་ལ་བརྡེག་ཅིང་སྲོག་ཆགས་ཐམས་ཅད་གསོད་དོ། །དེར་ཡུལ་དཔོན་གྱིས་ནགས་ཚལ་དུ་བསྐྲད། དེར་ཡང་སྐྱེ་བོ་བྱུང་ཚད་ཁ་བཏགས་ཏེ་འགའ་ཞིག་རང་གི་གཡོག་ཏུ་བྱས། ནགས་ཀྱི་གཅན་གཟན་དང་སྲོག་ཆགས་སྣ་ཚོགས་པ་དག་བསད་དེ། ཤ་རུས་པགས་པ་དག་སྐྱེ་བོ་དག་ལ་སྦྱིན་པར་བྱེད་དོ། །དེ་ནས་རྒྱལ་པོས་ཚོར་ཏེ་དེ་ཉིད་ལ་བརྟགས་ཤིང་དྲིས་པས། བདག་ནི་བྲམ་ཟེ་མ་ཡིན། རྒྱལ་རིགས་དང༌། རྗེ་རིགས་དང༌། དམངས་རིགས་ཀྱང་མ་ཡིན་པས་བདག་ལ་རིགས་ཀྱི་ཆོས་སྦྱིན་པ་པོ་མ་བྱུང་སྟེ། །དེའི་ཕྱིར་ཁྲོ་བས་བརྡེག་པ་ཡིན་ནོ། །གལ་ཏེ་རིགས་ཀྱི་ཆོས་སྦྱིན་པ་ཞིག་ཡོད་ན་དེའི་བྱ་བ་བྱའོ་ཟེར་བ་ལས། ཁྱོད་ལ་རིགས་ཀྱི་ཆོས་སྦྱིན་པ་པོ་སུ་ཡིན་དྲིས་པས་ཁོ་བོ་ཉིད་ཀྱིས་བཙལ་བས་བྱའོ་ཞེས་ཟེར། དེའི་རྨི་ལམ་དུ་བདུད་ཀྱིས་ལུང་བསྟན་ཏེ་སྔར་སྦས་པའི་གླེགས་བམ་རྙེད་དོ། །དེ་བཀླགས་པས་དེ་ལ་མོས་ནས་འདི་ལྟ་བུ་སུ་ཞིག་གིས་སྟོན་པར་འགྱུར་སྙམ་པ་ན། བདུད་ཀྱིས་ལུང་བསྟན་ཏེ་མཱ་མ་ཐ་ར་ཉིད་དང་འཕྲད་དེ་ལུང་མནོས་སོ། །དེ་ཙམ་གྱིས་རིག་སྔགས་རྣམས་ཀྱང་གྲུབ་སྟེ། དེ་ཉིད་འཁོར་སྟོང་དང་བཅས་པ་བཻ་ཁམ་པ་ཞེས་བྱ་བ་ཀླ་ཀློའི་དྲང་སྲོང་དུ་གྱུར་ཏོ། །དེ་མཁའི་གྲོང་ཁྱེར་དང་ཉེ་བའི་ཡུལ་དུ་སོང་ནས། བྲམ་ཟེ་དང་རྒྱལ་རིགས་རྣམས་ལ་ཆོས་ལོག་བསྟན་པས་སཻ་ཏཱ་དང་ཏུ་རུཥྐའི་རྒྱལ་པོའི་རིགས་རྣམས་བྱུང་ངོ༌། །སྟོན་པ་དེ་ནི་ཨརྔོཉ་ཞེས་གྲགས་ལ། ཀླ་ཀློའི་ཆོས་ལུགས་བྱུང་ཚུལ་གྱི་དང་པོ་ནི་དེ་ལྟར་ཡིན་ནོ། །འཕགས་པ་ཀླུ་སྒྲུབ་ཀྱིས་བསྟན་པ་སྐྱོང་བའི་དུས་ཀྱི་གཏམ་སྟེ་བཅོམ་ལྔ་པའོ།། །། ༡༦ བསྟན་པར་དགྲ་དང་པོ་བྱུང་ཞིང་སླར་སོད་ཆུད་སྐབས། རྒྱལ་པོ་ཨཀྵ་ཙནྡྲ་དང༌། ཛ་ཡ་ཙནྡྲ་ཞེས་པ་གཉིས་ཉི་འོག་གི་རྒྱལ་ཁམས་སྐྱོང་ཞིང༌། མངའ་ཐང་ཤིན་ཏུ་ཆེ་ལ་དཀོན་མཆོག་གསུམ་བླ་མར་བྱེད་པ་ཡིན་པའི་ཕྱིར་ཙནྡྲའི་མིང་ཅན་བདུན་ལ་བགྲང་ངོ༌། །ཛ་ཡ་ཙནྡྲའི་བུ་ནེ་མ་ཙནྡྲ། དེའི་བུ་ཕ་ཎི་ཙནྡྲ། དེའི་བུ་བྷཾ་ས་ཙནྡྲ། དེའི་བུ་སཱ་ལ་ཙནྡྲ་རྣམས་མངའ་ཐང་ཧ་ཅང་ཆེ་བ་མ་ཡིན་པས་ཙནྡྲ་བདུན་ནམ་བཅུ་གང་ལའང་མི་བགྲང་ངོ༌། །དེ་ལ་རྒྱལ་པོ་ནེ་མ་ཙནྡྲས་རྒྱལ་སྲིད་བསྐྱངས་ནས་མི་རིང་བ་ན། བྲམ་ཟེ་བུ་ཥྱ་མི་ཏྲ་སྟེ་རྒྱལ་བཤེས་ཞེས་བྱ་བ་རྒྱལ་པོའི་མདུན་ན་འདོན་བྱེད་པ་ཞིག་གིས་ངོ་ལོག་བརྩམས་ཏེ། དེས་རྒྱལ་སྲིད་སྐྱོང་བའི་ཚེ། བྲམ་ཟེའི་དེའི་ཉེ་དུ་རྒན་མོ་ཞིག་གིས་དོན་ཞིག་ལ་ན་ལེནྡྲར་ཕྱིན་པས། གནྚི་བརྡུངས་པའི་སྒྲ་ལ་ཕཊ་ཊཱ་ཡ་ཞེས་པའི་སྒྲར་བྱུང༌། དེ་བྲམ་ཟེ་སྒྲ་མཁན་རྣམས་ཀྱིས་བརྟགས་པས། མུ་སྟེགས་ངན་པ་རྣམས་ཀྱི་ཀླད་པ་འགེམས་ཞེས་བྱ་བའི་སྒྲར་འདུག་གོ །འདི་ལ་སྔར་བོད་དུ་བྱུང་བའི་ལོ་རྒྱུས་ལྟར་ན། ལྷ་དང་ཀླུ་དང་དྲང་སྲོང་གིས་མཆོད་པའི། དཀོན་མཆོག་གསུམ་གྱི་ཏོག་སྟེ་འདི་བརྡུངས་པས། མུ་སྟེགས་འཆལ་པ་རྣམས་ཀྱི་ཀླད་པ་འགེམས། ཞེས་བྱུང་བར་གྲགས་ལ། གནྚིའི་སྒྲ་ལ་འགེམས་ཞེས་བྱུང་ཟེར་བ་ནི་འགེམས་པ་སྟེ། ཚལ་པ་མང་པོར་ཞིག་པའི་སྐད་དོད་རྒྱ་སྐད་དེ་བྱུང་བར་བྱེད་དགོས་ཀྱི། བོད་སྐད་འགེམས་ཞེས་བྱ་བ་བྱུང་བར་འདོད་པ་དང༌། འགེམས་པའི་དོན་སྐམས་པ་ལ་བྱེད་པ་ནི་བཞད་གད་ཀྱི་གནས་སོ། ། དེར་བྲམ་ཟེའི་རྒྱལ་པོ་རྒྱལ་བཤེས་ལ་སོགས་པ་མུ་སྟེགས་རྣམས་ཀྱིས་དམག་བྱས་ཏེ། ཡུལ་དབུས་ནས་ཛ་ལནྡྷ་རའི་བར་གྱི་གཙུག་ལག་ཁང་མང་པོ་མེ་ལ་བསྲེགས། དགེ་སློང་མང་དུ་ཐོས་པ་འགའ་རེ་ཡང་བསད། ཕལ་ཆེར་ཡུལ་གཞན་དུ་བྲོས་པ་ལས་ལོ་ལྔ་ནས་བྱང་ཕྱོགས་སུ་དེ་ཉིད་ཤིའོ། །དེ་ལ་སྟོན་པའི་བསྟན་པ་ལོ་ལྔ་བརྒྱ་དང་པོ་ཡར་འཕེལ་དང༌། ལྔ་བརྒྱ་གཅིག་འགྲིབ་པའི་དུས་ཞེས་གསུངས་པ་ལྟར། ཀླུ་སྒྲུབ་ཀྱིས་ཡུལ་དབུས་སུ་བསྟན་པ་སྐྱོང་བ་ཙམ་ཡན་ཆད་ལུང་གི་བསྟན་པ་དང༌། ལྷ་ཁང་བཞེངས་པ་ལ་སོགས་པ་ཇེ་མང་དུ་སོང་བས་ཡར་འཕེལ་ཡིན་ལ། ཀླུ་སྒྲུབ་ལྷོ་ཕྱོགས་ཀྱི་རྒྱུད་ན་འགྲོ་དོན་མཛད་པ་ཙམ་གྱི་དུས་ན་ཀླ་ཀློའི་ཆོས་ལུགས་མགོ་བརྩམས་པ་དང༌། དཔལ་གྱི་རི་ལ་བཞུགས་པའི་དུས་ཙམ་ན་བྲམ་ཟེའི་རྒྱལ་པོ་རྒྱལ་བཤེས་ཀྱིས་གནོད་པ་བྱས་པ་འདི་ཀུན་བྱུང་བར་མངོན་པས་འགྲིབ་པའི་ཐོག་མ་བརྩམས་པར་སྣང་ངོ༌། །དེ་རྗེས་རྒྱལ་པོ་ཕ་ཎི་ཙཎྡྲ་མ་ག་དྷཱར་རྒྱལ་སྲིད་བྱེད་དོ། །དེའི་ཚེ་ཤར་ཕྱོགས་བྷངྒ་ལའི་བྱེ་བྲག་གོ་ཊ་ཞེས་བྱ་བར་རྒྱལ་པོ་གོ་ཊ་འཕེལ་བྱེད་ཅེས་བྱ་བ་ལོངས་སྤྱོད་དང་དབང་ཐང་ཤིན་ཏུ་ཆེ་བར་བྱུང་སྟེ། དེས་སྔར་གྱི་གཙུག་ལག་ཁང་ཉམས་པ་ཐམས་ཅད་བསོས། ཆོས་གཞི་རྒྱས་པར་བྱས་སོ། ། གནས་བརྟན་བསམ་རྫོགས་ཞེས་བྱ་བས་བསྟན་པ་ལ་ཕན་ཆེར་བཏགས་ཏེ། ཉན་ཐོས་ཀྱི་སྡེ་སྣོད་རྒྱས་པར་བྱས། མ་ག་དྷཱར་ཆོས་གཞི་དྲུག་ཅུ་བཙུགས་སོ། །དེའི་ཚེ་ནུབ་ཕྱོགས་མོ་ལ་ཏཱ་ན་ཞེས་བྱ་བའི་གྲོང་ཁྱེར་བཱ་ག་ད་ཞེས་བྱ་བར་ཀླ་ཀློའི་སྟོན་པའི་རྗེས་སུ་ཞུགས་པ་སྟག་གཟིགས་སོག་པོའི་རྒྱལ་པོ་ཧ་ལ་ལུ་ཞེས་བྱ་བ་བྱུང་ངོ༌། །དེ་རྟ་འབུམ་རྙེད་དང་ལྡན་པའི་དབང་ཐང་ཆེན་པོར་གྱུར་ཏེ། རྒྱ་གར་གྱི་ཡུལ་དུ་ཀླ་ཀློ་བྱུང་བའི་ཐོག་མ་ཡིན་པར་གྲགས་སོ། །རྒྱལ་པོ་བྷཾ་ས་ཙནྡྲའི་ཚེའི་གཞུག་དང༌། སཱ་ལ་ཙནྡྲའི་དུས་སུ་ཤར་ཕྱོགས་སུ་བྲམ་ཟེ་ཀཱ་ཤི་ཛཱ་ཏ་ཞེས་བྱ་བ་ཀ་བྱུང་སྟེ། སྔར་གྱི་ཆོས་གཞི་ཐམས་ཅད་གུས་པས་མཆོད། ཁྱད་པར་བྷངྒ་ལའི་གྲོང་ཁྱེར་སྭ་ན་ར་གྷ་བོ་ཞེས་བྱ་བར་ཆོས་སྨྲ་བ་དྲུག་ཅུ་རྩ་བཞི་དང༌། དེ་རེ་རེ་ལ་ཆོས་ཉན་པ་བཅུ་བཅུ་དང་བཅས་པའི་འཚོ་བ་སྦྱར། བསྟན་པ་ཉམས་པ་སོས་པར་བྱས་སོ། །དེ་དག་ནི་སློབ་དཔོན་ཀླུ་སྒྲུབ་དཔལ་གྱི་རིར་བཞུགས་པའི་དུས་དང༌། དེ་རྗེས་རིང་པོར་མ་ལོན་པའི་སྐབས་སུ་བྱུང་བའོ། །བསྟན་པ་ལ་དགྲ་དང་པོ་བྱུང་ཞིང་སླར་སོར་ཆུད་པའི་སྐབས་ཏེ་བཅུ་དྲུག་པའོ།། །། ༡༧ སློབ་དཔོན་ཨརྱ་དེ་ཝ་སོགས་ཀྱི་དུས་ཀྱི་གཏམ། དེ་ནས་རྒྱལ་པོ་སྭ་ལ་ཙནྡྲ་གུསྟ་སྟེ་ཟླ་བ་སྦས་པ་ཞེས་བྱ་བ་བྱུང༌། དེ་མངའ་ཐང་ཤིན་ཏུ་ཆེ་བས་ཙནྡྲ་བཅུ་ལ་བགྲང༌། དགེ་སྡིག་འདྲེས་མར་བྱེད་ཅིང༌། སངས་རྒྱས་ལ་སྐྱབས་སུ་སོང་བ་མ་ཡིན་པས་ཙནྡྲ་བདུན་ལ་མི་འདྲེན་ཞིང་རྒྱལ་པོ་འདིའི་དུས་དཔལ་ནཱ་ལེནྡྲར་སློབ་དཔོན་ཨཱརྱ་དེ་ཝ་དང༌། ནཱ་ག་ཧཱ་ཝ་ཞེས་པ་སློབ་དཔོན་ཀླུ་བོས་ཀྱིས་བསྟན་པ་རྒྱ་ཆེར་བསྐྱངས་སོ། ། དེ་ལ་སློབ་དཔོན་ཨཱརྱ་དེ་ཝ་ནི་བོད་རྣམས་ལ་ཡོངས་གྲགས་ལྟར་ན། སིངྒ་གླིང་གི་རྒྱལ་པོའི་སྐྱེད་མོས་ཚལ་དུ་པདྨ་ལས་བརྫུས་ཏེ་སྐྱེས་ཤིང༌། རྒྱལ་པོས་ཀྱང་སྲས་ཀྱི་དོད་དུ་བསྐྱངས། མཐར་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མར་གྱུར་ནས། སློབ་དཔོན་ཀླུ་སྒྲུབ་བཞུགས་པའི་དུས་ན་མུ་སྟེགས་ཐུབ་དཀའ་ནག་པོ་བཏུལ་བར་འདོད་ལ། འགའ་ཞིག་ནི་དེར་མ་ཟད་གྲུབ་ཐོབ་ཀརྣ་རི་པ་དང་གཅིག་པས་ཀླུ་སྒྲུབ་བཞུགས་པའི་དུས་ཉིད་དུ་འཇའ་ལུས་སུ་གཤེགས་སོ་ཞེས་ཟེར། བོད་འདིར་ནི་དག་རུང་མི་དག་རུང་གཏམ་གང་ཡང་རུང་བ་གྲགས་ཆེན་པོས་སྐྱེ་བོ་ཀུན་ལ་ཡོངས་སུ་ཁྱབ་པ་ཞིག་ཡོད་ན་ཤིན་ཏུ་བདེན་པའི་དོན་ཅན་གཞན་ཞིག་སྨྲས་ཀྱང་རྣ་བར་མི་འོང་ཞིང༌། ཡིད་ལ་མི་བདེ་བ་ཞིག་སྣང་ནའང་འདིར་དངོས་གནས་སུ་བརྗོད་ན། བཞི་བརྒྱ་པའི་འགྲེལ་པར་སློབ་དཔོན་ཟླ་བ་གྲགས་པས་ཀྱང་སིངྒ་ལའི་གླིང་གི་རྒྱལ་པོའི་སྲས་སུ་བཤད། འཕགས་ཡུལ་གྱི་གཏམ་ཁུངས་མ་ལ་ཡང་དེ་བཞིན་དུ་གྲགས་པས་དེ་ལྟར་བཤད་ན། སིངྒ་ལའི་གླིང་གི་རྒྱལ་པོ་པཉྩ་ཤྲི་གཾ་ཞེས་བྱ་བ་ཞིག་ལ་སྲས་མཚན་དང་ལྡན་པ་ཞིག་བྱུང༌། ཆེར་སྐྱེས་ནས་རྒྱལ་ཚབ་ཀྱི་ས་ལ་བཞག་ཀྱང་རབ་ཏུ་བྱུང་བ་ལ་ལྷག་པར་མོས་པར་གྱུར་ཏེ། མཁན་པོ་ཧེ་མ་དེ་ཝ་ཞེས་བྱ་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྡེ་སྣོད་གསུམ་པོ་མཐའ་དག་ཆུབ་པར་བྱས་པ་ན་ཡུལ་སྣ་ཚོགས་ཀྱི་ལྷ་ཁང་དང་མཆོད་རྟེན་དག་བལྟ་བའི་ཕྱིར་འཛམ་བུའི་གླིང་དུ་བྱོན། སློབ་དཔོན་ཀླུ་སྒྲུབ་རྒྱལ་པོ་བདེ་བྱེད་ཀྱི་ས་ནས་དཔལ་གྱི་རིར་གཤེགས་པ་དང་ཉེ་བའི་ཚེ་མཇལ་ཏེ་དཔལ་གྱི་རིར་སློབ་དཔོན་གྱི་ཞབས་པད་བསྟེན་ཞིང་བཅུད་ལེན་ལ་སོགས་པའི་དངོས་གྲུབ་མང་པོ་ཐོབ་པར་མཛད་ནས་མཐར་སྙིང་པོའི་དོན་གྱི་བསྟན་པའང་གཏད་དོ། །སློབ་དཔོན་ཀླུ་སྒྲུབ་སྐུ་འདས་པའི་འོག་རོལ་དུ་དེ་དང་ཉེ་བའི་ལྷོ་ཕྱོགས་ཀྱི་རྒྱུད་རྣམས་སུ་སློབ་མ་དང་ཉན་བཤད་ལ་སོགས་པས་སེམས་ཅན་གྱི་དོན་མཛད་ཅིང༌། རིའི་ལྷ་དང་ཤིང་གི་ལྷ་ལ་སོགས་པ་ལས་ཡོ་བྱད་བླངས་ནས། གཙུག་ལག་ཁང་ཉི་ཤུ་རྩ་བཞི་བཞེངས། གནོད་སྦྱིན་མོ་སྐལ་པ་བཟང་མོས་འཚོ་བ་སྦྱར་ཏེ་དེ་ཐམས་ཅད་དུ་ཐེག་པ་ཆེན་པོའི་ཆོས་གཞི་རེ་བཙུགས་སོ། ། དེའི་ཚེ་ཤར་ཕྱོགས་ན་ལི་ནཱིའི་གྲོང་ཁྱེར་ཁོར་ཏ་ཞེས་བྱ་བར་བྱུང་བ་བྲམ་ཟེ་ཐུབ་དཀའ་ནག་པོས་ཡུལ་དང་ཡུལ་ཐམས་ཅད་དུ་ཕྱིན་ཏེ། སངས་རྒྱས་པའི་བསྟན་པ་རྩོད་པས་ཕམ་པར་བྱས་ནས། དཔལ་ན་ལེནྡྲར་འོངས་པ་ནས་སངས་རྒྱས་པ་རྣམས་ཀྱིས་རྩོད་པར་མ་ནུས་ནས་སློབ་དཔོན་ཨཱརྱ་དེ་ཝ་སྤྱན་དྲང་པའི་ཕྱིར་འཕྲིན་ཡིག་བྲིས་ཏེ་ནག་པོ་ཆེན་པོ་ལ་གཏོར་མ་བྱས་པ་ན། ནག་པོ་ཆེན་པོའི་རྡོ་སྐུ་རང་བྱོན་གྱི་ཐུགས་ཀ་ནས་བྱ་རོག་ཅིག་བྱུང་སྟེ། དེའི་མགུལ་པར་ཡི་གེ་བཏགས་པས་འཕར་ཏེ་ལྷོ་ཕྱོགས་སུ་སོང་སྟེ་སློབ་དཔོན་ལ་གཏད་པས། སློབ་དཔོན་གྱིས་ཀྱང་འདུལ་བའི་དུས་སུ་མཁྱེན་ནས། རྐང་མགྱོགས་ཀྱི་རྫས་ལ་བརྟེན་ཏེ་ཚུར་བྱོན། ལམ་དུ་མུ་སྟེགས་ཀྱི་རིགས་ཀྱི་བུད་མེད་ཅིག་དངོས་གྲུབ་ཀྱི་རྫས་ཀྱི་དོན་དུ་དགེ་སློང་མཁས་པའི་མིག་དགོས་པར་བྱུང་ནས་སྤྱན་ཡ་གཅིག་སློང་པ་ལ་དེ་བྱིན་ཏེ། ཐུན་ཚོད་གཅིག་གི་ཡུན་ཙམ་ལ་ནཱ་ལེནྡྲར་ཕེབས། དེར་མུ་སྟེགས་ཀྱི་དཔུང་གཉེན་སྲིང་མོ་པཎྜི་ཏ་དང༌། ནེ་ཙོ་དང༌། ཐོད་ལེ་ཀོར་རྣམས་དགེ་བསྙེན་སྤྱི་བརྟོལ་ཅན་དང༌། བྱི་ལ་དང༌། མར་ནག་གི་བུམ་པ་རྣམས་ཀྱིས་བཏུལ། ཕྱོགས་ཐམས་ཅད་རིག་སྔགས་ཀྱིས་བཅིངས་ཤིང་གོས་ཧྲུལ་ལ་སོགས་པས་བསྐོར་བས་དབང་ཕྱུག་ཆེན་པོ་ཉེད་རྒྱུད་ལ་འཇུག་པར་ཡང་མ་ནུས། ཡུན་རིང་དུ་རྩོད་པ་བྱས་པས་ཀྱང་སློབ་དཔོན་གྱིས་དེ་ལན་གསུམ་དུ་ཚར་བཅད་དོ། །དེ་རིག་སྔགས་ཀྱི་མཐུས་ནམ་མཁའི་ལམ་ལས་འབྲོས་པར་བརྩམས་པ་ལས་སློབ་དཔོན་གྱིས་དེའི་སྔགས་བཅིངས་ཏེ་བཟུང་ནས། གཙུག་ལག་ཁང་ཞིག་ཏུ་བཙོན་དུ་བཅུག་པ་ལ་གླེགས་བམ་རྣམས་བཀླགས་པས་རིང་ཉིད་ལུང་བསྟན་པའི་མདོ་སྡེ་མཐོང་ནས། སྔར་བསྟན་པ་ལ་བྱ་བ་མ་ཡིན་པ་བྱས་པ་ལ་ནི་འགྱོད། སངས་རྒྱས་ལ་དད་པ་ཆེས་ཆེར་འཕེལ་བར་གྱུར་ནས། རབ་ཏུ་བྱུང་སྟེ་རིང་པོར་མི་ཐོགས་པར་སྡེ་སྣོད་གསུམ་འཛིན་པར་གྱུར་ཏོ། ། དེ་ནས་སློབ་དཔོན་ཨཱརྱ་དེ་ཝས་ན་ལེནྡྲར་ཡང་ཡུན་རིང་དུ་བཞུགས་ཤིང༌། མཐར་ཡང་ལྷོ་ཕྱོགས་ཀྱི་རྒྱུད་དུ་གཤེགས་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་དེ་ཡུལ་ཀཉྩི་དང་ཉེ་བའི་རཾ་ག་ནཱ་ཐ་ཞེས་བྱ་བར་སྒྲ་གཅན་འཛིན་བཟང་པོ་ལ་སྙིང་པོའི་དོན་གྱི་བསྟན་པ་གཏད་ནས་སྐུ་འདས་སོ། །སློབ་དཔོན་ཨཱརྱ་དེ་ཝ་དང་དུས་མཚུངས་པ་ལ། ལྷོ་ཕྱོགས་ཀྱི་རྒྱུད་དུ་སློབ་དཔོན་ཀླུ་བོས་ཞེས་བྱ་བ་མཚན་དངོས་ཏ་ཐཱ་ག་ཏ་བྷ་དྲ་སྟེ་དེ་ཀླུ་རྣམས་ཀྱིས་སྤྱན་དྲངས་ཏེ། ཀླུའི་ཡུལ་དུ་ལན་བདུན་བྱོན་པ་ཡིན་ལ། ཐེག་པ་ཆེན་པོའི་མདོ་སྡེ་དུ་མ་རྣམ་པར་བཤད་པ་མཛད་ཅིང༌། རྣམ་རིག་གི་དབུ་མ་ཅུང་ཟད་གསལ་བར་མཛད་དོ། །ད་ལྟ་བོད་དུ་འགྱུར་བའི་སྐུ་གསུམ་ལ་བསྟོད་པ་ཡང་སློབ་དཔོན་འདིས་མཛད་པ་ཡིན་ཞིང༌། ཁྱད་པར་སློབ་དཔོན་དེས་སྙིང་པོའི་བསྟོད་པ་ཞེས་བྱ་བའི་བསྟན་བཅོས་ཀྱང་མཛད་ལ། དེའི་ཚེ་ལྷོ་ཕྱོགས་ཀྱི་རྒྱུད་བི་ཏྱ་ན་ག་ར་ལ་སོགས་པ་ཕལ་ཆེ་བར་དེ་བཞིན་བཤེགས་པའི་སྙིང་པོའི་མདོའི་ཚིགས་བཅད་རྣམས་གྲོང་ཁྱེར་གྱི་ཁྱེའུ་བུ་མོ་ཚུན་ཆོད་ཀྱིས་གླུར་ལེན་པ་བྱུང་ཞིང༌། དེ་ཙམ་དུ་བསྟན་པ་རྒྱས་པར་མཛད་ནས། སླར་ཡང་དཔལ་ནཱ་ལེནྡྲའི་མཁན་པོ་ཡུན་རིང་དུ་མཛད་དོ། །སློབ་དཔོན་འདི་ཡང་ཀླུ་སྒྲུབ་ཀྱི་སློབ་མའོ། །ཡང་ཤར་ཕྱོགས་བྷཾ་ག་ལའི་ཡུལ་གྱི་བྲམ་ཟེ་རྒན་རྒོན་གཉིས་ལ་བུ་ཞིག་ཀྱང་ཡོད་ཅིང༌། ལོངས་སྤྱོད་ཀྱིས་དབུལ་བ་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་གསེར་མང་པོ་གནང་བས་ལྷག་པར་དད་དེ། དེ་གསུམ་ཆར་གྱིས་སློབ་མ་བྱས། བུ་དེས་སློབ་དཔོན་གྱི་ཉེ་གནས་བྱས་ཤིང་བཅུད་ལེན་གྱི་དངོས་གྲུབ་ཀྱང་ཐོབ་པ་ན། རབ་ཏུ་བྱུང་སྟེ་སྡེ་སྣོད་གསུམ་ལ་མཁས་པར་བྱས་པ་ནི་སློབ་དཔོན་ཀླུའི་བྱང་ཆུབ་བོ། །དེས་ཀྱང་སློབ་དཔོན་ཀླུ་སྒྲུབ་བཞུགས་ཀྱི་བར་དུ་སློབ་དཔོན་གྱི་གཡོག་བྱེད་ཅིང༌། སྐུ་འདས་པ་ན་དཔལ་གྱི་རིའི་ཕྱོགས་ཅིག་ཕུག་ཟབ་མོ་ཞིག་ཏུ་འདུག་ནས་རྩེ་གཅིག་ཏུ་བསྒོམས་པས་ལོ་བཅུ་གཉིས་ན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། སྐུ་ཚེ་ཉི་ཟླ་དང་མཉམ་པས་གནས་དེ་ཉིད་དུ་བཞུགས་སོ། །མཚན་གྱི་རྣམས་གྲངས་གཉིས་ཡོད་དེ། ན་ག་བོ་དྷི་ཀླུའི་བྱང་ཆུབ་དང༌། ནཱ་ག་བུདྡྷི་ཀླུའི་བློའོ། །ཡང་གྲུབ་ཐོབ་ཤིང་ཁ་བ་ཞེས་བྱ་བ་བྱུང་སྟེ། སློན་དཔོན་ཀླུ་སྒྲུབ་འཁོར་སྟོང་ཙམ་དང་བཅས་ཏེ་བྱང་ཕྱོགས་རི་ཨུ་ཤི་རར་བཞུགས་པའི་སྐབས་ཤིག་སློབ་མ་ཤིན་ཏུ་བློ་རྟུལ་བ། ཚིགས་བཅད་གཅིག་ཁོ་ན་ཡང་ཉིན་ཞག་མང་པོར་འཛིན་མི་ཐུབ་པ་ཞིག་ལ། ཀྱལ་ཀའི་ཚུལ་གྱིས་མགོ་ལ་རྭ་སྐྱེས་པར་བསྒོམས་ཤིག་ཅེས་གསུངས་པས་དེས་ཀྱང་བསྒོམས་པ་ན། དམིགས་པ་ཤིན་ཏུ་རྣོ་བས་དེ་མ་ཐག་ཏུ་རེག་མཐོང་གི་མཚན་མ་གྲུབ་ནས་རང་སྡོད་པའི་ཕུག་པ་ལ་རྭ་ཐོགས་སོ། །དེ་ནས་སློབ་དཔོན་གྱིས་དབང་པོ་རྣོ་བར་མཁྱེན་ཏེ། ཡང་རྭ་དེ་མེད་པར་སྒོམ་དུ་བཅུག་པས་མེད་པར་སོང༌། དེ་ལ་རྫོགས་པའི་རིམ་པའི་ཁྱད་པར་འགའ་ཞིག་བསྟན་ནས་སྒོམ་དུ་བཅུག་པས། དེས་ཀྱང་མི་རིང་བར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། དེ་ནས་སློབ་དཔོན་འཁོར་བཅས་ཀྱིས་ཟླ་བ་དྲུག་ཏུ་དངུལ་ཆུའི་བཅུད་ལེན་བསྒྲུབས་སོ། །གྲུབ་ནས་སློབ་མ་སོ་སོ་ལ་རིལ་བུ་འགྱེད་པ་ན་དེས་ནི་རིལ་བུ་དེ་ལ་མགོ་གཏུགས་ཏེ། ཅི་བདེར་བོར་ནས་སོང་བས་སློབ་དཔོན་གྱིས་རྒྱུ་མཚན་དྲིས་པ་ན། བདག་ལ་ནི་འདིའི་དགོས་པ་མ་མཆིས་ཏེ། གལ་ཏེ་སློབ་དཔོན་ཉིད་འདི་ལྟ་བུ་བཞེད་ན་སྣོད་ཆུས་གང་བ་དག་སྟ་གོན་མཛོད་ཅིག་ཅེས་ཟེར་རོ། །དེར་ཆང་སྣོད་ཆེན་པོ་སྟོང་ཕྲག་གཅིག་ཆུས་བཀང་སྟེ་ནགས་ཚལ་དེ་གང་བ་ལྟར་བྱས་པ་ལ། དེ་ཉིད་ཀྱི་དྲི་ཆུ་ཐིགས་པ་རེ་རེ་སྣོད་དེ་དག་ཏུ་བླུག་པས་དེ་ཐམས་ཅད་གྲུབ་པའི་བཅུད་ལེན་གསེར་འགྱུར་རྩིར་གྱུར་ ཏོ། ། སློབ་དཔོན་ཀླུ་སྒྲུབ་ཀྱིས་དེ་དག་ཐམས་ཅད་རི་དེའི་ཕྱོགས་ཅིག་གི་བྲག་ཕུག་བགྲོད་དཀའ་བ་ཞིག་ཏུ་གཏེར་དུ་སྦས། མ་འོངས་པའི་སེམས་ཅན་གྱི་དོན་བྱེད་པར་སྨོན་ལམ་བཏབ་བོ། །བློོ་རྟུལ་པོ་གྲུབ་པ་ཐོབ་པ་དེ་ལ་ནི་ཤིང་ཁི་པ་སྟེ་རྭ་ཅན་པ་ཞེས་བྱ་བའོ། །སློབ་དཔོན་ཤཱཀྱ་བཤེས་གཉེན་ཆེན་པོ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་ཡིན་པར་ངེས་མོད་ཀྱི་ལོ་རྒྱུས་མ་མཐོང་ཞིང་མ་ཐོས་སོ། །གྲུབ་ཆེན་ཤཱ་བཱ་རི་པའི་ལོ་རྒྱུས་ནི་རིན་ཆེན་འབྱུང་གནས་ལྟ་བུའི་གཏམ་དུ་བཤད་ཟིན་ལ། གྲུབ་ཐོབ་མ་ཏང་གི་ཡང་ཀླུ་གྲུབ་ཡབ་སྲས་ཀྱི་སློབ་མར་གྲགས་པ་ནི་དུས་འདི་སྐབས་བྱུང་བ་ནི་མིན། ཕྱིས་ཞལ་མཐོང་བའོ། །སློབ་དཔོན་ཨཱརྱ་དེ་ཝ་ལ་སོགས་པའི་དུས་ཀྱི་གཏམ་སྟེ་བཅུ་བདུན་པའོ།། །། ༡༨ སློབ་དཔོན་མ་ཁོལ་སོགས་ཀྱི་དུས་ཀྱི་གཏམ། དེ་ནས་རྒྱལ་པོ་ཟླ་བ་སྦས་པའི་བུ་སྙིང་པོ་ཐིག་ལེ་ཞེས་བྱ་བ་ཡུལ་གོ་རར་བྱུང་བ་ལོ་སུམ་ཅུ་སོ་ལྔ་རྒྱལ་སྲིད་བྱས། སློབ་དཔོན་བྲམ་ཟེ་ཙན་ཀ་ཞེས་བྱ་བས་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་བསྒྲུབས་ཏེ་ཞལ་མཐོང་བས་རིག་སྔགས་ཀྱི་མཐུ་ཤིན་ཏུ་ཆེ་བར་གྱུར། གྲོང་ཁྱེར་ཆེན་པོ་བཅུ་དྲུག་ཙམ་གྱི་རྒྱལ་པོ་དང་བློན་པོ་རྣམས་མངོན་སྤྱོད་ཀྱི་ལས་ཀྱིས་བསད་ཅིང༌། དེའི་ཤུལ་དུ་རྒྱལ་པོས་དམག་བྱས་པས་ཤར་ནུབ་ཕྱིའི་རྒྱ་མཚོ་ལ་ཐུག་པ་ཙམ་ལ་དབང་བསྒྱུར། དེ་ལ་བྲམ་ཟེ་དེས་བསད་པའི་ལས་ཀྱི་སྦྱོར་བས་སྐྱེ་བོ་སུམ་སྟོང་ཙམ་བསད། སྨྱོ་བའི་སྦྱོར་བས་ཀྱང་སྐྱེ་བོ་ཁྲི་ཙམ་སྨྱོ་བར་བྱས། དེ་བཞིན་དུ་བསྐྲད་པ་དང༌། དབྱེ་བ་དང༌། རེངས་པ་དང༌། ངག་ལྐུགས་པར་བྱས་པ་ལ་སོགས་པ་སྐྱེ་བོ་མང་པོ་ལ་གནོད་པ་བྱས་པའི་སྡིག་པས་ལུས་ཚལ་བར་གས་པའི་ནད་ཀྱིས་ཤི་ནས་དམྱལ་བར་སྐྱེས་སོ། །རྒྱལ་པོ་དེའི་ཚེ་གྲོང་ཁྱེར་མེ་ཏོག་ཅན་དུ་མེ་ཏོག་གིས་བརྒྱན་པ་ཞེས་བྱ་བའི་གཙུག་ལག་ཁང་བྱས་ཏེ། དེར་སློབ་དཔོན་ཆེན་པོ་མ་ཁོལ་བཞུགས་ཏེ་ཐེག་པ་ཆེ་ཆུང་གི་ཆོས་ཤིན་ཏུ་དར་བར་མཛད། སློབ་དཔོན་མ་ཁོལ་གྱི་སྐུ་ཚེའི་སྨད་ལ་སྙིང་པོ་ཐིག་ལེའི་ནུ་བོའི་བུ་རྒྱལ་པོ་ཤྲཱི་ཙནྡྲས་རྒྱལ་སྲིད་བྱས་ཤིང༌། དེས་འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཁང་ཞིག་བྱས། དེར་ཐེག་ཆེན་སྨྲ་བའི་དགེ་སློང་ཉིས་སྟོང་རེའི་འཚོ་བ་སྦྱར། དཔལ་ནཱ་ལེནྡྲའི་མཁན་པོ་སྒྲ་གཅན་འཛིན་བཟང་པོས་མཛད་དེ། དེར་དྲི་གཙང་ཁང་བཅུ་བཞི་བཞེངས། ཆོས་གཞི་མི་འདྲ་བ་ཡང་བཅུ་བཞི་བཙུགས། རྒྱལ་པོ་ཤྲཱི་ཙནྡྲས་རྒྱལ་སྲིད་བསྐྱངས་ནས་ལོ་མང་རབ་སོང་བ་ན། ནུབ་ཕྱོགས་ཌི་ལི་དང་མ་ལ་ཝའི་ཡུལ་དུ་རྒྱལ་པོ་ཀ་ནི་ཀ་ལོ་གཞོན་ནུ་ཞིག་ལ་རྒྱལ་སར་བསྐོས་ཏེ། རིན་པོ་ཆེའི་འབྱུང་ཁུངས་ཉི་ཤུ་རྩ་བརྒྱད་གསར་དུ་བརྡོལ་བ་སོགས་དཔལ་འབྱོར་ཆེན་པོས་གནས་པར་བྱེད་དོ། །ཕྱོགས་བཞིར་གཙུག་ལག་ཁང་རེ་རེ་ཡང་བཞེངས་ཤིང༌། ཐེག་པ་ཆེ་ཆུང་གི་དགེ་སློང་སུམ་ཁྲི་རེ་རྟག་ཏུ་མཆོད་པར་བྱེད་དོ། །དེས་ན་རྒྱལ་པོ་ཀ་ནཥྐི་དང་ཀ་ནི་ཀ་མི་གཅིག་པར་གོ་དགོས་སོ། །དེ་ལ་སློབ་དཔོན་མ་ཁོལ་ནི་གོང་དུ་ཅུང་ཟད་བརྗོད་པའི་བྲམ་ཟེ་ཐུབ་དཀའ་ནག་པོ་དེ་ཉིད་ཡིན་ཏེ། དཔའ་བོ་དང༌། རྟ་དབྱངས་དང༌། མ་ཁོལ་དང༌། ཕ་ཁོལ་དང༌། ཐུབ་དཀའ་དང༌། ཆོས་ལྡན་རབ་འབྱོར་དང༌། མ་ཏི་ཙི་ཏྲ་རྣམས་མཚན་གྱི་རྣམ་གྲངས་སུ་གྲགས་པ་ཡིན་ནོ། །དེ་ཡང་གྲོང་ཁྱེར་ཁོར་ཏ་ན་ཚོང་དཔོན་ཞིག་ལ་བུ་མོ་བཅུ་ཡོད། དེ་ཐམས་ཅད་ཀྱང་སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གནས་ལྔ་ལ་གནས་པ་དང༌། དཀོན་མཆོག་མཆོད་པ་ཡིན་ནོ། །དེ་དག་སོ་སོར་ཡུལ་གྱི་སྐྱེ་བོ་ཆེན་པོ་དག་གི་བག་མར་སོང་ཞིང༌། ཐ་ཆུང་གང་ཡིན་པ་དེ་ནི་བྲམ་ཟེ་ལོངས་སྤྱོད་ཆེན་པོ་སངྒྷ་གུ་ཧྱ་ཞེས་བྱ་བའི་བག་མར་ཕྱིན་ནས། ནམ་ཞིག་ན་བུ་ཞིག་བཙས་པ་མིང་ནག་པོ་ཞེས་བཏགས་སོ། །དེ་རིག་བྱེད་ཡན་ལག་དང་བཅས་པ་མཐའ་དག་ལ་ཤིན་ཏུ་བྱང་བར་གྱུར་ཏེ། ཕ་མ་ལ་ཤིན་ཏུ་གུས་པས་མ་ཁོལ་དང༌། ཕ་ཁོལ་ཞེས་གྲགས་སོ། །སྔགས་རྒྱུད་ཀྱི་སྦྱོར་བ་དང༌། རྟོག་གེ་ལ་ཤིན་ཏུ་བྱང་བར་གྱུར་ཏེ། ལྷ་དབང་ཕྱུག་ཆེན་པོས་དངོས་སུ་ལུང་སྟོན་པར་བྱེད་དོ། ། དེ་ནས་རྩོད་པའི་སྙེམས་པ་དང་བཅས་ཏེ་ཨོ་ཌི་བི་ཤ་དང༌། གོ་ར་དང༌། ཏི་ར་ཧུ་ཏི་དང༌། ཀཱ་མ་རཱུ་པ་ལ་སོགས་པའི་ཡུལ་རྣམས་སུ་སངས་རྒྱས་པ་རྣམས་རྩོད་པས་ཕམ་པར་བྱས་ཏེ། འགའ་ཞིག་ནི་མུ་སྟེགས་ལ་བཀོད། འགའ་ཞིག་གི་མངའ་ཐང་ཕྲོག་ཅིང༌། ཁ་ཅིག་ནི་མུ་སྟེགས་ལ་ཕྱག་འཚལ་དུ་གཞུག་པ་སོགས་དམའ་དབབ་པར་བྱས་སོ། །དེར་མས་བསམས་པ། གལ་ཏེ་འདི་ནཱ་ལེནྡྲར་སོང་ན་རྩོད་པའི་ཁྱུ་མཆོག་རིག་སྔགས་གྲུབ་པ་དག་གིས་བཏུལ་ཏེ་ཆོས་ལ་འཇུག་པར་འགྱུར་རོ་སྙམ་དུ་བསམས་ནས། ཡུལ་གཞན་གྱིས་སངས་རྒྱས་པ་རྣམས་ནི་རྟའི་རྣ་བའི་སྤུ་ཙམ། མ་ག་དྷཱའི་སངས་རྒྱས་པ་རྣམས་ནི་རྟའི་ལུས་དང་མཚུངས་པ་སྟེ། གང་མ་ག་དྷཱའི་སངས་རྒྱས་པ་རྣམས་ལས་རྩོད་པ་རྒྱལ་བར་མ་གྱུར་བ་དེ་སྲིད་དུ་རྒོལ་བའི་གྲགས་པ་མི་ཐོབ་བོ་ཞེས་བརྗོད་པས། མ་ག་དྷཱར་ཕྱིན་པ་ནས། རབ་ཏུ་བྱུང་བའི་བར་གོང་བཞིན། དེར་གནས་བརྟན་སྡེ་སྣོད་འཛིན་པར་གྱུར་པ་ན། མནལ་ལམ་དུ་འཕགས་མས་ལུང་བསྟན་ཏེ། ཁྱོད་ཀྱིས་སངས་རྒྱས་ལ་བསྟོད་པ་མང་དུ་གྱིས་ཤིག །སྔོན་ཆོས་ལ་སྡིག་པ་བསགས་པའི་ལས་ཀྱི་སྒྲིབ་པ་བྱང་བར་འགྱུར་རོ་ཞེས་གསུངས་པས་བསྐུལ་ཏེ། བཤགས་པའི་དོན་དུ་བསྔགས་པར་འོས་པ་ལ་བསྔགས་པའི་བསྟོད་པ་བརྩམས་ཤིང༌། གཞན་ཡང་སངས་རྒྱས་ཀྱི་བསྟོད་པ་བརྒྱ་རྩ་བརྩམས་པར་གྲགས། བསྟོད་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་ནི་བསྟོད་པ་བརྒྱ་ལྔ་བཅུ་པའོ། །གང་གི་ཚེ་མ་ཁོལ་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་དེའི་ཚེ། ཕྱོགས་བཞིའི་གཙུག་ལག་ཁང་རྣམས་སུ་མུ་སྟེགས་བྱེད་དང༌། བྲམ་ཟེ་རབ་ཏུ་འབྱུང་བར་བྱེད་པ་ཤིན་ཏུ་མང་བར་བྱུང་སྟེ། བྲམ་ཟེ་རྣམས་ཀྱི་མཆོག་རབ་གྱ་ནོམ་པ་ཐུབ་དཀའ་ནག་པོ་ཡང་རང་གི་གྲུབ་མཐའ་མཆིལ་མའི་ཐལ་བ་བཞིན་བོར་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ན་ངེས་པར་སངས་རྒྱས་ཀྱི་ཆོས་འདི་ཡ་མཚན་ཆེའོ། །ཞེས་དེའི་རྒྱུ་ལས་དཔལ་ནཱ་ལེནྡྲ་ཁོ་ནར་ཡང་བྲམ་ཟེ་སྟོང་ལྷག་པར་རབ་ཏུ་བྱུང་ཞིང༌། མུ་སྟེགས་བྱེད་ཀྱང་དེ་སྙེད་རབ་ཏུ་བྱུང་ངོ༌། ། སློབ་དཔོན་དེ་ནི་བསོད་ནམས་ཆེན་པོ་དང་ལྡན་པ་ཡིན་པའི་ཕྱིར་ཉིན་རེར་གྲོང་ཁྱེར་དུ་བསོད་སྙོམས་ལ་གཤེགས་པ་ན་ཡང་ཁ་ཟས་དཔག་ཏུ་མེད་པ་དག་འབྱོར་ཏེ། བསམ་གཏན་པ་ཉིས་བརྒྱ་ལྔ་བཅུ་དང༌། ཀློག་པ་བ་ཉིས་བརྒྱ་ལྔ་བཅུ་སྟེ་དགེ་སློང་ལྔ་བརྒྱ་འཚོ་བས་བྲེལ་བ་མེད་པར་བྱེད་དོ། །སློབ་དཔོན་འདིས་མཛད་པའི་བསྟོད་པ་རྣམས་ནི་སངས་རྒྱས་གྱི་བཀའ་དང་མཉམ་པ་ཙམ་དུ་བྱིན་རླབས་ཆེ་སྟེ། རྒྱལ་བ་ཉིད་ཀྱིས་བསྟོད་པ་བྱེད་པར་ལུང་བསྟན་པ་ཡིན་པའི་ཕྱིར་རོ། །དེས་མཛད་པའི་བསྟོད་པ་ཐམས་ཅད་ཀྱང་ཡུལ་ཐམས་ཅད་དུ་ཁྱབ་སྟེ། ཐ་ན་གླུ་གར་མཁན་དང༌། བཞད་གད་མཁན་རྣམས་ཀྱང་འདོན་པར་བྱེད་པས་ཡུལ་གྱི་སྐྱེ་བོ་ཐམས་ཅད་སངས་རྒྱས་ལ་དད་པ་རང་ཤུགས་ཀྱིས་སྐྱེས་ཏེ། བསྟོད་པ་ཁོ་ནས་ཀྱང་བསྟན་པ་དར་བ་ལ་ཆེས་ཕན་པ་ཞིག་གོ །སྐུ་ཚེའི་སྨད་ཀྱི་དུས་ན། རྒྱལ་པོ་ཀ་ནི་ཀས་སློབ་དཔོན་སྤྱན་འདྲེན་པའི་ཕོ་ཉ་བརྫངས་པ་ལ་ཤིན་ཏུ་བགྲེས་པས་འབྱོན་མ་ཐུབ་སྟེ། འཕྲིན་ཡིག་མཛད་པས་རྒྱལ་པོ་དེ་ཆོས་ལ་བཀོད། སློབ་དཔོན་ཉིད་ཀྱི་སློབ་མ་ཡེ་ཤེས་སྙན་པ་ཞེས་བྱ་བ་རྒྱལ་པོ་དེ་ལ་ཆོས་སྟོན་པའི་སློབ་དཔོན་དུ་བརྫངས། མདོ་ལ་སོགས་པའི་གླེགས་བམ་ན་བཞུགས་པ་ཁོ་ན་མ་ལྟོས་པར་མཁན་པོ་དང་སློབ་དཔོན་དག་གི་སྙན་ནས་སྙན་དུ་བརྒྱུད་པའི་སྐྱེས་རབས་བཅུ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་སྦྱར་ཏེ་རྩོམ་པར་བཞེད་པ་ལས། སུམ་ཅུ་རྩ་བཞི་མཛད་ཟིན་པ་ན་སྐུ་འདས་སོ། །ལོ་རྒྱུས་ཁ་ཅིག་ལས་བྱང་ཆུབ་སེམས་དཔའ་སྟག་མོ་ལ་ལུས་བྱིན་པ་སོགས་རྐྱེན་ཉེ་བར་དམིགས་ན་བདག་གིས་ཀྱང་ནུས་པས། བྱ་དཀའ་བའི་མཛད་པ་མིན་ནམ་དགོངས་པ་ན། ནམ་ཞིག་ན་དེ་ཁོ་ན་འདྲ་བའི་སྟག་མོ་ཕྲུ་གུ་འབྲངས་པ་བཀྲེས་པས་ཉེན་པ་གཟིགས། ལུས་སྦྱིན་པར་བརྩམས་པ་ན་ཅུང་ཟད་མི་ནུས་པ་ལྟར་འདུག་ནས་ལྷག་པར་ཡང་སངས་རྒྱས་ལ་དད་པ་སྐྱེས་ཤིང༌། སྨོན་ལམ་བདུན་ཅུ་པ་རང་གི་ཁྲག་གིས་བྲིས་ཤིང༌། སྟག་རྣམས་ལ་དང་པོར་ཁྲག་བླུད་དེ་ཅུང་ཟད་ལུས་ཉམ་སྟོབས་རྒྱས་པ་ན་རང་གི་སྐུ་ལུས་བྱིན་ནོ་ཞེས་ཟེར་རོ། ཁ་ཅིག་ནི་དེ་ལྟ་བུའི་མཛད་པ་ཅན་གྱི་སློབ་དཔོན་གཞན་ལ་ཕན་པའི་དབྱངས་དགོན་པ་བ་དེ་ནི་སློབ་དཔོན་མ་ཁོལ་གྱི་ཕྱིས་བྱོན་པ་ཞིག་གོ་ཞེས་ཀྱང་ཟེར་རོ། །ཤེར་ཕྱིན་བསྡུས་པ་སོགས་བསྟན་བཅོས་གཞན་ཡང་མང་དུ་བྱས་ཤིང༌། ཐེག་པ་ཆེ་ཆུང་གི་དགེ་སློང་ཀུན་ལ་ཤིན་ཏུ་སྙོམས་པར་ཕན་འདོགས་པ་ཐེག་ཆེན་ཁོ་ནའི་ཁ་ཟིན་ཡང་མ་མཛད་པས་ཉན་ཐོས་རྣམས་ཀྱང་ལྷག་པར་དད་ཅིང༌། ནང་པའི་སྤྱི་མི་ལྟ་བུར་གྱུར་པས་ཤིན་ཏུ་གྲགས་ཆེའོ། ། སློབ་དཔོན་སྒྲ་གཅན་འཛིན་བཟང་པོ་ནི་རིགས་དམངས་རིགས་ཡིན་ཀྱང་གཟུགས་དང་ལོངས་སྤྱོད་དང་དབང་ཕྱུག་ཕུན་སུམ་ཚོགས་པ་ཞིག་ནཱ་ལེནྡྲར་རབ་ཏུ་བྱུང༌། དགེ་སློང་སྡེ་སྣོད་གསུམ་འཛིན་པར་གྱུར་པ་ན། སློབ་དཔོན་ཨཱརྱ་དེ་ཝའི་ཞབས་པད་བསྟེན་ཞིང་དེ་ཁོ་ན་ཉིད་ཁོང་དུ་ཆུད་པར་མཛད། ནཱ་ལེནྡྲར་བཞུགས་ནས། སྣོད་ཆེན་པོ་ནམ་མཁའ་ལ་བཟེད་པ་ཙམ་གྱིས་ཁ་ཟས་བཟང་པོས་གང་ཡོང༌། ཚུལ་དེས་དགེ་འདུན་མང་པོ་ལ་འཚོ་བ་སྦྱོར་བར་མཛད། མཐར་ཡུལ་བྷིང་ཀོ་ཊར་སངས་རྒྱས་འོད་དཔག་མེད་ཀྱི་ཞལ་མཐོང་ནས། བདེ་བ་ཅན་གྱི་ཕྱོགས་སུ་ཞལ་བལྟས་ཏེ་སྐུ་འདས་སོ། །འདིའི་གཏམ་སྒྲོལ་མའི་ལོ་རྒྱུས་སུ་བཤད་ཟིན་ཏོ། །སློབ་དཔོན་མ་ཁོལ་ལ་སོགས་པའི་དུས་ཀྱི་སྐབས་ཏེ་བཅོ་བརྒྱད་པའོ།། །། ༡༩ ཆོས་ལ་དགྲ་བར་བ་བྱུང་ཞིང་སླར་སོད་ཆུད་སྐབས། དེའི་རྗེས་སུ་ཤར་ཕྱོགས་སུ་རྒྱལ་པོ་ཤྲཱི་ཙནྡྲའི་བུ་དྷརྨཱ་ཙནྡྲ་བྱུང། འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་མཆོད་པ་ཆེར་བྱས། དེའི་བློན་པོ་བྲམ་ཟེ་བཱ་སུ་ནེ་ཏྲ་ཞེས་བྱ་བ་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་དད་པ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་མཐོང་བ་ཞིག་བྱུང་ནས། དེས་ཀླུ་རྣམས་ལས་སྨན་གྱི་རིགས་སྣ་ཚོགས་པ་དག་བླངས་ཏེ། ཉི་འོག་གི་རྒྱལ་ཁམས་སུ་ནད་རིམས་ཐམས་ཅད་རྒྱུན་ཆད་པར་བྱས། ཡུལ་གྱི་བུ་ལོན་ཐམས་ཅད་ལན་གསུམ་བསྙོམས། དེའི་ཚེ་ཁ་ཆེའི་ཡུལ་ན་རྒྱལ་པོ་ཏུ་རུཥྐ་ཞེས་བྱ་བ་ཚེ་ལོ་བརྒྱ་ཐུབ་པ་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཞིག་བྱུང་ངོ༌། ། དྷརྨཱ་ཙནྡྲས་རྒྱལ་སྲིད་བྱས་པའི་རིང་ལ། ཡུལ་མོ་ལ་ཏཱ་ན་དང༌། ལ་ཧོར་གྱི་རྒྱལ་པོ་བནྡེ་རོ་ཡང་ཟེར་བ་ཁུ་ནི་མ་མཔྟ་ཞེས་བྱ་བ་སྟག་གཟིག་གི་རྒྱལ་པོ་ཞིག་ཡོད་ལ། དེ་དང་རྒྱལ་པོ་དྷརྨཱ་ཙནྡྲ་གཉིས་རེས་འཁྲུག་རེས་བསྡུམས་པ་མང་དུ་བྱུང་ངོ༌། །ལན་ཅིག་འདུམས་པར་གྱུར་ཏེ། ཕན་ཚུན་གྱི་ཕོ་ཉ་བ་དགེ་སློང་རྙེད་བཀུར་ལ་ཆགས་པ་འགའ་རེས་བྱས་སོ། ། དེར་སྟག་གཟིག་གི་རྒྱལ་པོས་ནི་རྟ་དང་རིན་པོ་ཆེའི་རིགས་དག་ཡུལ་དབུས་ཀྱི་རྒྱལ་པོ་ལ་སྐྱེས་སུ་བསྐུར་རོ། ། གཅིག་ཤོས་ཀྱིས་ནི་གླང་པོ་ཆེ་དང༌། དར་གོས་ཀྱི་ཁྱད་པར་བཟང་པོ་དག་སྟག་གཟིག་ལ་སྐུར་བར་བྱེད་དོ། །ལན་ཅིག་ཉི་འོག་གི་རྒྱལ་པོ་དྷརྨཱ་ཙནྡྲས་ཟབ་ཆེན་གྱི་གོས་སྲུབས་མེད་པ་སྟག་གཟིག་གི་རྒྱལ་བོ་ལ་བསྐུར་བ་ལ། སྟེས་དབང་གིས་ཐགས་རིས་ལ་སྙིང་གའི་ཐད་དུ་རྐང་རྗེས་འདྲ་བ་ཞིག་བྱུང་བས། ངན་སྔགས་བྱེད་དོ་སྙམ་ནས་ཐེ་ཚོམ་སྐྱེས། ཡང་ལན་ཅིག་ཤིང་འབྲས་སྐྱེས་སུ་བསྐུར་བར་འདོད་པ་ལ་བྲམ་ཟེ་ཞིག་གིས་སྔགས་ཀྱི་འཁོར་ལོ་གྲོ་ག་ལ་བྲིས་པ་མང་པོ་ཉི་འོད་ལ་བཞག་པ་ལས་རླུང་གིས་ཁྱེར་ཏེ། ཀེ་ལེའི་འབྲས་བུ་ཁ་བྱེ་བའི་ནང་དུ་སོང༌། དེ་ལ་སོགས་པའི་ཤིང་ཏོག་རྣམས་སྒྲོམ་མར་ཁུས་བཀང་བའི་ནང་དུ་བཅུག་སྟེ་སྟག་གཟིགས་གི་རྒྱལ་པོ་ལ་བསྐུར། ནམ་ཞིག་ན་ཤིང་རྟོག་གི་ནང་ནས་སྔགས་ཀྱི་འཁོར་ལོ་བྱུང་བས། ངེས་པར་ངན་སྔགས་བྱེད་དོ་སྙམ་ནས་ཏུ་རུཥྐའི་དམག་གིས་མ་ག་དྷཱའི་ཡུལ་ཀུན་བཅོམ། གཙུག་ལག་ཁང་མང་པོ་ཞིག་ཀྱང་བཤིག་དཔལ་ནཱ་ལེནྡྲར་ཡང་གནོད་པ་ཆེར་བྱུང༌། རབ་ཏུ་བྱུང་བ་རྣམས་ཀྱང་ཐག་རིང་པོར་བྲོས་སོ། ། དེའི་རྗེས་སུ་དྷརྨཱ་ཙནྡྲ་འདས་ཏེ། དེའི་ཚ་བོ་ཞིག་རྒྱལ་སྲིད་ལ་ཡོད་ཀྱང་ཏུ་རུཥྐའི་གཡོག་ཏུ་གྱུར་པས་དབང་མེད་དོ། །དྷརྨ་ཙནྡྲའི་ཞང་པོའི་བུ་ཝཱ་རཱ་ཎ་སཱིའི་རྒྱལ་པོས་སངས་རྒྱས་ཕྱོགས་ཞེས་བྱ་བ་ཞིག་ཡོད་དེ། དེས་རྒྱ་ནག་གི་ཡུལ་དུ་མདོ་སྡེ་སྨྲ་བའི་སློབ་དཔོན་འགའ་ཞིག་བརྫངས་པ་ལས། རྒྱ་ཡུལ་གྱི་རྒྱལ་པོས་དྲིན་ལན་དུ་གསེར་མི་ཁུར་བརྒྱ་ལ་སོགས་པ་མི་སྟོང་ཕྲག་བཅུས་ཁུར་བའི་ཡོ་བྱད་བཟང་པོ་དག་རྒྱལ་པོ་སངས་རྒྱས་ཕྱོགས་ལ་བྱིན་ནོ། །དེ་ནས་ནོར་དེ་དག་གིས་ནུབ་ཕྱོགས་དང་དབུས་ཀྱི་རྒྱལ་པོ་རྒྱལ་ཕྲན་གཙོ་བོ་གཙོ་བོ་དག་མགུ་བར་བྱས་ནས། སྟག་གཟིག་གི་རྒྱལ་པོ་དང་འཁྲུགས་པ་ལས་རྒྱལ་པོ་ཁུ་ནི་མ་མཔྟ་ལ་སོགས་པ་སྟག་གཟིག་གི་དཔའ་བོ་ཕལ་ཆེར་བསད། ཉི་འོག་དང་ནུབ་ཕྱོགས་ཀྱི་རྒྱལ་ཁམས་ཕལ་ཆེར་ལ་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱིས་ལུང་བཏང་ངོ༌། །དེས་སྔར་གྱི་ལྷ་ཁང་ཉམས་པ་ཐམས་ཅད་བསོས། དགེ་འདུན་རྣམས་སྤྱན་དྲངས། དཔལ་ནཱ་ལེནྡྲར་ཆོས་གཞི་བརྒྱད་ཅུ་རྩ་བཞི་བཙུགས་པ་ལས་རྒྱལ་པོ་ཉིད་ཀྱིས་བདུན་ཅུ་རྩ་གཅིག །གཞན་རྣམས་བཙུན་མོ་དང་བློན་པོས་བཙུགས། དེའི་ཚེ་འཇམ་དཔལ་གྱི་ཞལ་མངོན་སུམ་དུ་མཐོང་བའི་མ་ཏི་ཙི་ཏྲ་ཕྱི་མ་གཅིག་ཀྱང་བྱོན་ཏེ། དེ་རྒྱལ་པོའི་བླ་མར་གྱུར། དགེ་འདུན་རྣམས་རྒྱལ་པོའི་ཁང་བཟང་གི་རྩེ་མོར་མཆོད་ཅིང༌། མུ་སྟེགས་བྱེད་རྣམས་ལ་སྒོ་ཁང་གི་ཕྱི་རོལ་དུ་ཟས་དག་སྟེར་རོ། །དེ་ལྟར་བསྟན་པ་ཉམས་པ་ཤིན་ཏུ་སོས་པར་བྱས་སོ། །དམ་པའི་ཆོས་ལ་དགྲ་བར་པ་བྱུང་ཞིང༌། སླར་ཡང་སོར་ཆུད་པའི་སྐབས་ཏེ་བཅུ་དགུ་པའོ།། །། ༢༠ ཆོས་ལ་དགྲ་གསུམ་པ་བྱུང་ཞིང་སླར་སོར་ཆུད་སྐབས། དེ་ནས་ལྷོ་ཕྱོགས་ཡུལ་ཀྲྀཥྞ་རཱ་ཛར་སློབ་དཔོན་མཱ་ལེ་ཀ་བུདྡྷི་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨྲ་བ་ཞིག་བྱུང་སྟེ། དེས་ཡུལ་དབུས་སུ་ཆོས་གཞི་ཆེན་པོ་ཉི་ཤུ་རྩ་གཅིག་ཙམ་བཙུགས་ཤིང༌། མཆོད་རྟེན་ལྷ་ཅན་སྟོང་ཕྲག་གཅིག་བཞེངས། ལོ་ཉི་ཤུ་ཙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་དར་བར་བྱས། མཐར་ཏུ་རུཥྐའི་ཆོམ་པོས་བཀྲོངས། ཁྲག་འོ་མར་ཟགས་ཤིང༌། ཁོང་པ་ནས་མེ་ཏོག་མང་པོ་འཐོན་ཏེ་བར་སྣང་ཁེངས་སོ། །ཡུལ་དེ་ཉིད་དུ་འཁྲུངས་པའི་སློབ་དཔོན་མུ་ཏི་ཏཱ་བ་བྷ་དྲ་སྟེ་ཀུན་ཏུ་དགའ་བ་བཟང་པོ་ཞེས་བྱ་བ་མདོ་སྟེ་སྟོང་ཕྲག་མང་པོས་མགྲིན་པ་བརྒྱན་པ། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་ཤིང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞིག་བྱུང་སྟེ། དེས་ཀྱང་སྔར་གྱི་མཆོད་རྟེན་ཞིག་པ་ཐམས་ཅད་ནི་བསོས། མཆོད་རྟེན་གསར་པ་བཅུ་བཅུས་བསྐོར་བར་བྱས། བྲམ་ཟེ་དང་ཁྱིམ་བདག་ཐམས་ཅད་དད་པ་ལ་བཀོད། དེར་ཡུལ་དབུས་ན་རབ་ཏུ་བྱུང་བ་མ་བསྡམས་པ་མང་པོ་ཡོད་པ་རྣམས། ལྟུང་བ་ཕྱིར་བཅོས་པར་དགའ་བ་རྣམས་བཅོས། ཁས་མི་ལེན་པ་རྣམས་བསྐྲད་པས། དེ་ཐམས་ཅད་ཀྱིས་དགེ་སློང་མཆོག་དེ་ལ་སྡང་བར་བྱས་ཤིང༌། ཁ་ཟེར་བས་ཐུགས་སྐྱོ་ནས་འཕགས་པ་ཀུན་ཏུ་བཟང་པོ་ལ་གསོལ་བ་བཏབ་པ་ན་དངོས་སུ་ཞལ་བསྟན། བདག་གང་དུ་སེམས་ཅན་གྱི་དོན་ཡོད་པ་དེར་འཁྲིད་པར་ཞུ་ཞུས་པས། ན་བཟའ་ལ་འཇུས་ཤིག་གསུང༌། འཇུས་པ་ཙམ་ན་ལི་ཡུལ་དུ་སླེབ་སྟེ། དེར་ལོ་མང་པོར་འགྲོ་བའི་དོན་བྱས་ནས་འདས་སོ། ། དེ་ལྟར་ལོ་བཞི་བཅུ་ཙམ་དུ་ཆོས་ཤིན་ཏུ་དར་བར་ཡོད་པ་ལས། དཔལ་ནཱ་ལེནྡྲར་རྒྱལ་པོའི་བློན་པོའི་ཀ་ཀུ་ཏ་སིདྡྷ་ཞེས་བྱ་བས་ལྷ་ཁང་ཞིག་བཞེངས་པའི་ཞལ་བསྲོའི་ཚེ། སྐྱེ་བོ་ཐམས་ཅད་ལ་སྟོན་མོ་ཆེར་བྱས་པ་ལས། མུ་སྟེགས་ཀྱི་གྲུབ་མཐའ་འཛིན་པའི་མུ་ཏོ་བ་གཉིས་སློང་དུ་ཡོངས་པ་ལ། དགེ་ཚུལ་གཏུམ་པོ་རྣམས་ཀྱིས་ཁྲུས་ཁུ་གཏོར། སྒོ་གླེགས་ཀྱི་བར་དུ་བཙིར། ཁྱི་གཏུམ་པོ་དག་རྦད་པས། དེ་གཉིས་ཤིན་ཏུ་ཁྲོས་ཏེ། གཅིག་གིས་འཚོ་བ་སྦྱར་ཞིང༌། གཅིག་ཤོས་ཀྱིས་ཉི་མ་སྒྲུབ་པར་བྱས་སོ། །སའི་དོང་གཏིང་རིང་པོར་ཞུགས་ཏེ། ལོ་དགུའི་བར་དུ་བསྒྲུབས་ཀྱང་མ་གྲུབ་ནས་ཕྱིར་འགྲོ་བར་བརྩམས་པས། གྲོགས་པོ་ན་རེ། ཁྱོད་ཀྱི་སྔགས་གྲུབ་བམ་ཟེར་རོ། །མ་གྲུབ་བྱས་པ་ན། དེ་ན་རེ། ཕྱོགས་ཐམས་ཅད་མུ་གེ་ཉམ་ང་བས་ཁྱབ་པ་ལ་ངས་དཀའ་བ་འདི་སྙེད་ཀྱིས་འཚོ་བ་སྦྱར་ན། ཁྱེད་སྔགས་མ་གྲུབ་པར་ཕྱིར་ནམ་བྱུང་བའི་ཚེ། མགོ་དྲུད་ནས་གཅོད་དོ་བྱས་ནས། ཆུ་གྲི་རྣོན་པོ་བསྲེལ་བས། དེ་འཇིགས་ཏེ་སླར་ཡང་ལོ་གསུམ་བསྒྲུབས་སོ། ། དེ་ལྟར་ལོ་བཅུ་གཉིས་ན་གྲུབ་ནས། དེས་སྦྱིན་སྲེག་བྱས་ཏེ་སྦྱིན་སྲེག་གི་ཐལ་བ་ལ་སྔགས་བཟླས་ཏེ་གཏོར་བ་ཙམ་གྱིས་མེ་རང་འབར་དུ་བྱུང་བས། སངས་རྒྱས་པའི་ཆོས་གཞི་རྟེན་པའི་ལྷ་ཁང་བརྒྱད་ཅུ་རྩ་བཞི་པོ་ཐམས་ཅད་བསྲེགས། ཁྱད་པར་དུ་དཔལ་ནཱ་ལེནྡྲའི་དྷརྨཱ་གཉྫ་སྟེ་གསུང་རབ་མཐའ་དག་བཞུགས་པའི་གཙུག་ལག་ཁང་རཏྣ་ས་གཱ་ར། རཏྣ་ད་དྷི། རཏྣ་རཎྜ་ཀ་ཞེས་བྱ་བ་ལྷ་ཁང་ཆེན་པོ་གསུམ་ཡོད། ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་པོ་ཏི་ཐམས་ཅད་དེ་ན་བཞུགས་པ་ལ་དེ་གསུམ་ཆར་ཡང་ཚིག་གོ །དེའི་ཚེ་རཏྣ་ད་དྷི་ཞེས་བྱ་བའི་གཙུག་ལག་ཁང་དགུ་ཐོག་ཏུ་ཡོད་པའི་སྟེང་ཁང་གི་གླཻགས་བམ་འགའ་ཞིག་ལས་ཆུའི་རྒྱུན་ཆེན་པོ་བབས་ཏེ་མེ་བསད། ཆུ་རྒྱུན་ཁྱབ་ཚད་དུ་གླེགས་བམ་རྣམས་མ་ཚིག་གོ །ཕྱིས་གླེགས་བམ་དེ་བླངས་ཏེ་བལྟས་པས་ན་རྒྱུད་སྡེ་ལྔའི་གླེགས་བམ་ཡིན་ཞེས་ཟེར་བ་དང༌། ཁ་ཅིག་གསང་བ་འདུས་པ་ཁོ་ན་ཡིན་ཞེས་ཟེར་བའང་ཡོད། གང་ལྟར་བླ་མེད་ཀྱི་རྒྱུད་སྡེ་ཡིན་ལ། དེའི་ནང་ན་གསང་བ་འདུས་པ་ཡོད་པ་ལ་རྩོད་པ་མེད་དོ། །ཡུལ་གཞན་དང་གཞན་དུའང་གཙུག་ལག་ཁང་མང་པོ་བསྲེགས་སོ། །མུ་སྟེགས་བྱེད་དེ་གཉིས་རྒྱལ་པོའི་ཆད་པས་འཇིགས་ཏེ། བྱང་ཕྱོགས་ཧ་སཱ་མཱ་ཞེས་བྱ་བའི་ཡུལ་དུ་བྲོས་ཀྱང་སྡིག་པའི་ལས་ཀྱི་མཐུས་ལུས་ལ་མེ་རང་འབར་ནས་ཤིའོ། །དེ་ནས་ཕྱོགས་དང་ཕྱོགས་ཀྱི་དགེ་སློང་མང་དུ་ཐོས་པ་ཐམས་ཅད་འདུས། བློ་ལ་བཞུགས་པ་དང༌། གླེགས་བམ་དུ་བཞུགས་པ་ཐམས་ཅད་ཡི་གེར་སྤེལ། རྒྱལ་པོ་སངས་རྒྱས་ཕྱོགས་དང༌། བྲམ་ཟེ་ཤངྐུ་དང༌། བྲམ་ཟེ་ཕུར་བུ་དང༌། ཁྱིམ་བདག་དད་པ་ཅན་མང་པོས་ལྷ་ཁང་མེས་ཚིག་པ་རྣམས་བསོས་སོ། །དེ་ལ་ཐེག་པ་ཆེན་པོའི་སྡེ་སྣོད་སྔོན་མི་ཡུལ་དུ་བྱོན་པ་རྣམས་ཆ་བཅོ་ལྔར་བཏང་བའི་ཆ་གཉིས་གཉིས་ཙམ་ཏེ་དམ་པའི་ཆོས་ཀྱི་དགྲ་སྔ་མ་གཉིས་ཀྱིས་ཀྱང་ནུབ་ཅིང༌། ཆ་གཅིག་ཙམ་དགྲའི་གནོད་པ་ལ་མ་ལྟོས་པར་ཡང་ནུབ་པ་དང༌། ལྷག་མ་ཆ་དགུ་ཙམ་མེའི་དགྲ་བྱུང་བའི་རྐྱེན་གྱིས་ནུབ་པས་ད་ལྟ་ཆ་གཅིག་ཙམ་ཞིག་ལུས། དེ་ལ་འཕགས་པ་དཀོན་མཆོག་བརྩེགས་པ་འདུས་པ་སྟོང་ཕྲག་གཅིག་ལས་བཞི་བཅུ་ཞེ་དགུ་ལུས། དེ་བཞིན་དུ་ཕལ་པོ་ཆེ་ལེའུ་སྟོང་ལས་སུམ་ཅུ་སོ་བརྒྱད་ལུས། འདུས་པ་ཆེན་པོ་དུམ་བུ་སྟོང་ལས་དུམ་བུ་དགུ་ལུས། ལངྐར་གཤེགས་པ་ལས་དེ་བཞིན་གཤེགས་པའི་སྙིང་པོའི་ལེའུ་ཉི་ཚེ་ལུས་པ་ལ་སོགས་པས་མཚོན་པའོ། ། དམ་པའི་ཆོས་ཀྱི་དགྲ་ལན་གསུམ་པ་བྱུང་ཞིང་སླར་ཡང་སོར་ཆུད་པའི་སྐབས་ཏེ་ཉི་ཤུ་པའོ།། །། ༢༡ རྒྱལ་པོ་སངས་རྒྱས་ཕྱོགས་དང་ཀརྨ་ཙནྡྲའི་དུས་ཀྱི་གཏམ། དེ་ནས་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་ཚེའི་སྨད་ཀྱི་དུས་ན་ཤར་ཕྱོགས་ཨོ་ཌི་བི་ཤའི་ཡུལ་རྒྱ་མཚོ་ཆེན་པོ་དང་ཐག་ཉེ་བའི་རི་ཞིག་ན་རྩེ་མོ་ལ་རིན་ཆེན་རི་བོ་ཞེས་བྱ་བའི་གཙུག་ལག་ཁང་བཞེངས་ཏེ། ཐེག་པ་ཆེ་ཆུང་གི་བཀའ་དང༌། བསྟན་བཅོས་མཐའ་དག་ཚར་གསུམ་བཞེངས་ནས་བཞུགས་སུ་གསོལ། ཆོས་གཞི་ཆེན་པོ་བརྒྱད་དང་དགེ་སློང་ལྔ་བརྒྱ་འཚོགས་པར་བྱས་སོ། །བྷཾ་ག་ལ་དང་ཉེ་བ་རྒྱ་མཚོའི་འགྲམ་གྱི་རི་ཞིག་ཏུ་ལྷའི་རི་བོ་ཞེས་བྱ་བ་རིན་ཆེན་རི་བོ་དང་འདྲ་བའི་གཙུག་ལག་ཁང་ཞིག་བཞེངས་ཏེ། ལྷ་ཁང་ནི་བློན་པོས་བཞེངས། གསུང་རབ་རྣམས་ནི་བྲམ་ཟེ་ཤངྐུས་བཞེངས། མཆོད་པའི་ཡོ་བྱད་ཐམས་ཅད་ནི་བྲམ་ཟེ་ཕུར་བུས་སྦྱར། དེའི་ཆོས་གཞི་དང་དགེ་འདུན་གྱི་འཚོ་བ་ནི་རྒྱལ་པོའི་བཙུན་མོས་སྦྱར་རོ། ། དེ་ལ་བྲམ་ཟེ་ཤངྐུ་ནི་མ་ག་དྷ་དང་བྷཾ་ག་ལའི་བར་གྱི་ཡུལ་པུནྡ་ཝརྡྷ་ན་ཞེས་བྱ་བར་བྲམ་ཟེ་སཱ་རོ་ཞེས་བྱ་བ་ཕ་སྤུན་བདུན་དང་ལོངས་སྤྱོད་ཆེན་པོ་དང་བཅས་ཏེ་ཡོད་ལ། དེས་དབང་ཕྱུག་ཆེན་པོའི་རིག་སྔགས་བསྒྲུབས་ཏེ་ཡུལ་གྱི་ཀླུ་ཞིག་འདུལ་བར་བརྩམས་པ་ན་མ་ཐུལ་ཏེ། བྲམ་ཟེ་བཟའ་མི་ཕ་སྤུན་བདུན་དང་བཅས་པ་ཐམས་ཅད་སྦྲུལ་གདུག་པས་ཟིན་ནས་ཤི། བྲམ་ཟེ་དེའི་བུ་ནི་ཤངྐུ་ཡིན་ལ་ཉེ་དུ་རྣམས་ཀྱིས་གཅེས་པར་བྱས། ཁྱིམ་གྱི་འོག་ཁང་དུ་ནེའུ་ལེ་མང་པོ་དག་བཏགས། ཁྱིམ་གྱི་ཕྱི་རོལ་དུ་ཤེ་ལ་ཞེས་བྱ་བ་སྦྲུལ་གསོད་པའི་སྲོག་ཆགས་རྣམས་བཏགས། ཁང་སྟེང་དུ་རྨ་བྱ་མང་པོ་དག་བཞག་སྟེ་སྦྲུལ་བསྲུངས་པ་ལས། ཀླུ་འདུལ་བའི་སྔགས་དང་རྫས་དག་འཚོལ་བ་ལ་བརྩོན་པར་བྱེད་དོ། ། དེ་ནས་དུས་ལན་ཅིག་ཀླུ་དག་འོངས་ཏེ་ཕུཊ་སྒྲ་ཆེན་པོ་ཕྱུང་པས་རྨ་བྱ་འགྲོགས་ཏེ་བྲོས། རླུང་འཚུབས་མ་ཆེན་པོ་བཏང་བས་ཤེ་ལ་ཞེས་བྱ་བའི་སྲོག་ཆགས་རྣམས་ཁུང་དུ་ཞུགས། དེར་སྦྲུལ་ཕྲ་མོ་ཞིག་ཁང་པའི་ཟུར་ལ་འཛེགས་ཏེ་ནང་དུ་འོངས་ནས་ཤངྐུ་ཟིན་ཏེ་ཤི། ཕུང་པོ་དབྱུང་བ་ན། དེའི་ཆུང་མས་ཕུང་པོ་ཁྱེར་སོང་སྟེ་སྡོང་པོ་གཅིག་པའི་གྲུ་ཆུང་དུ་ཞུགས་ཆུ་བོ་གངྒའི་གཞུང་ལ་ཁྱེར་ནས་སོང་སྟེ། འདི་གསོ་བར་ནུས་པ་སུ་ཡོད་ཅེས་ཉི་མ་གསུམ་གྱི་བར་དུ་སོང་བ་ལས་ཉིན་གསུམ་གྱི་བར་ལ་ཕྱུགས་རྫི་རྣམས་ཀྱིས་ཀྱལ་ཁ་བྱེད་དོ། །ལན་ཅིག་བུད་མེད་ཅིག་བྱུང་ནས། ཆུ་ལ་སྔགས་བཟླས་ཏེ་དེའི་ལུས་བཀྲུས་པས་སླར་སོས་སོ། །དེ་ནས་ཡུལ་དུ་འོངས་པའི་ཚེ་གཏམ་དྲིས་པས། བྲམ་ཟེ་ཤངྐུ་ཤི་ནས་ཞག་བདུན་ལོན། ཁྱིམ་གྱི་ཡོ་བྱེད་རྣམས་བྲམ་ཟེ་རྣམས་ལ་མཆོད་པར་བྱེད་དོ་ཞེས་ཟེར་རོ། །དེར་ཁྱིམ་དུ་འོངས་པས་སྒྱུ་མ་ཡིན་ནམ་སྙམ་ནས་རེ་ཞིག་ཡིད་མ་ཆེས། ཕྱིས་ཡིད་ཆེས་ཏེ་ལྷག་པར་དགའོ། །དེ་ནས་དེ་ཀླུ་འདུལ་པའི་རིགས་སྔགས་ཁོ་ན་འཚོལ་བ་ལས། ལན་ཅིག་གི་ཚེ་ཞིང་ལས་བྱེད་པའི་བུད་མེད་ཅིག་སྔགས་ཤིག་བཟླས་པ་ན་གང་ནས་བྱུང་ཆ་མེད་པའི་སྦྲུལ་ཞིག་འོངས་ནས། བུད་མེད་དེའི་བུ་ཆུང་གི་རྐང་པ་ལ་ཁས་རེག་པས་རེ་ཞིག་ཤི་བ་ལྟར་སོང་ཡང་ཞིང་ལས་རྣམས་གྲུབ་པ་ན་སྦྲུལ་ཞིག་འོངས་ཏེ། བུ་ཆུང་དེའི་རྐང་པ་ལ་རྨུགས་པ་ཙམ་གྱིས་སླར་ཡང་སོས་སོ། །དེ་མཁའ་འགྲོ་མར་ཤེས་ཏེ་ཞབས་ལ་ཕྱག་བྱས། རིགས་སྔགས་བསླབ་པར་ཞུས་པས། ཁྱོད་ནི་རིག་སྔགས་ཀྱི་སྣོད་མ་ཡིན་ཞིང༌། དམ་རྫས་ཀྱང་རྙེད་པར་དཀའོ་ཞེས་ཕྱིར་བཟློག་པ་ལས་ས་ཐེ་བཙུགས་ནས་གསོལ་བ་བཏབ་པས་ཁས་བླངས་སོ། །དེར་དམ་རྫས་ཁྱི་མོ་ནག་རྐྱང་གི་འོ་མ་བསྐོལ་བའི་འོ་ཐུག་སྙིམ་པ་བརྒྱད་དགོས་པར་བྱུང་བས་བཙལ་ནས་རིག་སྔགས་ཞུས་པས། དེས་སྔགས་མང་དུ་བཟླས་ནས་ཤངྐུ་ལ་འཐུང་དུ་བཅུག་གོ །སྙིམ་པ་དྲུག་གིས་ལྟོ་གང་སྟེ། དེ་བས་ལྷག་པ་འཐུང་མི་ནུས་ཁད་ལ་འདི་མ་འཐུངས་ན་ཐོག་མ་ཉིད་དུ་ཁྱོད་སྦྲུལ་གྱིས་གསོད། དེ་ནས་སྐྱེ་བོ་མང་པོའང་གསོད་ཅེས་སྡིགས་ནས་ནན་གྱིས་འཐུང་དུ་བཅུག་པས་སླར་ཡང་སྙིམ་པ་གཅིག་འཐུངས། སྙིམ་པ་ལྷག་མ་ཅིག་ཐབས་ཇི་ལྟར་བྱས་ཀྱང་འཐུངས་མ་ཐུབ་བོ། །དེ་ནས་མཁའ་འགྲོ་མ་ན་རེ། ངས་དང་པོ་ནས་ཁྱོད་ཉིད་སྣོད་མ་ཡིན་ནོ་ཞེས་མ་སྨྲས་སམ། ད་ཁྱོད་ཀྱིས་ཀླུ་རིགས་བདུན་འདུལ་ནུས་ཞིང་ཇི་ལྟར་འདོད་པར་དབང་བྱེད་ནུས་ལ། ནོར་རྒྱས་ཀྱི་རིགས་ནི་མ་ཡིན་ཏེ། ནམ་ཞིག་ན་སྦྲུལ་ནོར་རྒྱས་ཀྱི་རིགས་ཀྱིས་ཟིན་ནས་འཆི་བར་འགྱུར་རོ་ཞེས་ཟེར། དེ་ནས་བྲམ་ཟེ་དེ་ཤིན་ཏུ་མཐུ་དང་རྫུ་འཕྲུལ་ཆེ་བར་གྱུར་ཏེ་ཀླུ་རྣམས་མངག་བཞུག་ཏུ་བསྐུལ་ནས་ཕན་གནོད་ཀྱི་ལས་གང་ལའང་ཐོགས་པ་མེད་པར་སྤྱོད་པ་ཞིག་བྱུང་ངོ༌། །དེ་ཉིན་རེ་བཞིན་བྲམ་ཟེ་མང་པོ་ལ་བསྟན་བཅོས་ཀློག་པ་དང༌། སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱེད་དོ། །མཚན་རེ་བཞིན་སྐྱེད་མོས་ཚལ་དུ་སོང་ནས། ཀླུ་མོ་རྣམས་དང་ལྷན་ཅིག་འདོད་པའི་ཡོན་ཏན་ལྔ་དང་རྩེ་བར་བྱེད་དོ། །དེས་ཡུལ་པུཎྜ་ཝརྡྷ་ནའི་ཕྱོགས་ཅིག་ཏུ་ཨཥྟ་དྷཱ་ཏུ་ལས་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་ལྷ་ཁང་བཞེངས། དཀོན་མཆོག་གསུམ་ལ་མཆོད་པ་རྒྱ་ཆེན་པོ་བྱས་པ་ལས། དུས་ནམ་ཞིག་ཀླུའི་བུད་མེད་རྣམས་ཀྱི་ཁྲོད་དུ་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་གཡོག་མོ་ཞིག་ཡོད་པ་མ་ཤེས་པར་བྲམ་ཟེ་བག་མེད་པས་གནས་པ་ལས། དེས་དཔྲལ་པར་སོ་བཏབ་ནས་བྲོས་སོ། །དེ་ནས་གཡོག་ལ་བསྐོས་ཏེ་རྒྱ་མཚོའི་ལྦུ་བ་ལོངས་ཚུར་འོང་བའི་ཚེ་ཕྱི་མིག་མ་ལྟ། གཞན་གྱི་ཚིག་མ་ཉན། ཕར་གཏམ་མ་སྨྲ་ཞེས་བསྒོས་ཏེ་རྐང་མགྱོགས་ཀྱི་རྫས་བྱིན་ནས་སོང་ངོ༌། །དེས་ཚུར་འོངས་པའི་ཚེ་སྐྱེས་བུ་ཞིག་འབོད་ཅིང་བྱུང་ངོ༌། །དེར་ཉན་པ་ལ། བདག་ནི་སྨན་པ་སྟེ་ནད་དང་དུག་མཐའ་དག་གསོ་བར་བྱེད་དོ་ཟེར་བ་ལ་ཕྱི་མིག་བལྟས་པས། བྲམ་ཟེ་སྨན་གྱི་སྣོད་ཐོགས་པ་ཅིག་བྱུང་ངོ༌། །དེ་མ་ཐག་དེ་ན་རེ། ཁྱོད་ཀྱི་སྨན་ཅི་ཡིན་པ་སྟོན་ཞིག་ཟེར། དེས་རྒྱ་མཚོའི་ལྦུ་བ་བསྟན་པས་ས་ལ་གཏོར་ཏེ་མི་སྣང་བར་སོང་ངོ༌། །སླར་ཤངྐུ་དང་འཕྲད་དེ་གཏམ་བཤད་པས་ས་དང་ལྷན་ཅིག་ཕྱགས་ལ་ལོང་ཞིག་ཟེར། དེར་ཕྱིན་པས་ཀླུའི་རྫུ་འཕྲུལ་གྱིས་ས་ཕྱོགས་དེར་མཚོ་བརྡོལ་ནས་ལེན་པར་མ་ནུས། ཤངྐུ་ཡང་དུས་ལས་འདས། དེ་ལྟ་བུའི་བྲམ་ཟེ་ཤངྐུས་རྒྱ་གར་ལྷོ་ཕྱོགས་ཁ་གནྡྲེའི་ཡུལ་དུ་ནམ་མཁའ་ལྡིང་གི་མཆོད་སྡོང་རྡོ་རིངས་ཤིག་བཙུགས་ཏེ། དེ་ལ་མཆོད་པ་ཙམ་གྱིས་དུག་ནད་ཞི་བ་དང༌། ཁྲུས་གསོལ་བའི་ཁུ་བ་འཐུང་ཞིང་ཁྲུས་བྱས་པས་ཀླུ་ནད་སེལ་བར་འགྱུར་བ་ཡོད་དོ། ། བྲམ་ཟེ་ཕུར་བུ་ནི་ཀུ་རུ་ཀུལླེའི་རིགས་སྔགས་གྲུབ་པ་སྟེ། རྒྱལ་པོས་ཀླུའི་རྒྱལ་པོ་ཏ་ཀྵ་ཀ་སྟོན་ཅིག་བྱས་པ་ལས། ཀུ་རུ་ཀུ་ལླེའི་སྔགས་བཟླས་པའི་རྡོ་མཚོར་འཕགས་པས་མཚོ་ཁོལ་ཞིང་དབུས་ནས་ཀླུའི་ཕོ་བྲང་གི་བ་གམ་ཉུག་ཉུག་པ་རྒྱལ་པོ་འཁོར་བཅས་ཀྱིས་མཐོང༌། དེར་ཀླུའི་དུག་གིས་མི་ཕྱུགས་མང་པོ་ཤི་བས་ཀླུ་དངོས་སྟོན་མ་ཐུབ་སྟེ་སླར་ནུབ་པར་བྱས་ སོ། །བྲམ་ཟེ་ཕུར་བུ་དེས་ཨོ་ཊི་བི་ཤའི་གྲོང་ཁྱེར་ཀ་ཊ་ཀ་ར་སངས་རྒྱས་ཀྱི་ལྷ་ཁང་མང་དུ་བཞེངས། དགེ་འདུན་མང་པོ་ལ་དུས་སྟོན་ཡང་བཙུགས་སོ། །རྒྱལ་པོ་སངས་རྒྱས་ཕྱོགས་དང༌། དེའི་རྗེས་སུ་དྷརྨཱ་ཙནྡྲའི་ཚ་བོ་ཀརྨ་ཙནྡྲ་ཞེས་བྱ་བ་བྱུང་སྟེ། དེ་དག་གི་རིང་ལ་སློབ་དཔོན་དགའ་བྱེད་སྙན་པ་དང༌། སློབ་དཔོན་རྟ་དབྱངས་ཆུང་བ་དང༌། སྒྲ་གཅན་འཛིན་བཟང་པོའི་སློབ་མ་སྒྲ་གཅན་འཛིན་བཤེས་གཉེན་ཡིན་ལ། དེའི་སློབ་མ་ཀླུའི་བཤེས་གཉེན་རྣམས་བྱུང་སྟེ། དེ་དག་གིས་ཐེག་པ་ཆེན་པོ་དར་བར་མཛད་དོ། །འོན་ཀྱང་ད་ལྟ་བོད་དུ་ཡོད་པའི་བསྟོད་པ་བརྒྱ་ལྔ་བཅུ་པའི་འགྲེལ་པ་མཛད་མཁན་སློབ་དཔོན་དགའ་བྱེད་སྙན་པ་ནི་ཕྱོགས་གླང་ལ་སོགས་པའི་ཕྱིས་འབྱུང་བར་འགྲེལ་པ་དེ་ལས་གསལ་བས། འདི་སྐབས་ཀྱི་དེ་དང་མཚན་གཅིག་ཙམ་མོ། །རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་བྱ་བའི་མཐའ་མ་དང༌། རྒྱལ་པོ་ཀརྨ་ཙནྡྲའི་དུས་སྐབས་ཀྱི་གཏམ་སྟེ་ཉི་ཤུ་རྩ་གཅིག་པའོ།། །། ༢༢ ཐོགས་མེད་སྐུ་མཆེད་ཀྱི་དུས་ཀྱི་གཏམ། དེའི་འོག་ཏུ་རྒྱལ་པོ་ཀརྨ་ཙནྡྲས་རྒྱལ་སྲིད་སྐྱོང་བཞིན་པའི་དུས་ན། རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་བུ་ཟབ་མོ་ཕྱོགས་ཞེས་བྱ་བ་ཕོ་བྲང་གྲོང་ཁྱེར་ལྔ་ལེན་དུ་བྱེད་པ་ཞིག་བྱུང་སྟེ། ལོ་བཞི་བཅུར་ཉེ་བ་རྒྱལ་སྲིད་བྱས་སོ། ཁ་ཆེའི་ཡུལ་དུ་རྒྱལ་པོ་ཏུ་རཥྐའི་བུ་ཏུ་རུཥྐ་མང་པོས་བཀུར་བ་ཞེས་བྱ་བ་ཁྲོ་བོ་བདུད་རྩི་འཁྱིལ་བའི་ཞལ་མཐོང་བ་ཚེ་ལོ་བརྒྱ་དང་ལྔ་བཅུ་ཐུབ་པ། རྒྱལ་སྲིད་ཀྱང་ལོ་བརྒྱ་ཙམ་བསྐྱངས་བ་ཞིག་བྱུང་སྟེ། དེས་ཁ་ཆེ་དང་ཐོ་གར་དང༌། ཡུལ་ག་ཛ་ནི་ལ་སོགས་པ་ཐམས་ཅད་མངའ་འབངས་སུ་བསྡུས་ནས། དཀོན་མཆོག་མཆོད་པ་ཞིག་བྱུང༌། ཁྱད་པར་ཡུལ་ག་ཛ་ནིར་སངས་རྒྱས་ཀྱི་ཚེམས་བཞུགས་པའི་མཆོད་རྟེན་ཆེན་པོ་བཞེངས་ལ། དགེ་སློང་ཕ་མ་དང༌། དགེ་བསྙེན་ཕ་མ་སྟོང་ཕྲག་རེ་རེ་མཆོད་རྟེན་མཆོད་པའི་ལག་ལེན་དུ་བསྐོས། སྐུ་གཟུགས་ཀྱི་ཁྱད་པར་དཔག་ཏུ་མེད་པ་བཞེངས། དགེ་སློང་ཛཱི་ཝ་ཀ་ར་ཞེས་བྱ་བ་དང༌། དགེ་བསྙེན་ཆོས་འཕེལ་ཞེས་བྱ་བ་འཁོར་དགེ་སློང་དང༌། དགེ་བསྙེན་ལྔ་སྟོང་ལྔ་སྟོང་གིས་བསྐོར་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་སྒོམ་པ་དེ་བཞིན་གཤེགས་པ་སྒྲུབ་པས་མཉེས་པར་བྱེད་པ་བྱུང་ནས། དགེ་སློང་དང་དགེ་བསྙེན་རྫུ་འཕྲུལ་ཅན་བརྒྱ་ཕྲག་མང་པོ་ཡང་བྱུང༌། ཆོས་སྤྱོད་བཅུ་ཤིན་ཏུ་འཕེལ་བར་བྱེད་དོ། །རྒྱལ་པོ་ཟབ་མོའི་ཕྱོགས་རྒྱལ་སྲིད་དུ་འཁོད་ནས་ལོ་བཅུ་གཉིས་ལོན་པའི་ཚེ། རྒྱལ་པོ་ཀརྨ་ཙནྡྲ་འདས། དེའི་བུ་བྲྀཀྵ་ཙནྡྲ་རྒྱལ་སྲིད་ལ་བསྐོས་ཀྱང་དབང་ཐང་ཆུང་ངུར་བྱུང་ནས། ཨོ་ཊི་སའི་རྒྱལ་པོ་ཛཱ་ལེ་རུ་ཧ་ཞེས་བྱ་བས་ཤར་ཕྱོགས་ཕལ་ཆེར་ལ་དབང་བསྒྱུར། རྒྱལ་པོ་དེ་དག་གི་སྐབས་སུ་དགེ་སློང་ཆེན་པོ་ཨརྷ་ཏ་ཞེས་བྱ་བའི་སྐུ་ཚེའི་སྨད་ཀྱི་དུས་དང༌། འཕགས་པ་ཐོགས་མེད་ཀྱི་འགྲོ་བའི་དོན་མཛད་པའི་དུས་ཡིན་ཞིང༌། སློབ་དཔོན་དབྱིག་གཉེན་དང༌། སངས་རྒྱས་འབངས་དང༌། དགེ་འདུན་འབངས་རྣམས་ཀྱི་སྐུ་ཚེའི་སྟོད་ཀྱི་དུས་སོ། །སློབ་དཔོན་ཀླུའི་བཤེས་གཉེན་ཚེ་རིང་པོར་གནས་པ་དེའི་སློབ་མ་དགེ་འདུན་སྲུང་བ་ཞེས་པའང་བྱུང་ལ། དུས་འདི་ཡན་ཆད་དུ་གསང་སྔགས་རྣལ་འབྱོར་བླ་ན་མེད་པའི་ཆོས་སྐལ་པ་དང་ལྡན་པ་རྣམས་ལ་མ་དར་བ་ནི་མ་ཡིན་ཏེ། སྔོན་ཐེག་པ་ཆེན་པོའི་ཆོས་དར་བ་ནས་མི་རིང་བར་བྱུང་བའི་རིག་པ་འཛིན་པ་སྟོང་ཕྲག་བརྒྱ་པོ་དེ་དག་དང༌། ཨུ་རྒྱན་གྱི་ཡུལ་དུ་སྐྱེ་བོ་ཐམས་ཅད་རིག་པ་འཛིན་པའི་གནས་ཐོབ་པ་རྣམས་ཀྱང་ཕལ་ཆེར་བླ་མེད་ཀྱི་ལམ་ལ་བརྟེན་པ་ཡིན་ལ། འོན་ཀྱང་དེ་དག་ནི་གསང་བའི་བདག་པོ་ལ་སོགས་པས་སྐལ་ལྡན་བརྒྱའམ་སྟོང་ལ་སོགས་པ་ལ་ཅིག་ཅར་དུ་ཞལ་བསྟན་ཏེ་སྔགས་ཀྱི་ཐེག་པ་བསྟན། དེ་དག་ཐམས་ཅད་འཇའ་ལུས་སུ་གྱུར་ནས། དེའི་རྗེས་སུ་གདམས་པ་བཞག་པའང་མེད་ལ། སྔོན་གྱི་སྐྱེས་བུ་རྣམས་ཤིན་ཏུ་སྒོམ་ཞིང་གསང་བ་སྲུང་བ་ཡིན་པའི་ཕྱིར་དེ་དག་རིག་པ་འཛིན་པ་མ་གྲུབ་ཀྱི་བར་དུ་སུས་ཀྱང་གསང་སྔགས་སྤྱོད་པ་ཡིན་པར་མ་ཤེས་ཏེ། གང་ཆོ་འཕྲུལ་ཆེན་པོ་དང་བཅས་ཏེ་མཁའ་ལ་གཤེགས་པའམ་མི་སྣང་བར་གྱུར་པ་ན། ཀྱེ་མ་དེ་དག་ནི་སྔགས་ཀྱི་སྤྱོད་པ་ཅན་ཡིན་ནོ་ཞེས་སླད་ནས་རིག་པར་འགྱུར་བ་ཤ་སྟག་གོ །དེའི་ཕྱིར་སློབ་དཔོན་གྱིས་སློབ་མ་ལ་བརྒྱུད་པའི་རིམ་པས་འདོམས་པའང་ཅུང་ཟད་ཙམ་ལས་མེད་ལ། བྱ་བ་དང་སྤྱོད་པའི་རྒྱུད་ཀྱི་སྔགས་རྒྱུད་ཉམས་སུ་ལེན་པ་ནི་ཐེག་པ་ཆེན་པོ་དར་ནས་བརྩམས་ཏེ་ཤིན་ཏུ་མང་བ་ཞིག་ཡོད་ནའང༌། ཤིན་ཏུ་གསང་ཞིང་སྤྱོད་པ་ཡིན་པའི་ཕྱིར་གསང་སྔགས་དེ་ཉིད་ལ་སྤྱོད་པ་ཡིན་ན་མ་གཏོགས་ཅི་ཞིག་ཉམས་སུ་ལེན་སུས་ཀྱང་མི་ཤེས་སོ། །དེའི་ཕྱིར་ལས་དང་དངོས་གྲུབ་རྣམས་ཐོགས་པ་མེད་པར་འགྲུབ་པ་ཞིག་ཡོད་དོ། ། ས་ར་ཧ་དང༌། ཀླུ་སྒྲུབ་ཡབ་སྲས་དང༌། གྲུབ་ཐོབ་ཤཱ་ཝ་རི་པའི་བར་དུ་བརྒྱུད་པ་ནས་བརྒྱུད་པར་རྗེས་སུ་བཟུང་བ་ནི། ཡོངས་སུ་གྲགས་པ་ལྟར་ཡོད་པར་མངོན་ལ། གཞན་དུ་དེ་ཡན་ཆད་ཀྱི་སློབ་དཔོན་རྣམས་གསང་སྔགས་བླ་མེད་ཀྱི་བརྒྱུད་པ་ལ་བཞུགས་པའང་ཆེར་མ་མཐོང་ངོ༌། །སྤྱོད་བསྡུས་སྒྲོན་མེ་ལས་ཁུངས་སུ་མཛད་པའི་པདྨ་བཛྲ་དང༌། ཀམྤ་ལ་པ་བྱུང་ཡང༌། དང་པོར་ནི་འཕགས་པའི་ཡུལ་དུ་འགྲོ་བའི་དོན་མཛད་པ་མ་བྱུང་བར་མངོན་ལ་ཕྱི་མའི་ལོ་རྒྱུས་ནི་མ་མཐོང་ངོ༌། །དེ་བས་ན་བྲམ་ཟེ་ཆེན་པོ་དང༌། ཀླུ་སྒྲུབ་ཡབ་སྲས་སོགས་ཀྱིས་མཛད་པའི་བླ་མེད་ཀྱི་བསྟན་བཅོས་ཡོད་པ་འདི་ཀུན་ལས་གཞན་པའི་སྔགས་བླ་ན་མེད་ཀྱི་དགོངས་འགྲེལ་ཡང་འདི་ཡན་ཆད་དུ་ཆེར་མེད་པར་གྲགས་ཤིང༌། བསྟན་བཅོས་དེ་དག་ཀྱང་དབུ་མ་རིག་ཚོགས་ལ་སོགས་པའི་གཞུང་བཞིན་དུ་ཡོངས་ཁྱབ་ཏུ་གྲགས་པ་ནི་མ་ཡིན་ཏེ། ཀླུའི་བྱང་ཆུབ་རིག་པ་འཛིན་པའི་གནས་བརྙེས་པ་དེ་ཁོ་ན་ལ་གཏད་པས། ཕྱིས་རྒྱལ་པོ་དེ་ཝ་པཱ་ལ་ཡབ་སྲས་ཀྱི་དུས་སུ་དར་བར་གྱུར་པ་ཡིན་ཏེ། དེའི་ཕྱིར་འཕགས་སྐོར་དང་སངས་རྒྱས་ཐོད་པའི་སྐོར་སོགས་ལ་རྒྱུད་ཐག་ཉེ་མོར་འབྱུང་བའི་རྒྱུ་མཚན་ཡང་དེ་ཡིན་ནོ། ། དཔེར་ན་བོད་ཀྱི་ཡང་དག་སྣང་གི་ཆོས་དང༌། གཏེར་ཆོས་རྫུན་གསོབ་མེད་པ་རྣམས་དང་འདྲའོ། །དུས་འདི་ཙམ་ནས་བཟུང་ནས་བྱ་སྤྱོད་ཀྱི་སྔགས་རྒྱུད་རྣམས་ལོ་ཉིས་བརྒྱ་ཙམ་གྱི་བར་དུ་ཤིན་ཏུ་དར་ཞིང་མངོན་མཚན་དུ་སྤྱོད་པ་བྱུང་ལ། རྣལ་འབྱོར་དང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ནི་དངོས་གྲུབ་མ་ཐོབ་ཀྱི་བར་དུ་མངོན་མཚན་དུ་སྤྱོད་པ་མེད་ཀྱང༌། སྔོན་ལས་ཆེས་དར་བར་གྱུར་ཞིང༌། དགོངས་འགྲེལ་གྱི་བསྟན་བཅོས་ཀྱང་ཅི་རིགས་པ་མཛད་པར་བྱུང་ལ། གྲུབ་ཐོབ་གྲགས་ཆེ་བ་རྣམས་ཀྱང་བྱོན་ཏེ། སྐབས་དེར་སློབ་དཔོན་རྟ་མཆོག་དང༌། སློབ་དཔོན་ཆེན་པོ་ལཱུ་ཡི་པ་དང༌། གྲུབ་ཐོབ་ཙརྤ་ཊི་པ་རྣམས་ཀྱང་བྱུང་སྟེ་དེ་དག་གི་ལོ་རྒྱུས་གཞན་དུ་གསལ། སློབ་དཔོན་ཨརྷ་ཏ་ནི་རྒྱལ་པོ་ཀརྨ་ཙནྡྲའི་དུས་སུ་སྡོམ་བརྩོན་སྡེ་སྣོད་གསུམ་འཛིན་པར་གྱུར་པ་ཞིག་ཡིན་ལ། དེས་གཏེར་གྱི་བུམ་པ་ཆེན་པོ་བསྒྲུབས་སོ། །མཐར་གྱིས་གྲུབ་སྟེ་ཡུལ་ཝཱ་རཱ་ཎ་སཱིར་ས་འོག་ཏུ་རིན་པོ་ཆེའི་བུམ་པ་སྲིད་དུ་དཔག་ཚད་ཙམ་ཡོད་པ་བྱུང་སྟེ་དགེ་འདུན་ཁྲི་ཕྲག་མང་པོ་ལ་འཚོ་བ་སྦྱོར་བ་ཞིག་ཡོད་པ་ལས། དུས་ལན་ཅིག་སྲུང་བ་བྱེད་པ་བརྗེད་དེ། དེའི་ནུབ་མོ་གནོད་སྦྱིན་རྣམས་ཀྱིས་བརྐུས་ཏེ། ནངས་པར་དགེ་འདུན་མཆོད་པའི་དོན་དུ་ཁ་ཕྱེ་བ་ན་སྟོང་པར་མཐོང་ནས། དགེ་སློང་རིག་སྔགས་མཁན་རྫུ་འཕྲུལ་ཆེན་པོ་དེས་ཚངས་པ་ལ་སོགས་པ་ལྷ་ཆེན་པོ་ཐམས་ཅད་ཀྱང་བཀུག་སྟེ། དེ་རྣམས་གཟིར་བའི་དེ་དག་གིས་གནོད་སྦྱིན་རྣམས་བཀུག་སྟེ་སླར་ཡང་གཏེར་གྱི་བུམ་པ་གང་ངོ༌། །ལྷ་རྣམས་འོངས་པའི་རྟགས་སུ་ས་གཡོ་བ་དང༌། མེ་ཏོག་གི་ཆར་དང༌། དྲི་བཟང་པོ་ཞག་བདུན་གྱི་བར་དུ་རྒྱུན་མ་ཆད་པ་སྐྱེ་བོ་ཐམས་ཅད་ལ་མངོན་པར་གྱུར་ཏོ། །ཚུལ་དེས་ལོ་བཞི་བཅུར་ཉེ་བ་དགེ་འདུན་མཆོད་པར་བྱས། གཏེར་གྱི་བུམ་པ་ཁོ་རང་ཉིད་ལ་སྣང་བ་ཡིན་གྱི་གཞན་དག་གིས་ས་འབྲུ་བར་མཐོང་ངོ༌། ། འཕགས་པ་ཐོགས་མེད་སྐུ་མཆེད་ཀྱི་ལོ་རྒྱུས་ནི། སྔོན་རྒྱལ་པོ་གོ་ཊ་འཕེལ་བྱེད་ཀྱི་དུས་དགེ་སློང་སྡེ་སྣོད་གསུམ་འཛིན་པ་འཕགས་པ་སྤྱན་རས་གཟིགས་ལ་ཡིད་དམ་དུ་བྱེད་པ་ཞིག་ཡོད་པས་དུས་ལན་ཅིག་དགེ་སློང་གཞན་ཞིག་དང་གལ་བཟུང་བ་དང་གཞུང་གཟུག་པ་དང༌། བརྒལ་བརྟག་བྱེད་པའི་ཚེ་ང་རྒྱལ་གྱི་སྐྱོན་གྱིས་དེ་ལ་བུད་མེད་ཀྱི་རིག་པ་ཅན་འདི་ཞེས་སྨད་དོ། །དེའི་ཚེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཁྱོད་ཀྱི་ལས་འདིས་སྐྱེ་བ་མང་པོར་བུད་མེད་དུ་སྐྱེ་བར་འགྱུར་རོ། །འོན་ཀྱང་བྱང་ཆུབ་མ་ཐོབ་གྱི་བར་དུ་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ནི་ང་ཡིན་ནོ་ཞེས་གསུངས་སོ། །དེ་ནི་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་དུས་ཙམ་ན་སྐྱེ་བ་བླངས་པ་ནི། བྲམ་ཟེ་མོ་པྲ་ཀཱ་ས་ཤཱི་ལ་ཞེས་པ་རབ་ཏུ་གསལ་བའི་ངང་ཚུལ་མ་ཞེས་པ་ཡིན་ཏེ། དེ་སྐྱེ་བ་དྲན་ཞིང་ཆུང་ངུ་ནས་མདོ་སྡེ་དང༌། མངོན་པའི་གཞུང་ལུགས་དག་མཐོང་ཞིང་ཐོས་པ་ཙམ་གྱིས་རང་ཤེས་པ་འཕགས་པ་སྤྱན་རས་གཟིགས་རྟག་ཏུ་མཆོད་པ། དགེ་བ་བཅུའི་ལམ་ལ་ངང་གིས་གནས་པ། བྱང་ཆུབ་ཀྱི་སེམས་སྟོབས་སུ་གྱུར་པ་ཞིག་སྟེ། འདི་དགེ་སློང་མར་འདོད་པ་འཁྲུལ་པ་ཡིན་ལ། ཆེར་སྐྱེས་པ་ན། དེ་རྒྱལ་རིགས་ཞིག་དང་འདུས་པ་ལས་ཁྱེའུ་མཚན་དང་ལྡན་པ་བཅས་ཏེ་བློ་རྣོ་བའི་ཆོ་ག་བྱས། ཅུང་ཟད་ཆེར་སྐྱེས་པ་ན་ཡི་གེ་དང་རྩིས་དང༌། བརྟག་པ་བརྒྱད་དང༌། བརྡ་སྤྲོད་པ་དང༌། རྟོག་གེ་དང༌། སྨན་དཔྱད་དང༌། བཟོའི་གནས་རྣམས་དང༌། རིག་པའི་གནས་བཅོ་བརྒྱད་ལ་སོགས་པ་མ་ཉིད་ཀྱིས་ལེགས་པར་བསླབས་ཏེ་ཤིན་ཏུ་བྱང་ཞིང་གསལ་པར་གྱུར་ཏོ། །དེས་རང་གི་རིགས་ཀྱི་ཆོས་དྲི་བ་ན་བུ་ཁྱོད་རིགས་ཀྱི་བྱ་བ་བྱེད་པའི་ཕྱིར་བསྐྱེད་པ་མ་ཡིན་ཏེ། དམ་པའི་ཆོས་དར་བར་བྱ་བའི་ཕྱིར་བསྐྱེད་པ་ཡིན་ན། རབ་ཏུ་བྱུང་ནས་མང་དུ་ཐོས་པ་དང་ཏིང་ངེ་འཛིན་ཐོབ་པར་གྱིས་ཤིག །ཅེས་གསུངས་པ་ལྟར་རབ་ཏུ་བྱུང་ནས་མཁན་པོ་དང་སློབ་དཔོན་དང་དགེ་འདུན་གྱི་ཞབས་འབྲིང་གི་བྱ་བའི་དུས་འདའ་བ་ལོ་གཅིག་ཏུ་མཛད་ནས། བསྙེན་པར་རྫོགས་ནས་ལོ་ལྔའི་བར་དུ་ཀློག་པ་ལ་བརྩོན་པར་གནས་ཏེ། ལོ་རེ་རེ་ཚིགས་སུ་བཅད་པ་འབུམ་འབུམ་གྱི་ཚིག་དོན་ཐམས་ཅད་ཆུབ་པར་བྱས། དེ་ལྟར་ཐུན་མོང་གི་སྡེ་སྣོད་གསུམ་དང༌། ཐེག་པ་ཆེན་པོའི་མདོ་སྡེ་ཕལ་ཆེར་ནི་རྟོགས་པར་སླ་ཡང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་བརྗོད་བྱ་མ་ཟློས་ཤིང་མ་འཛིངས་པ་ནི་རྟོགས་པར་དཀའ་བར་དགོངས་ནས། དེའི་དོན་དུ་ལྷག་པའི་ལྷ་ཞལ་མཐོང་བར་བྱའོ་ཞེས་གཅིག་ཏུ་བརྣགས་པས། གོང་དུ་བཤད་པའི་སློབ་དཔོན་ཨརྷ་ཏ་དེ་ཉིད་ལ་དབང་བསྐུར་པ་མ་ནོས་པས་མེ་ཏོག་རྒྱལ་བ་མི་ཕམ་པ་ལ་ཕོག་གོ ། དབང་བསྐུར་བའི་རྒྱུད་དང༌། དཀྱིལ་འཁོར་གང་ཡིན་མི་གསལ་ཡང་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ཡིན་པར་མངོན་ཏེ། སློབ་དཔོན་འདིས་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལ་བརྟེན་ནས་བྱམས་པའི་སྒྲུབ་ཐབས་མཛད་པའི་ཕྱིར་རོ་ཞེས་བླ་མ་པཎྜི་ཏ་གསུང༌། དེ་ནས་གུར་པ་པརྦ་ཏ་སྟེ། གསུང་རབ་ལས་ཀུག་ཀུ་ཊ་པཱ་ད་པརྦ་ཏ། རི་བོ་བྱ་རྐང་ཅན་དུ་གྲགས་པ་དེའི་ཕུག་ཅིག་ཏུ་འཕགས་པ་བྱམས་པ་བསྒྲུབས་ཏེ་ལོ་གསུམ་དུ་ལྟས་ཅི་ཡང་མ་བྱུང་བས་ཐུགས་མུག་ནས་ཕྱིར་ཐོན་པས། བྲག་གི་ངོས་ལ་བྱའི་ཚང་བཅས་སྔ་དྲོ་ཟན་འཚོལ་བ་ལ་འཕུར་བ་དང༌། དགོངས་ཀ་ཚང་དུ་ལོག་ཡོངས་པ་བྲག་གི་ངོས་ལ་གཤོག་པ་རེག་ཙམ་དེ་བྱུང་བ་ལ། ཡུན་རིང་པས་བྲག་ཟད་པར་གཟིགས་ནས་ངའི་བརྩོན་འགྲུས་ཆུང་ངོ་སྙམ་ནས་སླར་ལྡོག་སྟེ་ལོ་གསུམ་སྒྲུབ་པ་མཛད། དེ་བཞིན་དུ་ཡང་ཐོན་པ་ན། ཆུ་ཐིགས་ཀྱིས་བྲག་ཟད་པར་གཟིགས། ཡང་ལོ་གསུམ་བསྒྲུབས་ཏེ་ཐོན་པ་ན། མི་རྒན་པོ་ཞིག་རས་བལ་འཇམ་པོས་ལྕགས་འཕྱིད་པར་བྱེད་ཅིང༌། འདི་ལས་ཕྲ་ཁབ་བྱེད་པ་ཡིན། སྔར་ཡང་རས་བལ་གྱིས་ཕྱིས་ཏེ་ལྕགས་ཟད་པ་ལས་ཁབ་འདི་ཙམ་བྱུང་ངོ༌། །ཞེས་སྣོད་ཅིག་ཁབ་ཀྱིས་གང་བ་བསྟན་ནོ། །ཡང་ལོ་གསུམ་བསྒྲུབས་ཏེ། དེ་ལྟར་ལོ་བཅུ་གཉིས་སུ་ལྟས་མ་བྱུང་བས་ཐུགས་སྐྱོ་སྟེ་ཐོན་ནས་ཕྱིན་པས། གྲོང་ཁྱེར་ཞིག་ན་ཁྱི་མོ་མི་ལ་ཟུག་ཅིང་ཟ་བ། སྨད་འབུས་ཁྱེར་བ་ཞིག་གཟིགས་ནས་སྙིང་རྗེ་ལྷག་པར་སྐྱེས་ཏེ། འབུ་འདི་རྣམས་མ་བསལ་ན་ཁྱི་འདི་འཆི་ལ། བསལ་ནས་བོར་ན་འབུ་རྣམས་འཆི་བས་རང་གི་ལུས་ཀྱི་ཤ་རྣམས་བཅད་ནས་དེར་འབུ་རྣམས་གཞུག་པར་བྱའོ་སྙམ་སྟེ། ཨ་ཙིནྟ་ཞེས་བྱ་བའི་གྲོང་ཁྱེར་ནས་སྤུ་གྲི་བླངས། ལྷུང་བཟེད་དང་འཁར་གསིལ་གཏེང་པར་བཞག །སྤུ་གྲིས་སྐུའི་བརླ་ཤ་ནས་ཕྲལ་ཏེ། སྤྱན་བཙུམ་ནས་འབུ་རྣམས་བླང་བར་བརྩམས་པ་ན། ཕྱག་གིས་ཡུལ་བ་ལས་ཅི་ཡང་མ་རྙེད་ནས་སྤྱན་ཕྱེ་བ་ན། ཁྱི་དང་འབུ་མེད་པར་རྗེ་བཙུན་བྱམས་པ་མཚན་དཔེ་འོད་དུ་འབར་བ་གཟིགས་ནས། ཀྱེ་མ་ཡབ་གཅིག་བདག་གི་ སྐྱབས། །ངལ་བརྒྱས་འབད་ཀྱང་འབྲས་མ་མཆིས། །ཅིའི་ཕྱིར་ཆར་སྤྲིན་རྒྱ་མཚོའི་དཔུང༌། །གདུང་བས་བསྲེགས་ཏེ་སྐོམ་ཚད་འབབ། །བདག་གིས་དེ་ཙམ་དུ་བསྒྲུབས་ཀྱང་ཞལ་མི་སྟོན་པ་ཞེས་སྤྱན་ཆབ་ཕྱུང་བའི། ལྷ་ཡི་རྒྱལ་པོའི་ཆར་ཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ ཀྱང༌། །སྐལ་བ་མེད་པས་བཟང་མི་མྱོང༌། །རང་གི་ལས་ཀྱི་སྒྲིབ་པས་བསྒྲིབས་ཏེ་མ་མཐོང་བ་ཡིན་གྱིས། ང་ནི་རྟག་ཏུ་ཁྱོད་ཀྱི་དྲུང་ན་གནས་སོ། །སྔར་རིག་སྔགས་བཟླས་པའི་ནུས་པ་ཐམས་ཅད་ད་ལྟར་སྙིང་རྗེ་ཆེན་པོས་རང་གི་ལུས་ཀྱི་ཤ་བཅད་པའི་དཀའ་བ་དེས་སྡིག་སྒྲིབ་དག་སྟེ། མཐོང་བ་ཡིན་གསུང༌། ད་ལྟར་ཕྲག་པར་ཁུར་ལ་གྲོང་ཁྱེར་གྱི་སྐྱེ་བོ་རྣམས་ལ་སྟོན་ཞིག་གསུང༌། བསྟན་པས་གཞན་སུས་ཀྱང་ཅི་ཡང་མ་མཐོང༌། ཆང་འཚོང་མ་ཞིག་གིས་ཁྱི་གུ་ཞིག་ཁུར་བར་མཐོང་བ་ན་ཡང་ཕྱིས་ལོངས་སྤྱོད་ཟད་མི་ཤེས་པ་བྱུང༌། དབུལ་པོ་ཁུར་བསྐྱེད་པས་འཚོ་བ་ཞིག་གིས་ཞབས་མགོ་ཙམ་མཐོང་བས་ཀྱང་ཏིང་ངེ་འཛིན་བརྙེས་ཤིང༌། ཐུན་མོང་གི་དངོས་གྲུབ་ཐོབ་བོ། ། དུས་དེ་ཉིད་དུ་སློབ་དཔོན་གྱིས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ། ཁྱོད་ཅི་འདོད་གསུང་པ་ལ། ཐེག་པ་ཆེན་པོ་དར་བར་ཞུ་ཞེས་ཞུས་པས། ངའི་གོས་ཀྱི་མཐའ་ལ་འཇུས་ཤིག་གསུང༌། འཇུས་པས་དེ་མ་ཐག་དགའ་ལྡན་དུ་སླེབ། དེ་ལ་ས་སྡེའི་གནའ་མཆན་ལས། དགའ་ལྡན་དུ་ཟླ་བ་དྲུག་བཞུགས་ཟེར་བ་ཡོད་པར་གྲགས་པ་དང༌། འགའ་ཞིག་མི་ལོ་བཅོ་ལྔ་སོགས་བཞུགས་པར་བྱེད་པ་ཅི་རིགས་ཡོད་ཀྱང༌། རྒྱ་བོད་ཡོངས་ཁྱབ་ཏུ་གྲགས་པ་ལ་མི་ལོ་ལྔ་བཅུ་བཞུགས་ཟེར་ཏེ། དེ་ཡང་ལོ་ཕྱེད་ལོར་བརྩིས་པ་ཡིན་པས་ལོ་ཉེར་ལྔའོ་ཞེས་རྒྱ་གར་བ་རྣམས་གསུང༌། དེར་དགའ་ལྡན་དུ་མགོན་པོ་མི་ཕམ་པ་ལས་ཐེག་པ་ཆེན་པོའི་ཆོས་མ་ལུས་པ་མཐའ་དག་གསན་ཏེ། མདོ་སྡེ་ཐམས་ཅད་ཀྱི་དོན་ཐུགས་སུ་ཆུད། བྱམས་པའི་ཆོས་ལྔ་གསན་པ་ན་དོན་ཚན་རེ་རེ་གསན་པ་ཙམ་གྱིས་ཏིང་ངེ་འཛིན་གྱི་སྒོ་མི་འདྲ་བ་རེ་རེ་ཐོབ། སླར་ཡང་མིའི་ཡུལ་དུ་བྱོན་ནས་འགྲོ་བའི་དོན་མཛད་པ་ན་གཞན་གྱིས་སེམས་ཤེས་པའི་མངོན་ཤེས་ཐོགས་པ་མེད་པ་དང༌། ཟླ་བ་ཕྱེད་དམ་ཟླ་བ་གཅིག་ལ་སོགས་པས་བགྲོད་དགོས་པའི་ཐག་རིང་པོར་འཁོར་དང་བཅས་པས་གཤེགས་པ་ནའང་ཐུན་ཚོད་གཅིག་གམ་ཉི་མ་གཅིག་གིས་བགྲོད་པ་དང་དང་པོར་བྱམས་པ་ཞལ་བཟིགས་པའི་དུས་དེ་ཙམ་གྱི་ལང་ཚོ་ལ་གནས་ཏེ། དགུང་ལོ་དགུ་བཅུ་ལྷག་ཀྱང་སྔོན་གྱི་དེ་ཁོ་ན་བཞིན་དུ་གནས་པ་དང༌། སྐུ་ལ་མཚན་སུམ་ཅུ་རྩ་གཉིས་རྗེས་མཐུན་ཙམ་དུ་ཡོད་པ་ལ་སོགས་པ་སྤྱིར་ས་ཐོབ་པའི་འཕགས་པའི་ཡོན་ཏན་མངོན་གྱུར་དུ་མངའ་བ་དང༌། ཁྱད་པར་མནལ་ལམ་དུ་ཡང་རང་དོན་ཡིད་བྱེད་ཀྱི་བློ་མེད་ཅིང༌། ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་ལ་སྤྱོད་པ་དང༌། ཤིན་ཏུ་འཇམ་ཞིང་དུལ་ལ་དེས་པ་ཡང་ཡིན་ལ། གྲུབ་མཐའ་ངན་པ་སུན་འབྱིན་ཞིང་སྤྱོད་པ་ངན་པ་ཚར་གཅོད་པ་སོགས་ལྷག་པར་རྣོ་བ་དང༌། ཐོས་པས་མི་ངཽམ་ཉིད་དང་ནི། ཟང་ཟིང་མེད་པར་ཆོས་སྦྱིན་དང༌། ཞེས་སོགས་ཀྱི་ལོངས་སྤྱོད་ལ་སྤྱོད་བཞིན་པ་སོགས་རྒྱུ་མཚན་དུ་མས་ས་གསུམ་པ་བརྙེས་པར་བྱེད་དོ། ། དེ་ཡང་སློབ་དཔོན་དེས་དང་པོར་མ་ག་དྷཱའི་ཡུལ་གྱི་ཕྱོགས་ཅིག་བེ་ལུ་བ་ན་ཞེས་བྱ་བའི་ནགས་སུ་གཙུག་ལག་ཁང་མཛད་དེ་བཞུགས་ནས་སློབ་མ་ཚུལ་ཁྲིམས་དང་ལྡན་ཞིང་མང་དུ་ཐོས་པ་བརྒྱད་ལ་ཐེག་པ་ཆེན་པོའི་ཆོས་ཟབ་མོ་དག་བཀྲོལ་ཞིང་བསྟན་པས། དེ་ཐམས་ཅད་ཀྱང་བཟོད་པ་ཐོབ་ཅིང་སྐྱེ་བོ་དད་པའི་ཕྱིར་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་མདོ་སྡེ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཤ་སྟག་བྱུང་སྟེ། གནས་དེ་ལ་ཆོས་ཀྱི་མྱུ་གུའི་དགོན་པར་གྲགས་སོ། །དེར་བྱམས་པའི་ཆོས་ལྔ་ཡང་ཡི་གེར་བཀོད། མངོན་པ་ཀུན་ལས་བཏུས་དང༌། ཐེག་པ་ཆེན་པོ་བསྡུས་པ་དང༌། ས་སྡེ་ལྔ་དང༌། མངོན་པར་རྟོགས་པའི་རྒྱན་གྱི་རྣམ་པར་བཤད་པ་ལ་སོགས་པ་བསྟན་བཅོས་ཕལ་ཆེར་མཛད། དེ་ནས་ཡུལ་ནུབ་ཕྱོགས་དང་ཉེ་བ་གྲོང་ཁྱེར་ས་ག་རི་ཞེས་བྱ་བར་ཨུཥྨ་པུ་རི་ཞེས་བྱ་བའི་གཙུག་ལག་ཁང་དུ་རྒྱལ་པོ་ཟབ་མོའི་སྦྱིན་བདག་བྱས་ཏེ་ཕྱོགས་བཞིའི་དགེ་སློང་ཐམས་ཅད་འདུས། དེར་འཕགས་པ་ཐོགས་མེད་ཀྱིས་སོ་སོའི་བློ་དང་འཚམ་པར་ཆོས་མང་དུ་བསྟན་ཏེ། ཉན་ཐོས་ཀྱི་སྡེ་སྣོད་གསུམ་དང༌། ཐེག་པ་ཆེན་པོའི་མདོ་སྡེ་ལྔ་བརྒྱ་ཙམ་བཤད་ཅིང༌། ཐམས་ཅད་ཀྱང་ཡང་དག་པའི་དོན་ལ་བཀོད་པས་ཐེག་པ་ཆེན་པོ་ལ་རིགས་སད་ཅིང་མདོ་སྡེའི་དོན་ལ་བློ་གྲོས་རྒྱས་པ་སྟོང་ཕྲག་བརྒལ་བ་ཙམ་བྱུང་སྟེ་དེ་ཡང་སྔོན་ཐེག་པ་ཆེན་པོ་ཤིན་ཏུ་དར་བ་ལས། ཕྱིས་དུས་ཀྱི་དབང་གིས་བློ་གྲོས་ཆུང་ངུར་གྱུར་པ་དང༌། དགྲ་ལན་གསུམ་གྱིས་རིམ་པས་ཉམས་ཏེ། སློབ་དཔོན་འདི་བྱོན་པའི་དུས་ཀྱི་ཐོག་མ་ན། ཐེག་པ་ཆེན་པོའི་ཕྱོགས་འཛིན་པའི་དགེ་སློང་མང་པོ་ཡོད་ནའང་ཐེག་པ་ཆེན་པོའི་མངོན་པ་ཤེས་པ་ནི་ཡེ་མེད་ཅིང༌། མདོ་སྡེ་རེ་རེ་ནས་འདོན་པ་དར་པོ་ཡོད་ཀྱང༌། མདོ་དོན་ཇི་བཞིན་དུ་ཤེས་པ་མེད་པ་ལ་གནས་དེར་སློབ་དཔོན་ཉིད་སློབ་མའི་མཆོག་བརྒྱད་དང་བཅས་པས་ཆོས་བསྟན་པས། དེ་ལྟར་གྱུར་པའི་ཚེ་ཐེག་པ་ཆེན་པོའི་བསྟན་པ་བར་སྐབས་སུ་ནུབ་པ་ལས་སླར་ཡང་དར་བར་གྱུར་ཏོ་ཞེས་ཕྱོགས་ཀུན་ཏུ་གྲགས་སོ། ། དེའི་ཚེ་རྒྱལ་པོ་ཟབ་མོའི་ཕྱོགས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཁ་ཏོན་དུ་བྱེད་དོ། །དེས་བསམས་པ། སློབ་དཔོན་འདི་ནི་འཕགས་པ་ཡིན་ཞིང་གཞན་གྱིས་སེམས་ཀྱང་ཤེས་སོ་གྲགས་ན། དེ་ཉིད་བདེན་ན་བདག་གིས་ཀྱང་འདིའི་ཡོན་ཏན་བསྔགས་པར་བྱ། གལ་ཏེ་མི་བདེན་ན་སྐྱེ་བོ་རྣམས་བསླུ་བར་བྱེད་པ་ཡིན་པས་སྐྱེ་བོའི་དབུས་སུ་བརྒལ་ཏེ་དམའ་དབབ་པར་བྱའོ་ཞེས་བློན་པོ་རྣམས་དང༌། བྲམ་ཟེ་རྣམས་དང༌། ཡིད་བརྟན་པའི་སྐྱེ་བོ་ལྔ་བརྒྱ་ཙམ་ལ་བགྲོས་ཏེ། ཕོ་བྲང་འཁོར་གྱི་ཁྱམས་སུ་སྐྱེ་བོ་མང་པོའི་དབུས་སུ་སློབ་དཔོན་འཁོར་བཅས་སྤྱན་དྲངས། བསོད་སྙོམས་དང་ན་བཟའ་ཕུན་སུམ་ཚོགས་པ་དག་ཕུལ་ཏེ། ཁྱིམ་གྱི་ནང་དུ་མ་ཧེ་ནག་པོ་ས་དཀར་གྱིས་བྱུགས་པ་སྦས། གསེར་གྱི་བུམ་པ་ཞིག་གི་ནང་དུ་མི་གཙང་བ་སྣ་ཚོགས་བླུགས། ཁ་སྦྲང་རྩིས་བཀང་སྟེ་རས་ཀྱི་གཡོགས་པ་ལག་ཏུ་ཐོགས་ནས། ཁྱིམ་འདི་ན་ཅི་ཡོད། ལག་ཏུ་ཐོགས་པ་འདི་ཅི་ཡིན་དྲིས་པས། ཇི་བཞིན་དུ་གསུངས། འདི་ཙམ་ནི་ལྐོག་གྱུར་ཤེས་པ་ཆུང་ངུ་ལའང་འབྱུང་ན། སེམས་ཤེས་སམ་མི་ཤེས་སྙམས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་ཚིག་ལ་དྲི་བ་གསུམ། དོན་ལ་དྲི་བ་གསུམ་སྟེ་དྲུག་པོ་ཡིད་ཀྱིས་དྲིས་པས། ཇི་ལྟ་བ་བཞིན་ལན་གསུངས་ནས། རང་བཞིན་གསུམ་བསྟན་པ་ལ་སོགས་པ་དེ་དང་མཐུན་པའི་བསྟན་བཅོས་ཆུང་ངུ་རེ་ཡང་མཛད་དོ། །དེ་ལ་ཚིག་གི་དྲི་བ་གསུམ་ནི། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་གང་གི་ཚིག་བླ་དྭགས་ཡིན་དྲིས་པ་ལ། བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མ་མཐོང་ཞེས་ལན་བཏབ་པ་འདི་ལུང་མ་བསྟན་པའི་ལྟ་བར་མི་འགྱུར་རམ། བྱ་ཤིན་ཏུ་ལུས་ཆེ་བ་དཔག་ཚད་ལྔ་བརྒྱ་ཡོད་པ་ཞེས་དཔེར་བྱས་པའི་ལུས་ཆེ་བ་འདི་དོན་གང་དང་སྦྱོར། རི་དང་ནགས་ཚལ་གྱི་མཚན་མ་མ་མཐོང་ན། རྒྱ་མཚོ་དང་ཐག་ཉེའོ་ཞེས་པ་ལ། མཚན་མ་མ་མཐོང་བའི་ས་མཚམས་གང་ལ་བྱེད་ཅེས་པ་གསུམ་ཡིན་པ་ལས། དང་པོ་ནི་ནང་སྟོང་པ་ཉིད་ལ་དགོས། གཉིས་པ་ནི་དགེ་བའི་ལས་སྟོབས་ཆེ་བ། གསུམ་པ་ནི་ཆོས་མཆོག་ཆེན་པོའོ། །དོན་ལ་དྲི་བ་གསུམ་ནི། ཀུན་གཞི་རྣམ་པར་ཤེས་པ་རྫས་སུ་ཡོད་དམ་མེད། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པས་གང་ངོ་བོ་ཉིད་མེད་པ་དེ་ཡང་ངོ་བོ་ཉིད་མེད་དམ། སྟོང་པ་ཉིད་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མི་བྱེད་པར་བཤད་པའི་མི་བྱེད་མཁན་དང༌། མི་བྱེད་རྒྱུའི་སྟོང་ཉིད་གང་ཡིན་ཞེས་པ་ལ། དང་པོ་ལ། ཀུན་རྫོབ་ཏུ་རྫས་སུ་ཡོད། དོན་དམ་པའི་རིག་ཤེས་ཀྱི་དོན་མེད། གཉིས་པ་ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་པས། ངོ་བོ་ཉིད་མེད་པ་ཉིད་ལ་སླར་ཡང་ངོ་བོ་ཉིད་ཡོད་མེད་གཉིས་སུ་འབྱེད། གསུམ་པ་ལ་སྟོང་པ་ཉིད་དུ་བྱེད་མཁན་གྱི་སྟོང་ཉིད་ནི་སྟོང་ཉིད་ཀྱི་རྣམ་པ་ཙམ་གྱི་བློ་དང༌། དེས་བྱེད་ཚུལ་སྔར་ཡོད་ཕྱིས་མེད་པའི་ཚུལ་གཉིས་ཀར་འགོག་པ་ཡིན་ནོ། །ཞེས་པའི་དོན་དུ་ལན་བཏབ་བོ། །དེར་རྒྱལ་པོ་དང་སྐྱེ་བོའི་ཚོགས་ཐམས་ཅད་ངོ་མཚར་རྨད་དུ་གྱུར་པས། སློབ་དཔོན་གྱིས་རྒྱལ་པོ་དེ་ཡང་དག་པར་བཏུལ་ནས་ཐེག་པ་ཆེན་པོའི་ཆོས་གཞི་ཉི་ཤུ་རྩ་ལྔ་བྱེད་དུ་བཅུག་སྟེ། རེ་རེ་ཡང་དགེ་སློང་བརྒྱ་བརྒྱ་དགེ་བསྙེན་ལ་སོགས་པ་དཔག་ཏུ་མེད་དོ། །གནས་འདི་ཉིད་དུ་བཞུགས་པའི་ཚེ། གཅུང་དབྱིག་གཉེན་ཡང་བཏུལ་བ་ཡིན་ཏེ་འོག་ཏུ་འཆད་དོ། ། དེའི་ཚེ་ལྷོ་ཕྱོགས་ཡུལ་ཀྲིཥྞ་རཱ་ཛར་བྲམ་ཟེ་བཱ་སུ་ནཱ་ཞེས་བྱ་བ་བྱུང་སྟེ། དེས་འཕགས་པ་ཐོགས་མེད་ཅེས་བྱ་བ་རྒྱལ་བ་མི་ཕམ་པ་ལས་ལུང་བླངས་ཏེ། ཐེག་པ་ཆེན་པོ་སླར་ཡང་དར་བར་བྱེད་དོ་ཞེས་ཐོས་ནས་བྲམ་ཟེ་རང་ཉིད་འཁོར་ལྔ་བརྒྱ་ཙམ་གྱིས་བསྐོར་ཏེ་ཡུལ་དབུས་སུ་འོངས། གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་རྣམས་མཆོད། ལྷོ་ཕྱོགས་ཀྱི་བྲམ་ཟེ་དང༌། ཁྱིམ་བདག་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་སློབ་དཔོན་འབྱོན་པར་ཞུས་པས། དེར་སློབ་དཔོན་དང་ལྷན་ཅིག་གནས་པ་ཉི་ཤུ་རྩ་ལྔ་དང༌། བྲམ་ཟེ་འཁོར་དང་བཅས་པ་ལྷན་ཅིག་ཏུ་གཤེགས་པར་བརྩམས་པའི་ཚེ། བྲམ་ཟེ་དེའི་མ་ནད་ཀྱིས་བཏབ་བོ་ཞེས་ཕོ་ཉ་བྱུང་ངོ༌། །དེར་བྲམ་ཟེ་མྱུར་དུ་སླེབ་པར་འདོད་པའི་སེམས་ཀྱིས་གདུངས་པ་ན། སློབ་དཔོན་གྱིས་དེ་ལ་བྲམ་ཟེ་འདོད་ན་མྱུར་དུ་སླེབ་པར་བྱའོ། །དེས་ཀྱང་དེ་བཞིན་དུ་མཛོད་ཅིག །དེ་ནས་ལམ་དུ་ཞུགས་པས། ཉི་མ་དེ་ཉིད་ཀྱི་ཉི་མ་ཕྱི་ཕྲེད་ན་སློབ་དཔོན་དང༌། བྲམ་ཟེ་འཁོར་དང་བཅས་པ་ཡུལ་ཀྲྀཥྞ་རཱ་ཛར་སླེབས། དེ་ཡང་ཀྲྀཥྞ་རཱ་ཛ་ནི་ཡུལ་ཏྲི་ལིངྒའི་ནང་ཚན་ཞིག་ཡིན་ལ་ཟླ་བ་གསུམ་གྱི་ལམ་ཐུན་ཚོད་གཉིས་ལ་བགྲོད་པ་ཡིན་གསུང༌། ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་ནས། ཚོང་དཔོན་དྷ་ན་རཀྵི་ཏ་ཞེས་བྱ་བས་སྤྱན་དྲངས་པའི་ཚེ་ན་ཡང༌། སློབ་དཔོན་དང་ཚོང་དཔོན་འཁོར་དང་བཅས་པས་མ་ག་དྷཱ་དང་ཨུ་རྒྱན་གྱི་ཡུལ་གྱི་ལམ་ཐམས་ཅད་ཞག་གཅིག་ཉིད་ལ་བགྲོད། ཡུལ་ཀྲྀཥྞ་རཱ་ཛ་དང༌། ཨུ་རྒྱན་གཉིས་ཀར་དུ་ཡུན་རིང་རབ་བཞུགས་ཤིང་ཆོས་བསྟན་པས་སྐྱེ་བོ་ཐམས་ཅད་ལ་ཐེག་པ་ཆེན་པོ་དར་བར་མཛད་ཅིང༌། ཡུལ་དེ་གཉིས་ཀར་མཆོད་རྟེན་བརྒྱ་ཕྲག་རེ་བཞེངས། ལྷ་ཁང་ཉི་ཤུ་རྩ་ལྔ་བཞེངས། དེ་རྣམས་སུ་ཐེག་ཆེན་གྱི་ཆོས་གཞི་རེ་རེ་ཡང་བཙུགས་སོ། །དེ་བཞིན་དུ་མ་ག་དྷར་ཡང་མཆོད་རྟེན་བརྒྱ་དང༌། ཆོས་གཞི་ཉེར་ལྔ་བཙུགས། ལན་ཅིག་རྒྱ་གར་མཐའ་འཁོབ་གྲོང་ཁྱེར་ཨ་ཡོ་དྷྱ་དང་ཉེ་བར་རྒྱལ་ཕྲན་ཞིག་ལ་ཆོས་སྟོན་ཞིང་བཞུགས་པའི་ཚེ། དེ་དང་ཉེ་བ་ན་གར་ལོག་གི་གྲོང་ཞིག་ཡོད་པས། སློབ་དཔོན་ཆོས་གསུང་བཞིན་པ་ལ་གར་ལོག་རྣམས་ཀྱི་དམག་བྱུང་བས། ཆོས་ཉན་པ་རྣམས་ལ་བཟོད་པའི་ཁུར་བསྐྱེད་ཅིག་པར་གདམས་ནས་ཐམས་ཅད་མཉམ་པར་བཞག་པས་གནས་པ་ལ། མདའ་འཕངས་པ་ཐམས་ཅད་ཀྱང་རྡུལ་དུ་སོང༌། གར་ལོག་གི་གཙོ་བོས་སློབ་དཔོན་ལ་རལ་གྲི་བརྟེགས་པས་ཀྱང་གནོད་པ་མེད་ཅིང༌། རམ་གྲི་ཉིད་དུམ་བུ་བརྒྱར་ཆག་གོ །གཞན་ཡང་སྐུར་པ་གཏབ་པ་སོགས་ཇི་ཙམ་བྱས་ཀྱང་གཡོ་བ་མེད་པར་འདུག་པས། དེ་རྣམས་ཀྱང་ལྷག་པར་དད་དེ་ཕྱག་བྱས་ནས་སོང་ངོ༌། ། སློབ་དཔོན་འདིས་གཞན་གྱི་བསམ་པ་མཁྱེན་པའི་ཕྱིར་ཆོས་སྟོན་པ་ཐམས་ཅད་སློབ་མས་གང་མི་ཤེས་པ་དང༌། ཐེ་ཚོམ་ཡོད་པ་དེ་ཉིད་གསལ་བར་བཀྲལ་ནས་སྟོན་པའི་ཕྱིར། སློབ་དཔོན་འདི་ལས་ཆོས་ཉན་པ་ལ་མཁས་པར་མ་གྱུར་པ་ཅུང་ཟད་ཀྱང་མེད་དོ། །དུས་དེའི་ཚེ་ཐེག་པ་ཆེན་པོ་ཕལ་ཆེར་གྱིས་མདོ་སྡེ་སྣ་རེ་ཙམ་མ་ཞུས་པ་མེད་པ་ལྟ་བུ་ཡིན་ཞིང༌། སློབ་དཔོན་ཉིད་ཀྱི་བདག་རྐྱེན་ཀྱིས་ཆོས་གཞི་བརྒྱ་ཐམ་པ་བཙུགས་པ་ལས། རེ་རེ་ལ་ཡང་བློ་སྦྱོང་བ་ཉིས་བརྒྱ་རེ་ཉུང་མཐའ་རྣམས་ལའང་ཡོད་པས། སྤྱིར་ཆོས་ཉན་པའི་སློབ་མའི་ཚོགས་དཔག་ཏུ་མེད་ཅིང༌། ཐམས་ཅད་ཀྱང་མཆོག་ཏུ་གུས་པས་གྲུབ་པའི་མཐའ་ཡང་དེ་ལྟར་འཛིན་ལ། ས་ཐོབ་པའི་ཡོན་ཏན་སྐྱེས་པ་དང༌། སྦྱོར་ལམ་གྱི་ཡོན་ཏན་སྐྱེས་པ་སོགས་སྟོང་ཕྲག་མང་པོ་ཡང་བྱུང་ཞིང༌། མདོ་སྡེ་དང་གྲུབ་མཐའ་ཕྱོགས་རེ་ཙམ་མ་ཡིན་པར་སྒོ་ཐམས་ཅད་ནས་གསུངས་ཤིང༌། ཉན་ཐོས་རྣམས་ཀྱང་དུས་དེ་ཉིད་དུ་ལྷག་པར་གུས་པར་བྱེད་ཅིང༌། ཉན་ཐོས་རྣམས་ཉིད་ཀྱི་མངོན་པ་དང༌། མདོ་སྡེ་ཉན་པར་བྱེད་པ་ཡང་མང་དུ་བྱུང་ངོ༌། །གནྡྷ་རིའི་རི་སྔགས་གྲུབ་པས་དགའ་ལྡན་གྱི་གནས་སུ་ཕྱིན་ཞིང༌། ཐག་རིང་པོ་ཡང་ཡུད་ཀྱིས་བགྲོད་པར་བྱེད། རྟོག་བྱེད་ཀྱི་རིག་སྔགས་གྲུབ་པས་ཕ་རོལ་ཀྱི་སེམས་ཤེས་པ་ཡིན་ཏེ། ཚུལ་ཁྲིམས་དང་ལྡན་ཞིང་མང་དུ་ཐོས་པ། རིག་སྔགས་གྲུབ་པ་འདི་ནི་ངོ་མཚར་ཆེ་སྟེ། གཞན་དུ་ན་ཐེག་པ་ཆེན་པོ་ལ་ཞུགས་པ་འདི་ཁོ་ན་སྐྱོན་ནོ་ཞེས་ཟེར་བར་གྲགས་སོ། །དེ་ཡང་སྔོན་ཐེག་པ་ཆེན་པོའི་ཆོས་ཤིན་ཏུ་དར་བའི་ཚེ་ཡང་ཐེག་ཆེན་གྱི་དགེ་སློང་ཁྲི་ཕྲག་ཏུ་ལོངས་པ་ནི་མེད། ཀླུ་སྒྲུབ་ཀྱི་ཚེ་ཡང་དགེ་འདུན་ཕལ་ཆེར་ཉན་ཐོས་ཡིན་ནོ། ། སློབ་དཔོན་འདིའི་དུས་ཐེག་ཆེན་གྱི་དགེ་སློང་ཁྲི་ཕྲག་མང་པོ་བྱུང་བ་སོགས་རྒྱུ་མཚན་དེ་རྣམས་ཀྱི་སྒོ་ནས་ཐེག་པ་ཆེན་པོའི་བསྟན་པ་མཐའ་དག་གི་བདག་པོ་ཡིན་ནོ་ཞེས་གྲགས་སོ། །འོན་ཏེ་སློབ་དཔོན་ཉིད་དང་ལྷན་ཅིག་གནས་པའི་སློབ་མ་ནི་དགེ་སློང་ཉི་ཤུ་རྩ་ལྔ་ཙམ་ལས་མེད་དེ། དེ་དག་ཐམས་ཅད་ཚུལ་ཁྲིམས་དང་ལྡན་པ། སྡེ་སྣོད་འཛིན་པ། ལྷག་པའི་ལྷ་ལ་ཐེ་ཚོམ་གཅོད་ཅིང་བཟོད་པ་ཐོབ་པ་ཤ་སྟག་གོ །སྐུ་ཚེའི་སྨད་ཀྱི་དུས་ན་ནཱ་ལེནྡྲར་ལོ་བཅུ་གཉིས་བཞུགས། དགུན་གྱི་དུས་ཉིན་རེ་བཞིན་མུ་སྟེགས་རྒོལ་བ་རེ་ཡོང་བ་ལ་གྲུབ་མཐའ་རྣམས་རིགས་པ་སྣ་ཚོགས་ཀྱིས་སུན་ཕྱུང་སྟེ་ཆོས་བསྟན་པས་མུ་སྟེགས་སྟོང་དུ་ཉེ་བ་ཙམ་རབ་ཏུ་བྱུང༌། གཙུག་ལག་ཁང་གང་ན་དགེ་སློང་ལྟ་བ་དང༌། ཚུལ་ཁྲིམས་དང༌། སྤྱོད་པ་དང༌། ཆོ་ག་ཉམས་པ་ཐམས་ཅད་ཆོས་བཞིན་ཚར་གཅོད་པར་མཛད་པས་དགེ་འདུན་ཤིན་ཏུ་དག་པར་མཛད་དོ། །མཐར་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་སྐུ་འདས་ཏེ། དེའི་ཤུལ་དུ་སློབ་མ་རྣམས་ཀྱིས་མཆོད་རྟེན་བྱས་སོ། ། གཅུང་དབྱིག་གཉེན་ནི། བོད་ན་འགའ་ཞིག་འཕགས་པ་ཐོགས་མེད་ཀྱིས་མཚེ་མའི་སྐུ་མཆེད་དུ་འདོད་པ་དང༌། འགའ་ཞིག་ཆོས་ཀྱི་སྐུ་མཆེད་དུ་འདོད་པ་སྣང་ནའང༌། འཕགས་ཡུལ་མཁས་པ་ལ་དེ་ལྟར་མ་གྲགས་ཏེ། འདིའི་ཡབ་ཏུ་གྱུར་པ་ནི་བྲམ་ཟེ་རིག་བྱེད་གསུམ་དང་ལྡན་པ་ཞིག་ཡིན་ལ། སློབ་དཔོན་འཕགས་པ་ཐོགས་མེད་རབ་ཏུ་བྱུང་བའི་ཕྱི་དེའི་ལོར་འཁྲུངས་ཏེ། སློབ་དཔོན་འདི་གཉིས་ཡུམ་གཅིག་པའི་སྐུ་མཆེད་དོ། །བློ་རྣོ་བའི་ཆོ་ག་བྱས་པ་ནས་མང་དུ་ཐོས་པ་དང་ཏིང་ངེ་འཛིན་ཐོབ་པར་གྱིས་ཤིག་པའི་བར་གཅེན་ཐོགས་མེད་ཀྱི་སྐབས་དང་འདྲ། དེར་དཔལ་ནཱ་ལེནྡྲར་རབ་ཏུ་བྱུང་ནས་ཉན་ཐོས་ཀྱི་སྡེ་སྣོད་གསུམ་མཐའ་དག་བྱང་བར་བསླབས། ད་དུང་ཆོས་མངོན་པའི་མཐའ་རྟོགས་པའི་ཕྱིར་དང༌། སྡེ་བ་བཅོ་བརྒྱད་ཀྱི་གྲུབ་མཐའ་ངེས་པའི་ཕྱིར་དང༌། རིག་པའི་ལམ་མཐའ་དག་རྟོགས་པའི་ཕྱིར་དུ། ཁ་ཆེར་བྱོན་ནས་སློབ་དཔོན་སངྒྷ་བྷ་དྲ་གཙོ་བོར་བརྟེན། བྱེ་བྲག་ཏུ་བཤད་པ་དང༌། སྡེ་པ་བཅོ་བརྒྱད་ཀྱི་བསྟན་བཅོས་སོ་སོ་དང༌། སྡེ་པ་སོ་སོའི་མདོ་སྡེ་འདུལ་བ་མི་འདྲ་བའི་ཁྱད་པར་རྣམས་དང༌། མུ་སྟེགས་ཅན་ལྟ་བ་དྲུག་པོ་རྣམས་ཀྱི་གཞུང་ལུགས་མཐའ་དག་དང༌། རྟོག་གེའི་ཚུལ་མཐའ་དག་ལ་བྱང་ཞིང་མཁས་པར་བྱས་ནས། ཡུལ་དེ་ཉིད་དུ་ཡང་ལོ་མང་པོར་རིགས་པ་དང་མི་རིགས་པ་རྣམ་པར་ཕྱེ་ཞིང་ཉན་ཐོས་ཀྱི་སྡེ་སྣོད་རྣམས་བཤད། སླར་ཡུལ་དབུས་སུ་བྱོན་པའི་ལམ་དུ་ཆོམ་རྐུན་དང༌། ལམ་གྱི་གནོད་སྦྱིན་ལ་སོགས་པས་ལམ་དགག་མ་ནུས་པར་མ་ག་དྷཱར་བྱོན། དེར་ཡང་ལོ་འགའ་ཞིག་ཏུ་ཉན་ཐོས་ཀྱི་དགེ་འདུན་མང་པོ་ལ་རབ་ཏུ་རིག་པ་དང་ལྡན་པའི་ཆོས་མང་པོ་སྟོན་ཞིང་བཞུགས། དེའི་ཚེ་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔའི་གླེགས་བམ་གཟིགས་པས་ཐེག་ཆེན་ཐུགས་སུ་མ་ཆུད་ཅིང༌། ལྷག་པའི་ལྷ་ལ་གསན་པ་ལ་ཐུགས་ཡིད་མ་ཆེས་ནས། ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས། ཏིང་འཛིན་མ་གྲུབ་གླང་ཆེན་གྱི། རྒྱབ་ཁལ་ལོངས་པའི་གྲུབ་མཐའ་བརྩམས། ཞེས་གསུངས་པར་གྲགས་ལ། གང་ལྟར་ཡང་ཅུང་ཟད་བསྟིང་ཚིག་ཏུ་མཛད་པས། དེ་གཅེན་པོ་འཕགས་པས་གསན་ཏེ་འདུལ་བའི་དུས་ཡིན་པར་དགོངས་ཏེ། དགེ་སློང་གཅིག་ནི་བློ་གྲོས་མི་བཟད་པས་བསྟན་པའི་མདོ་འཛིན་དུ་བཅུག །གཞན་ཞིག་ནི་ས་བཅུ་པའི་མདོ་འཛིན་དུ་བཅུག །བྱང་བ་ན་ཐོག་མར་བློ་གྲོས་མི་ཟད་པ་ཐོན། དེ་ནས་ས་བཅུ་པ་ཐོན་ཅིག་ཅེས་གསུངས་ནས་གཅུང་གི་དྲུང་དུ་བཏང་བས། དེ་གཉིས་ཀྱིས་ཀྱང་སྲོད་ལ་བློ་གྲོས་མི་ཟད་པ་བཏོན་པས། ཐེག་ཆེན་འདི་རྒྱུ་ལ་བཟང་སྟེ། འབྲས་བུ་ལ་གཡེལ་ལམ་དགོངས། ཐོ་རངས་ས་བཅུ་པ་བཏོན་པས། རྒྱུ་འབྲས་གཉིས་ཀར་བཟང་བ་ལ་སྐུར་པ་བཏབ་པས་སྡིག་པ་ཆེན་པོ་བསགས། སྐུར་པ་བཏབ་པའི་ལྕེ་བཅད་པར་བྱའོ་དགོངས་ཏེ། སྤུ་གྲི་བཙལ་བས། དགེ་སློང་དེ་གཉིས་ན་རེ། འདིའི་དོན་དུ་ལྗགས་བཅད་པར་ག་ལ་འཚལ། སྡིག་པ་བཤགས་པའི་ཐབས་གཅེན་ལ་མངའ་བས་འཕགས་པའི་དྲུང་དུ་གཤེགས་པར་ཞུ་བྱས་ནས། འཕགས་པ་ཐོགས་མེད་ཀྱི་དྲུང་དུ་བྱོན། དེ་ནས་བོད་ཀྱི་ལོ་རྒྱུས་ལྟར་ན། ཐེག་པ་ཆེན་པོའི་ཆོས་མཐའ་དག་གཟིགས་ནས། སྐུ་མཆེད་ཆོས་ཀྱི་བགྲོ་གླེང་མཛད་པའི་ཚེ་གཅུང་སྤོབས་པ་མྱུར་ཞིང༌། གཅེན་སྤོབས་པ་མི་མྱུར་ཡང་ལན་བཟང་པོ་བྱུང་བས་རྒྱུ་མཚན་དྲིས་པས། ཡི་དམ་ལ་དྲིས་ནས་ལན་འདེབས་གསུང༌། གཅུང་གིས་ཀྱང་ཞལ་སྟོན་པར་ཞུས་པས། ད་རེས་སྐལ་བ་མེད་གསུངས་ནས་སྡིག་སྦྱོང་གི་ཐབས་བསྟན་ཞེས་གྲགས་མོད་ཀྱང་རྒྱ་གར་བའི་ངག་སྒྲོས་ཇི་བཞིན་དུ་མི་སྣང་ཞིང༌། རིག་པས་ཀྱང་མི་འཐད་པར་མངོན་ཏེ། འཕགས་པ་ཐོགས་མེད་ལ་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་གསན་ནས། བླ་མ་ལ་རྩོད་པ་བྱེད་པ་དང༌། བླ་མ་ལ་མ་ཞུས་པར་དཔེ་བལྟས་ནས་རྩལ་བཤད་བྱེད་པ་གཉིས་ཀར་ཡང་སྔོན་དུས་བཟང་པོའི་སྐྱེས་བུ་དམ་པ་རྣམས་ཀྱི་སྤྱོད་པ་ལ་མེད་ཅིང༌། འདུས་བཟང་ལ་ཡང་སློབ་དཔོན་དང་རྩོད་པ་མི་བྱེད་ཅེས་གསུང་པར་འདོད་བཞིན་དུ་འཕགས་པ་ཐོགས་མེད་ལ་རྩོད་པར་འདོད་པ་ག་ལ་འཐད། ཐོགས་མེད་ཀྱིས་བྱམས་པ་ལས་ལུང་བླངས་པ་ཐམས་ཅད་ལ་གྲགས་བཞིན། དབྱིག་གཉེན་གྱིས་དེ་ལྟར་མ་མཁྱེན་པར་དྲིས་པའི་ཚུལ་དང༌། ཡི་དམ་གྱི་ལྷ་ཞིག་ལ་ཞུའོ་ཞེས་ཐོགས་མེད་ཀྱིས་ཀྱང་གཅུང་ལ་སྦས་ཚུལ་དུ་གསུངས་པ་དེ་ཀུན་འཐད་ཀྱང་མི་འདྲའོ། ། དེས་ན་རྒྱ་གར་གྱི་ལོ་རྒྱུས་ལས་འདི་ལྟར་འབྱུང་སྟེ། སྔར་གྱི་འཕྲོ་དེ་ལས་བརྩམས་ཏེ། སྡིག་པ་སྦྱོང་བའི་ཐབས་ཞུས་པས་འཕགས་པས་རྒྱལ་བ་མི་ཕམ་པ་ལ་ཞུས་ནས། ཁྱོད་ཀྱིས་ཐེག་པ་ཆེན་པོའི་ཆོས་རྒྱ་ཆེར་ཤོད། མདོ་སྡེ་མང་པོ་ལ་འགྲེལ་པ་གྱིས། གཙུག་ཏོར་རྣམ་པར་རྒྱལ་མའི་རིག་སྔགས་འབུམ་དུ་ཟློས་ཤིག་ཅེས་གསུངས་པས། གཅེན་ལ་ཐེག་པ་ཆེན་པོའི་མདོ་སྡེ་མཐའ་དག་ཚར་གཅིག་གསན་པ་ཙམ་གྱིས་ཐུགས་སུ་ཆུད། སློབ་དཔོན་སྔགས་མཁན་ཞིག་ལས་སྔགས་ཀྱི་འཇུག་སྒོ་མནོས་ནས། གཟུངས་མདོ་ལྔ་བརྒྱ་བཀླགས། གསང་བའི་བདག་པོའི་རིག་སྔགས་བཟླས་པས་གྲུབ། ཡང་དག་པའི་དོན་ཐུགས་སུ་ཆུད་ཅིང༌། ཏིང་ངེ་འཛིན་ཁྱད་པར་ཅན་མངའ་བར་གྱུར། དེའི་ཚེ་རྒྱལ་བའི་བཀའ་མི་ཡུལ་ན་བཞུགས་པ་མཐའ་དག་ཐུགས་སུ་ཆུད་པས། སྟོན་པ་མྱ་ངན་ལས་འདས་པའི་འོག་རོལ་ཏུ་སློབ་དཔོན་དབྱིག་གཉེན་ལྟ་བུའི་མང་དུ་ཐོས་པ་ནི་འགའ་ཡང་མེད་དོ་ཞེས་གྲགས་སོ། །དེ་ལ་ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལས་མདོ་ལྔ་བརྒྱ་ཤློ་ཀ་འབུམ་ཕྲག་གསུམ། འཕགས་པ་དཀོན་མཆོག་བརྩེགས་པ་འདུས་པ་ཞེ་དགུ་གཅིག་ཏུ་བསྡོམས། ཕལ་པོ་ཆེ་དང༌། འདུས་པ་རིན་པོ་ཆེ་ཡང་རེ་རེར་བགྲངས། ལྷག་མ་ཤེར་ཕྱིན་འབུམ་པ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་སྡེ་ཆེ་ཆུང་ཀུན་བསྡོམས་པ་ལྔ་བརྒྱ་དང༌། བཟུང་སྔགས་ལྔ་བརྒྱ་སྟེ། དེ་དག་ཐམས་ཅད་ཚིག་དོན་མ་ལུས་པ་ཐུགས་སུ་བཞུགས་སོ། །ལོ་རེའི་ནང་དུ་ལན་རེ་ཞལ་འདོན་དུ་མཛད་དེ། ཏིལ་མར་གྱི་རྫིང་བུའི་ནང་དུ་ཞུགས་ནས་ཉིན་མཚན་སྤྲཻལ་མ་བཅོ་ལྔས་དེ་རྣམས་ཚར་གཅིག་ཞལ་འདོན་དུ་གྲུབ་པར་མཛད་ཅིང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ཉིན་རེ་བཞིན་འདོན་པར་མཛད་པ་ཡང་ཆུ་ཚོད་གཅིག་གཉིས་ཙམ་རེ་ལ་གྲུབ་པར་མཛད་དོ། ། སློབ་དཔོན་འདི་ཐེག་པ་ཆེན་པོ་ལ་ཞུགས་པའི་ཚེ་ཉན་ཐོས་ཀྱི་སྡེ་སྣོད་འཛིན་པ་སོགས་མཁས་པ་ལྔ་བརྒྱ་ཙམ་ཐེག་ཆེན་ལ་ཞུགས་ཤིང༌། འཕགས་པ་ཐོགས་མེད་སྐུ་འདས་པའི་འོག་ཏུ་དཔལ་ནཱ་ལེནྡྲའི་མཁན་པོ་མཛད་དེ། ཆོས་ཀྱི་རྣམ་གྲངས་དུ་མ་བཏོན་པར་མཛད་པ་ལས། ཉིན་རེ་བཞིན་མོས་པ་ཐ་དད་པ་རྣམས་ཀྱི་ངོར་རབ་བྱུང་བསྙེན་རྫོགས་གཞན་ལ་གཏོད་པ་དང༌། རང་ཉིད་ཀྱིས་རབ་ཏུ་བྱུང་བ་དང༌། དགེ་སློང་གི་མཁན་པོ་དང་སློབ་དཔོན་དུ་མཛད་པ་དང༌། སོ་སོའི་ལྟུང་བ་ཕྱིར་འཆོས་སུ་འཇུག་པ་དང༌། བདག་ཉིད་ཆོས་སྤྱོད་བཅུ་མ་ཆག་པར་མཛད་པ་དང༌། གཞན་སྟོང་ཕྲག་རེ་ཉིན་རེར་ཆོས་སྤྱོད་བཅུ་ཚང་བ་ལ་སྦྱོར་བ་དང༌། ཁྱད་པར་ཐེག་པ་ཆེན་པོའི་མདོ་སྡེ་མི་འདྲ་བའི་ཆོས་ཐུན་ཉི་ཤུ་རེ་ཆག་མེད་དུ་གསུང་པ་དང༌། སྲོད་ཀྱི་དུས་སུ་ཆོས་རྣམས་ཀྱི་སྙིང་པོ་བསྡུས་ཏེ་གལ་བཟུང་བ་དང༌། གཞུང་གཟུག་པར་མཛད་ཅིང༌། གུང་ཐུན་ལ་ཅུང་ཟད་ཙམ་མནལ་བའི་ངང་ལ་ལྷག་པའི་ལྷ་ལས་ཆོས་གསན་པར་མཛད། ཐོ་རངས་ཡང་དག་པའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག །བར་བར་དུ་བསྟན་བཅོས་རྩོམ་པ་དང༌། མུ་སྟེགས་ཀྱི་རྒོལ་པ་ཟློག་པར་མཛད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཁྲི་ལྔ་སྟོང་པ་དང༌། བློ་གྲོས་མི་ཟད་པས་བསྟན་པ་དང༌། ས་བཅུ་པ་དང༌། དཀོན་མཆོག་རྗེས་དྲན་དང༌། ཕྱག་རྒྱ་ལྔའི་མདོ་དང༌། རྟེན་འབྲེལ་གྱི་མདོ་དང༌། མདོ་རྒྱན་དང༌། འབྱེད་གཉིས་སོགས་ཐེག་པ་ཆེ་ཆུང་གི་མདོ་སྡེ་ཆེ་ཆུང༌། དགོངས་འགྲེལ་གྱི་བསྟན་བཅོས་སོགས་ལ་གཞན་འགྲེལ་དུ་བརྩམས་པ་ལྔ་བཅུ་ཙམ་དང༌། རང་རྐང་དུ་པྲ་ཀ་ར་ཎ་སྡེ་བརྒྱད་མཛད། གཙུག་ཏོར་རྣམ་རྒྱལ་འབུམ་བཟླས་པས་ཀྱང་དེའི་རིག་སྔགས་གྲུབ། དེ་ནས་གསང་བའི་བདག་པོའི་ཞལ་མངོན་གསུམ་དུ་གཟིགས་ཤིང༌། ཏིང་ངེ་འཛིན་དཔག་ཏུ་མེད་པ་བརྙེས་སོ། ། སློབ་དཔོན་འདིས་མཛད་པའི་རྟེན་འབྲེལ་མདོ་འགྲེལ་སོགས་གཞན་འགྲེལ་གསུམ་པོ་པྲ་ཀ་ར་ཎ་སྡེ་བརྒྱད་ལ་བགྲང་བ་ཕྱོགས་འདིར་སྤྱི་ཁྱབ་ཏུ་གྲགས་ཀྱང༌། ཚིག་འགྲེལ་ལ་རབ་ཏུ་བྱེད་པའི་ཐ་སྙད་མི་སྦྱོར་ཞིང༌། རྣམ་བཤད་རིག་པ་ལའང་རབ་ཏུ་བྱེད་པའི་ཐ་སྙད་འཇུག་པ་དཀའོ། །དེ་ལ་རབ་ཏུ་བྱེད་པ་ནི་དོན་ཚན་གཙོ་ཆེ་བ་རེ་རེ་སྟོན་པའི་བསྟན་བཅོས་ཐོར་བུའི་མིང་ཡིན་པས། མདོ་སྡེ་རྒྱན་ལྟ་བུའི་གཞུང་ཆེན་པོ་ལའང་མི་ཟེར་ན། དེའི་ཚིག་འགྲེལ་ལ་ཟེར་བ་ལྟ་སྨོས་ཀྱང་ཅི་དགོས། རབ་ཏུ་བྱེད་པ་སྡེ་བརྒྱད་ལས་ལ་ལ་ལ་རབ་ཏུ་བྱེད་པའི་མིང་ཡོད་ལ། འགའ་ཞིག་ལ་མེད་པའང་མི་རིགས་སོ། །སློབ་དཔོན་འདིས་མཐའ་འཁོབ་ཐག་རིང་པོ་རྣམས་སུ་མ་གཤེགས། ཕལ་ཆེར་མ་ག་དྷཱ་ཉིད་དུ་བཞུགས། དེར་ཆོས་གཞི་རྙིང་པ་རྣམས་ཅུང་ཟད་ཞིག་པ་གསོ་བ་དང༌། ཐེག་པ་ཆེན་པོའི་ཆོས་གཞི་གསར་པ་བརྒྱ་རྩ་བརྒྱད་བཙུགས་ཏེ་མ་ག་དྷཱའི་ས་ཕྱོགས་ཐམས་ཅད་ཆོས་གཞིས་ཁྱབ་པར་མཛད། ཤར་ཕྱོགས་གོ་རིའི་ཡུལ་དུ་ལན་ཅིག་བྱོན། དེར་གྲོང་ཁྱེར་གྱི་སྐྱེ་བོ་དཔག་ཏུ་མེད་པ་འདུས་པ་ལ་མདོ་སྡེ་མང་པོ་གསུངས་པས། ལྷ་རྣམས་ཀྱིས་གསེར་གྱི་མེ་ཏོག་གི་ཆར་ཕབ། མུ་ཏོ་བ་རེ་རེས་ཀྱང་གསེར་གྱི་མེ་ཏོག་བྲེ་བོ་ཆེ་རེ་རེ་ཙམ་རྙེད་པ་བྱུང༌། ཡུལ་དེར་ཡང་ཆོས་གཞི་བརྒྱ་རྩ་བརྒྱད་བཙུགས་སོ། །ཨོ་ཊི་བི་ཤར་བྲམ་ཟེ་མཀྵི་ཀ་ཞེས་བྱ་བས་སྤྱན་དྲངས་ཏེ། དེར་ཐེག་པ་ཆེན་པོའི་དགེ་འདུན་སྟོང་ཕྲག་བཅུ་གཉིས་ལ་ཟླ་བ་གསུམ་དུ་དུས་སྟོན་བྱས་པས། བྲམ་ཟེའི་ཁྱིམ་དུ་རིན་པོ་ཆེའི་འབྱུང་ཁུངས་ལྔ་བརྡོལ། ཡུལ་དེ་ཡང་བྲམ་ཟེ་དང༌། ཁྱིམ་བདག་དང༌། རྒྱལ་པོ་རྣམས་དད་པར་བྱས་ནས། དེར་ཡང་ཆོས་གཞི་བརྒྱ་རྩ་བརྒྱད་བཙུགས་སོ། །གཞན་ཡང་ལྷོ་ཕྱོགས་ཀྱི་རྒྱུད་ལ་སོགས་པ་མང་པོར་ཡང་སློབ་དཔོན་ཉིད་ཀྱིས་བཀའ་བསྒོས་ཏེ་ཆོས་གཞི་བཙུགས་པ་ཐམས་ཅད་བསྡོམས་ན་དེ་དང་མཉམ་པ་ཙམ་ཡོད་པས། ཆོས་གཞི་དྲུག་བརྒྱ་དང་ལྔ་བཅུ་རྩ་བཞི་ཚུགས་སོ་ཞེས་གྲགས་སོ། །སློབ་དཔོན་འཕགས་པ་ཐོགས་མེད་ཀྱི་དུས་ལས་ཀྱང་ཐེག་པ་ཆེན་པོའི་དགེ་འདུན་འདི་སྐབས་མང་སྟེ། ཡུལ་ཐམས་ཅད་ཀྱི་རྣམས་བསྡོམས་ན་ཐེག་པ་ཆེན་པོའི་དགེ་སློང་དྲུག་ཁྲི་ལོངས་པ་ཙམ་ཡོད་སྐད། སློབ་དཔོན་ཉིད་དང་ལྷན་ཅིག་ཏུ་རྒྱུ་ཞིང་གནས་པའི་དགེ་སློང་ཡང་སྟོང་ཙམ་སྟེ་དེ་ཐམས་ཅད་ཚུལ་ཁྲིམས་དང་ལྡན་ཞིང་མང་དུ་ཐོས་པ་ཤ་སྟག་གོ ། སློབ་དཔོན་དེ་ཉིད་གང་དུ་བཞུགས་པ་ཐམས་ཅད་དུ་མི་མ་ཡིན་གྱི་མཆོད་པའི་ཡོ་བྱད་འབྱུང་བ་དང༌། རིན་པོ་ཆེའི་འབྱུང་ཁུངས་བརྡོལ་བ་སོགས་ཡ་མཚན་གྱི་ཆོས་རྒྱུན་མི་འཆད་དུ་འབྱུང་ངོ༌། །བསམ་ན་ཤེས་པའི་མངོན་ཤེས་ཀྱིས་དགེ་མི་དགེ་དྲིས་པ་ཐམས་ཅད་བདེན་པར་ལུང་སྟོན། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ལ་མེ་ཤོར་བ་བདེན་སྟོབས་བརྗོད་པས་ཞི་བ་དང༌། གྲོང་ཁྱེར་མཐར་སྐྱེས་སུ་ནད་རིམས་བྱུང་བའམ་བདེན་སྟོབས་བརྗོད་པས་ཞི་བ་དང༌། རིག་སྔགས་ཀྱིས་མཐུས་སྐུ་ཆེ་ལ་དབང་ཐོབ་པ་སོགས་ངོ་མཚར་བའི་རྣམ་ཐར་རྒྱུན་མི་འཆད་པ་ཞིག་གོ ། སྔ་ཕྱིར་མུ་སྟེགས་ཀྱི་རྒོལ་བ་ལྔ་བརྒྱ་ཙམ་སུན་ཕྱུང་ཞིང༌། སྤྱིར་བྲམ་ཟེ་དང་མུ་སྟེགས་ཅན་སྟོང་ཕྲག་ལྔ་ཙམ་སངས་རྒྱས་ཀྱི་བསྟན་པ་ལ་བཅུགམཐར་སློབ་དཔོན་སྟོང་གིས་བསྐོར་ནས་བལ་ཡུལ་དུ་བྱོན་ཏེ། དེར་ཡང་ཆོས་གཞི་བཙུགས་ཏེ་དགེ་འདུན་མང་པོ་ཐུག་མེད་དུ་འཕེལ་བར་མཛད། ཁྱིམ་བཙུན་ཆོས་གོས་གྱོན་ནས་ཞིང་རྨོ་བ་གཟིགས་ནས། སྟོན་པའི་བསྟན་པ་ཉམས་སོ་ཞེས་ཐུགས་འབྱུང་ནས། དགེ་འདུན་གྱི་དབུས་སུ་ཆོས་བསྟན་ཏེ། གཙུག་གཏོར་རྣམ་རྒྱལ་གྱི་གཟུངས་མགོ་ཞབས་བཟློག་པ་ལན་གསུམ་ཟློས་པས་དེ་ཉིད་དུ་སྐུ་འདས་ཏེ་རེ་ཞིག་ཆོས་ཀྱི་ཉི་མ་ནུབ་བོ་ཞེས་གྲགས་སོ། །དེར་སློབ་མ་རྣམས་ཀྱིས་མཆོད་རྟེན་ཡང་བྱས་སོ། ། བོད་ཀྱི་ལོ་རྒྱུས་ལྟར་ན་མངོན་པ་མཛོད་རྩ་བ་བརྩམས་ནས་ཁ་ཆེར་འདུས་བཟང་ལ་བསྐུར་བས་དགྱེས་ཤིང་འགྲེལ་པ་གཟིགས་ཕུལ་བས་མ་དགྱེས་ཏེ། རྩོད་པའི་དོན་དུ་མ་ག་དྷཱར་བྱོན་པ་ལ། སློབ་དཔོན་དབྱིག་གཉེན་གྱིས་བལ་ཡུལ་དུ་བྱོན་པ་ཡིན་ནོ་ཞེས་ཟེར་བ། མཛོད་རྩ་འགྲེལ་བརྩམས་ནས་འདུས་བཟང་ལ་གཟིགས་ཕུལ་བས་དགྱེས་པ་དང༌། མ་དགྱེས་པ་སོགས་དེ་ལྟར་འཐད་དུ་རུང་ལ། འདུས་བཟང་མ་ག་དྷར་བྱོན་པའི་གཏམ་གསལ་པོ་རྒྱ་གར་ན་མེད་ཅིང༌། བྱོན་དུ་ཟིན་ནའང་སྔ་མོར་ཡིན་པར་མངོན་ནས། དབྱིག་གཉེན་བལ་ཡུལ་དུ་བྱོན་པའི་དུས་ན། འདུས་བཟང་སྐུ་འདས་ནས་ལོ་མང་པོར་ལོན་པར་མངོན་ ནོ། ། དེ་ལ་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་རབ་ཏུ་བྱུང་ནས་ཆོས་ཀྱི་བྱ་བ་ལོ་བདུན་ཅུ་རྩ་ལྔ་ཙམ་མཛད། ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །གསུངས་པའི་ལུང་བསྟན་པའི་ལོ་ནི་ཕྱེད་ཡིན་ཞིང༌། ཆོས་ཀྱིས་འཚོ་བའི་དབང་དུ་མཛད་པ་དང་འགྲིག །ལོ་སུམ་ཅུ་ལྷག་ཅིག་འགྲོ་དོན་ངེས་པར་མཛད་ལ། རྒྱ་གར་བ་ཁ་ཅིག་བཞི་བཅུ་ལྷག་པར་མཛད་པར་འདོད་པའི་ལུགས་ཀྱང་སྣང༌། སློབ་དཔོན་དབྱིག་གཉེན་གྱིས་དགུང་ལོ་བརྒྱར་ཉེ་བ་ཙམ་བཞུགས་ཤིང༌། འཕགས་པ་ཐོགས་མེད་བཞུགས་པའི་དུས་ཉིད་དུའང་ལོ་མང་པོར་འགྲོ་བའི་དོན་ཆེར་མཛད། འཕགས་པའི་རྗེས་སུ་ལོ་ཉི་ཤུ་རྩ་ལྔ་ཙམ་འགྲོ་བའི་དོན་མཛད་དོ། །སློབ་དཔོན་ཆེན་པོ་འདི་དང་བོད་ཀྱི་རྒྱལ་པོ་ལྷ་ཐོ་རི་གཉན་བཙན་དུས་མཉམ་མོ་ཞེས་གྲགས་པ་ལྟར་ཡང་འཐད་དོ། །འཕགས་པ་ཐོགས་མེད་སྐུ་མཆེད་ཀྱི་དུས་སུ་བྱུང་བའི་གཏམ་སྟེ་ཉི་ཤུ་རྩ་གཉིས་པའོ།། །། ༢༣ སློབ་དཔོན་ཕྱོགས་གླང་སོགས་ཀྱི་དུས་ཀྱི་གཏམ། སློབ་དཔོན་ཆེན་པོ་དབྱིག་གཉེན་གྱི་སྐུ་ཚེའི་སྨད་ཙམ་གྱི་དུས་ན། རྒྱལ་པོ་ཟབ་མོའི་ཕྱོགས་འདས་པའི་འོག་ཏུ་ནུབ་ཕྱོགས་མ་རུའི་ཡུལ་དུ་སྐྱེས་པ་རྒྱལ་བོ་ཤྲཱི་ཧརྴ་ཞེས་བྱ་བ་ལས་ཀྱི་སྟོབས་ཤིན་ཏུ་ཆེ་བ་བྱུང་སྟེ་ནུབ་ཕྱོགས་ཀྱི་རྒྱལ་ཁམས་ཐམས་ཅད་ལ་དབང་བསྒྱུར། ཕྱིས་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་ཐོབ་སྟེ་སློབ་དཔོན་ཡོན་ཏན་འོད་བླ་མར་བཀུར་བ་ཞིག་བྱུང༌། དུས་དེ་ཙམ་ན་ཤར་ཕྱོགས་སུ་རྒྱལ་བོ་བྲྀཀྵ་ཙནྡྲའི་བུ་བརྒྱུད་ལ་རྒྱལ་པོ་བི་ག་མ་ཙནྡྲ་དང༌། དེའི་བུ་ཀཱ་མ་ཙནྡྲ་གཉིས་ཀྱིས་རྒྱལ་སྲིད་སྐྱོང་བའི་དུས་ཏེ། རྒྱལ་པོ་དེ་གཉིས་དབང་ཐང་དང་ལོངས་སྤྱོད་ཀྱང་ཆེ། སྦྱིན་པ་ལ་དགའ། རྒྱལ་སྲིད་ཆོས་ལུགས་བཞིན་དུ་སྐྱོང་བ་ཡིན་ཀྱང་དཀོན་མཆོག་གསུམ་ལ་སྐྱབས་སུ་མ་སོང་སྟེ། ཕྱི་ནང་གཉིས་ཀར་མཆོད་ཅིང་ཁྱད་པར་གཅེར་བུ་པ་རྣམས་ལ་མོས་སོ། ཁ་ཆེར་དེ་ཙམ་ན་ཡང་རྒྱལ་པོ་མང་པོས་བཀུར་བ་ཉིད་ཡོད་དོ་ཞེས་གྲགས་སོ། ། དེའི་ཚེ་ཤར་ཕྱོགས་སུ་སློབ་དཔོན་བློ་གྲོས་བརྟན་པ་དང༌། ཕྱོགས་ཀྱི་གླང་པོས་འགྲོ་དོན་མཛད། ནུབ་ཕྱོགས་སུ་འཕགས་པ་ཐོགས་མེད་ཀྱི་སློབ་མ་སངས་རྒྱས་འབངས་ཀྱི་སྐུ་ཚེའི་སྨད་ཀྱི་འགྲོ་དོན་དང༌། ཡོན་ཏན་འོད་ཀྱི་འགྲོ་དོན་དར་བའི་དུས་སོ། ཁ་ཆེའི་ཡུལ་དུ་བཙུན་པ་དགེ་འདུན་འབངས་ཀྱིས་འགྲོ་བའི་དོན་ཆེར་མཛད། སློབ་དཔོན་ཆོས་འབངས་ཡུལ་ཐམས་ཅད་དུ་གཤེགས་ཤིང་ཆོས་སྟོན་པ་ཞིག་བྱུང་ལ། ལྷོ་ཕྱོགས་ཀྱི་རྒྱུད་དུ་སློབ་དཔོན་སངས་རྒྱས་བསྐྱངས་བྱོན། ལེགས་ལྡན་དང༌། རྣམ་གྲོལ་སྡེ་གཉིས་ཀྱི་སྐུ་ཚེའི་སྟོད་ཀྱི་དུས་ཙམ་ཡིན། ཨོ་ཊི་བི་ཤའི་ཡུལ་དུ་རྒྱལ་པོ་ཛ་ལེ་རུ་ཧེའི་བུ་ནཱ་གེ་ཤ་དང༌། བློན་པོ་བྲམ་ཟེ་ནཱ་ག་ཀེ་ཤ་ཞེས་བྱ་བ་བྱུང་སྟེ། ལོ་བདུན་ཙམ་རྒྱལ་སྲིད་བསྐྱངས་པས་ཤིན་ཏུ་དབང་ཐང་ཆེ་ཞིང༌། བི་ཁ་མ་ཙནྡྲས་ཀྱང་ཕྱག་བྱས། སློབ་དཔོན་ལོ་ཡི་པས་བཏུལ་ཏེ་རྒྱལ་སྲིད་སྤངས། གྲུབ་པ་ཐོབ་པ་ནི་རྒྱལ་པོ་ད་རི་ཀ་པ་དང༌། བློན་པོ་ཌེཾ་གི་པའོ། ། སློབ་དཔོན་དཀོན་མཆོག་གསུམ་གྱི་འབངས་ཞེས་པའང་ལེགས་ལྡན་དང་དུས་མཉམ་པ་ཙམ་ཡིན་ཞིང༌། ཨོ་ཌི་བི་ཤར་བྲམ་ཟེ་བྷ་དྲ་པཱ་ལི་ཏ་ཞེས་བྱ་བའི་ཀྱང་བསྟན་པ་ལ་བྱ་བ་ཆེར་བྱས་སོ། །དེ་དག་ལས། རྒྱལ་པོ་ཤྲཱི་ཧརྴ་འགྲན་ཟླ་མེད་པའི་རྒྱལ་པོར་གྱུར་པའི་ཚེ་ཀླ་ཀློའི་ཆོས་རྣམས་ནུབ་པར་འདོད་པས། ཡུལ་མཽ་ལ་ཏ་ན་དང་ཉེ་བའི་ཡུལ་ཕྲན་ཞིག་ཏུ་མ་སི་ཏ་སྟེ་ཀླ་ཀློའི་དགོན་གནས་ཆེན་པོ་ཤིང་ཁང་འབའ་ཞིག་ཡིན་པ་བརྩིགས་ནས་ཀླ་ཀློའི་སྟོན་པ་མཐའ་དག་བོས། ཟླ་བ་མང་པོར་ཡོ་བྱད་ཐམས་ཅད་ཀྱིས་བསྟབས། དེའི་རིང་ལུགས་ཀྱི་གླེགས་བམ་ཐམས་ཅད་ཀྱང་བསྡུས། ཐམས་ཅད་མེ་ལ་བསྲེགས་པས་ཀླ་ཀློའི་གྲུབ་མཐའ་འཛིན་པ་སྟོང་ཕྲག་བཅུ་གཉིས་ཚིག་གོ །དེ་སྐབས་ཡུལ་ཁོ་རཱ་ས་ཎར་ཀླ་ཀློའི་ཆོས་ཤེས་པ་གཅིག་ཐགས་འཐག་ཅིང་ཡོད་དོ། །དེ་ལས་རིམ་གྱིས་མཆེད་པ་ནི་ཕྱིས་ཀྱི་ཀླ་ཀློ་ཐམས་ཅད་ཡིན་ནོ། །རྒྱལ་པོ་དེས་དེ་ལྟར་བསྣུབས་པ་ལ་བརྟེན་ཏེ་ལོ་བརྒྱར་ཉེ་བར་སྟག་གཟིག་སོག་པོའི་ཆོས་ལུགས་དེ་སྤྱོད་པ་ཤིན་ཏུ་ཉུང་ངོ༌། །དེ་ནས་སྡིག་པ་སྦྱོང་བའི་དོན་དུ་མ་རུ་དང༌། མ་ལ་ཝ་དང༌། མེ་ཝ་ར་དང༌། པི་ཏུ་ཝ་དང༌། ཙི་ཏཱ་ཝ་ར་ཞེས་པའི་ཡུལ་རྣམས་སུ་གཙུག་ལག་ཁང་ཆེན་པོ་རེ་རེ་བཞེངས། དགེ་སློང་སྟོང་ཕྲག་རེ་རེའི་འཚོ་བ་སྦྱར་ཞིང་ཆོས་ཤིན་ཏུ་དར་བར་བྱས་སོ། ། སློབ་དཔོན་ཆེན་པོ་ཡོན་ཏན་འོད་ནི། ཡུལ་བཅོམ་བརླག་ཏུ་བྲམ་ཟེའི་རིགས་སུ་སྐྱེས། རིག་བྱེད་དང་བསྟན་བཅོས་མཐའ་དག་ལེགས་པར་བྱང་བ་ཕྱིས་དེ་ཉིད་ཀྱི་གཙུག་ལག་ཁང་ཞིག་ཏུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས། སློབ་དཔོན་ཆེན་པོ་དབྱིག་གཉེན་གྱི་དྲུང་དུ་ཉན་ཐོས་ཀྱི་སྡེ་སྣོད་གསུམ་དང༌། ཐེག་པ་ཆེན་པོའི་མདོ་སྡེ་དུ་མ་ལ་ཡང་མཁས་པར་སྦྱངས། སྡེ་པ་ཐ་དད་པའི་འདུལ་བ་བསྟན་བཅོས་དང་བཅས་པ་མཐའ་དག་མཁས་པར་མཁྱེན། འདུལ་བ་འབུམ་སྟེ་རྟག་ཏུ་ཐུགས་ལ་འདོན་པར་མཛད། ཡུལ་བཅོམ་བརླག་གི་གཙུག་ལག་ཁང་ཨ་གྲ་པུ་རི་ཞེས་བྱ་བར་བཞུགས་ཏེ། ལྷན་ཅིག་གནས་པ་དགེ་སློང་སྟོང་ཕྲག་ལྔ་རེ་ཡོད་ཅིང༌། ཐམས་ཅད་ཀྱང་བསྡམ་བྱའི་ཉེས་བྱས་ཕྲ་མོ་ཚུན་ཆོད་སོ་སོའི་ཕྱིར་བཅོས་ཀྱིས་འཕྲལ་འཕྲལ་དུ་བཅོས་པས་ཚུལ་ཁྲིམས་རྣམ་པར་དག་པ་ནི་སྔོན་དགྲ་བཅོམ་པ་རྣམས་ཀྱིས་བསྟན་པ་སྐྱོང་བའི་དུས་བཞིན་ཡོད་ལ། མདོ་སྡེ་འཛིན་པ་དང༌། མ་མོ་འཛིན་པའང་མང་དུ་ཡོད་ཅིང༌། འདུལ་བ་འབུམ་སྡེ་ཐོན་པའང་ལྔ་བརྒྱ་ཙམ་མོ། །ཚུལ་ཁྲིམས་རྣམ་པར་དག་པའི་སྟོབས་ཀྱིས་རྒྱལ་པོ་ཤྲཱི་ཧརྴའི་བློན་པོ་མ་ཏངྒ་རཱ་ཛ་ཞེས་བྱ་བ་ལན་ཅིག་རྒྱལ་པོའི་ཆད་པས་མིག་ཕྱུང་བ་ཡང་སློབ་དཔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སོར་ཆུད། རྒྱལ་པོའི་བླ་མར་གྱུར་པས་ཉིན་རེ་བཞིན་ཡོ་བྱད་དཔག་ཏུ་མེད་པའི་འདུ་བ་བྱུང་ཡང་དེ་མ་ཐག་ཐམས་ཅད་དགེ་བར་བསྒྱུར་ཏེ། རང་ཉིད་སྦྱངས་པའི་ཡོན་ཏན་ལས་ཉམས་པ་མི་མངའ་འོ། ། སློབ་དཔོན་བློ་གྲོས་བརྟན་པ་ནི། སློབ་དཔོན་དབྱིག་གཉེན་འབུམ་སྡེ་དགུ་བཅུ་གོ་དགུར་གྲགས་པའི་གསུང་རབ་རྣམས་ཞལ་འདོན་མཛད་པའི་ཚེ། གདུང་གི་ཕྲག་ན་ཕུག་རོན་ཅང་ཤེས་པ་ཞིག་གནས་པ་ཤིན་ཏུ་གུས་པས་ཉན་ནོ། །དེ་ཤི་ནས་ལྷོ་ཕྱོགས་དནྚ་ཀ་ར་ནྱ་ཞེས་བྱ་བར་ཚོང་དཔོན་གྱི་བུ་ཞིག་ཏུ་སྐྱེས། སྐྱེས་མ་ཐག་ཏུ་སློབ་དཔོན་ག་ན་བཞུགས་དྲིས་པ་ལ། སློབ་དཔོན་སུ་ཡིན་དྲིས་པས། དབྱིག་གཉེན་ཡིན་ཏེ་མ་ག་དྷཱ་ན་བཞུགས་ཟེར། ཡུལ་དེའི་ཚོང་པ་ལ་དྲིས་པས་ཀྱང་བཞུགས་ཟེར་བས། ལོ་བདུན་ལོན་པའི་དུས་ན་སློབ་དཔོན་དབྱིག་གཉེན་དྲུང་དུ་བསྐྱལ་ཏེ་རིག་པ་སློབ་ཅིང་ཡོད་པས་ཀྱང་དཀའ་བ་མེད་པར་ཤེས། དེའི་ཚེ་སྲན་མ་སྦར་གང་རྙེད་པ་ཟའམ་སྙམ་ནས་སྒྲོལ་མའི་ལྷ་ཁང་ཞིག་ན་ཡོད་པ་ལ། འཕགས་མ་ལ་མ་ཕུལ་བར་བཟའ་མི་རུང་སྙམ་ནས་སྲན་མ་འགའ་ཞིག་ཕུལ་བས་འགྲིལ་ནས་བྱུང༌། འཕགས་མས་མ་གསོལ་བར་རང་ཟ་བ་མི་འོང་སྙམ་ནས། ཟད་ཟད་ཕུལ་ཡང་འགྲིལ་ཏེ་བྱུང་བ་ན། བྱིས་པར་གྱུར་པས་ངུས་སོ། །འཕགས་མས་ཞལ་མངོན་སུམ་དུ་བསྟན་ཏེ། ཁྱོད་མ་ངུ་ཞིག་ངས་བྱིན་གྱིས་རློབ་བོ་ཞེས་གསུངས། སྐད་ཅིག་དེ་ལ་བློ་གྲོས་མཐའ་ཡས་པར་གྱུར་ཞིང། སྐུ་བརྙན་དེ་ལ་ཡང་མ་ཥ་ཏཱ་ར་ཞེས་གྲགས་སོ། ། ཕྱིས་གནས་བརྟན་སྡེ་སྣོད་གསུམ་འཛིན་པ་ཁྱད་པར་དུ་ཐེག་པ་ཆེ་ཆུང་གི་མངོན་པ་མཐའ་དག་ལ་མཁས་པ་འཕགས་པ་དཀོན་མཆོག་བརྩེགས་པ་ལ་ཞལ་འདོན་མཛད་པ། བྱ་བ་ཐམས་ཅད་འཕགས་མ་སྒྲོལ་མས་ལུང་སྟོན་པ་ཞིག་སྟེ། དཀོན་མཆོག་བརྩེགས་པ་འདུས་པ་ཞེ་དགུ་དང་དབུ་མ་རྩ་བ་ལ་འགྲེལ་པ་ཡང་མཛད། སློབ་དཔོན་དབྱིག་གཉེན་སྐུ་འདས་ཙམ་ན། མུ་སྟེགས་བེཥྟ་བཱ་ལ་ལ་སོགས་པ་རྒོལ་བ་མང་པོ་ཚར་བཅད་དེ་སྨྲ་བའི་དབང་ཕྱུག་ཏུ་གྲགས། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ཕལ་ཆེར་འགྲེལ་བཤད་དང༌། གཞུང་ལ་འགྲེལ་པ་ཡང་མང་དུ་མཛད་དོ། །མངོན་པ་མཛོད་ལའང་འགྲེལ་པ་མཛད་ཟེར་ཏེ། སློབ་དཔོན་འདི་ཉིད་ཡིན་མིན་མི་ཤེས་སོ། །སློབ་དཔོན་སྔ་མ་རྣམས་ཀྱི་དུས་སུ་བཙུགས་པའི་ཆོས་གཞི་རྣམས་དེ་ཙམ་ན་ཆེར་མེད་པས། སློབ་དཔོན་འདིས་ཀྱང་ཆོས་གཞི་བརྒྱ་རྩ་བཙུགས་སོ་ཞེས་ཀྱང་གྲགས་སོ། ། སློབ་དཔོན་ཕྱོགས་ཀྱི་གླང་པོ་ནི། ལྷོ་ཕྱོགས་གྲོང་ཁྱེར་སིངྒ་བཀྟ་ཞེས་བྱ་བ་ཀཉྩིའི་ཡུལ་དང་ཉེ་བ་ཞིག་ཏུ་བྲམ་ཟེའི་རིགས་སུ་འཁྲུངས་ཤིང༌། མུ་སྟེགས་ཀྱི་གྲུབ་མཐའ་ཐམས་ཅད་ལ་ཤིན་ཏུ་མཁས་པར་བྱས་པ་ཞིག་གནས་མ་བུའི་སྡེ་པའི་མཁན་པོ་སྡེ་པ་དེ་ཉིད་ཀྱི་གྲུབ་མཐའ་འཛིན་པ་ནཱ་ག་དཏྟ་སྟེ་གླང་པོ་བྱིན་ཞེས་བྱ་བ་ལས་རབ་ཏུ་བྱུང་ཞིང་ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལ་མཁས་པར་བྱས་ནས། མཁན་པོ་དེ་ཉིད་ལ་གདམས་ངག་ཞུས་པས། བརྗོད་དུ་མེད་པའི་བདག་འཚོལ་བའི་གདམས་པ་བྱིན་ནོ། །དེར་རྣམ་པར་བརྟགས་ཤིང་བཙལ་ན་ཡོད་པར་མ་མཐོང་སྟེ། ཉིན་མོ་སྐར་ཁུང་ཐམས་ཅད་བསལ། མཚན་མོ་ཕྱོགས་བཞིར་མར་མེ་བཏང་སྟེ། ལུས་གཅེར་བུར་ཕྱུང་ནས་ཕྱི་ནང་ཀུན་ཏུ་ཡང་བལྟས་སོ། །དེ་ལྟར་བྱེད་པ་གྲོགས་ཀྱིས་མཐོང་ནས་མཁན་པོ་ལ་བཤད་པས་མཁན་པོས་ཀྱང་དྲིས་པ་ན། བདག་ནི་བློ་རྟུལ་ཞིང་བློ་གྲོས་དམན་པས་མཁན་པོས་བསྟན་པའི་དེ་ཉིད་གང་ཡིན་པ་དེ་ནི་བདག་གིས་མི་མཐོང་སྟེ། དེའི་ཕྱིར་སྒྲིབ་བྱེད་ཀྱིས་བསྒྲིབས་སམ་སྙམ་དེ་ལྟར་བྱས་ནས་བལྟ་བ་ཡིན་ཟེར། དོན་གྱིས་དེ་འགོག་པར་བྱེད་པའི་རིག་པ་རྣམས་ཀྱང་བསྟན་པས། མཁན་པོ་ཁྲོས་ཏེ། ཁོ་བོའི་གྲུབ་མཐའ་ལ་ཟུར་ཟ་བ་ཁྱོད་མ་འདུག་ཅིག་ཅེས་སྐྲོད་པའི་གནས་མ་ཡིན་པར་བསྐྲད་པ་ན། དེ་ཉིད་དུ་རིག་པས་སུན་དབྱུང་བར་ནུས་མོད་ཀྱིས། འོས་མ་ཡིན་པས་ཕྱག་བཙལ་ནས་ཕྱིར་བྱོན། མཐར་གྱིས་སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་གཤེགས། ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་གསན། མཐར་མདོ་ལྔ་བརྒྱ་ཙམ་བཟུང་བར་གྲགས་ཏེ་ཐེག་པ་ཆེ་ཆུང་དང༌། གཟུངས་སྔགས་ཚུན་ཆད་བསྡོམས་པའོ། ཁྱད་པར་དུ་སྔགས་མཁན་གྱི་སློབ་དཔོན་ཞིག་ལས་རིག་སྔགས་ནོས་ཏེ་བསྒྲུབས་པས་འཕགས་པ་འཇམ་དཔལ་གྱི་ཞལ་མངོན་སུམ་དུ་གཟིགས་པས་ཇི་ལྟར་བཞེད་པ་ན་ཆོས་གསན་པར་མཛད་དོ། །ཨོ་ཌི་བི་ཤའི་ཡུལ་ནགས་ཚལ་ཤིན་ཏུ་དབེན་པའི་ཕྱོགས་གཅིག་བྷོ་ཏ་སཻལ་ཞེས་བྱ་བའི་བྲག་རིའི་ཕུག་ཏུ་བཞུགས། རྩེ་གཅིག་ཏུ་བསམ་གཏན་ལ་རྩོལ་བར་མཛད་དོ། ། ལོ་འགའ་ཞིག་འདས་པ་ན། དཔལ་ནཱ་ལེནྡྲར་མུ་སྟེགས་ཀྱི་རྩོད་པ་ཆེར་བྱུང༌། དེར་བྲམ་ཟེ་སུ་དུར་ཛ་ཡ་ཞེས་བྱ་བ་རང་གིས་བསྒྲུབས་པའི་ལྷ་མངོན་སུམ་མཐོང་བ་རྟོག་གེ་ལ་ཤིན་ཏུ་བྱང་བ་ཐུབ་པར་དཀའ་བ་ཞིག་ཀྱང་འདུས་ཏེ། དེར་སངས་རྒྱས་པ་རྣམས་ཀྱིས་རྩོད་པར་མ་ནུས་ནས། ཤར་ཕྱོགས་ནས་སློབ་དཔོན་ཕྱོགས་ཀྱི་གླང་པོ་སྤྱན་དྲངས་སོ། །མུ་སྟེགས་དེ་ལན་གསུམ་དུ་ཕམ་པར་བྱས་ཤིང༌། དེར་འཚོགས་པའི་མུ་སྟེགས་ཀྱི་རྒོལ་བ་ཐམས་ཅད་ཀྱང་རེ་རེ་ནས་སུན་ཕྱུང༌། སངས་རྒྱས་ཀྱི་བསྟན་པ་ལ་བཀོད། གནས་དེར་དགེ་འདུན་རྣམས་ལ་མདོ་སྡེ་དུ་མ་རྣམ་པར་བཤད་ཅིང༌། ཆོས་མངོན་པ་ཡང་རྒྱས་པར་བྱས། རྣམ་རིག་དང་རྟོག་གེའི་བསྟན་བཅོས་ཐོར་བུ་ཡང་མང་དུ་མཛད་དེ། ཡོངས་སུ་བསྡོམས་པ་ལ་བསྟན་བཅོས་བརྒྱ་རྩ་མཛད་པར་གྲགས། སླར་ཡང་ཨོ་ཊི་བི་ཤའི་ཡུལ་དུ་གཤེགས་ནས་བསམ་གཏན་ལ་བརྩོན་པར་མཛད་དོ། །དེར་རང་གི་ཐུན་མོང་མ་ཡིན་པའི་བློ་གྲོས་ཀྱི་མཐུ་ལས་བྱུང་བ་རྟོག་གེའི་ཚུལ་ལུགས་འདི་ལ་སྔར་བརྩམས་པའི་བསྟན་བཅོས་རྣམས་འཐོར་བ་བཞིན་དུ་གྱུར་པས་གཅིག་ཏུ་བྱ་བར་དགོངས་ཏེ། ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དམ་བཅའ།ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །ཚད་མ་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །ཞེས་རྡོ་ཐལ་གྱིས་བྲིས་པས། ས་གཡོ་བ་དང༌། ཕྱོགས་ཀུན་ཏུ་སྣང་བས་ཁྱབ་པ་དང༌། སྒྲ་ཆེན་པོ་གྲགས་པར་གྱུར། དེར་བྲམ་ཟེ་ནག་པོ་ཞེས་བྱ་བས་དེ་ལྟ་བུའི་ལྟས་ཡིན་པར་ཤེས་ཏེ། སློབ་དཔོན་བསོད་སྙོམས་ལ་བཞུད་པའི་ཤུལ་དུ་དེས་འོངས་ཏེ་བསུབས། དེ་ལྟར་ལན་གཉིས་སུ་བསུབས་པས་ལན་གསུམ་པ་བྲིས་པས། འདི་ཀུ་རེ་དང་ཀྱལ་ཀའི་ཕྱིར་བསུབ་པ་ཡིན་ན་དགོས་པ་ཆེན་པོ་ཡོད་པས་མ་བསུབ་ཅིག །གལ་ཏེ་དོན་ནོར་ཏེ་རྩོད་པར་འདོད་ན་ལུས་སྣང་བར་གྱིས་ཞེས་པ་བྲིས་ཏེ། ཡང་བསོད་སྙོམས་ལ་གཤེགས་པའི་ཤུལ་དུ་བསུབ་ཏུ་འོངས་པས་ཡི་གེ་མཐོང་ནས་བསྡད་དོ། །དེར་སློབ་དཔོན་འཁོར་ནས། བསྟན་པ་དཔང་དུ་བཙུགས་ཏེ་བརྩད་པས་ལན་མང་པོར་མུ་སྟེགས་ཕམ་པར་བྱས་པས། ད་ཁྱོད་སངས་རྒྱས་ཀྱི་བསྟན་པ་ཞུགས་ཤིག་བྱས་པ་ན། དེས་སྔགས་བཟླས་པའི་ཐལ་བ་གཏོར་བས་སློབ་དཔོན་གྱི་ཡོ་བྱད་རྣམས་ཚིགསློབ་དཔོན་ཡང་ཚིག་ལ་ཁད་པར་བྱུང་སྟེ། མུ་སྟེགས་དེ་ཕྱིར་སོང་ངོ༌། །བདག་གིས་འདི་ཅིག་པུའི་དོན་ཡང་མི་ནུས་ན་གཞན་གྱི་དོན་ག་ལ་ནུས་སྙམ་དུ་སེམས་བསྐྱེད་གཏོང་བར་བརྩམས་པ་ན། འཕགས་པ་འཇམ་དཔལ་མངོན་སུམ་དུ་བྱོན་ཏེ། བུ་མ་བྱེད་མ་བྱེད་སྐྱེ་བོ་དམན་དང་འཕྲད་ལས་བློ་གྲོས་ངན་སྐྱེ་སྟེ། །ཁྱོད་ཀྱི་བསྟན་བཅོས་འདི་ལ་མུ་སྟེགས་ཚོགས་ཀྱིས་གནོད་མི་ནུས་པར་ཤེས། ཁྱོད་ཀྱི་སངས་རྒྱས་མ་ཐོབ་བར་དུ་དགེ་བའི་བཤེས་སུ་ང་འགྱུར་གྱི། །ཕྱི་མའི་དུས་སུ་བསྟན་བཅོས་ཀུན་གྱི་མིག་གཅིག་ཏུ་ནི་འདི་འགྱུར་རོ། །ཞེས་གསུངས་པ་ལ། སློབ་དཔོན་གྱིས། བཟོད་དཀའི་སྡུག་བསྔལ་དུ་མ་དང་ལྡན་བརྣག་དཀའ་ ལ། །སེམས་ཀྱང་དམ་པ་མིན་པའི་སྤྱོད་པ་ལ་དགའ་ཞིང༌། །སྐྱེ་བོ་དམ་པ་འཕྲད་དཀའ་གལ་ཏེ་ཁྱོད་ཀྱི་ཞལ་མཐོང་ཡང༌། །བདག་ལ་བྱིན་གྱིས་མ་བརླབས་དེ་ལ་ཅི་བགྱིར་མཆི། །ཞེས་ཞུས་པས། བུ་ཁྱོད་མ་དགའ་བར་མ་བྱེད་ཅིག །ཉམ་ང་བ་ཐམས་ཅད་ལས་བདག་གིས་བསྲུང་ངོ༌། །ཞེས་གསུངས་ནས་མི་སྣང་བར་གྱུར་ ཏོ། །དེ་ནས་བསྟན་བཅོས་དེ་ཡང་ལེགས་པར་བརྩམས། ལན་ཅིག་ཅུང་སྙུང་བར་གྱུར་ཏེ། གྲོང་ཁྱེར་ནས་བསོད་སྙོམས་བསླངས་ཏེ་ནགས་མཐོང་ཞིག་ཏུ་བཞུགས་པས་ཡུར་ཏེ་མནལ་དུ་སོང༌། མནལ་ལམ་དུ་སངས་རྒྱས་མང་པོའི་ཞལ་མཐོང་ཞིང་ཏིང་ངེ་འཛིན་མང་པོ་ཐོབ། ཕྱི་རོལ་ཏུ་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ། ནགས་ཀྱི་མེ་ཏོག་རྣམས་ཀྱང་འདུད་པར་གྱུར། གླང་པོ་ཆེ་རྣམས་བསིལ་གྲིབ་ཏུ་བྱེད་ཅིང་ཡོད་པ་ལས་ཡུལ་གྱི་རྒྱལ་པོ་སྐྱེ་བོའི་འཁོར་དང་བཅས་པ་སྐྱོ་སངས་ལ་འོངས་པས་མཐོང་སྟེ། ངོ་མཚར་སྐྱེས་ནས་རོལ་མོའི་སྒྲ་བསྒྲགས་པས་མནལ་སད་དེ། ཁྱོད་ཕྱོགས་ཀྱི་གླང་པོ་ཡིན་ནམ་དྲིས་པས། དེ་ལྟར་འདོགས་གསུངས། དེར་རྒྱལ་པོས་ཞབས་ལ་ཕྱག་བྱས། དེ་ནས་མཐར་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན། ཡུལ་ཐ་དད་ཀྱི་མུ་སྟེགས་ཀྱི་རྒོལ་བ་ཕལ་ཆེར་ཚར་བཅད་དེ། སྔོན་གྱི་སློབ་དཔོན་རྣམས་ཀྱིས་བཙུགས་པའི་ཆོས་གཞི་ཉམས་པ་ཕལ་ཆེར་སོར་ཆུད་པར་མཛད། སླར་ཡང་ཨོ་ཌོ་བི་ཤའི་རྒྱལ་པོའི་བློན་པོ་བྷ་དྲ་པཱ་ལི་ཏ་ཞེས་བྱ་བ་རྒྱལ་པོའི་མཛོད་ཀྱི་སྤྱན་པ་ཡིན་པ་དེ་སངས་རྒྱས་ཀྱི་བསྟན་པ་ལ་བཅུག་སྟེ། བྲམ་ཟེ་དེས་གཙུག་ལག་ཁང་ཆེན་པོ་བཅུ་དྲུག་བཞེངས། དེ་རེ་རེར་དགེ་འདུན་གྱི་སྡེ་ཆེན་པོ་རེ་བཙུགས། གཙུག་ལག་ཁང་རེ་རེར་ཡང་ཆོས་གཞི་དུ་མ་ཡོད་པ་བྱས། ཚུལ་ཁྲིམས་རྣམ་པར་དག་པའི་རྟགས་སུ། བྲམ་ཟེ་དེའི་སྐྱེད་མོད་ཚལ་ན་ནད་ཐམས་ཅད་གསོ་བར་ནུས་པ་མུཥྟི་ཧ་རི་ཏ་ཀ་ཞེས་བྱ་བ་ཨ་རུ་རའི་ཁྱད་པར་ཞིག་གི་སྡོང་པོ་ཡོད་པས་སྐྱེ་བོ་མང་པོ་ལ་ཕན་པ་ཞིག་ལས། ལན་ཅིག་ཤིང་གི་སྡོང་པོ་ཤིན་ཏུ་བསྐམས་པར་གྱུར་པ་ལ་སློབ་དཔོན་གྱིས་སོས་པར་སྨོན་ལམ་བཏབ་པས་ཞག་བདུན་ན་སོར་ཆུད་ དོ། །དེ་ལྟར་མུ་སྟེགས་ཀྱི་རྒོལ་བ་ཕལ་ཆེར་ཚར་བཅད་པས་རྩོད་པའི་ཁྱུ་མཆོག་ཏུ་གྲགས་ཤིང༌། ཆོས་ཀྱིས་སྦྲེལ་བའི་སློབ་མས་ནི་ཕྱོགས་ཐམས་ཅད་ཁྱབ་པར་ཡོད། ཕྱི་བཞིན་འབྲང་བའི་དགེ་སློང་ནི་གཅིག་ཀྱང་ཡོངས་སུ་མ་བཟུང༌། འདོད་པ་ཆུང་ཞིང་ཆོག་ཤེས་པས་ཇི་སྲིད་འཚོའི་བར་དུ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་བཞིན་དུ་ཨོ་ཌོ་བི་ཤའི་ནགས་ཚལ་དབེན་པ་ཞིག་ཏུ་སྐུ་འདས་སོ། ། བཙུན་པ་དགེ་འདུན་འབངས་ནི། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཞིག་སྟེ། ཡུལ་ལྷོ་ཕྱོགས་པ་རིགས་བྲམ་ཟེ། སྡེ་པ་ཐམས་ཅད་ཡོད་པར་སྨྲ་བ་ཡིན། དེས་རྡོ་རྗེའི་གདན་དུ་ཡུན་རིང་དུ་བཞུགས་ཤིང༌། རྡོ་རྗེའི་གདན་དུ་འདུལ་བ་དང༌། མངོན་པའི་ཆོས་གཞི་ཉི་ཤུ་རྩ་བཞི་བཙུགས། རྒྱལ་པོ་ཏུ་རུཥྐ་མང་པོས་བཀུར་བས་སྤྱན་དྲངས་ཏེ་ཁ་ཆེར་བྱོན། རིན་ཆེན་སྦས་པའི་གཙུག་ལག་ཁང་དང༌། ཀུམྦྷ་ཀུནྚ་ལིའི་གཙུག་ལག་ཁང་བཞེངས། ཐེག་པ་ཆེན་པོའི་ཆོས་མང་དུ་དར་བར་མཛད་ནས་ཡུལ་དེ་ཉིད་དུ་འདས་སོ། ཁ་ཆེའི་ཡུལ་དུ་སྔོན་ཐེག་པ་ཆེན་པོའི་བསྟན་པ་ཆེར་མེད། ཐོགས་མེད་སྐུ་མཆེད་ཀྱི་སྐུ་རིང་ལ་ཅུང་ཟད་ཙམ་དར། སློབ་དཔོན་འདི་ནས་བརྩམས་ཏེ་ཇེ་དར་དུ་སོང་ངོ༌། ། སློབ་དཔོན་ཆོས་འབངས་ནི། ཤར་ཕྱོགས་བྷཾ་ག་ལར་འཁྲུངས་ཤིང༌། ཐོགས་མེད་སྐུ་མཆེད་གཉིས་ཀར་གྱི་སློབ་མ་ཡིན། ཕྱོགས་བཞིའི་ཡུལ་ཐམས་ཅད་དུ་བྱོན་ནས་འཕགས་པ་འཇམ་དཔལ་གྱི་ལྷ་ཁང་རེ་བཞེངས། རྣལ་འབྱོར་སྤྱོད་པའི་ས་ཡོངས་སུ་རྫོགས་པ་ལ་འགྲེལ་པ་མཛད་དོ་ཞེས་གྲགས་སོ། །སློབ་དཔོན་སངས་རྒྱས་བསྐྱངས་ནི། ལྷོ་ཕྱོགས་ཏམྦ་ལའི་ཡུལ་གྱི་བྱེ་བྲག་ངང་པས་རྩེ་བ་ཞེས་བྱ་བར་འཁྲུངས། ཡུལ་དེ་ཉིད་དུ་རབ་ཏུ་བྱུང་ཞིང་མང་དུ་ཐོས་པར་མཛད་པ་ཞིག་སློབ་དཔོན་ཀླུའི་བཤེས་གཉེན་ཀྱི་སློབ་མ། སློབ་དཔོན་དགེ་འདུན་སྲུང་བ་ལས་སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་ལུགས་རྣམས་ཐོས་པར་བྱས་ནས། རྩེ་གཅིག་ཏུ་བསྒོམ་པས་ཡེ་ཤེས་མཆོག་བརྙེས། འཕགས་པ་འཇམ་དཔལ་གྱི་ཞལ་གཟིགས་ཤིང༌། ལྷོ་ཕྱོགས་ཀྱི་གཙུག་ལག་ཁང་དནྜ་པུ་རི་ཞེས་བྱ་བར་བཞུགས་ནས་ཆོས་ཀྱང་མང་དུ་བསྟན། འཕགས་པ་ཡབ་སྲས་དང༌། སློབ་དཔོན་དཔའ་བོ་ལ་སོགས་པས་མཛད་པའི་བསྟན་བཅོས་མང་པོ་ལ་རྣམ་བཤད་མཛད། མཐར་རི་ལུའི་དངོས་གྲུབ་བསྒྲུབས་པས་གྲུབ་བོ། ། སློབ་དཔོན་ལེགས་ལྡན་ནི་ལྷོ་ཕྱོགས་མ་ལྱ་རར་རྒྱལ་རིགས་མཆོག་ཏུ་སྐྱེ་བ་བརྙེས། ཡུལ་དེ་ཉིད་དུ་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་ལ་མཁས་པར་བྱས། ཡུལ་དབུས་སུ་བྱོན་ནས་སློབ་དཔོན་དགེ་འདུན་སྲུང་བ་ལས། ཐེག་པ་ཆེན་པོའི་མདོ་སྡེ་དུ་མ་དང་ཀླུ་སྒྲུབ་ཀྱི་མན་ངག་ནོས་ཏེ། སླར་ཡང་ལྷོ་ཕྱོགས་ཀྱི་རྒྱུད་དུ་གཤེགས་ནས་ཕྱག་ན་རྡོ་རྗེའི་ཞལ་མཐོང་བར་མཛད་དེ། ཏིང་ངེ་འཛིན་ཁྱད་པར་ཅན་ཡང་བསྒྲུབས། ལྷོ་ཕྱོགས་ཀྱི་གཙུག་ལག་ལྔ་བཅུ་ཙམ་གྱི་བདག་པོ་མཛད་དེ་ཆོས་མང་དུ་བསྟན། སློབ་དཔོན་སངས་རྒྱས་བསྐྱངས་སྐུ་འདས་པའི་འོག་རོལ་དུ་དེས་མཛད་པའི་བསྟན་བཅོས་རྣམས་གཟིགས། དབུ་མ་རྩ་བའི་གཞུང་ལ་སློབ་དཔོན་སྔ་མའི་བཞེད་པ་དེ་སུན་ཕྱུང་སྟེ། འགྲེལ་པ་མཛད་ཅིང་ཀླུ་སྒྲུབ་ཀྱི་མན་ངག་ལ་བརྟེན་པར་ཞལ་གྱིས་བཞེས་ནས་མདོ་སྡེ་འགའ་ཞིག་ལ་འགྲེལ་པ་མཛད་དོ། །མཐར་འདིས་ཀྱང་རིལ་བུའི་དངོས་གྲུབ་བསྒྲུབས་ཏེ་གྲུབ་ལ། འོན་ཀྱང་སློབ་དཔོན་འདི་གཉིས་ཆར་གྱི་རྣམ་པར་སྨིན་པའི་སྐུ་ལུས་བོར་ནས་རིག་སྔགས་འཆང་གི་གནས་སུ་གཤེགས་སོ། ། དེ་ལ་སློབ་དཔོན་འདི་གཉིས་ཀྱིས་དབུ་མ་ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་བཙུག་ཤིང༌། སངས་རྒྱས་བསྐྱངས་སློབ་མ་ཧ་ཅང་མང་བ་མ་ཡིན་ཀྱང༌། སློབ་དཔོན་ལེགས་ལྡན་ནི་སློབ་མ་ཤིན་ཏུ་མང་བ་དགེ་སློང་སྟོང་ཕྲག་དུ་མ་རྗེས་སུ་འབྲང་བ་ཡིན་པས་ལུགས་དེ་ཤིན་ཏུ་དར་བར་གྱུར་ཏོ། ། སློབ་དཔོན་འདི་གཉིས་མ་བྱོན་གྱི་བར་དུ་ཐེག་པ་ཆེན་པོ་པ་མཐའ་དག་བསྟན་པ་གཅིག་ཏུ་གནས་པ་ལས། སློབ་དཔོན་འདི་གཉིས་ཀྱིས་འཕགས་པ་ཀླུ་སྒྲུབ་དང༌། འཕགས་པ་ཐོགས་མེད་ཀྱི་ལུགས་གཉིས་ནི་ཤིན་ཏུ་ཐ་དད་དེ། ཐོགས་མེད་ཀྱི་ལུགས་ནི་དབུ་མའི་ལམ་སྟོན་པ་མ་ཡིན་པར་སེམས་ཙམ་ཁོ་ན་ཡིན་ལ། འཕགས་པ་ཀླུ་སྒྲུབ་ཀྱི་བཞེད་པ་ནི་ཁོ་བོ་ཅག་གི་འདི་ལས་གཞན་དུ་མེད་དོ་ཞེས་མཐའ་གཞན་འགོག་པར་མཛད་པས། ལེགས་ལྡན་སྐུ་འདས་པའི་འོག་ཙམ་ནས་ཐེག་པ་ཆེན་པོ་པའང་ནང་དུ་སྡེ་གཉིས་སུ་གྱེས་ནས་རྩོད་པ་བྱུང་ངོ༌། །དེ་ཡང་སློབ་དཔོན་བློ་གྲོས་བརྟན་པས་དབུ་མ་རྩ་བའི་དགོངས་པ་རྣམ་རིག་ཏུ་འགྲེལ་བའི་རྣམ་བཤད་ཅིག་མཛད་ལ། དེའི་གླེགས་བམ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱུང་ནས་ལེགས་ལྡན་གྱི་སློབ་མ་རྣམས་ཀྱིས་མི་འཐད་པར་བྱས་སོ། །དེ་དག་ནཱ་ལེནྡྲར་འོངས་ནས་བློ་བརྟན་གྱི་སློབ་མ་རྣམས་དང་བརྩད་པས། ལེགས་ལྡན་གྱི་སློབ་མ་རྒྱལ་པོ་ཞེས་ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་ཟེར་བ་དང༌། ཙནྡྲ་གོ་མཱི་དང༌། ཟླ་བ་གྲགས་པའི་བྱུང་ཚུལ་གྱིས་ཤེས་སོ། ། བོད་མང་པོ་རྣམས་སངས་རྒྱས་བསྐྱངས་འཕགས་པ་ཀླུ་སྒྲུབ་ཀྱི་སྐུ་ཚེའི་སྟོད་ཀྱི་སློབ་མ་དང༌། ལེགས་ལྡན་སྐུ་ཚེའི་སྨད་ཀྱི་སློབ་མ་ཡིན་པ་དང༌། རྩོད་པ་བྱས་སྐད་པ་དང༌། སངས་རྒྱས་བསྐྱངས་ཟླ་གྲགས་སུ་སྐྱེ་བ་ཞེས་ཟེར་བ་སོགས་རིག་པས་དྲས་པའི་བཅོས་བགྲོས་ཙམ་དུ་སྣང༌། ཁ་ཅིག་དེ་དག་བཀག་ནས། དཔྱོད་པ་དག་དག་མོར་བྱས་ནས། དེ་དག་སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན། ལེགས་ལྡན་གྱི་བསྙེན་རྫོགས་མཁན་པོའང་ཀླུ་སྒྲུབ་ཡིན། ཟླ་གྲགས་འཕགས་པ་ལྷའི་དངོས་སློབ་ཡིན་ཟེར་ཏེ། འཕགས་པ་ལྷ་ལྟ་བུ་གཉིས་ཀའི་ཁུངས་སུ་བྱེད་པ་དེ་བཞུགས་བཞིན་དུ། དེ་གཉིས་གྲུབ་མཐའ་ཐ་དད་དུ་གྱེས་དོན་ག་ལ་ཡོད། དཔྱོད་ལྡན་ཡོད་ན་དེ་འདྲ་ལ་སུ་ཞིག་ཡིད་ཆེས་བྱ། འཕགས་པ་རྣམ་གྲོལ་སྡེ་ནི། ཡུལ་དབུས་དང་ལྷོ་ཕྱོགས་ཀྱི་མཚམས་འབར་བའི་ཕུག་དང་ཉེ་བར་འཁྲུངས་ཏེ། སློབ་དཔོན་སངས་རྒྱས་འབངས་ཀྱི་དབོན་པོ་ཡིན་ཞིང༌། འཕགས་པ་ཀུ་རུ་ཀུལླེའི་སྡེ་པ་ལས་རབ་ཏུ་བྱུང༌། སྡེ་པ་དེའི་གྲུབ་མཐའ་ལ་མཁས་པར་བྱས་པ་ཞིག་ཐེག་པ་ཆེན་པོ་ལ་མོས་ནས་སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་བྱོན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་ཏེ་ཤེར་ཕྱིན་མདོ་སྡེ་རྣམས་ཡོངས་སུ་རྫོགས་པར་བཟུང་ནས། མན་ངག་མ་གསན་ནོ། །དེར་སློབ་དཔོན་དགེ་འདུན་སྲུང་བའི་སློབ་མའི་ཐ་མ་མཛད་ནས་ཤེར་ཕྱིན་གྱི་མན་ངག་དེ་ལ་ཞུས་སོ། །སློབ་དཔོན་འདི་བོད་ལ་གྲགས་པ་ལྟར་ན། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཕར་ཕྱིན་རང་ལས་མཁས་པ་ཡིན་ཟེར་ཞིང༌། རྒྱ་གར་བ་འགའ་ཞིག་ནི་ཕྱོགས་ཀྱི་གླང་པོའི་སློབ་མ་ཡིན་ཏེ། དབྱིག་གཉེན་གྱི་ཞབས་ཀྱང་མ་ཟྀན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མངོན་རྟོགས་ནི་སློབ་དཔོན་ཆོས་འབངས་ལ་ཞུས་ཤིང༌། མན་ངག་ནི་ལེགས་ལྡན་ལ་གསན་ནོ་ཞེས་ཀྱང་ཟེར་མོད་ཀྱིས། འདིར་འཕགས་ཡུལ་ན་གྲགས་ཆེ་བ་ལྟར་ན་དཀྱུས་ཉིད་དེ། དབྱིག་གཉེན་གྱི་སློབ་མའི་ཐ་མ་ལྟ་བུ་ཡིན་ནོ། ། དེ་ལ་སློབ་དཔོན་འདི་ཉིད་རྗེས་འབྲང་རྣམས་ལ་འདི་སྐད་ཅེས་གྲགས་ཏེ། དེ་ཡང་སློབ་དཔོན་འདི་གཞུང་ལུགས་སྣ་ཚོགས་ཀྱིས་དུབ་པ་ངལ་གསོ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསམ་སྒོམ་མཛད་པའི་ཚེ་ཉམས་མྱོང་ཁྱད་པར་ཅན་ཐུགས་ལ་འཁྲུངས། དོན་ལ་ཐེ་ཚོམ་མེད་ཀྱང་མདོ་གཅིག་དང་མངོན་རྟོགས་རྒྱན་གྱི་ཚིག་ལ་མི་འབྱོར་བ་འགའ་རེ་བྱུང་སྟེ་ཐུགས་མི་བདེ་བའི་ཚེ། མནལ་ལམ་དུ་འཕགས་པ་བྱམས་པས་ལུང་བསྟན་ཏེ། ཁྱོད་ཝཱ་རཱ་ཎ་སཱིའི་གཙུག་ལག་ཁང་དུ་སོང་ཞིག །དོན་ཆེན་པོ་རྙེད་པར་འགྱུར་རོ་གསུངས། ནངས་པར་དེར་བྱོན་པས་དགེ་བསྙེན་ཞི་བའི་གོ་ཆ་ལྕགས་ཀྱི་བྱིན་པ་ཅན་དུ་གྲགས་པས་ལྷོ་ཕྱོགས་པོ་ཏ་ལ་ནས་ཉི་ཁྲི་ལེ་བརྒྱད་མའི་དཔེ་སྤྱན་དྲངས་ཏེ་བྱོན་པ་དང་འཛོམ། མདོ་ཚིག་རྒྱན་དང་མཐུན་པར་བྱུང་བས་དབུགས་དབྱུང་ཐོབ་བོ། །དེ་ལ་མདོ་ལེ་བརྒྱད་མ་དང༌། མངོན་རྟོགས་རྒྱན་ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མའི་དོན་དུ་བཀྲལ་བ་དང༌། མདོ་རྒྱན་མཐའ་དག་བསྲེས་པའི་བསྟན་བཅོས་མཛད་པ་པོ་ཡིན་ལ། སློབ་དཔོན་འདི་མ་བྱུང་བའི་སྔ་རོལ་དུ་དེ་ལྟར་མེད་པས། ཉི་ཁྲི་སྣང་བར་སྔོན་ཆད་གཞན་གྱིས་མ་མྱོངས་གསུང་བའི་རྒྱུ་མཚན་དེ་ལྟར་ཡིན་ནོ་ཞེས་ཟེར་རོ། །མཐར་ཤར་ཕྱོགས་སུ་རྒྱལ་ཕྲན་ཞིག་གི་བླ་མར་གྱུར། གཙུག་ལག་ཁང་ཉི་ཤུ་རྩ་བཞི་ཙམ་གྱི་བདག་པོ་མཛད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྩལ་ཏུ་བཏོན་ནས་གསུངས་པས། ཤེར་མདོ་ཉན་པའི་དགེ་སློང་རང་ཡང་ཉུང་དུས་སུ་སྟོང་ཕྲག་རེ་འཚོགས་པ་ལོ་སུམ་ཅུ་ཙམ་གྱི་བར་དུ་བྱུང་ངོ༌། །སློབ་དཔོན་འདི་རྒྱ་བོད་གཉིས་སུ་ས་དང་པོ་ཡིན་ཟེར་བ་དང༌། སྦྱོར་ལམ་པ་ཡིན་པས་འཕགས་པ་དངོས་མིན་ཡང༌། འཕགས་པ་དང་ཉེ་བས་དེའི་ཁོངས་སུ་གཏོགས་ཟེར་བ་དང༌། སོ་སོ་སྐྱེ་བོ་ཡིན་མོད་འཕགས་པ་གྲོལ་སྡེ་ཟེར་བའི་འཕགས་པ་ནི་མིག་གི་ཟུར་ཏེ་རྒྱལ་པོ་སངས་རྒྱས་སོགས་བྱས་པས་སངས་རྒྱས་ཡིན་པར་མི་འགྱུར་བ་བཞིན་ཟེར་བ་དང༌། དམན་ལམ་སྔོན་སོང་གི་བྱང་སེམས་ཡིན་ཟེར་བ་སོགས་མང་ན་ཡང༌། སྐྱེས་མཆོག་དམ་པ་ངོ་མཚར་ཅན་ཡིན་པར་རྩོད་པར་མི་སྣང་ལ། དེའི་ཐུགས་རྒྱུད་སྐྱེ་འཕགས་ཇི་ལྟར་ཡིན་སུས་ཤེས། ཚུལ་སྟོན་སོ་སོ་སྐྱེ་བོ་མོས་སྤྱོད་པ་ཅིག་ཏུ་མངོན་ནོ། ། སློབ་དཔོན་དཀོན་མཆོག་གསུམ་གྱི་འབངས་ནི་སློབ་དཔོན་དབྱིག་གཉེན་ལས་མངོན་པའི་སྡེ་སྣོད་ཐོས་ལ་ཡུལ་གཞན་ཐ་དད་ཀྱི་སྡེ་སྣོད་འཛིན་པ་དུ་མ་བསྟེན་པ། སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་ཤིན་ཏུ་མཛའ་བཤེས་སུ་གྱུར་པ། ཕྱོགས་ཀྱི་གླང་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་པའི་སློབ་མ་ཞིག་སྟེ། བློ་གྲོས་ཕྱོགས་ཀྱི་གླང་པོ་དང་མཉམ་པར་གྲགས་ཤིང་བརྒྱད་སྟོང་དོན་བསྡུས་ལ་འགྲེལ་པ་ཡང་མཛད། འདིས་མཛད་པའི་ཡོན་ཏན་མཐའ་ཡས་པར་བསྟོད་པ་ལ་ཕྱོགས་ཀྱི་གླང་པོས་ཀྱང་བསྡུས་དོན་མཛད་དོ། །སློབ་དཔོན་དཀོན་མཆོག་གསུམ་གྱི་འབངས་སློབ་དཔོན་དཔའ་བོའི་མཚན་དུ་འདོད་ཅིང༌། གང་དག་བསྟོད་པ་བརྒྱ་ལྔ་བཅུ་པ་ལ་ཕྱོགས་གླང་གིས་སྤེལ་མར་བསྟོད་པའི་ཁ་སྐོང་མཛད་པས་དཔའ་བོ་དང༌། ཕྱོགས་གླང་ཕར་སློབ་ཚུར་སློབ་ཡིན་ནོ་ཞེས་ཆོས་འབྱུང་རྩོམ་པར་བྱེད་པ་ནི་ལོ་རྒྱུས་མ་དག་པ་ཐོས་པའམ། དག་པོར་ཐོས་ཀྱང་མ་ངེས་པའི་རང་བཟོའོ། ། དེ་ཡང་སྤེལ་མར་བསྟོད་པའི་ནང་གི་ཕྱོགས་གླང་གི་གསུང་རྣམས་བསྟོད་པ་བརྒྱ་ལྔ་བཅུ་པའི་ཚིག་དེ་དང་དེའི་མཚམས་སྦྱོར་རམ། དོན་གསལ་བྱེད་ཁོ་ན་ཡིན་པས་འགྲེལ་པར་སྦྱར་བ་ཡིན་གྱི། སློབ་དཔོན་དེ་གཉིས་ཀྱིས་རྩོམ་རེས་བྱས་པ་ག་ལ་ཡིན་ཞེས་གོ་དགོས་སོ། །སླད་ཀྱིས་སློབ་དཔོན་དེས་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན་ཏེ་གཙུག་ལག་ཁང་དུ་མའི་མངའ་བདག་མཛད་ནས་སྐྱེ་བོ་དུ་མ་ལ་ཆོས་བསྟན། དྲྭ་བ་ལའི་ཡུལ་དུ་བྱོན་ནས་ཆོས་གཞི་ཆེན་པོ་ལྔ་བཅུ་ཙམ་གསར་དུ་བཙུགས་ཤིང་བསྟན་པ་ཡུན་རིང་དུ་གསལ་བར་བྱས་ཏེ། མཐར་གནོད་སྦྱིན་མོ་བསྒྲུབས་ནས་རིའི་རྒྱལ་པོ་མེ་ཏོག་བརྒྱ་པ་ཞེས་བྱ་བར་བཞུད་དོ། ། དགེ་བསྙེན་ཞི་བའི་གོ་ཆས་པོ་ཏ་ལར་ཕྱིན་པ་ཡང་འདི་དག་དང་དུས་མཚུངས་པའི་སྐབས་ཏེ། ཡུལ་པུནྚ་ཝརྦྷ་ནིའི་ནགས་ཚལ་ན་དགེ་བསྙེན་དེ་འཕགས་པ་སྤྱན་རས་གཟིགས་བསྒྲུབས་ཤིག་གྲུབ་པའི་རྟགས་ཀྱང་ཕལ་ཆེར་བྱུང༌། རྒྱལ་པོ་ཤུ་བྷ་ས་ར་ཞེས་བྱ་བའི་རྨི་ལམ་དུ་འཕགས་པ་སྤྱན་རས་གཟིགས་སྤྱན་དྲངས་ན་ཡུལ་འདིར་འབྱོན་པས། འཛམ་བུའི་གླིང་དུ་མུ་གེ་དང་རིམས་ནད་རྒྱུན་ཆད་ཅིང་བདེ་བར་འགྱུར་ལ། དེའི་དོན་དུ་ནགས་ཚལ་ན་གནས་པའི་དགེ་བསྙེན་འདི་ལྟ་བུ་རི་བོ་ཏ་ལར་རྫོངས་ཤིག་ཅེས་བྱུང་བས་རྒྱལ་པོས་དགེ་བསྙེན་བོས་ཏེ། མུ་ཏིག་གི་ཕྲེང་བ་དང་སྤྱན་འདྲེན་པའི་ཡི་གེ་གཏད། ལམ་རྒྱགས་པ་ཎ་དག་ཀྱང་བྱིན་པ་ན། དགེ་བསྙེན་གྱིས་བསམ་པ། ལམ་བགྲོད་དཀའ་ཞིང་རིང་བས་སྲོག་གི་བར་ཆད་ཀྱང་བྱེད་སྲིད་ན། འོན་ཀྱང་ཡི་དམ་གྱི་ལྷ་བཞུགས་པའི་སར་འགྲོ་བར་བསྐུལ་བ་འདིའི་ངག་གཅོག་པ་ནི་ཆ་མ་ཡིན་ནོ་སྙམ་པོ་ཏ་ལའི་ལམ་ཡིག་ཐོགས་ཏེ་སོང༌། མཐར་དྷ་ན་ཤྲཱིའི་གླིང་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་སླེབ། དེ་ནས་པོ་ཏ་ལར་འགྲོ་བའི་ལམ་ས་འོག་ཅུང་ཟད་བརྒྱུད་ནས་ཕྱིན་པ་ན། སླར་ས་སྟེང་ནས་འགྲོ་ས་ཡོད་པ་དིང་སང་ནི་རྒྱ་མཚོ་ལུད་པས་ས་གཞི་ནོན་ཏེ་མིས་ཐར་བ་མེད་གསུང༌། སྔོན་གྱི་དུས་དེ་ཙམ་ན་ལམ་ཡོད་པས་དེ་ལས་བརྒྱུད་ནས་སོང༌། དེར་ཆུ་བོ་ཆེན་པོ་ལ་མ་ཐར་བ་ན། ལམ་ཡིག་ལྟར་སྒྲོལ་མ་ལ་གསོལ་བ་བཏབ་པས་རྒན་མོ་ཞིག་གི་གྲུ་བཏང་ནས་བསྒྲལ། ཡང་མཚོ་གཅིག་ལ་མ་ཐར་བ་ན། ཁྲོ་གཉེར་ཅན་མ་ལ་གསོལ་བ་བཏབ་པས་བུ་མོ་ཞིག་གིས་གཟིངས་བཏང་ནས་བསྒྲལ། ཡང་ནགས་ཀྱི་མཐའ་མེ་འབར་ནས་མ་ཐར་བ་ལ། རྟ་མགྲིན་ལ་གསོལ་བ་བཏབ་པས་ཆར་ཕབ་སྟེ་ཞི། འབྲུག་སྒྲས་ལམ་བསྟན། ཡང་ངམ་གྲོག་གཏིང་དཔག་ཚད་མང་པོ་ཡོད་པས་ལམ་བཅད་དེ་འགྲོ་མ་ཐུབ་པ་ལ། རལ་གཅིག་མ་ལ་གསོལ་བ་བཏབ་པས་སྦྲུལ་ཆེན་པོས་ཟམ་པ་བྱས་ཏེ་དེ་ལ་ཕྱིན། དེ་ནས་སྤྲེའུ་གླང་པོ་ཆེའི་ལུས་ཙམ་མང་པོས་ལམ་བཀག་ནས་འདུག་པ་ལ། དོན་ཡོད་ཞགས་པ་ལ་གསོལ་བ་བཏབ་པས་སྤྲེའུ་ཆེན་པོ་དེ་རྣམས་ཀྱིས་ལམ་ཕྱེ་ཞིང་བཟའ་བཅའ་བཟང་པོ་དག་བྱིན། དེ་ནས་རི་བོ་ཏ་ལའི་རྩ་བར་སླེབ་ནས་བྲག་རི་ལ་མ་ཐར་ཏེ། འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་པས་སྤ་ཐག་གི་སྐས་བྱུང་ནས་དེ་ལ་འཛེགས། དེ་ནས་ཕྱོགས་ཐམས་ཅད་རྨུགས་པས་ནོན་ཏེ་ལམ་མ་རྙེད། ཡུན་རིང་དུ་གསོལ་བ་བཏབ་པ་ན་ན་བུན་དེངས། རི་དེའི་སུམ་ཆ་ལ་སྒྲོལ་མའི་སྐུ་བརྙན་དང༌། རི་སྐེད་ན་ཁྲོ་གཉེར་ཅན་མའི་སྐུ་བརྙན་སོགས་མཐོང༌། རིའི་རྩེ་མོར་ཕྱིན་པ་ན་གཞལ་མེད་ཁང་སྟོང་པ་ན་མེ་ཏོག་ཐོ་རེ་བ་ལས་གཞན་སུ་ཡང་མི་འདུག་གོ །དེར་ཕྱོགས་གཅིག་ཏུ་གསོལ་བ་འདེབས་ཀྱིན་ཟླ་བ་གཅིག་ཏུ་བསྡད་པས། ནམ་ཞིག་ན་བུད་མེད་ཅིག་འོངས་ནས་འཕགས་པ་བྱོན་པས་འདིར་ཤོག་ཅིག་ཟེར་ཏེ་ཁྲིད་ནས་ཕོ་བྲང་གི་སྒོ་རིམ་པ་སྟོང་ཕྱེ་བ་ལས། སྒོ་རེ་རེ་ཕྱེ་བས་ཏིང་ངེ་འཛིན་རེ་རེ་སྐྱེས། འཕགས་པ་ལྷ་ལྔ་དང་དངོས་སུ་མཇལ། མེ་ཏོག་སྐུ་ལ་གཏོར། རྒྱལ་པོའི་ཡི་གེ་དང་རྟེན་ཕུལ། འཛམ་བུའི་གླིང་དུ་འབྱོན་པར་གསོལ་བ་བཏབ་པས་ཞལ་གྱིས་བཞེས་ཏེ་དགེ་བསྙེན་ལ་ལམ་རྒྱགས་པ་ཎ་མང་པོ་གནང༌། འདི་ཙམ་གྱི་འཚོ་བ་ལ་བརྟེན་ནས་ཁྱོད་ཡུལ་དུ་སླེབ་པར་འགྱུར་གྱིས་པ་ཎ་མ་ཟད་པ་ན་འོང་ངོ༌། །ཞེས་གསུངས་ཤིང་ལམ་བསྟན། རི་སྐེད་དང་རིའི་རྩ་བའི་སུམ་ཆ་ན་ཡོད་པའི་སྐུ་བརྙན་ཚོ་ཡང་སྐུ་དངོས་སུ་མཐོང༌། ཚུར་འོངས་པ་ན་ཞག་བཅོ་ལྔ་ན་རང་གི་གནས་དེར་སླེབ་རྒྱུའི་བཅུ་བཞི་སོང་བའི་ཉིན་མོ་པུཎྜ་ཝརྡྷ་ནའི་རི་མཐོང་བས་རབ་ཏུ་དགའ་སྟེ། པ་ཎ་ལྷག་པོས་བཟའ་བཏུང་ལྷག་པར་ཉོས་ཏེ་ཟོས། རྒྱལ་པོའི་གྲོང་ཁྱེར་དུ་མ་སླེབ་པར་རང་གི་སྒྲུབ་གནས་དང་ཉེ་བར་སླེབ་པའི་ཚེ་པ་ཎ་ཟད། ས་དེར་བསྡད་ནས་ཉིན་རངས་པར་འཕགས་པ་འབྱོན་ནམ་སེམས་པ་ལས་མ་བྱོན། ནམ་ཕྱེད་ན་གཉིད་དུ་ཕྲི་སོང་བ་ན་རོལ་མོའི་སྒྲ་གྲགས་པས་གཉིད་སད། ནམ་མཁའ་ན་ལྷ་རྣམས་མཆོད་པ་བྱེད་ཀྱིན་འདུག །སུ་ལ་མཆོད་དྲིས་པས་འཛམ་བུའི་གླིང་པའི་ཁྱེའུ་རྨོངས་པ་ཁྱེད་ཉིད་རྒྱབ་བརྟེན་པའི་ཤིང་ལ་འཕགས་པ་འཁོར་བཅས་བྱོན་ནོ་ཟེར། བལྟས་པས་ཤིང་གི་ངོས་ལ་ལྷ་ལྔ་དངོས་སུ་བྱོན་འདུག་པས་ཕྱག་འཚལ་གསོལ་བ་བཏབ། རྒྱལ་པོའི་ཡུལ་དུ་འབྱོན་པར་ཞུས་ཀྱང་དང་པོ་པ་ཎ་མ་ཟད་ན་དེ་ལྟར་ཡིན་ཡང་ད་ནི་འདི་ཁོ་ནར་གནས་སོ་གསུང༌། དེ་ནས་རྒྱལ་པོ་ལ་སྦྲན་པས་མ་མགུ་བར་དགེ་བསྙེན་ལ་གླ་རྔན་གཅིག་ཀྱང་མ་བྱིན་སྐད། དེ་ནས་ནགས་ཚལ་དེར་ལྷ་ཁང་བཞེངས། ཁ་སརྤ་ཎིའི་གཙུག་ལག་ཁང་དུ་གྲགས་ཏེ། ཁ་སརྤ་ཎ་ནི་ནམ་མཁའ་ལ་གཤེགས་ནས་བྱོན་པའི་ཕྱིར་མཁའ་སྤྱོད་དམ་པ་ཎ་ཟད་པའི་ཚེ་བྱོན་པས་པ་ཎ་ཟད་པ་ཞེས་བྱ་བ་ཡིན་ཟེར་ཡང་མཁའ་སྤྱོད་དུ་བསྒྱུར་བ་ནི་ཤིན་ཏུ་ལེགས་ཤིང༌། ཅིག་ཤོས་དང་མཐུན་པར་བསྒྱུར་ན། ཁར་ས་ནི་ཟས་ཀྱི་རིན་གྱི་སྐད་དོད་ཡིན་ལ། པ་ཎ་ནི་གསེར་དངུལ་གྱི་དོང་ཙེ་ད་ལྟ་ཊང་ཁར་གྲགས་པ་འདི་ཡིན་པས། ཟས་རིན་དོང་ཙེའི་དོན་ཡིན་ནོ། །དེ་ལྟར་ནི་རྒྱ་གར་སྤྱི་ཁྱབ་ཏུ་གྲགས་པ་ལྟར་རོ། ། ཉི་ཁྲི་ལེ་བརྒྱད་མའི་ལོ་རྒྱུས་ལྟར་ན། རྒྱལ་པོས་བསྐུལ་པའི་འཕྲོས་མེད་པར་པོ་ཏ་ལར་ལན་གསུམ་བྱོན་པའི་དང་པོ་ཁོང་རང་ཉིད་ཀྱི་མཇལ་བའི་དོན་དང༌། གཉིས་པ་མངོན་རྟོགས་རྒྱན་དང་མདོ་མ་མཐུན་པའི་དོགས་གཅོད་ལ་ཝཱ་རཱ་ཎ་སཱིའི་དགེ་འདུན་གྱིས་བཏང་བ་ཡིན་ནའང༌། དེ་མ་ཞུས་པར་འཕགས་པ་ཁ་སརྤ་ཎ་ཉིད་སྤྱན་དྲངས། ཁ་སརྤ་ཎ་ལ་ཞུས་པས། ང་སྤྲུལ་པ་ཡིན་པས་མི་ཤེས་གསུངས་ནས། ལན་གསུམ་པ་དེའི་དོགས་གཅོད་ལ་པོ་ཏ་ལར་བྱོན་ནས་ལེ་བརྒྱད་མ་ཡང་སྤྱན་དྲངས་ཟེར་རོ། །དགེ་བསྙེན་དེ་ལ་འཕགས་པ་ཁ་སརྤ་ཎ་ལྷ་ལྔ་དངོས་སུ་སྣང་ཞིང༌། དུས་དེར་མཆོད་པ་ཡང་མངོན་སུམ་དུ་བཞེས་པ་ལས། དགེ་བསྙེན་དེ་ཡོ་བྱད་ལ་བལྟས་ནས་ཆོམ་རྐུན་པས་བཀྲོང་པར་བརྩམས་པའི་ཚེ། མྱོང་བར་ངེས་པའི་ལས་ཀྱི་མཐུར་ཤེས་ནས། མགོ་བོ་འཕགས་པའི་ཕྱག་ཏུ་ཕུལ་ཞིག་བྱས་ནས། ཆོམ་རྐུན་པས་ཀྱང་དེ་བཞིན་དུ་བྱས། འཕགས་པས་སྤྱན་ཆབ་ཕྱུང་བ་ཀླད་ཁུང་དུ་སོང་བས་དེ་ཐམས་ཅད་རིང་བསྲེལ་དུ་གྱུར། དེ་ཕྱིན་ཆད་མཆོད་པ་དངོས་སུ་མ་བཞེས་ཞེས་གྲགས་སོ། །སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་སོགས་པའི་དུས་ཀྱི་གཏམ་སྟེ་ཉི་ཤུ་རྩ་གསུམ་པའོ།། །། ༢༤ རྒྱལ་པོ་ངང་ཚུལ་གྱི་དུས་ཀྱི་གཏམ། དེ་ནས་རྒྱལ་པོ་ཤྲཱི་ཧརྴའི་བུ་རྒྱལ་པོ་ངང་ཚུལ་ཞེས་བྱ་བ་བྱུང༌། དེ་ནི་སྔོན་དགེ་སློང་སྡེ་སྣོད་གསུམ་པ་ཞིག་རྒྱལ་པོའི་ཕོ་བྲང་དུ་དུས་སྟོན་ཆེན་པོ་ཡོད་པ་ཞིག་ལ་སློང་མོར་ཕྱིན་ཡང་བསོད་སྙོམས་མ་ཐོབ་པར་སྒོ་བས་བསྐྲད་དོ། །དེ་ཁ་ཟས་བཅད་པས་བཀྲེས་ནས་འདས་པའི་ཚེ། དཀོན་མཆོག་མཆོད་པའི་རྒྱལ་པོར་གྱུར་ནས་རབ་ཏུ་བྱུང་བ་རྣམས་ཟས་ཀྱིས་ཚིམ་པར་བྱེད་པའི་སྨོན་ལམ་བཏབ། དེའི་མཐུས་རྒྱལ་པོའི་ལོངས་སྤྱོད་ཆེན་པོར་གྱུར་ཏེ་ཕྱོགས་བཞིའི་དགེ་འདུན་ཐམས་ཅད་ལ་ཁ་ཟས་བཟང་པོས་མཆོད་པ་ཞིག་བྱུང༌། ཕོ་བྲང་གྲོང་ཁྱེར་ལ་ཏ་ཞེས་བྱ་བར་བྱས། ལོ་བརྒྱ་དང་བཞི་བཅུ་ཐོབ། རྒྱལ་སྲིད་ཀྱང་ལོ་བརྒྱར་ཉེ་བར་བྱས་སོ། ། ཡོན་ཏན་འོད་ཀྱི་སྐུ་ཚེའི་གཞུག་ཙམ་ན་འདི་རྒྱལ་སར་ཐོན། ཤར་དུ་རྒྱལ་པོ་ལི་ཙ་བཱིའི་རིགས་ལས་བྱུང་བ་སེང་གེ་ཞེས་བྱ་བ་མངའ་ཐང་ཆེན་པོ་ཞིག་བྱུང༌། དེའི་དུས་སློབ་དཔོན་ཙནྡྲ་གོ་མཱི་འཁྲུངས། སེང་གེའི་བུ་རྒྱལ་པོ་བྷརྴ་ཞེས་བྱ་བས་ཀྱང་རྒྱལ་སྲིད་རིང་དུ་བྱས། ཙནྡྲའི་རིགས་རྒྱལ་པོ་སིང་ང་ཙནྡྲ་ཞེས་པ་རྒྱལ་སྲིད་ལ་འཁོད་དེ། ཤུགས་ཆུང་ངུར་ཡོད་པས་རྒྱལ་པོ་སེང་གེ་དང༌། གྷརྴའི་ལུང་ལེན་དགོས་པར་བྱུང༌། འདི་སྐབས་ལེགས་ལྡན་དང༌། འཕགས་པ་གྲོལ་སྡེའི་སྐུ་ཚེའི་སྨད་ཀྱི་དུས་ཡིན། སློབ་དཔོན་ཉི་མ་སྦས་པ་དང༌། གྲོལ་སྡེའི་སློབ་མ་མཆོག་སྡེ་དང༌། སངས་རྒྱས་བསྐྱངས་ཀྱི་སློབ་མ་ཀ་མ་ལ་བུདྡྷིའི་སྐུ་ཚེའི་སྨད་དང༌། ཡོན་ཏན་འོད་ཀྱི་སློབ་མ་འཕགས་པ་ཟླ་བའི་ནོར་བུ་དང༌། ན་ལེནྡྲའི་མཁན་པོ་རྒྱལ་བའི་ལྷ་རྣམས་དུས་མཚུངས་སུ་བྱུང་ཞིང༌། ལྷོ་ཕྱོགས་སུ་སློབ་དཔོན་ཟླ་བ་གྲགས་པའང་བྱོན། སློབ་དཔོན་ཆོས་སྐྱོང་དང༌། སློབ་དཔོན་ཞི་བ་ལྷ་དང༌། གྲུབ་ཐོབ་བི་རཱུ་པའི་སྐུ་ཚེའི་སྟོད་ཀྱི་དུས་ཙམ་མོ། །འཕགས་པ་ས་ག་ལྷ་ཡང་འདི་དུས་བྱུང་བར་མངོན་ཏེ། མེ་ཏོག་ཕྲེང་བརྒྱུད་ལོ་ཙཱ་བ་སྙེལ་ཙོར་ཤེས་རབ་གྲགས་ཀྱིས་བསྒྱུར་བ་ན། འཕགས་པ་དགེ་འདུན་འབངས་ཀྱི་སློབ་མ་འཕགས་པ་ས་ག་ལྷས་མཛད་པ་ཞེས་འབྱུང་བས་སོ། །དེའི་ཕྱིར་ཉན་ཐོས་དགྲ་བཅོམ་པ་ཡིན་མིན་ཡང་བརྟག་དགོས་སོ། །དེ་དག་ལས་མཆོག་སྡེ་དང༌། ཀ་མ་ལ་བུདྡྷིའི་ལོ་རྒྱུས་མ་ཐོས། ཟླ་བའི་ནོར་བུ་རྒྱལ་པོ་ངང་ཚུལ་གྱི་བླ་མ་ཡིན་ཡང་གཏམ་རྒྱུད་རྒྱས་པ་མི་སྣང་ལ། ཉི་མ་སྦས་པ་ནི། འཕགས་པ་ཀླུ་སྒྲུབ་དང་ཐོགས་མེད་ཀྱི་བཞེད་པ་གཅིག་ཏུ་གསུང་ཞིང༌། ཁ་ཆེ་དང་མ་ག་དྷཱར་ཆོས་གཞི་ཆེན་པོ་བཅུ་གཉིས་བཅུ་གཉིས་བཙུགས་ནས། ཡོ་བྱད་ཐམས་ཅད་གནོད་སྦྱིན་རྣམས་སྦྱོར་དུ་འཇུག་གོ །ནང་པ་ཐམས་ཅད་འཇིགས་པ་བརྒྱད་ལས་སྐྱོབ་པའི་སྲུང་བ་པོ་མཛད་ཅིང༌། སྒྲོལ་མ་གྲུབ་པའི་དགེ་སློང་སྔགས་མཁན་ཞིག་ཡིན་ཏེ། ལོ་རྒྱུས་གཞན་དུ་ཤེས། རྒྱལ་བའི་ལྷ་ཡང་གསུངས་རབ་དུ་མ་ལ་མཁས་པར་བྱས་པའི་སློབ་དཔོན་ཆེན་པོ་ན་ལེནྡྲར་ཡུན་རིང་དུ་བཞུགས་པ་ཞིག་སྟེ། རྣམ་ཐར་ཞིབ་མོ་མ་ཐོས་སོ། ། དེའི་ཚེ་བྱང་ཕྱོགས་ཧ་སཱ་མར་སངས་རྒྱས་ཀྱི་ཚེམས་མཆེ་བ་ཞིག་བྱོན་ཏེ། སློབ་དཔོན་དགེ་འདུན་འབངས་ཀྱི་སློབ་མ་སྙན་དངགས་མཁན་གསང་བ་བྱིན་དང༌། ཆོས་འབངས་ཀྱི་སློབ་མ་རཏྣ་མ་ཏི་ལ་སོགས་པ་འཁོར་རྣམ་པ་བཞི་ཆོས་བཞིན་སྤྱོད་པ་བརྒྱ་སྟོང་མང་པོ་བྱུང་ནས་ཚེམས་མཆེ་བ་ལ་མཆོད་པར་བྱེད་པ་བྱུང༌། དེའི་རྒྱུན་ད་ལྟར་པུ་ཁང་ན་ཡོད་དོ། །དཔལ་ལྡན་ཟླ་བ་གྲགས་པ་ནི། ལྷོ་ཕྱོག་ས་མནྟར་སྐུ་འཁྲུངས་ནས། ཆུང་ངུ་ཉིད་ནས་རིག་པའི་གནས་མཐའ་དག་ལ་སྦྱངས། ལྷོ་ཕྱོགས་ཀྱི་ཡུལ་དེ་ཉིད་དུ་རབ་ཏུ་བྱུང་ཞིང་སྡེ་སྣོད་མཐའ་དག་ལ་མཁས་པར་བྱས། ལེགས་ལྡན་གྱི་སློབ་མ་མང་པོ་དང་སངས་རྒྱས་བསྐྱངས་ཀྱི་སློབ་མ་ཀ་མ་ལ་བུདྡྷི་ལ་ཀླུ་སྒྲུབ་ཀྱི་གཞུང་ལུགས་དང་མན་ངག་ཐམས་ཅད་ནོས། མཁས་པའི་མཁས་པ་ཆེན་པོར་བྱུང་ནས་དཔལ་ན་ལེནྡྲའི་མཁན་པོ་མཛད། རྩ་འཇུག་བཞི་གསུམ་དང༌། རིག་པ་དྲུག་ཅུ་པའི་འགྲེལ་པ་ལ་སོགས་པ་མཛད་དེ་སངས་རྒྱས་བསྐྱངས་ཀྱི་ལུགས་དེ་ཉིད་ཆེས་དར་བར་མཛད་པ་ཡིན་ནོ། །དེར་རི་མོར་བྲིས་པའི་བ་གྲུས་མ་ལས་འོ་མ་བཞོས་ནས་དགེ་འདུན་ཐམས་ཅད་འོ་ཐུག་གིས་ཚིམ་པར་མཛད་པ་དང༌། རྡོའི་ཀ་བ་ལ་ཕྱག་ཐོགས་མེད་དུ་སོང་ཞིང༌། རྩིག་པ་ལ་ཐོགས་མེད་དུ་བཞུད་པ་སོགས་ངོ་མཚར་བའི་ལྟས་དུ་མ་ཡོད་ཅིང༌། མུ་སྟེགས་ཀྱི་རྒོལ་བ་མང་པོ་བཟློག་པར་མཛད། མཐར་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན་ཏེ་གོངྐུ་ནའི་ཡུལ་དུ་མུ་སྟེགས་ཀྱི་རྒོལ་བ་མང་པོ་ཚར་བཅད། བྲམ་ཟེ་དང་ཁྱིམ་བདག་ཕལ་ཆེར་བསྟན་པ་ལ་བཅུག་ནས་ཆོས་གཞི་ཆེན་པོ་མང་དུ་བཏབ། སླད་ཀྱིས་མ་ནུ་བྷཾ་ག་ཞེས་བྱ་བའི་རི་ལ་སྔགས་ཀྱི་ལམ་ལ་བརྟེན་ནས་དངོས་གྲུབ་མཆོག་ཐོབ་པར་བཞེད་པས། ཡུན་རིང་དུ་བཞུགས་ནས་འཇའ་ལུས་སུ་སོང་བར་སྔགས་ཀྱི་སློབ་དཔོན་རྣམས་འདོད་དེ། བོད་ཀྱི་ལོ་རྒྱུས་ལྟར་ན་དགུང་ལོ་སུམ་བརྒྱ་བཞུགས་པ་དང༌། རྡོའི་སེང་གེ་ལ་ཆིབས་ནས་ཏུ་རུཥྐའི་དམག་བཟློག་པའི་མཛད་པ་ཁྱད་པར་ཅན་བསྟན་པར་འདོད་དེ། ཕྱི་མ་ནི་དེ་ལྟར་བྱུང་བར་རུང་ལ། སྔ་མ་ནི་འཇའ་ལུས་སུ་གྱུར་ན་འཆི་བ་མེད་པ་ཡིན་པས་ལོ་སུམ་བརྒྱས་ཆར་ཡང་མི་བཟོད། རྣམ་སྨིན་རགས་པའི་སྐུ་ལུས་ཀྱིས་མི་ཡུལ་དུ་དེ་ལྟར་བཞུགས་པར་འདོད་ན་ནི་མི་འཐད་པར་མངོན་ནོ། ། སློབ་དཔོན་ཙནྡྲ་གོ་མཱི་ནི། ཤར་ཕྱོགས་པ་རེནྡྲར་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་མཐོང་བའི་པཎྜི་ཏ་ཞིག་མུ་སྟེགས་རྒྱང་འཕེན་པའི་སྟོན་པ་ཞིག་དང་རྩོད་པར་གྱུར་ཏེ། དེའི་རིང་ལུགས་སུན་ཕྱུང་ཡང་རིག་པ་ནི་བློས་རྣམ་པར་བརྟགས་པ་ཡིན་པས་གང་བློ་སྒྲིན་པ་དེ་རྒྱལ་བར་ཟད་ཀྱི། སྐྱེ་བ་སྔ་ཕྱི་ཡོད་པའི་རྟགས་མངོན་སུམ་དུ་མེད་པས་ཁོ་བོ་ཅག་དེ་མི་འདོད་ཟེར་བ་ན། རྒྱལ་པོ་ལ་སོགས་པ་དཔང་པོར་བཞག་སྟེ། ང་ཉིད་སྐྱེ་བ་ལེན་པ་ཡིན་པས་དཔྲལ་པར་རྟགས་ཐོབ་ཅིག་བྱས་ནས། དེས་དཔྲལ་པར་མཚལ་གྱི་ཐིག་ལེ་ཤ་ལ་ཐིམ་པ་ཞིག་བྱས། ཁ་ནང་དུ་མུ་ཏིག་བཅུག་སྟེ་དེ་ཉིད་དུ་འདས་ཏེ། དེའི་ལུས་ཟངས་ཁ་སྦྱོར་གྱི་ནང་དུ་བཅུག་ནས་རྒྱལ་པོའི་རྒྱས་བཏབ་བོ། །དེ་རྒྱལ་རིགས་ཀྱི་པཎྜི་ཏ་བི་ཤེ་ས་ག་ཞེས་བྱ་བའི་བུར་སྐྱེ་བར་ཁས་བླངས་པ་བཞིན་དེ་ལ་ཁྱེའུ་མཚན་དང་ལྡན་པ་ཞིག་བཙས་མ་ཐག་ཏུ་མཚལ་གྱི་རི་མོ་དཔྲལ་པར་ཡོད་པ་ཁ་ནང་ན་མུ་ཏིག་ཡོད་པ་དེ་བྱུང༌། རྒྱལ་པོ་སོགས་ཀྱིས་སྔར་གྱི་ཕུང་པོ་དེ་བལྟས་པས་དཔྲལ་པའི་མཚལ་གྱྀ་རི་མོ་ཡང་བྱིད། མུ་ཏིག་གི་ཤུལ་ཧར་རེ་འདུག་གོ །དེར་མུ་སྟེགས་དེ་ཡང་སྐྱེ་བ་སྔ་ཕྱི་ཡོད་པར་ཡིད་ཆེས་སྐད། ཁྱེའུ་དེ་བཙས་མ་ཐག་ཏུ་མ་ལ་ཕྱག་བྱས་ཏེ། ཟླ་བ་བཅུར་འོ་བརྒྱལ་བར་མ་གྱུར་ཏམ་བྱས་པས། བྱིས་པ་བཙས་མ་ཐག་སྨྲ་བ་ནི་ལྟས་ངན་ནོ་སྙམ་ནས་ཁ་རོག་འདུག་བྱས་སོ། །དེ་ནས་ལོ་བདུན་གྱི་བར་དུ་ཅང་མ་སྨྲས་པས་ལྐུགས་པའོ་སྙམ་མོ། །དེར་མུ་སྟེགས་ཀྱི་རྒོལ་བ་ཞིག་གིས་ཤིན་ཏུ་གོ་དཀའ་བའི་སྙན་དངགས་ཀྱི་ཚིགས་སུ་བཅད་པ། སྙན་དངགས་དེའི་དོན་གྱིས་སངས་རྒྱས་པ་རྣམས་ཀྱི་གྲུབ་མཐའ་འགོག་པ་ཞིག་བརྩམས་ནས་རྒྱལ་པོ་དང༌། མཁས་པའི་ཚོགས་ལ་གྲིམས་སོ། །དེར་བི་ཤེ་ས་གའི་ཁྱིམ་དུ་བྱུང་བ་ན། དེས་ཡུན་རིང་དུ་བརྟགས་པས་སྒྲ་དོན་ཇི་བཞིན་གོ་བ་ཡང་མེད་ན། ལན་གདབ་པ་ག་ལ་ནུས་ཏེ། དོན་དེ་སེམས་ཤིང་ཁྱིམ་གྱི་ཕྱི་རོལ་ཏུ་བྱ་བ་ཞིག་ལ་སོང་ངོ༌། །དེར་ཙནྡྲ་གོ་མཱི་ལོ་བདུན་ལོན་པ་དེས་བལྟས་པ་ན། དོན་ཤེས་ཤིང་ལན་གདབ་པར་དཀའ་བ་མེད་དེ། དེའི་དོན་འགྲོལ་བའི་ཡིག་ཆུང་བཏབ། ལན་གྱི་ཚིགས་བཅད་ཀྱང་བྲིས་སོ། །ཕས་ནང་དུ་འོངས་པ་ན། དེ་ལྟར་བྲིས་པ་མཐོང་ནས། ཁྱིམ་དུ་སུ་བྱུང་ཞེས་ཙནྡྲ་གོ་མཱིའི་མ་ལ་དྲིས་སོ། །གཞན་སུ་ཡང་མ་འོངས་ཏེ། བུ་ལྐུགས་པས་བལྟ་ཞིང་བྲིས་སོ། །དེར་ཕས་བུ་ལ་དྲིས་པ་ན་མའི་གདོང་ལ་བལྟ་ཞིང་འདུག་གོ །མས་སྨྲོས་ཤིག་བྱས་པས། འདི་ནི་བདག་གིས་བྲིས་པ་སྟེ་རྒོལ་བ་འདི་བཟློག་པ་ནི་དཀའ་བ་མ་ཡིན་ནོ་ཞེས་ཟེར། དེ་ནས་ནང་པར་ཙནྡྲ་གོ་མཱི་དང༌། མུ་སྟེགས་ཀྱི་སྟོན་པ་དེ་བརྩད་པས། ཙནྡྲ་གོ་མཱི་རྒྱལ་ཏེ་བྱ་དགའ་ཆེན་པོ་ཐོབ། དེས་ན་སྒྲ་དང་རྟོག་གེ་ལ་སོགས་པ་རིག་གནས་ཐུན་མོང་བ་ཐམས་ཅད་མ་བསླབས་པར་རང་ཤེས་སུ་ཤེས་པ་ཞིག་བྱུང་སྟེ། ཕྱོགས་ཐམས་ཅད་དུ་གྲགས་པས་ཁྱབ་བོ། ། དེ་ནས་ཐེག་པ་ཆེན་པོའི་སློབ་དཔོན་ཞིག་ལ་སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གནས་ལྔ་བླངས། སློབ་དཔོན་ཆེན་པོ་བློ་གྲོས་བརྟན་པ་ལ་མདོ་སྡེ་དང༌། མངོན་པའི་སྡེ་སྣོད་ཕལ་ཆེར་ལན་ཅིག་ཉན་པ་ཙམ་གྱིས་མཁྱེན། རིག་པ་འཛིན་པའི་སློབ་དཔོན་མྱ་ངན་མེད་པ་ཞེས་བྱ་བ་ལ་བཀའ་ལུང་ནོས་ཏེ། རིག་སྔགས་བསྒྲུབས་པས་འཕགས་པ་སྤྱན་རས་གཟིགས་དང༌། སྒྲོལ་མའི་ཞལ་མངོན་སུམ་དུ་གཟིགས། ཤིན་ཏུ་མཁས་པ་ཆེན་པོར་གྱུར། དེ་ནས་ཤར་ཕྱོགས་སུ་རྒྱལ་པོ་བྷརྴའི་ཡུལ་དུ་སྨན་དཔྱད་དང༌། སྡེབ་སྦྱོར་དང། བཟོའི་གནས་ཀྱི་བསྟན་བཅོས་མང་དུ་བྱས། ཁྱད་པར་དུ་སྒྲ་རིག་པ་མང་དུ་བཤད་ཅིང་ཡོད། དེའི་ཚེ་རྒྱལ་པོའི་བུ་མོ་ཏཱ་རཱ་ཞེས་བྱ་བ་བག་མར་བླངས་ཤིང༌། རྒྱལ་པོས་ཡུལ་འཁོར་ཞིག་ཀྱང་མཁྱེན། དུས་ལན་ཅིག་དེའི་གཡོག་མོས་ཏཱ་རཱ་ཞེས་འབོད་ཀྱིན་འདུག་པས། ཡི་དམ་དང་མཚན་མཐུན་པ་ཁྱིམ་ཐབ་ཏུ་མི་རུང་ངོ་སྙམ་ནས། སློབ་དཔོན་ཉིད་ཡུལ་གཞན་དུ་འགྲོ་བར་བརྩམས་པ་རྒྱལ་པོས་ཤེས་ཏེ། དེ་ཕའི་བུ་མོ་དང་ལྷན་ཅིག་མི་འདུག་ན་སྒྲོམ་དུ་ཆུག་ལ་གངྒ་ལ་སྐྱུར་ཞིག་ཅེས་བསྒོས་ཏེ་དེ་བཞིན་དུ་བྱས་པ་ན། སློབ་དཔོན་གྱིས་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་གསོལ་བ་བཏབ་པས། གངྒ་དང་རྒྱ་མཚོ་འཕྲད་མཚམས་ཀྱི་རྒྱ་མཚོའི་གླིང་ཞིག་ལ་ཐོན། གླིང་དེ་འཕགས་མས་སྤྲུལ་པ་ཡིན་ཡང་ཟེར་ཏེ། ཙནྡྲ་དྭཱི་པ་ཞེས་བྱ་བ་ཙནྡྲ་གོ་མི་ཉིད་དེར་བཞུགས་པ་ལས་མིང་ཆགས་ཤིང༌། ད་ལྟར་ཡང་ཡོད་དེ་གྲོང་བདུན་སྟོང་ཙམ་ཤོང་བ་ཞིག་འདུག་ཟེར། གླིང་དེར་སློབ་དཔོན་གྱིས་བཞུགས་ཏེ། འཕགས་པ་སྤྱན་རས་གཟིགས་དང༌། སྒྲོལ་མའི་སྐུ་རྡོ་ལ་བཞེངས། ཐོག་མར་ཉ་པ་རྣམས་ཀྱིས་གཏམ་དེ་ཐོས། དེ་ནས་རིམ་གྱིས་སྐྱེ་བོ་གཞན་ཡང་བྱུང་སྟེ་གྲོང་ཁྱེར་ཆགས། འཕགས་པ་སྤྱན་རས་གཟིགས་ཀྱིས་བསྐུལ་བ་ལས་གོ་མཱིའི་དགེ་བསྙེན་མཛད། མཚན་ནི་ཙནྡྲ་ཡིན་ལ། དེ་ཕྱིན་ཆད་ནས་ཙནྡྲ་གོ་མིར་གྲགས་སོ། །དེ་ནས་ཚོང་པ་རྣམས་ཀྱིས་ཁྱེར་ཏེ་སིངྒ་ལའི་གླིང་དུ་བྱོན། ཡུལ་དེ་ནི་ཀླུ་ནད་མང་དུ་འབྱུང་བ་ཞིག་ཡོད་པ་ལས་དེར་འཕགས་པ་སེང་གེ་སྒྲའི་ལྷ་ཁང་བཞེངས་པས་རང་ཞི་ཡུལ་དེར་ཡང་བཟོ་དང་སྨན་དཔྱད་ལ་སོགས་པ་རིག་པའི་གནས་དཔག་ཏུ་མེད་པ་སྤེལ་ཏེ། གླིང་ཕྲན་གྱི་སྐྱེ་བོ་བླུན་པོ་རྣམས་ལ་ལྷག་པར་ཕན་གཏགས། ཐེག་པ་ཆེན་པོའི་ཆོས་ཀྱང་ཅི་རིགས་བཤད། ཡུལ་གྱི་བདག་པོ་གནོད་སྦྱིན་ལས་ནོར་བླངས་ཏེ་ཆོས་གཞི་མང་དུ་བཙུགས། སླར་ཡང་འཛམ་བུའི་གླིང་གི་ལྷོ་ཕྱོགས་ཀྱི་རྒྱུད་དུ་འོངས། བྲམ་ཟེ་མཆོག་སྲེད་ཀྱི་ལྷ་ཁང་ན་ཀླུ་ལ་སྒྲ་ཉན་པའི་བཀོད་པ་དང༌། ཀླུ་ཤེ་ཥས་བྱས་པའི་པཱ་ཎི་བའི་འགྲེལ་པ་འདུག་པ་ཡང་གཟིགས་པས། འགྲེལ་པ་ཞེས་བྱ་བ་ཚིག་ཉུང་བ། དོན་མང་བ། མ་ཟློས་པ། ཚང་བ་ཞིག་དགོས་བ་ཡིན་པ་ལ། ཀླུ་ནི་རབ་ཏུ་རྨོངས་ཏེ། ཚིག་མང་བ། དོན་ཉུང་བ། ཟློས་པ། མ་རྫོགས་པའོ་ཞེས་སྨད་ནས། པ་ཎི་བའི་དོན་འགྲེལ་དུ་ཙནྡྲ་བྱཱ་ཀ་ར་ཎ་ཡན་ལག་དང་བཅས་པ་མཛད། གཞུང་དེར། ཉུང་ངུ་རྣམ་གསལ་ཡངས་དག་རྫོགས། །ཞེས་གསུང་པ་ཡང་ཀླུ་ལ་ཟུར་ཟ་བའོ། ། དེ་ནས་རིག་པའི་འབྱུང་གནས་དཔལ་ནཱ་ལེནྡྲར་འོངས། དེ་ཡང་ནཱ་ལེནྡྲ་ན་མུ་སྟེགས་དང་རྩོད་པར་བཟོད་པའི་པཎྜི་ཏ་རྣམས་ལྕགས་རིའི་ཕྱི་རོལ་ཏུ་ཆོས་འཆད། མི་བཟོད་པ་རྣམས་ནང་དུ་འཆད་པ་ལས། དེའི་ཚེ་མཁན་པོར་གྱུར་པ་ཟླ་བ་གྲགས་པ་ནི། ཕྱི་རོལ་ཏུ་ཆོས་འཆད་ཅིང་ཡོད་པའི་སར་ཙནྡྲ་གོ་མཱི་འགྲེངས་ཏེ་བཞུགས་པས། རྩོད་པར་འདོད་པ་རྣམས་དེ་བཞིན་བྱེད་པ་ཡིན་ལ། དེ་མིན་ཡང་ན་མི་ཉན། ཡང་ན་གུས་པས་ཉན་པ་ཡིན་ནོ། ། དེར་ཟླ་བ་གྲགས་པས་རྩོད་ཟླ་ཡིན་ནམ་སྙམ་ནས། ཁྱེད་གང་ནས་འོངས་བྱས་པས། ལྷོ་ཕྱོགས་ནས་འོངས་ཟེར། ཆོས་གང་ཤེས་དྲིས་པས། སྒྲ་པཱ་ཎི་པ་དང༌། བསྟོད་པ་བརྒྱ་ལྔ་བཅུ་པ་དང༌། མཚན་ཡང་དག་པར་བརྗོད་པ་གསུམ་ཤེས་བྱས་པས། འདི་གཞུང་གསུམ་ལས་མི་ཤེས་ཞེས་ཚིག་ཁེངས་བསྐྱུངས་ཀྱང༌། དོན་གྱིས་སྒྲ་རིག་པ་དང༌། མདོ་དང༌། སྔགས་ཐམས་ཅད་ཤེས་པར་ཁས་བླངས་པ་ཡིན་པས་ཙནྡྲ་གོ་མཱི་ཡིན་ནམ་སྙམ་སྟེ་དྲིས་པས། འཇིག་རྟེན་ན་དེ་ལྟར་གྲགས་གསུང༌། འོ་ན་མཁས་པ་ཆེན་པོ་ཐོག་བབས་སུ་བྱོན་པ་མ་ལེགས་ཀྱིས། དགེ་འདུན་གྱིས་བསུ་བ་བྱེད་དགོས་པས་རེ་ཞིག་གྲོང་ཁྱེར་དུ་བཞུད་ཅིག་གསུངས། ཙནྡྲ་གོ་མཱིས་བདག་དགེ་བསྙེན་ལ་དགེ་འདུན་གྱིས་བསུ་བ་བྱར་ག་ལ་རུང༌། ཟླ་གྲགས་ན་རེ། འདི་ལ་ཐབས་ཤིག་ཡོད་དེ་འཕགས་པ་འཇམ་དཔལ་གྱི་སྐུ་ཞིག་སྤྱན་འདྲེན་པ་ཡིན་པས། དེ་ལ་རྔ་ཡབ་གཡོབ་ཅིང་བྱོན་ཅིག །དགེ་འདུན་གྱིས་འཇམ་དཔལ་གྱི་སྐུ་ལ་བསུ་བ་བྱས་པར་འགྱུར་རོ་གསུང༌། སླར་དེ་ལྟར་བྱས་པའི་ཤིང་རྟ་གསུམ་ལས། དབུས་མ་ལ་ནི་འཕགས་པ་འཇམ་དཔལ་བཞུགས། གཡས་ན་ཟླ་གྲགས་ཀྱིས་རྔ་ཡབ་གཡོབ། གཡོན་ན་ཙནྡྲ་གོ་མཱིས་རྔ་ཡབ་གཡོབ། མདུན་ནས་དགེ་འདུན་གྱིས་བསུས། སྐྱེ་བོ་དཔག་ཏུ་མེད་པ་བལྟ་བའི་ཕྱིར་འོངས། སློབ་དཔོན་ཙནྡྲ་གོ་མཱི་ལ་སྐུ་བརྙན་དེ་འཇམ་དབྱངས་དངོས་སུ་སྣང་སྟེ། འཇམ་དབྱངས་ཕྱོགས་བཅུའི་དེ་བཞིན་གཤེགས་བ་བྱེ་བ་རྣམས་ཀྱིས་བསྟོད་པར་གྱུར་མོད་དེ་ལྟ་ནའང༌། ཞེས་སོགས་བསྟོད་པ་ན། འཇམ་དཔལ་གྱི་སྐུ་བརྙན་ཞལ་ཕྱིར་ལོག་གིས་བསྟན་ནས་གསན་པ་བྱུང་བས་སྐྱེ་བོ་རྣམས་ཀྱིས་སྐུ་གཟུགས་ཕ་གི་འདི་ལྟར་བྱེད་དོ་བྱས་པས་དེ་ཁ་ལ་ལུས་ཏེ་འཕགས་པ་འཇིང་ཡོན་མར་གྲགས། དེར་ཙནྡྲ་གོ་མཱི་དད་པའི་ཤུགས་རྒྱས་ཏེ། ཤིང་རྟ་འདྲེན་བྱེད་ཀྱི་ཁ་འཐེན་པ་མ་བྱུང་བར་ཟླ་གྲགས་གྱིས་སྔོན་དུ་སོང་བས་འདི་ནི་ང་རྒྱལ་ཆེ་སྟེ། བདག་གིས་རྩོད་པར་བྱའོ་ཞེས་ཟླ་གྲགས་ཀྱིས་༼དགོས་སོ། །༽ དེར་ཙནྡྲ་གོ་མཱིས་ཐོགས་མེད་ཀྱི་སྲོལ་ལ་བརྟེན་ཏེ་རྣམ་རིག་གི་ཕྱོགས་བཟུང༌། ཟླ་གྲགས་ནི་ཀླུ་སྒྲུབ་ཀྱི་གཞུང་སངས་རྒྱས་བསྐྱངས་སོགས་ཀྱིས་བཀྲལ་བ་ལ་བརྟེན་ཏེ་ངོ་བོ་ཉིད་མེད་སྨྲ་བའི་ཕྱོགས་བཟུང༌། ལོ་བདུན་གྱི་བར་དུ་བགྲོ་གླེང་གི་བརྒལ་བརྟག་མཛད་དོ། །རྩོད་པ་དེ་བལྟ་བའི་ཕྱིར་སྐྱེ་བོ་མང་པོ་རྟག་ཏུ་འདུས་པས། གྲོང་པའི་ཁྱེའུ་དང་བུ་མོ་ཚུན་ཆད་ཀྱིས་ཀྱང་ཕྱོགས་ཙམ་རིག་ནས། ཀྱེ་མ་འཕགས་པ་ཀླུ་སྒྲུབ་གཞུང༌། །ལ་ལའི་སྨན་ལ་ལ་ལའི་དུག །མི་ཕམ་འཕགས་པ་ཐོགས་མེད་གཞུང༌། །སྐྱེ་བོ་ཀུན་ལ་བདུད་རྩི་ཉིད། །ཅེས་གླུར་ལེན་ནོ། །དེ་ནས་རྩོད་པ་དེ་ཞིར་ཉེ་བའི་སྐབས་ཤིག་ན། ཙནྡྲ་གོ་མཱི་འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཁང་ཞིག་ན་བཞུགས་ཀྱིན་ཡོད་དེ། ཟླ་གྲགས་ཀྱིས་དེ་རིང་རྩོད་པ་མང་བོ་བཀོད་པའི་ལན། དོ་ནུབ་འཕགས་པ་སྤྱན་རས་གཟིགས་ལ་ཞུས་ཏེ་ནངས་པར་ལན་བཏབ་པ་ན། ཟླ་གྲགས་ཀྱིས་དེ་ལ་ལན་གདབ་པར་མི་ནུས་སོ། །དེ་འདྲ་ཟླ་བ་མང་པོ་སོང་བ་ན། ཟླ་གྲགས་ཀྱིས་དགོངས་པ། འདི་ལ་རྩོད་པ་སློབ་པ་ཞིག་ཡོད་དོ་བསམས་ནས། ཙནྡྲ་གོ་མཱིའི་ཕྱི་བཞིན་སོང་བས་དེ་ལྷ་ཁང་དུ་སོང༌། སྒོའི་ཕྱི་ནས་ཉན་པས་འཕགས་པ་སྤྱན་རས་གཟིགས་ཀྱི་རྡོ་སྐུ་དེས་ཙནྡྲ་གོ་མཱི་ལ་ཆོས་གསུངས་ཏེ། སློབ་དཔོན་གྱིས་སློབ་མ་ལ་སྟོན་པ་བཞིན་དུ་རིག་པ་སློབ་པ་ལས། ཟླ་བ་གྲགས་བའི་འཕགས་པ་ལ་ཉེ་རིང་མི་མངའ་འམ་ཞེས་སྒོ་ཕྱེ་བས་དེ་ཉིད་དུ་རྡོ་སྐུར་གྱུར་ཏེ། ཆོས་སློབ་བཞིན་པའི་ཕྱག་སོར་ཀེར་རེ་པ་ལ་ལུས་པས་འཕགས་པ་འཛུབ་ཀེར་མར་གྲགས། དེ་སྐབས་ནས་རྩོད་པ་རང་ཞི། ཟླ་གྲགས་ཀྱིས་སྤྱན་རས་གཟིགས་ལ་གསོལ་བ་དྲག་ཏུ་བཏབ་པས། མནལ་ལམ་དུ་ཁྱོད་ནི་འཇམ་དབྱངས་ཀྱིས་བྱིན་གྱིས་བརླབས་པས་ངས་བྱིན་གྱིས་རློབ་མི་དགོས་ཀྱིས། ཙནྡྲ་གོ་མཱི་ལ་ཅུང་ཟད་ཅིག་བྱིན་གྱིས་བརླབས་པ་ཡིན་གསུང༌། སྤྱི་ཁྱབ་ཏུ་དེ་ཙམ་ཞིག་གྲགས་ལ། གསང་འདུས་འཕགས་སྐོར་བ་རྣམས་ན་རེ། སླར་ཡང་ཞལ་སྟོན་པར་གསོལ་བ་བཏབ་པས། གསང་བ་འདུས་པ་སྒོམས་གསུངས། ཞག་བདུན་བསྒོམས་པས་དཀྱིལ་འཁོར་གྱི་ནུབ་ཀྱི་སྒོའི་ནང་ན་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དམར་པོ་བྱི་རུའི་ཕུང་པོ་ལྟར་དམར་གྲོང་ངེར་ཞལ་གཟིགས་སྐད། དེ་ནས་ན་ལེནྡྲའི་གནས་དེར་བཞུགས་ནས་ཆོས་མང་དུ་བསྐུལ། ཟླ་བ་གྲགས་པས་མཛད་པའི་བསྟན་བཅོས་ཀུན་ཏུ་བཟང་པོ་ཞེས་བྱ་བ་ཚིགས་བཅད་ལེགས་པོ་ཞིག་གཟིགས་པས་རང་གིས་མཛད་པའི་སྒྲ་མདོ་སྡེབ་མི་ལེགས་པར་མཁྱེན་ནས། འགྲོ་དོན་མི་འབྱུང་སྙམ་ནས་དེས་ཁྲོན་པར་བསྐྱུར་བས། རྗེ་བཙུན་འཕགས་མ་སྒྲོལ་མས། ཁྱོད་ཀྱི་འདི་ནི་གཞན་ཕན་གྱི་སེམས་བཟང་པོས་བྱས་པས་མ་འོངས་པ་ན་སེམས་ཅན་ལ་ཤིན་ཏུ་ཕན་པར་འགྱུར་ལ། ཟླ་གྲགས་ཀྱིས་ནི་མཁས་པའི་ང་རྒྱལ་གྱིས་ནོན་པས། གཞན་ལ་ཕན་ཐོགས་ཆུང་ངུར་འགྱུར་རོ། །དེའི་ཕྱིར་གླེགས་བམ་ཁྲོན་པ་ནས་ཕྱུང་ཞིག །ཅེས་ལུང་བསྟན་པ་ལྟར་བླངས་ཏེ། ཁྲོན་པ་དེའི་ཆུ་འཐུངས་པ་ཙམ་གྱིས་ཤེས་རབ་ཆེན་པོར་འགྱུར་བ་བྱུང༌། ཙནྡྲ་པ་ནི་དེ་ནས་ད་ལྟའི་བར་དུ་ཤིན་ཏུ་དར་རྒྱས་ཆེ་ཞིང༌། ཕྱི་ནང་ཐམས་ཅད་སློབ་པར་བྱེད་ལ། ཀུན་ཏུ་བཟང་པོ་ནི་མི་རིང་བར་ནུབ་སྟེ་ད་ལྟར་དཔེ་ཙམ་ཡང་ཡོད་པར་མི་མངོན་ནོ། །དེར་བཟོའི་གནས་བརྒྱ་རྩ་དང༌། སྒྲ་དང༌། རྟོག་གེ་དང༌། སྨན་དཔྱད་དང༌། སྡེབ་སྦྱོར་དང༌། ཟློས་གར་དང༌། མངོན་བརྗོད་དང༌། སྙན་དངགས་དང༌། སྐར་རྩིས་ལ་སོགས་པའི་བསྟན་བཅོས་ཀྱང་མང་དུ་བརྩམས། སློབ་མ་རྣམས་ལ་དེ་རྣམས་གཙོ་བོར་བཤད་པའི་ཚེ། འཕགས་མ་སྒྲོལ་མས། ས་བཅུ་པ་དང་ཟླ་བ་སྒྲོན་མེ་དང༌། །སྡོང་པོས་བརྒྱན་པ་དང་ནི་ལང་ཀར་འཇུག །རྒྱལ་བ་རྣམས་ཀྱི་ཡུམ་གྱུར་ཀློགས་ཤིག་ཀྱེ། །སྡེབ་སྦྱོར་ངན་གཡོའི་སྦྱོར་བས་ཁྱོད་ལ་ཅི། །ཞེས་གསུངས་པས་ཕྱི་རོལ་ཀྱི་རིག་པའི་གནས་རྣམས་ཉུང་ངུར་བསྟན་ཞིང༌། རྨད་དུ་བྱུང་བའི་མདོ་ལྔ་པོ་དེ་དག་དུས་རྟག་ཏུ་མ་ཆད་པར་གཞན་ལ་གསུངས། བདག་ཉིད་ཀྱང་ཉིན་རེར་ཞལ་འདོན་མཛད། མདོ་དེ་རྣམས་ལ་དོན་བསྡུའི་བསྟན་བཅོས་རེ་ཡང་མཛད། སྤྱིར་སྔ་ཕྱིར་མཛད་པ་ལ་བསྟོད་པ་བརྒྱ་དང་བརྒྱད། ནང་རིག་པའི་བསྟན་བཅོས་བརྒྱ་དང་བརྒྱད། ཕྱི་རོལ་ཀྱི་བསྟན་བཅོས་བརྒྱ་དང་བརྒྱད། བཟོ་གནས་བརྒྱ་དང་བརྒྱད་དེ། ཕྲ་མོ་ཐོར་བུ་པ་བཞི་བརྒྱ་སུམ་ཅུ་རྩ་གཉིས་བརྩམས་ཟེར། པྲ་དཱི་བ་མཱ་ལི་ཞེས་བྱ་བའི་བསྟན་བཅོས་བྱང་ཆུབ་སེམས་དཔའི་ལམ་རིམ་མཐའ་དག་སྟོན་པ་ཞིག་ཀྱང་མཛད་དེ། ཆེར་མ་དར། འགྲོ་ལྡིང་དང༌། སིངྒ་ལའི་གླིང་ན་དེ་འཆད་པའི་སྲོལ་ད་ལྟའང་འདུག་གསུང༌། སྡོམ་པ་ཉི་ཤུ་པ་དང༌། སྐུ་གསུམ་ལ་འཇུག་པ་ནི། ཐེག་ཆེན་པཎྜི་ཏ་ཕྱིས་བྱོན་པ་ཐམས་ཅད་ཀྱིས་སློབ་པར་བྱེད་པ་བྱུང་ངོ༌། །སྒྲོལ་མའི་སྒྲུབ་ཐབས་བརྒྱ་རྩ་དང༌། སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་བརྒྱ་རྩ་ཞེས་བྱ་བ་སློབ་དཔོན་འདིས་མཛད་པ་བོད་དུ་འགྱུར་སྣང་བས། སྤྱིར་བསྟན་བཅོས་མང་པོ་རང་ཞིག་མཛད་པར་སྣང་ངོ༌། ། ཡང་བུད་མེད་དབུལ་མོ་རྒན་མོ་ཞིག་ལ་བུ་མོ་གཟུགས་མཛེས་པ་ཞིག་ཡོད་པ། བག་མར་རྫོང་བའི་ཆས་མེད་ནས་ཡུལ་སྣ་ཚོགས་སུ་སློང་མོ་ལ་ཕྱིན། ནཱ་ལེནྡྲར་འོངས་ནས། ཟླ་བ་གྲགས་པ་འདུ་བ་རྒྱ་ཆེན་པོར་གྲགས་པ་ལ་བསླངས་པས། ཁོ་བོ་ནི་དགེ་སློང་ཡིན་པས་ཡོ་བྱད་མང་པོ་མ་བཟུང་ཞིང༌། །ཅུང་ཟད་ཡོད་པའང་ལྷ་ཁང་དང་དགེ་འདུན་གྱི་དོན་དུ་དགོས། ཁང་པ་ཕ་གི་ན་ཙནྡྲ་གོ་མཱི་ཡོད་པས། དེར་སློངས་ཤིག་ཅེས་བསྟན་པས། རྒན་མོས་ཙནྡྲ་གོ་མཱིའི་སར་སློང་དུ་ཕྱིན་ན། སྐུ་ལ་གསོལ་བའི་ན་བཟའ་ཕྲུགས་གཅིག་དང༌། འཕགས་པ་བརྒྱད་སྟོང་པའི་པོ་ཏི་གཅིག་ལས་གཞན་གང་ཡང་མེད་དེ། དེར་ལོགས་བྲིས་ལ་སྒྲོལ་མའི་སྐུ་བརྙན་བཞུགས་པ་དབུལ་ཕོངས་ལ་རབ་ཏུ་བརྩེ་བའི་སེམས་ཀྱིས་དེ་ལ་གསོལ་བ་བཏབ་ཅིང་སྤྱན་ཆབ་ཕྱུང་བས། དེ་ཉིད་སྒྲོལ་མ་དངོས་སུ་གྱུར་ཏེ། སྐུའི་རྒྱན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་རིན་ཐང་མེད་པའི་ནོར་བུ་དང་བཅས་པ་དག་ཕུད་ནས་སློབ་དཔོན་ལ་གནང༌། དེས་ཀྱང་དེ་ལ་སྩལ་བས་ཤིན་ཏུ་ཚིམ་པ་ཐོབ་ཅིང༌། རི་མོའི་སྐུ་བརྙན་རྒྱན་མེད་པར་སོང་བས་སྒྲོལ་མ་རྒྱན་མེད་མ་ཞེས་གྲགས་ཤིང༌། རྒྱན་ཕུད་པའི་ཤུལ་ལམ་མེ་ཡོད་དོ། །དེ་ལྟར་སེམས་ཅན་གྱི་དོན་ཡུན་རིང་དུ་མཛད་ནས། མཐར་པོ་ཏ་ལར་གཤེགས་པར་བཞེད་དེ། འཛམ་བུའི་གླིང་ནས་དྷ་ན་ཤྲིའི་གླིང་དུ་བྱོན་པ་ན། སྔོན་ཀླུ་ཤེ་ཥ་ལ་སྨད་པས་འཁོན་དུ་བཟུང་ནས་རྒྱ་མཚོའི་རླབས་ཆེན་པོས་གྲུ་གཟིངས་གཞུག་པར་བརྩམས། རྒྱ་མཚོའི་དབུས་ནས་སྒྲ་བྱུང་ནས་ཙནྡྲ་གོ་མི་ཕྱུང་ཞིང་ཟེར། སྒྲོལ་མ་ལ་གསོལ་བ་བཏབ་པས། འཕགས་མ་གཙོ་འཁོར་ལྔ་མཁའ་ལྡིང་ལ་ཆིབས་པ་མདུན་གྱི་ནམ་མཁར་བྱོན་པས་ཀླུ་རྣམས་འཇིགས་ཤིང་སྐྲག་ནས་བྲོས། གྲུ་དྷ་ན་ཤྲཱིར་བདེ་བར་སླེབ་བོ། །དེར་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་མཆོད་ཅིང༌། སྒྲོལ་མའི་ལྷ་ཁང་བརྒྱ་རྩ་དང༌། འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཁང་བརྒྱ་རྩ་བཞེངས། རི་པོ་ཏ་ལར་གཤེགས་ནས་ད་ལྟ་ཡང་ལུས་མ་སྤངས་པར་བཞུགས་སོ། །སློབ་མ་ལ་སྤྲིངས་པའི་འཕྲིན་ཡིག་ནི། རྒྱལ་པོའི་བུ་རིན་ཆེན་གྲགས་པ་ཞེས་བྱ་བ་རབ་ཏུ་བྱུང་བ་བབས་པ་ཞིག་ལ་པོ་ཏ་ལ་ནས་ཚོང་པ་རྣམས་ལ་བསྐུར་བས། དེ་ཡང་སློབ་སྤྲིངས་མཐོང་ནས་ཆོས་བཞིན་སྤྱོད་པར་གྱུར་ཏོ་ཞེས་གྲགས་སོ། །དེ་ལྟར་བྱོན་པ་ལས། དཔལ་ལྡན་ཟླ་བ་གྲགས་པ་དང༌། ཙནྡྲ་གོ་མཱིའི་སྐུ་ཚེའི་སྟོད་ཀྱི་དུས་ནི། རྒྱལ་པོ་སེང་གེ་དང་བྷརྵས་རྒྱལ་སྲིད་སྐྱོང་བའི་དུས་ཡིན་ལ། ཆོས་སྐྱོང་གི་ཡང་སྐུ་ཚེའི་སྟོད་ཡིན་པར་ཤེས་སོ། ། ཟླ་གྲགས་ཙནྡྲ་གོ་མི་ན་ལེནྡྲར་ཞལ་འཛོམ་པ་སོགས་སྐུ་ཚེའི་སྨད་ཀྱི་དུས་དང༌། སློབ་དཔོན་ཆོས་སྐྱོང་འགྲོ་དོན་མཛད་པའི་དུས་ནི། རྒྱལ་བོ་སེང་གེ་ལྔ་པའི་དུས་ཡིན་ནོ། །རྒྱལ་པོ་ངང་ཚུལ་གྱི་དུས་ཀྱི་གཏམ་སྟེ་ཉི་ཤུ་རྩ་བཞི་པའོ།། །། ༢༥ རྒྱལ་པོ་གཡོ་བ་དང་སེངྒེ་ལྔ་བ་སོགས་ཀྱི་དུས་ཀྱི་གཏམ། རྒྱལ་པོ་བྷརྵ་དང༌། སིངྷ་ཙནྡྲ་འདས་པ་ཙམ་གྱི་དུས་ན། ནུབ་ཕྱོགས་མ་ལ་ཝར་རྒྱལ་པོ་གཡོ་བ་ཞེས་བྱ་བ་སྟོབས་ཆེན་པོ་བྱུང་སྟེ། རྒྱལ་པོ་ངང་ཚུལ་ལ་བདོ་བ་ཙམ་དུ་གྱུར་ཞིང༌། དེས་ལོ་སུམ་ཅུ་རྒྱལ་སྲིད་བྱས་ཏེ། རྒྱལ་པོ་ངང་ཚུལ་དང་དུས་གཅིག་ཏུ་ཤིའོ། །ཤར་ཕྱོགས་སུ་བྷརྵའི་བུ་རྒྱལ་པོ་སེང་གེ་ལྔ་པ་ཞེས་བྱ་བ་ཤིན་ཏུ་སྟོབས་ཆེ་བ་བྱུང་སྟེ། སིངྷ་ཙནྡྲའི་བུ་རྒྱལ་པོ་བཱ་ལ་ཙནྡྲ་བྷཾ་ག་ལ་ནས་ཡུལ་བཏོན་ཏེ་ཏི་རཱ་ཧུ་ཏིར་རྒྱལ་སྲིད་བྱས་སོ། །རྒྱལ་པོ་སེང་གེ་ལྔ་པ་དེས་བྱང་བོད། ལྷོ་ཏྲི་ལིངྒ། ནུབ་ཏུ་ཝཱ་རཱ་ཎ་སཱི། ཤར་ཕྱོགས་རྒྱ་མཚོ་ལ་ཐུག་པར་དབང་བསྒྱུར། དེའི་ཚེ་མཆོག་སྡེའི་སློབ་མ་དུལ་བའི་སྡེ་དང༌། མ་ག་དྷཱ་ར་བཙུན་པ་གྲོལ་སྡེ་དང༌། ཡོན་ཏན་འོད་ཀྱི་སློབ་མ་མངོན་པ་བ་ཡོན་ཏན་བློ་གྲོས་དང༌། སློབ་དཔོན་ཆོས་སྐྱོང་དང༌། དབང་ཕྱུག་སྡེ་དང༌། ཁ་ཆེའི་ཡུལ་དུ་ཐམས་ཅད་མཁྱེན་པའི་བཤེས་གཉེན་དང༌། མ་ག་དྷར་རྒྱལ་པོ་བྷརྵའི་བུ་ཆུང་བ་རྒྱལ་པོ་གསལ་བ་ཞེས་བྱ་བ་ཡུལ་འཁོར་རྒྱ་ཆུང་ཡང་ལོངས་སྤྱོད་ཤིན་ཏུ་ཆེ་བ་དང་བཅས་པ་བྱུང་ཞིང༌། ལྷོ་ཕྱོགས་རི་བོ་འབིགས་བྱེད་དང་ཉེ་བའི་ཡུལ་ཐམས་ཅད་ལ་དབང་བསྒྱུར་བ་རྒྱལ་པོ་མེ་ཏོག་ཅེས་བྱ་བ་བྱུང་ངོ༌། ། དེ་ལ་རྒྱལ་པོ་གཡོ་བས་ཕོ་བྲང་གི་ཕྱོགས་བཞིར་གཙུག་ལག་ཁང་རེ་བྱས་ནས། ལོ་བཅུ་གཉིས་སུ་འཁོར་རྣམ་པ་བཞི་སུ་བྱུང་བ་ཐམས་ཅད་ལ་ཟས་གོས་རྙེད་པ་གསུམ་གྱིས། ཡོ་བྱད་བཟང་པོས་བསྟབས་ཏེ། སྔ་ཕྱི་བསྡོམས་པས་འབུམ་ཕྲག་གཉིས་སོ། །རྒྱལ་པོ་སེང་གེ་ལྔ་པས་ཕྱི་ནང་གཉིས་ཀ་ལ་མཆོད་ཅིང༌། ནང་པའི་འང་ཆོས་གཞི་ཉི་ཤུ་ཙམ་བཙུགས། མཆོད་རྟེན་མང་དུ་བཞེངས། རྒྱལ་པོ་གསལ་བས་ནི། ཟླ་བ་གྲགས་པ་དང༌། ཙནྡྲ་གོ་མཱི་ལ་སོགས་པ་དཔལ་ནཱ་ལེནྡྲའི་མཁས་པ་ཐམས་ཅད་མཆོད་ཅིང༌། གསེར་གྱི་བུམ་པ་མུ་ཏིག་གིས་བཀང་པ་བརྒྱ་རྩ་བརྒྱད་ཆོས་གཞིའི་ཐེབས་སུ་ཕུལ། མ་ག་དྷཱའི་ལྷ་ཁང་དང༌། མཆོད་རྟེན་ཐམས་ཅད་ལ་མཆོད་པ་བླ་ལྷག་ཏུ་བྱས་སོ། །དུལ་བའི་སྡེ་དང༌། བཙུན་པ་རྣམ་གྲོལ་སྡེའི་ལོ་རྒྱུས་རྒྱས་པ་མ་མཐོང༌། ལྷ་ཁང་གཅིག་ཏུ་དུལ་བའི་སྡེས་མི་ཕམ་མགོན་པོའི་སྐུ་བཞེངས། དེས་གསུང་བྱོན་ནས། འགྲོ་བའི་དོན་སྤྱོད་པ་ལ་གྲོགས་སུ་ཨཱརྱཱ་ཏ་རེ་ཡང་བཞེངས་གསུངས་ནས་ཙནྡྲ་གོ་མཱི་སྤྱན་དྲངས་ནས་བཞེངས་ཞེས་གྲགས། ལྷ་སྐུ་གཉིས་པོ་དེ་ཕྱིས་ཏུ་རུཥྐའི་འཇིགས་པས་ལྷའི་རི་བོར་སྤྱན་དྲངས་ཏེ་ཕྱིས་འབྱུང་གི་བར་དུ་བཞུགས་སོ། །དེ་བཞིན་དུ་བཙུན་པ་གྲོལ་སྡེས་མི་ཕམ་མགོན་པོ་བསྒྲུབས་པས་ལོ་བཅུ་ལོན་ཡང་ལྟས་གང་ཡང་མ་བྱུང་བར། སློབ་དཔོན་ཟླ་བ་གྲགས་པ་ལ་ཐབས་དྲིས་པས། སྡིག་སྒྲིབ་བྱང་བའི་དོན་དུ་སྦྱིན་སྲེག་གྱིས་ཞེས་གདམས། སྲེག་བླུགས་འབུམ་ཕྲག་བཅུ་གཉིས་ཕུལ་བས་ཐབ་ནང་དུ་ཞལ་གཟིགས་ཞེས་ཟེར་རོ། ། སློབ་དཔོན་ཡོན་ཏན་བློ་གྲོས་ནི་རིག་པའི་གནས་ཐམས་ཅད་ལ་མཁས་པས། མངོན་པ་མཛོད་ཀྱི་འགྲེལ་བཤད་དང༌། དབུ་མ་རྩ་བ་ལ་བློ་བརྟན་གྱི་རྗེས་སུ་འབྲངས་ཏེ་ལེགས་ལྡན་འགོག་པའི་འགྲེལ་པ་བྱས། ལེགས་ལྡན་གྱི་སློབ་མ་སཾ་པྲ་དཱུ་ཏཿཡང་འདི་དང་དུས་མཉམ་དུ་བྱུང༌། ཤར་ཕྱོགས་པ་ལ་པཱུ་རིར་རྩོད་པ་ཡུན་རིང་དུ་བྱས་པས་ཡོན་ཏན་བློ་གྲོས་རྒྱལ་ལོ་ཞེས་གྲགས་སོ། ། སློབ་དཔོན་ཆོས་སྐྱོང་ནི། ལྷོ་ཕྱོགས་ཀྱི་རྒྱུད་དུ་འཁྲུངས་པ། སྙན་དངགས་མཁན་གྱི་རིགས་ལས་བྱུང་བ། དགེ་བསྙེན་དུ་གནས་པའི་དུས་ནས་སྙན་དངགས་མཁན་ཆེན་པོ་ཕྱི་ནང་གི་གཞུང་ལུགས་ཕལ་ཆེར་ཤེས་པ་ཞེས་སློབ་དཔོན་ཆོས་འབངས་ལས་རབ་ཏུ་བྱུང་ཞིང་འདུལ་བ་ཉན་ནས། མཁས་པ་ཆེན་པོར་གྱུར་པ་ན་ཡུལ་དབུས་སུ་བྱོན། སློབ་དཔོན་ཕྱོགས་ཀྱི་གླང་པོ་ལས་སྡེ་སྣོད་ཡན་ལག་དང་བཅས་པ་ཐམས་ཅད་སླར་ཡང་ཉན་ཏེ་མཁས་པའི་དབང་ཕྱུག་ཏུ་གྱུར་པ། མདོ་སྡེ་ཆེན་པོ་བརྒྱ་རྩ་འདོན་པ། དེས་རྡོ་རྗེ་གདན་དུ་བྱོན་ནས་ལྷག་པའི་ལྷ་རྣམས་ལ་བསྟོད་པ་མང་དུ་བྱས། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་བསྒྲུབས་པས་བྱང་ཆུབ་ཀྱི་ཤིང་གི་རྩེ་མོ་ལ་བྱོན་པ་གཟིགས། དེ་ཕྱིན་ཆད་ནས་འཕགས་པ་ནམ་མཁའི་སྙིང་བོ་ལ་རྟག་ཏུ་ཆོས་གསན་པ་ཞིག་བྱུང་སྟེ། རྡོ་རྗེའི་གདན་དེ་ཉིད་དུ་ལོ་སུམ་ཅུ་ལྷག་ཅིག་ཆོས་སྟོན་པར་མཛད་ཅིང༌། དཔལ་ལྡན་ཟླ་བ་གྲགས་པའི་རྗེས་སུ་དཔལ་ན་ལེནྡྲའི་མཁན་པོ་མཛད་དོ། །དེ་དག་ཏུ་སློབ་མ་བྱང་ཆུབ་སེམས་དཔའི་རྩ་ལྟུང་བྱུང་བ་ཀུན་ལའང༌། དངོས་དང་རྨི་ལམ་གང་ཡང་རུང་བར་འཕགས་པ་ནམ་མཁའི་སྙིང་པོའི་མདུན་དུ་ལྟུང་བ་བཤགས་སུ་འཇུག་ནུས་ཤིང༌། འཕགས་པ་ནམ་མཁའ་མཛོད་ལས་ནོར་བླངས་པས་ཆོག་པར་གྲགས་ཏེ། རང་ཉིད་དགེ་འདུན་དང་བཅས་པ་ལ་འཚོ་བའི་ཡོ་བྱད་སྦྱིན་བདག་ལས་མི་འཚོལ་བར་ནམ་མཁའ་ལས་སློང་བར་མཛད། མུ་སྟེགས་ཀྱི་རྒོལ་བ་རྣམས་ཁྲོ་བོ་དབྱུག་པ་སྔོན་པོས་བསྡིགས་ནས་ངག་གནོན་པར་བྱེད་པ་ཞིག་བྱུང་ངོ༌། །དེས་དབུ་མ་བཞི་བརྒྱ་པ་ལ་རྣམ་རིག་ཏུ་བཀྲལ་བའི་འགྲེལ་པ་མཛད། འགྲེལ་པ་འདི་ཟླ་གྲགས་ཀྱི་བཞི་བརྒྱ་པའི་འགྲེལ་པའི་སྔོན་ལ་བརྩམས་པར་མངོན་པས་རྡོ་རྗེ་གདན་དུ་བརྩམས་པ་ཡིན་ཞིང༌། སློབ་དཔོན་ཆོས་འབངས་ཀྱི་དཔེ་འགྲེལ་ལ་ནི་ཟླ་གྲགས་དང༌། ཆོས་སྐྱོང་གཉིས་ཀར་བརྟེན་ནོ། །སྐུ་ཚེའི་མཐར་ཤར་ཕྱོགས་གསེར་གླིང་དུ་བྱོན་ནས་བཅུད་ལེན་གྱི་དངོས་གྲུབ་བསྒྲུབས་ཏེ། མཐར་ལྷའི་གནས་སུ་བཞུད་དོ། །ཞེས་གྲགས་སོ། ། འདིས་ན་ལེནྡྲའི་མཁན་པོ་ཅུང་ཟད་མཛད་ནས། དེའི་འོག་ཏུ་རྒྱལ་བའི་ལྷས་མཁན་པོ་མཛད་དོ། །དེའི་སློབ་མ་ནི་ཞི་བ་ལྷ་དང༌། བི་རཱུ་པ་ཡིན་ནོ། །ཕྱི་མའི་ལོ་རྒྱུས་ནི་དེ་ཡང་ནཱ་ལེནྡྲའི་གཙུག་ལག་ཁང་དུ་སློབ་གཉེར་བྱེད་སྐབས་ ཤིག །ལན་ཅིག་དེ་བཱི་ཀོ་ཊར་ཕྱིན་པས། བུད་མེད་གཅིག་གིས་མེ་ཏོག་ཨུཏྤལ་གཅིག་དང༌། འགྲོན་བུ་གཅིག་གཏད་པ་བླངས་ཏེ་ཕྱིན་པས། མི་རྣམས་མཁའ་འགྲོ་མས་རྒྱས་བཏབ་པ་སྙིང་རེ་རྗེ་ཟེར། རྒྱུ་མཚན་ཅི་བྱས་པས། དེ་བོར་དང་ཟེར་བོར་བས་ལག་པ་ལ་འབྱར་ཏེ་འབོར་མ་ཐུབ། དེ་ནས་ནང་པའི་མཁའ་འགྲོ་མ་དང་འཕྲད་ནས་སྐྱོབ་དགོས་བྱས་པས། དེང་ཕྱི་ནང་གི་མཁའ་འགྲོ་མ་རྣམས་མེ་ཏོག་སྤྲོད་པ་སུ་སྔ་དབང་བར་ཆད་སོ་བྱས་ཟེར། ཐབས་གཞན་མེད་དམ་བྱས་པ་ན། དཔག་ཚད་ལྔའི་ཕ་རོལ་ཏུ་ཕྱིན་ན་ཐར་ཟེར་ཡང་ཉི་མ་དགོངས་ཀར་སོང་བས་མི་སླེབ་སྟེ། མགྲོན་ཁང་གཅིག་ཏུ་རྫ་མ་ཁ་སྦུབ་པའི་འོག་ཏུ་བསྡད། སྟོང་པ་ཉིད་བསྒོམས་སོ། །ནུབ་མོ་དེ་ན་ཡོད་པའི་མི་རྣམས་རེ་རེ་ནས་ཕྲ་མེན་རྣམས་ཀྱིས་བོས། རྒྱས་བཏབ་པ་དེ་མ་ཡིན་པར་ཤེས་ནས་ཡང་ཡང་བསྐྱལ། བི་རཱུ་པ་མ་མཐོང་བའི་ངང་ལ་ནམ་ལངས་ཏེ་དེ་རྣམས་གྱེས་སོ། །དེ་ནས་བྲོས་ཏེ་སླར་ནཱ་ལེནྡྲར་ཕྱིན་པཎྜི་ཏར་གྱུར་ཙ་ན། ད་ནི་ཕྲ་མེན་མ་རྣམས་འདུལ་དགོས་སྙམ་ལྷོ་ཕྱོགས་དཔལ་གྱི་རིར་ཕྱིན། སློབ་དཔོན་ཀླུའི་བྱང་ཆུབ་ལ་གཤིན་རྗེ་གཤེད་ཞུས་ནས་བསྒོམས་པས་ནམ་ཞིག་ན་ཞལ་མངོན་སུམ་དུ་མཐོང༌། ད་དུང་ཡུན་རིང་དུ་བསྒོམས་པས་དཔལ་ཁྲོ་བོ་ཆེན་པོ་དང་མཉམ་པར་གྱུར་སྐད། དེ་ནས་ཡང་དེ་བཱི་ཀོ་ཊར་ཕྱིན་པས་སྔར་གྱི་ཕྱི་པའི་མཁའ་འགྲོ་མ་རྣམས་ན་རེ་སྔོན་རྒྱས་བཏབ་པ་དེ་བྱུང་ཟེར། ནུབ་མོ་འཇིགས་པའི་གཟུགས་ཀྱིས་ཟ་བར་བྱུང་བ་ལ་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་དུ་བཞེངས་པས། དེ་རྣམས་བརྒྱལ་ཞིང་ཤི་ལ་ཐུག་པར་སོང༌། དེ་དག་དམ་ལ་བཞག་ནས་ན་ལེནྡྲར་འོངས། དེ་ནས་སྤྱོད་པ་ལ་བྱོན་པ་ཡིན་ནོ། །ལོ་རྒྱུས་ལྷག་མ་གཞན་དུ་ཤེས་ལ། ཞི་བ་ལྷ་ནི། སཽ་རཥྟ་ར་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། སྔོན་གྱི་ལས་འཕྲོའི་མཐུས་ཆུང་ངུ་ནས་འཇམ་དཔལ་མནལ་ལམ་དུ་ཞལ་གཟིགས། ཆེར་སྐྱེས་ནས་རྒྱལ་སྲིད་དུ་བསྐོ་བར་བྱས་པ་ལས། མནལ་ལམ་དུ་རྒྱལ་སྲིད་དུ་བསྐོ་བའི་ཁྲི་ལ་འཇམ་དཔལ་བཞུགས་ནས། བུ་གཅིག་འདི་ནི་ང་ཡི་སྟན་ཡིན་ཏེ། །ང་ནི་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན། ཁྱོད་དང་ང་གཉིས་སྟན་གཅིག་ལ་འདུག་པ། །འདི་ནི་རྣམ་པ་ཀུན་ཏུ་རིགས་མ་ཡིན། །ཞེས་གསུང་པ་དང༌། འཕགས་མ་སྒྲོལ་མས་རང་གི་མའི་ཚུལ་བཟུང་ནས། ཆུ་ཚན་སྤྱི་བོ་ནས་བླུགས་པས། ཅི་ཡིན་དྲིས་པ་ན། རྒྱལ་སྲིད་ནི་དམྱལ་བའི་ཆུ་ཚན་མི་བཟད་པ་ཡིན་ཏེ། དེས་ཁྱོད་ལ་དབང་བསྐུར་བ་ཡིན་ནོ་ཞེས་ཟེར་བས། རྒྱལ་སྲིད་བཟུང་དུ་མི་རུང་བར་མཁྱེན་ནས་ནངས་པར་རྒྱལ་སར་བསྐོ་རྒྱུའི་ནུབ་མོ་བྲོས་ནས་སོང་ངོ༌། །དེར་ཞག་ཉི་ཤུ་རྩ་གཅིག་ཏུ་ཕྱིན་པས། ནགས་ཞིག་གི་རྩ་བ་ན་ཆུ་མིག་འདུག་པ་འཐུང་བར་བརྩམས་པ་ན། བུད་མེད་ཅིག་གིས་བཟློག་ནས་ཆུ་ཞིམ་པོ་གཞན་བླུད། ནགས་ཀྱི་ཕུག་ན་རྣལ་འབྱོར་བ་ཞིག་འདུག་པའི་དྲུང་དུ་ཁྲིད། དེ་ལ་ཡང་དག་པའི་གདམས་པ་ནོས་ཏེ་བསྒོམས་པས་ཏིང་ངེ་འཛིན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཐོབ། རྣལ་འབྱོར་པ་དེ་ནི་འཇམ་དཔལ་དང༌། བུད་མེད་དེ་སྒྲོལ་མ་ཡིན་ལ། དེ་ནས་རྟག་ཏུ་འཇམ་དཔལ་གྱི་ཞལ་གཟིགས་ སོ། །དེ་ནས་ཤར་ཕྱོགས་སུ་ཕྱིན་ཏེ། རྒྱལ་པོ་སེང་གེ་ལྔ་པའི་འཁོར་གྱི་ནང་དུ་བཞུགས་པས་སྒྱུ་རྩལ་གྱི་གནས་ཐམས་ཅད་ལ་ཤིན་ཏུ་མཁས་ཤིང་བློ་གྲོས་ཆེ་བར་འདུག་ནས་བློན་པོ་གྱིས་གསུང་བ་རེ་ཞིག་ཞལ་གྱིས་བཞེས། ཡི་དམ་གྱི་ཕྱག་མཚན་ཤིང་གི་རལ་གྲི་གཅིག་འཆང་གིན་ཡོད། དེར་བཟོའི་གནས་སྔོན་མེད་པ་ཐམས་ཅད་དར་བར་མཛད། རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་བཅུག་པས་བློན་པོ་གཞན་རྣམས་ཀྱིས་ཕྲག་དོག་བྱས་ཏེ། རྒྱལ་པོ་ལ་འདི་ནི་གཡོ་ཅན་ཞིག་སྟེ། རལ་གྲི་ཡང་ཤིང་ལས་མེད་དོ་བྱས་པས་རྒྱལ་པོ་ལ་བློན་པོ་ཐམས་ཅད་ཀྱི་རལ་གྲི་སྟོན་དགོས་བྱུང་བས། སློབ་དཔོན་གྱིས་འདི་བྱུང་ན་ལྷ་ཉིད་ལ་གནོད་པར་འགྱུར་རོ་བྱས་པས་ལྷག་པར་ཐེ་ཚོམ་སྐྱེས་ཏེ། གནོད་ཀྱང་སླ་ཡི་ངེས་པར་སྟོན་ཅིག་ཟེར། འོ་ན་སྤྱན་གཡས་པ་ཁོབ་ལ་གཡོན་པས་གཟིགས་ཤིག་གསུང༌། དེ་ལྟར་བྱས་ནས་བསྟན་པས་རལ་གྲིའི་འོད་ཀྱིས་རྒྱལ་པོའི་མིག་གཡོན་པ་ལྷུངས་སོ། །དེ་ནས་གྲུབ་པ་ཐོབ་པར་ཤེས། རྙེད་བཀུར་མང་པོ་བྱས་ནས་བཞུགས་སུ་གསོལ་བས། རྒྱལ་སྲིད་ཆོས་བཞིན་གྱིས། ནང་པའི་ཆོས་གཞི་ཉི་ཤུ་ཚུགས་ཞེས་བསྒོས་ནས་ཡུལ་དབུས་སུ་བྱོན། མཁན་པོ་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་སྟེ། མིང་ཞི་བའི་ལྷར་བཏགས། དེར་པཎྜི་ཏ་རྣམས་དང་ལྷན་ཅིག་གནས་པ་ལས། ཁ་ཟས་ཀྱང་འབྲས་བྲེ་བོ་ཆེ་ལྔ་ལྔ་གསོལ། ནང་དུ་ཏིང་ངེ་འཛིན་དང་འཕགས་པ་འཇམ་དཔལ་ལ་ཆོས་གསན་ཞིང༌། བསླབ་པ་ཀུན་ལས་བཏུས་དང༌། མདོ་ཀུན་ལས་བཏུས་ལེགས་པར་བརྩམས། མ་ལུས་པའི་ཆོས་ཐམས་ཅད་ཐུགས་སུ་ཆུད་པ་ཡིན་ཀྱང༌། ཉིན་མཚན་དུ་མནལ་ཞིང༌། ཕྱི་རོལ་གཞན་ངོར་ཐོས་བསམ་སྒོམ་གསུམ་གང་ཡང་མི་བྱེད་པ་ལྟར་བསྟན་པས། དགེ་འདུན་རྣམས་ཀྱིས་དད་རྫས་ཆུད་འཛའ་བར་བྱེད་པ་འདི་བསྐྲད་དགོས་པ་ལས། མདོ་འདོན་རེས་བྱས་ན་འདིར་རང་བུད་ལ་འགྲོ་ཞེས་བགྲོས་ནས། དེ་ལྟར་བྱས་ཏེ་མཐར་ཞི་བ་ལྷ་ལའང་མདོ་འདོན་དགོས་བྱས་པས། ཐོག་མར་ཞལ་གྱིས་མ་བཞེས། ནན་གྱིས་འཆུ་བ་ལ་འོ་ན་ཁྲི་བརྩེགས་ཤིག་གདོན་པར་བྱའོ་གསུངས་པས་འགའ་ཞིག་ཐེ་ཚོམ་སྐྱེས། ཕལ་ཆེར་དམའ་དབབ་པའི་དོན་དུ་འཚོགས། དེར་སློབ་དཔོན་སེང་གེའི་ཁྲི་ལ་འདུག་ནས། སྔར་བྱུང་བ་ཞིག་འདོན་ནམ་མ་བྱུང་བ་ཞིག་འདོན་བྱས་པས། ཐམས་ཅད་ཀྱིས་ཚོད་བགམ་པའི་ཕྱིར་མ་བྱུང་བ་ཐོན་ཅིག་ཟེར། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གསུངས་ཏེ། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། ཞེས་པའི་ཚིག་མཚམས་ནས་ནམ་མཁའ་ལ་འཕུར་ཞིང་གཤེགས་ནས། སྐུ་ལུས་མི་སྣང་ཡང་གསུང་གི་སྣང་བ་མ་ཆད་པ་བྱུང་སྟེ་སྤྱོད་འཇུག་རྫོགས་པར་གསུངས་སོ། ། དེར་པཎྜི་ཏ་གཟུངས་ཐོབ་པ་རྣམས་ཀྱིས་བློ་ལ་བཟུང་བ་ལས། ཁ་ཆེ་བ་རྣམས་ཀྱི་ཤློ་ཀ་སྟོང་ལྷག་པ་ཞིག་བྱུང༌། མཆོད་བརྗོད་རང་གི་བློས་སྦྱར། ཤར་པ་རྣམས་ཀྱི་ཤློ་ཀ་བདུན་བརྒྱ་ལས་མེད་པ་མཆོད་བརྗོད་དབུ་མ་རྩ་བའི་དེ་བཅུགདེ་ཡང་གཤགས་ལེ་དང༌། ཤེར་ལེ་ཆད་པ་ཡིན། དབུས་པ་རྣམས་ཀྱི་མཆོད་བརྗོད་དང་རྩོམ་པར་དམ་བཅའ་མེད་པ། རྗེས་བསྔགས་ཀྱི་དབང་དུ་བརྩིས་པའི་ཤློ་ཀ་སྟོང་ཡོད་པ་ཞིག་བྱུང༌། དེར་ཐེ་ཚོམ་དུ་གྱུར་པ་ལས། བོད་ཀྱི་སྔར་གྱི་ལོ་རྒྱུས་ལྟར་ན། གྲོང་ཁྱེར་དཔལ་ཡོན་ཅན་དུ་བཞུགས་ཟེར་ནའང༌། ཏྲི་ལིངྒའི་ཆར་གཏོགས་པ་གྲོང་ཁྱེར་ཀ་ལིངྒར་གཤེགས་ཏེ། དེ་ན་བཞུགས་ཞེས་ཐོས་པས་པཎྜི་ཏ་གསུམ་གྱིས་དེར་སོང་སྟེ། ནཱ་ལནྡྲར་འབྱོན་པར་ཞུས་པས་མ་གནང༌། འོ་ན་བསླབ་པ་ཀུན་ལས་བཏུས་པ་དང༌། མདོ་ཀུན་ལས་བཏུས་པ་བལྟ་བར་གསུངས་པ་ཡང་གང་ཡིན། དཔེ་གསུམ་པོ་འདིའང་གང་དག་ཅེས་ཞུས་པས། བསླབ་མདོ་ནི་བྲང་ཁང་གི་སྐར་ཁུང་ན་ཤིང་ཤུན་ལ་པཎྜི་ཏའི་ཡི་གེ་ཕྲ་མོས་བྲིས་པའི་གླེགས་བམ་ཡོད་པས་དེ་ལོང༌། སྤྱོད་འཇུག་ནི་ཡུལ་དབུས་པ་རྣམས་ཀྱིས་བཟུང་བ་ལྟར་ཡིན་བཟུང༌། དེར་ཡང་ནགས་ཚལ་གྱི་གཙུག་ལག་ཁང་ཞིག་ཡོད་པར་དགེ་སློང་ལྔ་བརྒྱ་ཙམ་དང་ལྷན་ཅིག་ཏུ་བཞུགས་ཤིང༌། ནགས་ཚལ་དེ་ན་རི་དྭགས་མང་དུ་ཡོད་པ་ལས། རི་དྭགས་གྲྭ་ཁང་དུ་བྱུང་བ་རྣམས་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་ཤ་རྣམས་གསོལ་བས། དགེ་སློང་རྣམས་ཀྱིས་རི་དྭགས་རྣམས་སློབ་དཔོན་གྱི་གྲྭ་ཁང་དུ་སོང་བ་མཐོང་ཞིང༌། ཕྱིར་བྱུང་བ་མ་མཐོང་ལ། རི་དྭགས་ཀྱི་ཚོགས་པའང་བྲི་བར་ཤེས་སོ། །འགའ་ཞིག་གིས་སྐར་ཁུང་ནས་བལྟས་པས་ཤ་གསོལ་བ་མཐོང༌། དེར་དགེ་འདུན་རྣམས་ཀྱིས་རྒོལ་བར་བརྩམས་པ་ན། རི་དྭགས་རྣམས་སླར་བསོས་ཏེ། སྔར་ལས་ཀྱང་ཉམ་སྟོབས་དང་ལྡན་པས་ཕྱིར་བྱུང་སྟེ་སོང༌། དེ་དག་གིས་རྙེད་བཀུར་དང་བཅས་ཏེ་བཞུགས་སུ་གསོལ་བ་ན་མ་བཞུགས་ཏེ། རབ་ཏུ་བྱུང་པའི་རྟགས་བོར། ཨུ་ཙུཥྨའི་སྤྱོད་པས་གཤེགས་ཏེ། ལྷོ་ཕྱོགས་ཀྱི་ཡུལ་ཞིག་ཏུ་ཕྱི་ནང་གཉིས་རྩོད་པར་གྱུར་པ་ལས། ནུས་པ་འགྲན་པར་བྱས་པ་ན་ནང་པས་མ་ནུས་པ་ལ། སློབ་དཔོན་ས་དེར་བྱོན་པའི་ཚེ། འཁྲུད་མ་བོར་བ་སྐུ་ལ་ཕོག་པ་ན་ཁོལ་བར་མཐོང་སྟེ་ནུས་པ་ཐོབ་པར་ཤེས་ནས། མུ་སྟེགས་དང་ནུས་པ་འགྲན་པར་ཞུས་པས་ཞལ་གྱིས་བཞེས། དེར་མུ་སྟེགས་ཀྱིས་ནམ་མཁའ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོ་བྲིས་པས། སྐད་ཅིག་དེ་ཉིད་ལ་རླུང་དྲག་པོ་བཏང་བས་དཀྱིལ་འཁོར་དང་མུ་སྟེགས་རྣམས་རླུང་གིས་ཁྱེར་ཏེ་ཆུ་བོ་ཞིག་ཡོད་པའི་ཕ་རོལ་ཏུ་འཕངས། མུ་སྟེགས་ལ་དགའ་བ་ཐམས་ཅད་ཀྱང་ཁྱེར་བ་ཙམ་དུ་གྱུར། རྒྱལ་པོ་ལ་སོགས་པ་ནང་པ་ལ་མོས་པ་རྣམས་ལ་རླུང་གིས་ཅི་ཡང་མ་གནོད་པས་མུ་སྟེགས་རྣམས་བསྣུབས་ནས་ཆོས་དར་བར་བྱས། ཡུལ་དེ་ལའང་མུ་སྟེགས་ཕམ་པའི་ཡུལ་ཞེས་གྲགས་སོ། །འདི་ནི་ལོ་རྒྱུས་ཁུངས་མ་ཀུན་ལས་འབྱུང་བས་ངེས་པར་ཡིད་ཆེས་པ་ཡིན་ནའང༌། དུས་ཀྱི་སྟོབས་ལས་ཡུལ་གྱི་མིང་འགྱུར་བས་ཡིན་ཏེ་འོང༌། ད་ལྟ་ཡུལ་གང་ཡིན་མ་ཤེས་སོ། །གཞན་ཡང་བོད་རྣམས་ཀྱི་ལོ་རྒྱུས་ལྟར་ན། ཡ་མཚན་ཅན་གྱི་ལྟ་བ་འཛིན་པ་ལྔ་བརྒྱ་འཚོ་བ་ཆད་པ་ལ། རྫུ་འཕྲུལ་གྱིས་བཟའ་བཏུང་བླངས་ཏེ་བྱིན་ནས་ཆོས་ལ་བཀོད་པ་དང༌། མུ་ཏོ་བ་སྟོང་ཙམ་ལའང་དེ་ལྟར་མཛད་པ་དང༌། འཁྲུག་པ་ཆེན་པོ་ཞིག་གི་འཐབ་ཟླར་ཞུགས་ནས་རྫུ་འཕྲུལ་གྱིས་འཁྲུག་པ་བསྡུམས་ཞེས་ཟེར་ཞིང༌། ལྷག་པའི་ལྷ་བརྙེས་ནཱ་ལེནྡྲའི། །བཀོད་པ་ཕུན་ཚོགས་རྩོད་པ་བཟློག ། ཡ་མཚན་ཅན་དང་སྤྲང་པོ་དང༌། །རྒྱལ་པོ་མུ་སྟེགས་བཏུལ་བའོ། །ཞེས་ངོ་མཚར་ཅན་གྱི་གཏམ་བདུན་ཡིན་པར་འདོད་དོ། ། ཐམས་ཅད་མཁྱེན་པའི་བཤེས་གཉེན་ནི། ཁ་ཆེའི་ཡུལ་གྱི་རྒྱལ་པོ་ཞིག་གི་ཟིལ་བུ་ཞིག་བྱིས་པ་ཆུང་ངུའི་སྐབས་ཁང་སྟེང་དུ་བསྙལ་ནས། མ་མེ་ཏོག་འཐུར་སོང་བ་ལས་བུ་ཆུང་བྱ་རྒོད་ཀྱིས་ཁྱེར་ཏེ་ཡུལ་དབུས་དཔལ་ནཱ་ལེནྡྲའི་གནྡྷོ་ལ་ཞིག་གི་རྩེ་མོར་བཞག་གོ །པཎྜི་ཏ་རྣམས་ཀྱིས་དེ་བླངས་ཏེ་བསོས་ནས་ཆེར་སྐྱེས་པ་ན་བློ་རྣོ་བར་གྱུར་ཏེ། དགེ་སློང་སྡེ་སྣོད་འཛིན་པའི་བར་དུ་གྱུར། རྗེ་བཙུན་མ་འཕགས་མ་སྒྲོལ་མ་བསྒྲུབས་པས་དངོས་སུ་ཞལ་གཟིགས་ཤིང་ལོངས་སྤྱོད་ཟད་མི་ཤེས་པ་བྱུང་བ་ལས། ཐམས་ཅད་སྦྱིན་པར་བཏང་བ་ན་ནམ་ཞིག་ན་ཡོ་བྱད་སྦྱིན་རྒྱུ་ཅུང་ཟད་ཀྱང་མེད་དེ། ཕྱོགས་འདིར་བསྡད་ན་སློང་བ་པོ་མང་པོ་རྐང་སྟོང་སྐྱེལ་པར་འགྱུར་སྙམ་སྟེ། ལྷོ་ཕྱོགས་ཀྱི་རྒྱུད་ཐག་རིང་པོར་བྱོན་ཏོ། །དེར་ལམ་ཁར་བྲམ་ཟེ་རྒན་པོ་མིག་ལོང་བ་ཞིག་བུས་ལོང་ཁྲིད་བྱས་ནས་བྱུང་བ་ལས། གང་དུ་འགྲོ་དྲིས་པས། ནཱ་ལེནྡྲ་ན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཞེས་བྱ་བ་སློང་བ་པོ་ཐམས་ཅད་མགུ་བར་བྱེད་པ་ཞིག་ཡོད་ཟེར་བས། དེ་ལ་སློང་དུ་འགྲོ་ཟེར། དེ་ཉིད་ང་ཡིན་ན་ཡོ་བྱད་ཐམས་ཅད་ཟད་དེ་འདིར་འོངས་སོ་བྱས་པས། དེ་ཤིན་ཏུ་སྡུག་བསྔལ་གྱིས་གཟིར་བར་འདུག་ནས་སྙིང་རྗེ་ཚད་མེད་པ་སྐྱེས་ཏེ། རྒྱལ་པོ་ས་ར་ཎ་ཞེས་བྱ་བ་ལྟ་བ་ལོག་པ་ལ་མངོན་པར་ཞེན་ཞིང༌། གདུག་པའི་སློབ་དཔོན་གྱི་རྗེས་སུ་འབྲང་བ་ཞིག་མི་བརྒྱ་རྩ་བརྒྱད་ཉོས་ཏེ། མེ་ལ་མཆོད་སྦྱིན་དུ་བྱས་ན། དེ་དག་གི་ཚེ་དང་དབང་ཐང་ཐམས་ཅད་བདག་ཉིད་ལ་འབྱུང་ཞིང་ཐར་པའི་རྒྱུར་ཡང་ཡིན་ནོ། །ཞེས་བསམས་ནས། མི་བརྒྱ་དང་བདུན་ནི་རྙེད། ལྷག་མ་གཅིག་མ་རྙེད་པར་ཡོད་པ་གསན་ནས་སློབ་དཔོན་རང་ཉིད་བཙོང་སྟེ་བྲམ་ཟེ་འདི་ལ་ཕན་གདགས་སོ་སྙམ་ནས། ཁྱོད་སྡུག་བསྔལ་བར་མ་བྱེད་ཅིགངས་ཡོ་བྱད་བླངས་ནས་འོང་ངོ་བྱས་ནས། གྲོང་ཁྱེར་དུ་མི་ཉོ་བ་སུ་ཡོད་བྱས་པས་རྒྱལ་པོས་ཉོས་ཏེ། རིན་དུ་སློབ་དཔོན་གྱི་ལུས་ལྗིད་དང་མཉམ་པའི་གསེར་གཞལ། གསེར་སློབ་དཔོན་གྱིས་བྲམ་ཟེ་ལ་ཕྱིན་པས་མགུ་ནས་སོང་ངོ༌། །དེ་ནས་སློབ་དཔོན་རྒྱལ་པོའི་ཁྲི་མོན་དུ་བྱོན། མི་དེ་རྣམས་ན་རེ། གལ་ཏེ་ཁྱོད་མ་འོངས་ན་ངེད་རྣམས་ཐར་པ་ཡང་སྲིད་པ་ལས། ད་ནི་ད་ལྟ་ཉིད་དུ་སྲེག་གོ་ཞེས་ཤིན་ཏུ་སྡུག་བསྔལ་བར་འདུག་ཅིང༌། དེའི་ནུབ་མོ་ཕྱོགས་ཡངས་པ་ཞིག་ཏུ་ཤིང་གི་ཚོགས་རི་ལྟར་སྤུངས་པའི་དབུས་སུ་མི་བརྒྱ་རྩ་བརྒྱད་པོ་བཅིངས་ཏེ་བཞགལྟ་བ་ལོག་པའི་སློབ་དཔོན་དེས་ཆོ་ག་བྱས། ཤིང་ཐམས་ཅད་མེ་འུར་གྱིས་འབར་བའི་ཚེ། མི་བརྒྱ་རྩ་བདུན་པོ་དེ་རྣམས་ཆོ་ངེས་རང་གིས་བཏབ་པས། སློབ་དཔོན་སྙིང་རྗེ་མི་བཟད་པ་སྐྱེས་ཏེ་འཕགས་མ་སྒྲོལ་མ་ལ་ཡུས་ཀྱིས་གསོལ་བ་བཏབ་པས། རྗེ་བཙུན་མ་མདུན་དུ་བྱོན་ཏེ་ཕྱག་ལས་བདུད་རྩིའི་ཆུ་རྒྱུན་བབས། སྐྱེ་བོ་རྣམས་ཀྱི་སྣང་ངོ་ལ་ས་ཕྱོགས་གཞན་གང་ན་ཡང་མེད་པར་མེ་འབར་བ་ཁོ་ནའི་ཐད་དུ་ཆར་གྱི་རྒྱུན་གཉའ་ཤིང་ཙམ་བྱུང༌། མེ་ཞི་ནས་མཚོ་རྫིང་དུ་གྱུར། དེ་ནས་རྒྱལ་པོ་ཡ་མཚན་སྐྱེས་ཏེ་སློབ་དཔོན་ལ་ནི་གུས་པས་མཆོད། སྐྱེ་བོ་དེ་རྣམས་ལ་ཡང་བྱ་དགའ་བྱིན་ནས་བཏང་ངོ༌། །རྒྱལ་པོས་མཆོད་པ་ཆེན་པོ་བྱས་ཀྱང་ཡང་དག་པའི་ལྟ་བ་ལ་མ་ཚུད་ཅིང༌། དམ་པའི་ཆོས་མི་དར་བར་འདུག་ནས་ཡུན་རིང་བར་སོང་བ་ན་ཐུགས་སྐྱོ་སྟེ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་བདག་རང་གི་སྐྱེ་ཡུལ་དུ་སྐྱེལ་བར་ཞུས་པས་ན་བཟའ་ལ་འཇུས་ནས་མིག་ཚུམས་ཤིག་གསུང༌། མིག་བཙུམས་པ་ན་དེ་མ་ཐག་མིག་ཕྱེ་ཞིག་གསུང༌། མིག་ཕྱེ་བས་སྔར་མ་མཐོང་བའི་རྒྱལ་པོའི་ཕོ་བྲང་ཆེན་པོ་ཞིག་གིས་བརྒྱན་པའི་ཡུལ་ལྗོངས་ཤིག་ན་སླེབ་ནས་འདུག་པ། བདག་ནཱ་ལེནྡྲར་མི་སྐྱེལ་བར་འདིར་སྐྱེལ་བ་ཅི་ལགས་ཞུས་པས། ཁྱོད་ཀྱི་སྐྱེ་བའི་ཡུལ་ནི་འདི་ཁོ་ནའོ་ཞེས་གསུངས། དེ་ནས་དེར་བཞུགས་ནས་སྒྲོལ་མའི་ལྷ་ཁང་ཆེན་པོ་ཡང་བཞེངས། ཆོས་མང་དུ་བསྟན་ཞིང་སྐྱེ་བོ་ཐམས་ཅད་བདེ་བ་ལ་བཀོད། འདི་ཉི་མ་སྦས་པའི་སློབ་མ་ཡིན་ནོ། །དུས་འདི་ཙམ་ན་གྲུབ་ཆེན་ཌོམ་བི་ཧེ་རུ་ཀ་དང༌། གྲུབ་ཆེན་རྡོ་རྗེ་དྲིལ་བུ་པ་ཡང་བྱུང༌། དེ་རྣམས་ཐོག་མཉམ་པ་ལས་སྔ་ཕྱིའི་གོ་རིམ་ཅུང་ཟད་ནི། བི་རཱུ་པ་གྲུབ་པ་ཐོབ་ནས་ལོ་བཅུ་ཙམ་ན། ཌོཾ་བི་ཧེ་རུ་ཀས་དངོས་གྲུབ་བརྙེས། དེ་ནས་བཅུ་ཙམ་ན་དྲིལ་བུ་པས་བསྙེས་སོ། ། སློབ་དཔོན་ཙནྡྲ་གོ་མཱིའི་སློབ་མ་ཚོང་དཔོན་གྱི་བུ་སུ་ཁ་དེ་ཝ་བྱ་བ་ཡང་དུས་འདིར་བྱུང་སྟེ། དེ་ཡང་དེ་ཚོང་གི་ལས་བྱེད་པའི་ཚེ། མུ་སྟེགས་ཤིག་ལས་ཙནྡན་ས་མཆོག་ལས་གྲུབ་པའི་སངས་རྒྱས་ཀྱི་སྐུ་གཟུགས་བཤིག་པའི་དུམ་བུ་ཞིག་ཉོས་ནས་ཡོད་པ་ལ། རྒྱལ་པོའི་བུ་མོ་སངྐ་ཛ་ཏི་ཞེས་བྱ་བ་ནད་དྲག་པོས་བཏབ་ནས། སྨན་པ་རྣམས་ཀྱིས་འདིའི་སྨན་ནི་ཙནྡན་ས་མཆོག་ཡིན་ན་དེ་མི་རྙེད་དོ་ཞེས་བོར་རོ། །དེར་ཚོང་པ་དེས་གལ་ཏེ་འདི་སོས་པར་གྱུར་ན་བདག་ལ་སྩོལ་ཅིག་བྱས་པས། རྒྱལ་པོས་ཀྱང་དེ་བཞིན་དུ་ཁས་བླངས། དེས་ཙནྡན་ས་མཆོག་དེ་བརྡར་ནས་དེའི་ལུས་ལ་བྱུགས། སྨན་ཁོང་དུ་བཏང་བས་སོས། དེ་སུ་ཁ་དེ་ཝ་ལ་བྱིན་པས། དེས་ནད་སོས་པ་ནི་ལེགས་ན་སྡིག་པ་འདི་སྦྱོང་དཀའ་འོ་བྱས་པས། སྡིག་པ་སྦྱོང་བའི་ཐབས་སློབ་དཔོན་ཙནྡྲ་གོ་མི་ལ་དྲིས་པས་དེས་ཀྱང་སྤྱན་རས་གཟིགས་གྱི་བཀའ་ལུང་སྩལ་ཏེ་བསྒྲུབ་ཏུ་བཅུག་གོ །ནམ་ཞིག་ན་འཕགས་པའི་ཞལ་མངོན་སུམ་དུ་མཐོང༌། ཚོང་དཔོན་གྱི་བུ་སུ་ཁ་དེ་ཝ་ཆུང་མར་བཅས་པས་གྲུབ་པ་ཐོབ་བོ། །རྒྱལ་པོ་གཡོ་བ་དང་སེང་གེ་ལྔ་པ་ལ་སོགས་པའི་དུས་སྐབས་ཀྱི་གཏམ་སྟེ་ཉི་ཤུ་རྩ་ལྔ་པའོ།། །། ༢༦ དཔལ་ཆོས་ཀྱི་གྲགས་པའི་དུས་ཀྱི་གཏམ། རྒྱལ་པོ་གཡོ་བ་འདས་ནས་དེའི་ནུ་བོ་རྒྱལ་པོ་གཡོ་བ་བརྟན་པས་རྒྱལ་སྲིད་ལོ་ཉི་ཤུ་བྱས་ཏེ། ནུབ་ཕྱོགས་ཕལ་ཆེར་ལ་དབང་བསྒྱུར། དེའི་བུ་བིཥྞུ་རཱ་ཛ་ཞེས་བྱ་བས་ཀྱང་རྒྱལ་སྲིད་ལོ་མང་པོར་བསྐྱངས་ནས། ནུབ་ཕྱོགས་ཧ་ལའི་ཡུལ་གྱི་ནང་ཚན་བཱ་ལ་ན་ག་ར་ཞེས་བྱ་བར་གནས་པའི་ཚེ་སྔོན་གྱི་དྲང་སྲོང་ཆེན་པོ་རྣམས་དང་མཚུངས་པའི་བྲམ་ཟེ་དཀའ་ཐུབ་ཅན་ནགས་ཚལ་ན་གནས་པ་ལྔ་བརྒྱ་ཡོད་པ་ལས། དེའི་དཀའ་ཐུབ་ཀྱི་གནས་ཀྱི་བྱ་དང་རི་དྭགས་ཐམས་ཅད་བསད། ཆུ་ཆེན་པོ་དྲངས་ནས་དྲང་སྲོང་གི་གནས་རྣམས་བཤིག་པས། དེ་རྣམས་ཀྱིས་དམོད་པ་བྱས་པས་རྒྱལ་པོའི་ཕོ་བྲང་གི་འོག་ནས་ཆུ་བརྡོལ་ཏེ་ཆུར་ནུབ་བོ། །དེའི་ཚེ་ཡུལ་དབུས་དང་ཤར་ཕྱོགས་ཕལ་ཆེར་ལ་དབང་སྒྱུར་པ་ནི་རྒྱལ་པོ་གསལ་བའི་བུ་རབ་གསལ་དང༌། དེའི་བུ་མཧཱ་སྱ་ཎི་ཞེས་བྱ་བ་བྱུང༌། བྱང་ཕྱོགས་སུ་ནི་རྒྱལ་པོ་རབ་གསལ་གྱི་སྤུན་ཟླ་ཤཱཀྱ་སྟོབས་ཆེན་ཞེས་བྱ་བ་གྲོང་ཁྱེར་ཧ་རི་དྭ་རར་གནས་པ་ཁ་ཆེ་ཚུན་ཆོད་ལ་ལུང་བྱེད་པ་བྱུང༌། བྷཾ་ག་ལ་དང༌། ཀཱ་མ་རཱུ་པ་དང༌། ཏི་རཱ་ཧུ་ཏི་གསུམ་ལ་རྒྱལ་པོ་བཱ་ལ་ཙནྡྲའི་བུ་བི་མ་ལ་ཙནྡྲས་དབང་བསྒྱུར་རོ། །དེ་ལ་རྒྱལ་པོ་གཡོ་བརྟན་དང༌། གིཥྞུ་རཱ་ཛས་ཡུལ་ཁམས་བདེ་བར་བསྐྱངས་ཤིང༌། རྒྱལ་སྲིད་ཆོས་བཞིན་དུ་བྱས་ཀྱང༌། བསྟན་པ་ལ་བྱ་བ་འདི་ལྟར་བྱས་ཀྱི་གསལ་ཁ་མེད་ཅིང༌། གཞན་རྣམས་ཀྱིས་བསྟན་པ་ཡང་དག་པར་མཆོད་དོ། །དེ་ཡང་རབ་གསལ་དང༌། མཧཱ་སྱ་ཎི་ཡིས་ནི་གཙོ་བོར་དཔལ་ལྡན་ཆོས་ཀྱི་གྲགས་པ་མཆོད། རྒྱལ་པོ་ཤཱཀྱ་སྟོབས་ཆེན་གྱིས་མངོན་པ་བ་ཆེན་པོ་དབྱིག་གི་བཤེས་གཉེན་ཞེས་བྱ་བ་མཆོད། རྒྱལ་པོ་བི་མ་ལ་ཙནྡྲས་པཎྜི་ཏ་ཨ་མཱ་ར་སིངྷ་དང༌། རིན་ཆེན་གྲགས་པ་དང༌། སཾ་པྲ་དཱུ་ཏའི་སློབ་མ་དབུ་མ་པ་དཔལ་སྦས་རྣམས་མཆོད་པར་བྱས་སོ། ། དེ་ཡང་དུས་དེ་ཙམ་ན་སྤྱིར་སངས་རྒྱས་ཀྱི་བསྟན་པ་ཤིན་ཏུ་དར་ཡང༌། ཐོགས་མེད་སྐུ་མཆེད་དང༌། ཕྱོགས་ཀྱི་གླང་པོ་བཞུགས་པ་ཙམ་ལ་ལྟོས་ན། ཤར་ཕྱོགས་དང༌། ལྷོ་ཕྱོགས་ཀྱི་རྒྱུད་ཀུན་ཏུ་མུ་སྟེགས་འཕེལ་ཞིང་སངས་རྒྱས་པ་འགྲིབ་བོ། །དེ་ལས་རྒྱལ་པོ་སེང་གེ་ལྔ་པའི་དུས་ན་མུ་སྟེགས་ཀྱི་སློབ་དཔོན་སྤུན་གཉིས་ཤིག་བྱུང་བ་ནི། གཅིག་ནི་དཏྟ་ཏྲཻ་ཞེས་བྱ་བ་ཏིང་ངེ་འཛིན་ལ་མངོན་པར་དགའ་བ་ཞིག་གོ །གཉིས་པ་ནི་སཾ་ག་ར་ཨཱ་ཙརྱ་ཞེས་པ་མཧཱ་དེ་ཝ་གྲུབ་སྟེ། བུམ་པ་བཅས་ཤིང་ཡོལ་བས་བསྐོར་ནས་སྔགས་བཟླས་པ་ན། མཧཱ་དེ་ཝ་བུམ་པའི་དབུས་ནས་མགྲིན་པ་ཡན་ཆད་བྱུང་སྟེ་རྩོད་པ་རྣམས་སློབ་པར་བྱེད་དོ། །དེས་བྷཾ་ག་ལའི་ཡུལ་དུ་རྩོད་པ་བྱས། དགེ་སློང་རྒན་པོ་རྣམས་ཀྱིས་འདི་ནི་ཐུབ་པར་དཀའ་བ་སྟེ། ཅི་སྟེ་སློབ་དཔོན་ཆོས་སྐྱོང་དམ། ཙནྡྲ་གོ་མཱི་འམ། ཟླ་བ་གྲགས་པ་དག་རྩོད་པའི་དོན་དུ་སྤྱན་དྲང་བར་བྱའོ་ཞེས་ཟེར་ཡང༌། པཎྜི་ཏ་གཞོན་ནུ་དག་གིས་མ་ཉན་ཏེ། རྩོད་པ་པོ་ཡུལ་གཞན་ནས་བོས་ནས་ཡུལ་འདིའི་པཎྜི་ཏ་རྣམས་ཀྱི་གྲགས་པ་ཉམས་པར་འགྱུར་ལ། དེ་དག་པས་ཁོ་བོ་ཅག་མཁས་སོ་ཞེས་ང་རྒྱལ་གྱི་དབང་གིས་སཾ་ག་ར་ཨཱ་ཙརྱ་དང་བརྩད་པས། སངས་རྒྱས་པ་རྣམས་ཕམ་སྟེ། ཆོས་གཞི་ཉི་ཤུ་རྩ་ལྔ་ཙམ་གྱི་ཡོ་བྱད་རྣམས་མུ་སྟེགས་ལ་ཤོར་བས་དེ་རྣམས་སྟོངས། དགེ་བསྙེན་ལྔ་བརྒྱ་ཙམ་མུ་སྟེགས་ལ་འཇུག་དགོས་པར་བྱུང༌། དེ་བཞིན་དུ་ཨོ་ཌི་བི་ཤའི་ཡུལ་དུ་ཡང་སཾ་ག་ར་ཨཱ་ཙརྱའི་སློབ་མ་བྲམ་ཟེ་བྷཊྚ་ཨཱ་ཙརྱ་ཞེས་བྱ་བ་སྔ་མ་དང་མཚུངས་པ་ལས། ཚངས་པའི་བུ་མོས་རིག་པ་སྟོན་པ་ཞིག་ཡོད་དེ། དེར་ཕྱི་ནང་མང་དུ་རྩོད་པ་ལས། ནང་པའི་པཎྜི་ཏ་ཀུ་ལི་ཤ་ཤེཥྛ་ཞེས་བྱ་བ་སྒྲ་དང་རྟོག་གེ་ལ་ཤིན་ཏུ་བྱང་བར་འཛིན་པ་ཞིག་ཡོད་དེ། དེས་ཀྱང་སྔ་མ་བཞིན་དུ་ང་རྒྱལ་བྱས་ཏེ་བསྟན་པ་དཔང་དུ་བཙུགས་ཏེ་བརྩད་པ་ན། མུ་སྟེགས་རྒྱལ་ཏེ། ནང་པའི་གཙུག་ལག་ཁང་མང་པོ་ཡང་བཤིག །ཁྱད་པར་དུ་ལྷ་འབངས་དང་ཆོས་གཞི་རྣམས་ཕྲོགས་སོ། །ཕྱི་མ་འདིའི་དུས་ཆོས་སྐྱོང་དང༌། བཙུན་པ་ཟླ་བ་སོགས་མི་བཞུགས་པའི་དུས་སོ། །དེའི་ཚེ་ལྷོ་ཕྱོགས་ཀྱི་རྒྱུད་དུ། མུ་སྟེགས་ཀྱི་རྩོད་པའི་ཁྱུ་མཆོག་ཏུ་གྲགས་པ་བྲམ་ཟེ་ཀུ་མཱ་ར་ལཱི་ལ་སྟེ་གཞོན་ནུ་རོལ་པ་དང༌། ལྷ་ཆེན་པོའི་རྗེས་སུ་འབྲངས་པ་བ་ལང་གི་བརྟུལ་ཞུགས་འཛིན་པ་ཀ་ཎ་དཱ་རོ་རུ་སྟེ་གཟིགས་མ་སྒྲ་སྒྲོག་ཅེས་པ་གཉིས་ཏེ། དེ་དག་གིས་ཀྱང་ལྷོ་ཕྱོགས་ཀྱི་ཡུལ་རྣམས་སུ་རྩོད་པ་མང་པོ་དག་བྱས་པ་ལས། སངས་རྒྱས་བསྐྱངས་དང༌། ལེགས་ལྡན་དང༌། ཆོས་འབངས་དང༌། ཕྱོགས་ཀྱི་གླང་པོ་ལ་སོགས་པའི་སློབ་མ་རྣམས་དང༌། ཉན་ཐོས་ཀྱི་དགེ་འདུན་གང་ཡིན་པ་དེ་རྣམས་ཀྱིས་དེ་དག་གི་རྩོད་པ་མ་བཟློག་ནས། ནང་པའི་ལོངས་སྤྱོད་མངའ་འབངས་མུ་སྟེགས་བྱེད་ཀྱི་བྲམ་ཟེས་ཕྲོགས་པ་ཤིན་ཏུ་མང་བར་བྱུང་ངོ༌། །འདི་ནི་སྔར་བརྗོད་པ་ལས་ཀྱང་འཕྱི་བ་ཙམ་གྱི་དུས་སོ། ། དེའི་དུས་ན། སློབ་དཔོན་ཆོས་སྐྱོང་གི་སློབ་མ་དེ་ཝ་ཤྲ་མ་ཞེས་བྱ་བས་ཟླ་གྲགས་འགོག་པར་བསམས་ནས་དབུ་མའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བ་བྱས། ལྷོ་ཕྱོགས་ཀྱི་རྒྱུད་དུ་མུ་སྟེགས་འགའ་ཞིག་དང་རྩོད་པ་བྱས་པས་སློབ་དཔོན་རྒྱལ་ཏེ། རྒྱལ་པོ་ས་ལ་ཝ་ཧ་ན་ཟེར་བ་གཅིག་སངས་རྒྱས་ཀྱི་བསྟན་པ་ལ་ཆུད། དེས་ལྷ་ཁང་དང་མཆོད་རྟེན་མང་དུ་བཞེངས། ཆོས་གཞི་ཡང་བཙུགས་སོ། ། རྒྱལ་པོ་འདིའི་དུས་སུ་གྲུབ་ཐོབ་གོ་རཀྵ་བྱུང་ངོ༌། །སློབ་དཔོན་ཨ་མཱ་ར་སིདྷའི་ལོ་རྒྱུས་རྒྱས་པ་ནི་མ་ཐོས། ཅུང་ཟད་ཙམ་གཞན་དུ་ཤེས་པར་བྱའོ། །རིན་ཆེན་གྲགས་པས་དབུ་མ་འཇུག་པ་ལ་འགྲེལ་བཤད་བྱས་པར་གྲགས་ཤིང༌། དབྱིག་བཤེས་ཀྱིས་ཀྱང་མངོན་པ་མཛོད་ལ་འགྲེལ་བཤད་བྱས། འདི་སྡེ་པ་བཅོ་བརྒྱད་གྱི་གཞུང་ལུགས་བྱེ་བྲག་བཀོད་པའི་འཁོར་ལོ་ཞེས་བྱ་བ་རྩོམ་མཁན་དེ་ཡིན་ནོ། ། སློབ་དཔོན་ཆེན་པོ་དབྱིག་གཉེན་བཞུགས་པ་ཡན་ཆད་ན་སྡེ་པ་བཅོ་བརྒྱད་པོ་ཡང་ཆ་ཚང་ཙམ་དུ་ཡོད་ལ། སྔོན་བསྟན་པའི་དགྲ་བྱུང་བའི་དུས་ན་ཉམ་སྨད་དེ་སྡེ་པ་འགའ་ཞིག་ཉུང་ངུར་ཡོད་པ་བར་སྐབས་དེ་རྣམས་སུ་རྩོད་པའི་རྒྱུ་མཚན་དང༌། སྟེས་དབང་གིས་ནུས་པ་སྣ་ཚོགས་བྱུང་སྟེ། དགེ་འདུན་ཕལ་ཆེན་པ་ལས། ཤར་གྱི་རི་བོ་པ་དང༌། ནུབ་ཀྱི་རི་བོ་པ་དང༌། གངས་རིར་གནས་པ་གསུམ་སྟོངས༌། ཐམས་ཅད་ཡོད་སྨྲ་ནས། འོད་སྲུང་པ་དང༌། རྣམ་པར་ཕྱེ་སྟེ་སྨྲ་བ་གཉིས་སྟོངས། གནས་བརྟན་པ་ལས། གཙུག་ལག་ཁང་ཆེན་པ་དང༌། མང་པོས་བཀུར་བ་ལས། སྲུང་བ་པའི་སྡེ་པ་སྟོངས་ཏེ། ལྷག་མ་རྣམས་ནི་དར་བར་ཡོད་དོ། །དེ་ལ་ཉན་ཐོས་རྣམས་ཀྱི་སྒྲུབ་པའི་བསྟན་པ་ནི་ལོ་ལྔ་བརྒྱ་ནས་ཉམས་པ་ལྟར་གྱུར་པ་ཡིན་མོད། ཉན་ཐོས་ཀྱི་གྲུབ་མཐའི་ཕྱོགས་འཛིན་པ་ནི་ད་ལྟའི་བར་དུ་ཤིན་ཏུ་མང་སྟེ། ཆོས་འབྱུང་རྩོམ་པ་ཁ་ཅིག་ཐེག་ཆེན་དར་ནས་མི་རིང་བ་ན་ཉན་ཐོས་ཀྱི་སྡེ་གུད་དོ་ཞེས་ཟེར་ཞིང༌། ཐེག་ཆེན་གྱི་སྡེ་ཚུགས་པ་ནས་ཉན་ཐོས་རྣམས་ཀྱི་མངའ་ཐང་ཇེ་ཉུང་དུ་སོང་སྟེ། དུས་སྐབས་འདི་ཙམ་ན་ཉན་ཐོས་ཀྱི་ཕྱོགས་འཛིན་ཆེར་མེད་དམ་སེམས་པ་ནི་ཆ་མེད་ཀྱི་རྒྱུས་གཏམ་སྟེ། རང་གིས་ཕྱོགས་ཙམ་ཡང་མ་ངེས་བཞིན་དུ་ངེས་ངེས་ལྟར་གཞན་ལ་སྟོན་ཞིང་ཡི་གེར་འབྲི་བ་ངོ་མཚར་རོ། ། དཔལ་ལྡན་ཆོས་ཀྱི་གྲགས་པ་ནི། ལྷོ་ཕྱོགས་རྒྱལ་དབང་གཙུག་གི་ནོར་བུ་ཞེས་བྱ་བར་འཁྲུངས་ཞེས་སྔོན་གྱི་མཁས་པ་ཐམས་ཅད་གསུང་ལ། དེང་སང་ཡུལ་དེ་འདྲའི་མིང་ཅན་མི་སྣང་ཡང༌། དཔལ་ཆོས་ཀྱི་གྲགས་པའི་འཁྲུངས་ཡུལ་ནི། ཏྲི་མ་ལ་ཡའི་ཡུལ་ཡིན་པར་ཕྱི་ནང་ཀུན་ལ་གྲགས་པས་སྔོན་དུས་དེ་ལ་རྒྱལ་དབང་གཙུག་གི་ནོར་བུ་ཟེར་བར་ངེས་སོ། །སྐུ་འཁྲུངས་པའི་དུས་ནི། རྒྱལ་པོ་སེང་གེ་ལྔ་པ་དང༌། རྒྱལ་པོ་གསལ་བ་སོགས་རྒྱལ་སྲིད་ལ་འཁོད་ནས་མི་རིང་བའི་དུས་ན་ཡིན་པར་མངོན་ལ། ཡབ་བྲམ་ཟེའི་རིགས་ཀྱི་མུ་སྟེགས་ཀུན་ཏུ་རྒྱུ་ས་རོ྅་ནནྡྲ་ཞེས་བྱ་བའི་བུར་སྐྱེ་བ་བརྙེས་ཏེ། ཆུང་ངུ་ནས་བློ་གྲོས་ཤིན་ཏུ་སྒྲིན་པས་བཟོའི་གནས་དང༌། རིག་བྱེད་ཡན་ལག་དང་བཅས་པ་དང༌། སྨན་དཔྱད་དང། བརྡ་སྤྲོད་པ་དང༌། མུ་སྟེགས་ཅན་གྱི་གྲུབ་པའི་མཐའ་མ་ལུས་པ་ལ་ཤིན་ཏུ་སྦྱངས་པས། ལོ་བཅུ་དྲུག་གམ་བཅོ་བརྒྱད་ཙམ་གྱིས་མུ་སྟེགས་ཀྱི་གྲུབ་མཐའ་ཐམས་ཅད་ལ་ཤིན་ཏུ་མཁས་པར་གྱུར། བྲམ་ཟེ་རྣམས་ཀྱིས་ལྷག་པར་བསྟོད་པར་བྱེད་པའི་སྐབས་ཤིག །སངས་རྒྱས་ཀྱི་གསུང་རབ་འགའ་རེ་གཟིགས་པས། རང་གི་སྟོན་པ་སྐྱོན་དང་བཅས་ཤིང༌། བསྟན་བཅོས་རྣམས་ཤིན་ཏུ་མི་འཐད་པ་དང༌། སངས་རྒྱས་དང་དམ་པའི་ཆོས་ནི་དེ་ལས་བཟློག་པར་གཟིགས་ནས་ཤིན་ཏུ་མོས་པ་སྐྱེས་ཏེ་ནང་པའི་དགེ་བསྙེན་གྱི་ཆ་ལུགས་སུ་བསྒྱུར་བས། བྲམ་ཟེ་རྣམས་ཀྱིས་རྒྱུ་མཚན་དྲིས་པ་ན། སངས་རྒྱས་ཀྱི་བསྔགས་པ་བརྗོད་པས་དེ་རྣམས་ཀྱིས་གནས་ནས་བསྐྲད་དོ། །དེ་ནས་ཡུལ་དབུས་སུ་བྱོན་ཏེ། སློབ་དཔོན་ཆོས་སྐྱོང་ལས་རབ་ཏུ་བྱུང་ནས། སྡེ་སྣོད་གསུམ་པོ་མཐའ་དག་མཁས་པར་བྱས། མདོ་སྡེ་དང་གཟུངས་སྔགས་བསྡོམས་པ་ཡང་ལྔ་བརྒྱ་ཐུགས་ནས་འདོན་ནོ། །རྟོག་གེའི་བསྟན་བཅོས་གཞན་མང་པོ་ཉན་ཡང་བློ་གྲོས་མ་ཁེངས་ཏེ། དཔལ་ཕྱོགས་ཀྱི་གླང་པོའི་སློབ་མ་དབང་ཕྱུག་སྡེ་ལས་ཚད་མ་ཀུན་ལས་བཏུས་པ་ཚར་གཅིག་ཉན་པས་དབང་ཕྱུག་སྡེ་ཉིད་དང་མཉམ་པར་གྱུར། ལན་གཉིས་པ་ཉན་པས་ཕྱོགས་ཀྱི་གླང་པོ་དང་མཉམ་པར་གྱུར། གསུམ་པ་ཉན་པ་ན། སློབ་དཔོན་དབང་ཕྱུག་སྡེས་ཀྱང་ཕྱོགས་ཀྱི་གླང་པོའི་དགོངས་པ་མ་ལོངས་པར་འགའ་ཞིག་ནོར་བར་མཁྱེན་ནས་སློབ་དཔོན་ཉིད་ལ་བཟླས་པས་ཤིན་ཏུ་དགྱེས་ཏེ། ཁྱོད་ནི་ཕྱོགས་ཀྱི་གླང་པོ་དང་མཉམ་སྟེ། གྲུབ་མཐའ་ནོར་བ་ཐམས་ཅད་སུན་ཕྱུང་ལ། ཚད་མ་ཀུན་ལས་བཏུས་ཀྱི་འགྲེལ་པ་ཡང་གྱིས་ཤིག་ཅེས་སློབ་དཔོན་ལས་གནང་བ་ཐོབ་བོ། །དེར་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ལས་དབང་བསྐུར་བ་ཡང་དག་པར་མནོས་ཏེ། ལྷག་པའི་ལྷ་བསྒྲུབས་པས་ཧེ་རུ་ཀས་མངོན་སུམ་དུ་ཞལ་བསྟན་ཏེ། ཅི་འདོད་གསུངས་པ་ལ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་འཚལ་ལོ། །ཞུས་པས་ཧ་ཧ་ཧཱུཾ་གསུངས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེར་བསྟོད་པ་རྒྱུན་ཆགས་ཀྱང་མཛད། སློབ་དཔོན་འདིའི་རྡོ་རྗེ་སློབ་དཔོན་ནི་འགའ་ཞིག་དཱ་རི་ཀ་པ་ཡིན་ཟེར། ཁ་ཅིག་རྡོ་རྗེ་དྲིལ་བུ་པ་ཡིན་པར་འདོད་ཀྱང༌། ཌེཾ་གི་ཡིན་པར་འཐད་གསུང༌། སློབ་དཔོན་འདིས་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་གཅིག་ཀྱང་མཛད་ཡོད་གསུང་ཞིང༌། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལཱུ་ཡི་པས་མཛད་པར་གྲགས་པ་འདི་ཡང་སློབ་དཔོན་འདིས་མཛད་པ་ཡིན་གསུང༌། དེ་ནས་མུ་སྟེགས་ཀྱི་གྲུབ་མཐའི་གསང་ཚིག་སློབ་པར་བཞེད་ནས། ཁོལ་པོའི་ཆ་ལུགས་སུ་བརྫུས་ཏེ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན། མུ་སྟེགས་ཀྱི་གྲུབ་མཐའ་ལ་སུ་མཁས་དྲིས་པས། གྲུབ་མཐའ་ཐམས་ཅད་ལ་མཁས་པ་འགྲན་གྱི་དོ་མེད་བྲམ་ཟེ་གཞོན་ནུ་རོལ་པ་ཡིན་ཟེར། འདི་ལ་བོད་ན་གཞོན་ནུ་མ་ལེན་ཟེར་བ་ནི། ཀུ་མཱ་ར་ལཱི་ལ་ཞེས་པ་བསྒྱུར་མ་ཤེས་པའམ། ཡི་གེ་ནོར་བ་ལས་བསྒྱུར་བའི་སྐྱོན་ནོ། །ཆོས་ཀྱི་གྲགས་པའི་ཞང་པོ་ཡིན་ཟེར་ནའང་རྒྱ་གར་ན་ཡེ་མ་གྲགས། གྲུབ་མཐའི་གསང་ཚིག་བརྐུ་བའི་ཚེ། བྲམ་ཟེའི་ཆུང་མའི་རྐང་པའི་སྲིན་མཛུབ་ལ་ཐག་གུ་བཏགས་པ་སོགས་ཀྱི་ལོ་རྒྱུས་འཆད་པ་ཡང་རྒྱ་གར་བ་ལ་མ་གྲགས་ཤིང༌། བདེན་བདེན་ཡང་མི་འདྲ་བ་ཞིག་གོ །དེར་གཞོན་ནུ་རོལ་བ་དེ་རྒྱལ་པོ་ལས་མངའ་ཐང་ཆེན་པོ་ཐོབ་སྟེ། འབྲས་སཱ་ལུའི་ཞིང་ཕུན་སུམ་ཚོགས་པ་དང༌། བ་ལང་དང༌། མ་ཧེ་མང་པོ་དང་ལྡན་པ། བྲན་ཕོ་ལྔ་བརྒྱ་དང༌། བྲན་མོ་ལྔ་བརྒྱ་དང༌། ཞོ་ཤས་འཚོ་བ་མང་པོ་དང་བཅས་པ་ཡིན་པས། སློབ་དཔོན་གྱིས་ཀྱང་དེར་ཕྱི་ནང་གི་ལས་ཐམས་ཅད་ལ་བྲན་ཕོ་ལྔ་བཅུ་བྲན་མོ་ལྔ་བཅུའི་ལས་སློབ་དཔོན་གཅིག་པུས་གྲུབ་པ་ན། གཞོན་ནུ་རོལ་པ་ཆུང་མར་བཅས་པ་ཤིན་ཏུ་དགའོ། ཁྱོད་ཅི་འདོད་ཟེར་བ་ལས། གྲུབ་མཐའ་ཉན་པར་འཚལ་ལོ་བྱས་པས། གཞོན་ནུ་རོལ་པ་སློབ་མ་ལ་རིག་པ་སྟོན་པ་རྣམས་ཀྱང་ཉན་ཞིང༌། གསང་ཚིག་བུ་དང་ཆུང་མ་མ་གཏོགས་གཞན་ལ་མི་སྟོན་པ་འགའ་ཞིག་ཡོད་པ་རྣམས་ལས་ཀྱི་བྱ་བས་དེའི་བུ་དང་ཆུང་མ་མགུ་བར་བྱས་ཏེ། དེ་རྣམས་ལ་དྲིས་པས་ཤེས་སོ། །དེར་གྲུབ་མཐའི་གནས་ཐམས་ཅད་ཤེས། ཇི་ལྟར་འགོག་པའི་ཚུལ་ཐམས་ཅད་ཉམས་འོག་ཏུ་ཆུད་པར་གྱུར་པ་དེའི་ཚེ། སློབ་མ་གཞན་རྣམས་ལ་ཇི་ལྟར་རིག་པ་སློབ་པའི་ཡོན་རྣམས་ལ་སློབ་དཔོན་གྱིས་རྣམ་པར་བརྟགས་སོ། །དེར་རིག་པ་གསར་དུ་ཤེས་པ་དང་ཡོན་རྣམས་ཡོངས་སུ་བརྩིས་ཏེ། བྲམ་ཟེ་ནོར་ལ་སྲེད་པས་ཡོན་མ་བྱིན་ན་ཉེས་པར་འགྱུར་རོ་སྙམ་ནས། དེ་ཉིད་ཀྱིས་བྱིན་པའི་ལག་གི་གླ་དངུལ་པ་ཎ་ལྔ་བརྒྱ་ཞིག་ཡོད་པ་དང༌། ཕྱོགས་དེ་ན་གནས་པའི་གནོད་སྦྱིན་ཞིག་ལས་ཀྱང་གསེར་གྱི་དོང་ཙེ་བདུན་སྟོང་བླངས། གསེར་རྣམས་གཞོན་ནུ་རོལ་པ་ལ་བྱིན། དངུལ་གྱིས་བྲམ་ཟེ་རྣམས་ལ་སྟོན་མོ་ཆེར་བྱས་ཏེ། དེའི་ནུབ་མོ་ཉིད་བྲོས་ནས་བྱོན་ནོ། ། དེར་ཀཱ་ཀ་གུ་ཧ་ཞེས་བྱ་བའི་ཚོང་འདུས་ཆེན་པོ་ཕོ་བྲང་དང་བཅས་པ་ཞིག་ཡོད་པ་ལ། རྒྱལ་པོ་དྲུཿམ་རི་པུ་ཞེས་བྱ་བ་ཡོད་པའི་སར་སྒོ་ཡིག་བཏབ་སྟེ་རྩོད་པར་འདོད་པ་སུ་ཡོད་བྱས་པས། གཟེགས་ཟན་གྱི་གྲུབ་མཐའ་འཛིན་པ་བྲམ་ཟེ་ཀ་ན་གུཔྟ་དང༌། གཞན་ཡང་ལྟ་བ་དྲུག་གི་གྲུབ་མཐའ་འཛིན་པ་ལྔ་བརྒྱ་ཙམ་འདུས་ནས་ཟླ་བ་གསུམ་དུ་བརྩད་པས། རིམ་གྱིས་ལྔ་བརྒྱ་པོ་ཐམས་ཅད་སུན་ཕྱུང་སྟེ་སངས་རྒྱས་ཀྱི་བསྟན་པ་ལ་བཅུགརྒྱལ་པོས་དབང་བསྒྱུར་ཏེ། དེ་དག་གི་ནང་ན་བྲམ་ཟེ་ལོངས་སྤྱོད་དང་ལྡན་པ་ལྔ་བཅུ་ཙམ་གྱིས་ནང་པའི་ཆོས་གཞི་རེ་རེ་འཛུགས་སུ་བཅུག །གཏམ་དེ་གཞོན་ནུ་རོལ་པས་ཐོས་ནས་ཤིན་ཏུ་ཁྲོས་ཏེ། རང་ཉིད་བྲམ་ཟེ་ལྔ་བརྒྱ་དང་བཅས་པ་རྩོད་པར་འོངས། གལ་ཏེ་ཁོ་བོ་རྒྱལ་ན་ཆོས་ཀྱི་གྲགས་པ་སོད་ཅིག།གལ་ཏེ་ཆོས་ཀྱི་གྲགས་པ་རྒྱལ་ན་ང་སོད་ཅིག་ཅེས་རྒྱལ་པོ་ལ་བསྒོ་བ་ལས། སློབ་དཔོན་གྱིས་གལ་ཏེ་གཞོན་ནུ་རོལ་པ་རྒྱལ་ན་བདག་མུ་སྟེགས་པ་འདུག་གམ། གསོད་དམ། བརྡེག་གམ་འཆིང་བ་ནི་རྒྱལ་པོ་ཉིད་ཤེས་སོ། །གལ་ཏེ་བདག་རྒྱལ་བར་གྱུར་ན་གཞོན་ནུ་རོལ་པ་བསད་དུ་མི་འཚལ་ཏེ། འོན་ཀྱང་འདི་ཉིད་སངས་རྒྱས་ཀྱི་བསྟན་པ་ལ་གཞུག་པར་བྱའོ་གསུང༌། དེར་བསྟན་པ་དཔང་དུ་བཙུགས་ནས་བརྩད་པས། གཞོན་ནུ་རོལ་པའི་ཐུན་མོང་མ་ཡིན་པའི་དམ་བཅའ་ལྔ་བརྒྱ་ཡོད་པ་ཐམས་ཅད་རེ་རེ་ནས་རིག་པའི་རྣམ་གྲངས་བརྒྱ་བརྒྱས་སུན་ཕྱུང༌། དེར་གཞོན་ནུ་རོལ་བས་ཀྱང་ནང་པ་མཆོད་པར་བྱས་ཤིང༌། བྲམ་ཟེ་ལྔ་བརྒྱ་པོ་དེ་རྣམས་སངས་རྒྱས་ཀྱི་བསྟན་པ་ཁོ་ན་རིགས་པར་ཤེས་ནས་སངས་རྒྱས་ཀྱི་བསྟན་པར་རབ་ཏུ་བྱུང་ ངོ༌། ། གཞན་ཡང་གཅེར་བུ་པ་ར་ཧུ་པྲཱ་ཏི་དང༌། སྤྱོད་པ་པ་བྷྲྀཾ་ཀ་ར་གུ་ཧྱ་དང༌། བྲམ་ཟེ་ཀུ་མཱ་ར་ནནྡ་དང༌། མུ་སྟེགས་ཀྱི་རྩོད་པའི་ཁྱུ་མཆོག་ཀ་ཎ་དཱ་རོ་རུ་སོགས་དང༌། འབིགས་བྱེད་ཀྱི་རི་བོའི་ཁོངས་ན་གནས་པའི་རྒོལ་བ་ཐམས་ཅད་ཀྱང་སུན་ཕྱུང་ངོ༌། །སླར་ཡང་དྲྭ་བ་ལིའི་ཡུལ་དུ་བྱོན་ནས། ཡུལ་འདི་ན་རྩོད་པར་ནུས་པ་སུ་ཞིག་ཡོད་ཅེས་དྲིལ་བསྒྲགས་པས། མུ་སྟེགས་པ་ཕལ་ཆེར་ཞིག་བྲོས། འགའ་ཞིག་གིས་རྩོད་པར་མི་ནུས་པར་ཁས་བླངས་ཏེ། ཡུལ་དེར་སྔོན་གྱི་ཆོས་གཞི་ཉམས་པ་ཐམས་ཅད་གསོས་ནས། ནགས་ཚལ་དབེན་པ་རྣམས་སུ་བསམ་གཏན་མཛད་ཅིང་བཞུགས་པ་ལས། དེའི་ཚེ་དཔའ་ནཱ་ལེནྡྲར་སཾ་ག་ར་ཨཱ་ཙརྱས་རྩོད་པ་བྱེད་དོ་ཞེས་འཕྲིན་བརྫངས་སོ། །དེ་རྣམས་ཀྱིས་ཀྱང་སང་ཕོད་བྱའོ་ཞེས་ཕྱི་དུས་བཏབ། ཆོས་ཀྱི་གྲགས་པ་ལྷོ་ཕྱོགས་ནས་སྤྱན་དྲངས་སོ། །དེ་ནས་རྩོད་པའི་དུས་སུ་བབ་པ་ན། སངས་རྒྱས་པ་རྣམས་དང༌། བྲམ་ཟེ་དང་མུ་སྟེགས་ཅན་མཐའ་དག་རྒྱལ་པོ་རབ་གསལ་གྱིས་ཝཱ་རཱ་ཎ་སཱིར་བསྡུས་ཏེ། རྒྱལ་པོ་དཔང་པོའི་ཚོགས་དང་བཅས་པའི་དབུས་སུ། སཾ་ག་ར་ཨཱ་ཙརྱ་དང༌། དཔལ་ཆོས་ཀྱི་གྲགས་པ་རྩོད་པར་ཕྱོགས་པ་ན། སཾ་ག་ར་ཎ་རེ། གལ་ཏེ་ངེད་རྒྱལ་ན་ཁྱེད་རྣམས་གངྒཱ་ལ་མཆོང་ངམ། མུ་སྟེགས་ལ་འཇུག་གདམ་ང་གྱིས། ཅི་སྟེ་ཁྱོད་རྣམས་རྒྱལ་ན་ཁོ་བོ་ཅག་གངྒཱ་ལ་མཆོངས་ཏེ་འཆི་བར་བྱེད་དོ། །ཞེས་ཟེར་ནས་བརྩད་པས། ཆོས་ཀྱི་གྲགས་པས་སཾ་ག་ར་ཨཱ་ཙརྱ་ཡང་ནས་ཡང་དུ་ཕམ་པར་བྱས་ཏེ། མཐར་ཅང་མི་སྨྲ་བའི་གནས་ལ་བཀོད། དེ་ནས་སཾ་ག་ར་ཨཱ་ཙརྱ་གངྒཱ་ལ་འཆི་བར་རྩོམ་པ་ལ་སློབ་དཔོན་གྱིས་བཟློག་ཀྱང་མ་ཉན་ཏེ། ཁོ་རང་གི་སློབ་མ་བྷཊྚ་ཨཱ་ཙརྱ་ལ་ཁྱོད་ཀྱིས་རྩོད་པ་གྱིས་ལ། མགོ་བྲེགས་འདི་ལས་རྒྱལ་བར་གྱིས་ཤིག །མ་རྒྱལ་ཡང་རུང༌། ང་ཁྱོད་ཀྱི་བུར་སྐྱེ་བ་བླངས་ནས་འདི་རྣམས་དང་འཐབ་པར་བྱའོ་ཟེར་ནས་གངྒཱར་མཆོངས་ནས་ཤིའོ། ། དེའི་སློབ་མ་ཀུན་ཏུ་རྒྱུ་ཚངས་པར་སྤྱོད་ཁས་འཆེ་བ་མང་པོ་ཞིག་སངས་རྒྱས་ཀྱི་བསྟན་པ་ལ་བཙུད། ལྷག་མ་རྣམས་ཐག་རིང་པོར་བྲོས་སོ། ། དེའི་ཕྱི་ལོ་ཉིད་བྷཊྚ་ཨཱ་ཙརྱའི་བུར་སྐྱེ་བ་བླངས། བྷཊྚ་ཨཱ་ཙརྱས་ཀྱང་ལོ་གསུམ་དུ་སླར་ཡང་ལྷ་མཉེས་པར་བྱས། ཡང་ལོ་གསུམ་དུ་ནང་པའི་གྲུབ་མཐའ་དང་འགོག་བྱེད་ཀྱི་རིག་པ་བསམས། ལོ་བདུན་བ་ལ་སྔར་བཞིན་བསྟན་པ་དཔང་དུ་བཙུགས་ནས་བརྩད་པས། བྷནྟ་ཨཱ་ཙརྱ་ཡང་རྣམ་པ་ཀུན་ཏུ་ཕམ་པར་བྱས་ཏེ། སློབ་དཔོན་གྱིས་བཟློག་ཀྱང་མ་ཉན་པར་གངྒཱར་མཆོངས་ཏེ་ཤིའོ། །དེར་དེ་ཉིད་ཀྱི་བུ་ཐུ་བོ་བྷཊྚ་ཨཱ་ཙརྱ་གཉིས་པ་དང༌། སཾ་ག་ར་ཨཱ་ཙརྱའི་སྐྱེ་བ་དང༌། བྲམ་ཟེར་རང་གི་གྲུབ་མཐའ་ལ་མངོན་པར་ཞེན་པ་རྣམས་ཤར་ཕྱོགས་ཐག་རིང་པོར་བྲོས། བྲམ་ཟེ་དྲང་པོའི་བློ་ཅན་ལྔ་བརྒྱ་ཙམ་ནི་བསྟན་པ་ལ་རབ་ཏུ་བྱུང༌། ལྔ་བརྒྱ་ཙམ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། ཡུལ་མ་ག་དྷཱའི་བྲམ་ཟེ་གང་བ་ཞེས་བྱ་བ་དང༌། བཅོམ་བརླག་ཏུ་བྲམ་ཟེ་གང་བ་བཟང་པོ་ཞེས་བྱ་བ་བྱུང༌། དེ་དག་མངའ་ཐང་དང་ལོངས་སྤྱོད་ཆེ་བ་ཤིན་ཏུ་རྟོག་གེ་ལ་མཁས་ཤིང༌། དབྱངས་ཅན་མ་དང་ཁྱབ་འཇུག་ལ་སོགས་པར་རང་གི་ལྷས་བྱིན་གྱིས་བརླབས་པ་ཡིན་ལ། དེ་དག་ཀྱང་སྔ་ཕྱིར་རྩོད་དུ་འོངས་བ་སློབ་དཔོན་གྱིས་རིག་པས་བཏུལ་ཏེ་སངས་རྒྱས་པ་ལ་བཀོད། བྲམ་ཟེ་དེ་གཉིས་ཀྱིས་ཀྱང་མ་ག་དྷཱ་དང༌། བཅོམ་བརླག་ཏུ་ནང་པའི་ཆོས་གཞི་ལྔ་བཅུ་ལྔ་བཅུ་བཙུགས་སོ། །དེར་སྙན་པའི་གྲགས་པས་ས་སྟེང་ཐམས་ཅད་ཁྱབ་བོ། །དེ་ནས་མ་ག་དྷ་དང་ཉེ་བ་དྲང་སྲོང་མ་ཏཾ་གའི་ནགས་སུ་ཡུན་རིང་དུ་བཞུགས་ཏེ་རིག་སྔགས་མང་པོ་གྲུབ་པར་མཛད་དོ། །དེ་ནས་འབིགས་བྱེད་ཀྱི་རི་བོའི་ཁོངས་ན་རྒྱལ་པོ་མེ་ཏོག་གི་བུ་མེ་ཏོག་ཀུན་ཏུ་རྒྱས་པ་ཞེས་བྱ་བ་ཡོད་དེ། གྲོང་འབུམ་ཕྲག་སུམ་ཅུ་ལ་དབང་བསྒྱུར་བ་ལོངས་སྤྱོད་ཀྱི་ཁྱད་པར་ནི་ལྷ་དང་མཚུངས་སོ། །ཞེས་གྲགས་པ་ཞིག་ཡོད་པའི་སར་ལྗོངས་རྒྱུ་ཞིང་གཤེགས་པ་ལས་མཐར་གྱིས་རྒྱལ་པོའི་ཕོ་བྲང་དུ་བྱོན་པ་ན་རྒྱལ་པོས་སུ་ཡིན་དྲིས་པས། ཤེས་རབ་ཅན་ནི་ཕྱོགས་ཀྱི་གླང་པོ་སྟེ། །ཙནྡྲ་གོ་མཱི་བརྗོད་པ་རྣམ་པར་དག །སྙན་དངགས་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁས། །ཕྱོགས་ལས་རྣམ་པར་རྒྱལ་བ་ང་མིན་སུ། །ཞེས་གསུངས་པ་ན། ཆོས་ཀྱི་གྲགས་པ་ཡིན་ནམ་ཞེས་དྲིས་པས། འཇིག་རྟེན་ན་དེ་ལྟར་འདོགས་གསུང༌། རྒྱལ་པོ་དེས་ཀྱང་གཙུག་ལག་ཁང་མང་དུ་བཞེངས་ཤིང་དེར་ཆོས་ཀྱི་གྲགས་པ་བཞུགས། ཚད་མ་སྡེ་བདུན་གྱིས་བསྟན་བཅོས་ཀྱང་བརྩམས་ནས། གལ་ཏེ་ཆོས་ཀྱི་གྲགས་པ་ཡི། །སྨྲ་བའི་ཉི་མ་ནུབ་པ་ན། །ཆོས་རྣམས་གཉིད་ལོག་ཡང་ན་ཤི། ཆོས་མ་ཡིན་རྣམས་ད་གདོད་ལངས། །ཞེས་ཆེད་དུ་བརྗོད་པ་རྒྱལ་པོའི་སྒོ་ཁང་དུ་ཡི་གེར་བྲིས་སོ། །དེར་ཡུན་རིང་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་མཛད་ནས་ཡུན་དེར་དགེ་སློང་ཁྲི་ཕྲག་སྙེད་བྱུང་ཞིང༌། ཆོས་གཞི་ཡང་ལྔ་བཅུ་ཙམ་བཙུགས་སོ། །དེ་ནས་མཐའ་འཁོབ་ཀྱི་ཡུལ་གུ་ཛི་ར་ཐར་བྱོན་ནས། དེར་ཡང་བྲམ་ཟེ་དང་མུ་སྟེགས་བྱེད་མང་པོ་སངས་རྒྱས་ཀྱི་བསྟན་པ་ལ་བཅུག །གོ་ཏ་པཱུ་རི་ཞེས་བྱ་བའི་ལྷ་ཁང་བཞེངས། ཡུལ་དེར་མུ་སྟེགས་ཤིན་ཏུ་མང་པ་ལས། དེ་རྣམས་ཀྱིས་སློབ་དཔོན་གྱི་བྲང་ཁང་ལ་མེ་བཏང་སྟེ་ཕྱོགས་ཐམས་ཅད་མེས་ཚིག་པར་གྱུར་པ་ན། ལྷག་པའི་ལྷ་དང་གསང་སྔགས་རྗེས་སུ་དྲན་པས་ནམ་མཁའི་ལམ་ལ་བགྲོད་ནས་ཕྱོགས་དེ་ནས་དཔག་ཚད་གཅིག་ཙམ་གྱིས་ཡུལ་དེ་ཉིད་ཀྱི་རྒྱལ་པོའི་ཕོ་བྲང་དང་ཉེ་བར་བྱོན། ཐམས་ཅད་ངོ་མཚར་དུ་འཛིན་པར་གྱུར་ཏོ། ། ད་ལྟའི་གྲུབ་ཐོབ་བརྒྱད་ཅུའི་བསྟོད་པར་གྲགས་པ་འདི་གཅིག་ཏུ་ཁུངས་སུ་མི་རུང་ཡང༌། རྒོལ་བ་ཚར་གཅོད་མཁའ་ལ་གཤེགས། །ཞེས་པ་ཡང་གཏམ་རྒྱུད་འདི་ལ་བརྟེན་པར་མངོན་ནོ། །དེའི་ཚེ་སཾ་ག་ར་ཨཱ་ཙརྱ་སླར་ཡང་སྐྱེ་བ་བླངས་པ་དེ་ཉིད་སྔ་མ་ལས་ཀྱང་ཆེས་ཤིན་ཏུ་བློ་རྣོ་ཞིང༌། རྩོད་པ་ལ་མཁས་པ། བུམ་པའི་སྟེང་དུ་ལྷས་ལུས་རྫོགས་པར་སྟོན་པ་ཞིག་བྱུང་སྟེ། ལོ་བཅོ་ལྔའམ་བཅུ་དྲུག་ལོན་པ་ན། དཔལ་ཆོས་ཀྱི་གྲགས་པ་ལ་རྩོད་པར་འདོད་དེ། ཝཱ་རཱ་ཎ་སཱིར་འོངས་ནས་རྒྱལ་པོ་མཧཱ་སྱ་ཎི་ལ་བསྒོས་ཤིང་ཕྱོགས་ཐམས་ཅད་དུ་དྲིལ་བསྒྲགས་དེར་སློབ་དཔོན་ལྷོ་ཕྱོགས་ནས་སྤྱན་དྲངས་ཏེ། བྲམ་ཟེའི་སྐྱེ་བོ་སྟོང་ཕྲག་ལྔ་ཙམ་དང༌། རྒྱལ་པོ་ལ་སོགས་པ་སྐྱེ་བོ་དཔག་ཏུ་མེད་པ་ཡང་འདུས། སྔོན་བཞིན་བསྟན་པ་དཔང་དུ་བཙུགས་ནས་བརྩད་པ་ལས་ཤིན་ཏུ་ཚར་བཅད་དེ། ཡང་སྔོན་བཞིན་བཟློག་ཀྱང་གངྒཱར་མཆོངས་ནས་ཤིའོ། །དེར་ཡང་བྲམ་ཟེ་མང་པོ་དག་རང་གི་གྲུབ་མཐའ་སུན་ཕྱུང་བར་རིགས་པར་མཐོང་ནས་མང་པོ་ཞིག་རབ་ཏུ་བྱུང༌། མང་པོ་ཞིག་དགེ་བསྙེན་བྱས་སོ། །དེའི་ཚེ་ཁ་ཆེའི་ཡུལ་ནས་བྲམ་ཟེ་བིདྱ་སིངྷ་ཞེས་བྱ་བ་དང༌། དེ་ཝ་བིདྱཱ་ཀ་ར་ཞེས་བྱ་བ་དང༌། དེ་ཝ་སིངྷ་ཞེས་བྱ་བ་སྟེ་བྲམ་ཟེའི་སློབ་དཔོན་ཆེན་པོ་གསུམ་དཔལ་ཆོས་ཀྱི་གྲགས་པའི་དྲུང་དུ་འོངས་ནས་དྲང་པོའི་སེམས་ཀྱིས་གྲུབ་མཐའ་ལ་བརྒལ་བརྟགས་མང་དུ་བྱས་པས། ཆོས་ཀྱི་གྲགས་པས་ཀྱང་ཡང་དག་པའི་རིག་པ་བསྟན། དེ་དག་ནང་པ་ལ་ཤིན་ཏུ་དད་དེ་སྐྱབས་འགྲོ་དང་བསླབ་པའི་གནས་ལྔ་རྣམས་བླངས་གྲུབ་མཐའ་ཡང་ཉན། ཁྱད་པར་ཚད་མ་སྡེ་བདུན་ཉན་པས་ཤིན་ཏུ་མཁས་པར་གྱུར་ནས། བྱང་ཕྱོགས་ཁ་ཆེའི་ཡུལ་དུ་སོང་ནས་ཆོས་ཀྱི་གྲགས་པའི་ལུགས་ཀྱི་རྟོག་གེ་དར་བར་བྱས། བར་པས་ཝཱ་རཱ་ཎ་སཱིར་ཡུན་རིང་དུ་གནས་བཅས་པར་གྲགས་སོ། ། སླར་ཡང་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན་ཏེ། སངས་རྒྱས་ཀྱི་བསྟན་པ་མ་དར་བ་དང་ཉམས་པའི་ཕྱོགས་ཐམས་ཅད་དུ་བསྟན་པའི་འགལ་རྐྱེན་བྱེད་པ་རྣམས་རྩོད་པས་ཚར་བཅད། རྒྱལ་པོ་དང་བློན་པོ་ལ་སོགས་པ་ཆོས་ཀྱི་སྒོ་ནས་དབང་དུ་བསྡུས་ཏེ་དགེ་འདུན་གྱི་སྡེ་དང་ཆོས་གཞི་ཐུག་མེད་དུ་དར་བར་མཛད། སློབ་དཔོན་ཉིད་ཀྱིས་བཞེངས་པའི་ལྷ་ཁང་ཡང་བརྒྱ་རྩ་ཙམ་ཡོད་ཅིང༌། གཞན་ལ་བསྐུར་ཏེ་བཞེངས་པ་ནི་གྲངས་ལས་འདས་སོ། །སློབ་དཔོན་འདིས་ཡོངས་སུ་བསྐུལ་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་བཅུག་པའི་དགེ་སློང་དང་དགེ་བསྙེན་ཡན་ཆད་བསྡོམས་ན་འབུམ་དུ་ཉེ་བ་ཙམ་ཡོད་པར་གྲགས་ནའང༌། ཕལ་ཆེར་མཁན་སློབ་གཞན་ལ་གཏད་པ་ཁོ་ན་ཡིན་ཞིང༌། ཆོས་ཀྱིས་འབྲེལ་བའི་སློབ་མས་ནི་ས་སྟེང་ཐམས་ཅད་ཁྱབ་ཀྱང༌། ཕྱི་བཞིན་རྗེས་སུ་འབྲང་བ་ནི་ལྔ་ལས་ལྷག་པ་ཡོངས་སུ་མ་བཟུང་ངོ༌། །ཞེས་གྲགས་སོ། །སྐུ་ཚེའི་ཐ་མའི་ཚེ། ཡང་སྔར་གྱི་སཾ་གར་ཨཱ་ཙརྱ་དེ་ཉིད་བྷཊྚ་ཨཱ་ཙརྱ་ཕྱི་མའི་བུར་སྐྱེ་བ་བླངས་ཏེ་སྔོན་ལས་ཀྱང་བློ་གྲོས་ཀྱི་སྟོབས་ཆེ་བ། རང་གི་ལྷ་མདུན་དུ་འོངས་ཏེ་མངོན་སུམ་དུ་རིག་པ་སློབ་པ། རེས་འགའ་དེའི་ལུས་ལ་ཡོངས་སུ་ཞུགས་ནས་ཀྱང་སྔོན་མེད་པའི་རིག་པ་བརྗོད་པ་བྱུང་སྟེ། ལོ་བཅུ་གཉིས་ལོན་པ་ཙམ་ན་དཔལ་ཆོས་ཀྱི་གྲགས་པ་ལ་རྩོད་པར་འདོད་པ་ན། དེར་བྲམ་ཟེ་རྣམས་ཀྱིས་རེ་ཞིག་གཞན་ལ་རྩོད་པར་གྱིས་ཤིགདེས་ན་ངེས་པར་རང་ཉིད་རྒྱལ་བར་འགྱུར་ལ། ཆོས་ཀྱི་གྲགས་པ་ནི་ཕམ་པར་ནུས་པ་དཀའ་འོ་ཞེས་སྨྲས་ཀྱང༌། གལ་ཏེ་དེ་ལས་རྒྱལ་བ་མ་ནུས་ན། རྒོལ་བའི་གྲགས་པ་ཐོབ་པ་མེད་དོ་ཞེས་ལྷོ་ཕྱོགས་ཀྱི་རྒྱུད་ཉིད་དུ་སོང་སྟེ། གང་རྒྱལ་བ་དེའི་བསྟན་པ་ལ་ཅིག་ཤོས་འཇུག་པར་བྱས་ནས་བརྩད་པས། དཔལ་ཆོས་ཀྱི་གྲགས་པ་རྒྱལ་བར་གྱུར་ཏེ་དེ་ཉིད་སངས་རྒྱས་ཀྱི་བསྟན་པ་ལ་བཅུག །ལྷོ་ཕྱོགས་ཀྱི་རྒྱུད་ཉིད་དུ་བྲམ་ཟེ་དགེ་བསྙེན་གྱི་སྤྱོད་པ་ལ་གནས་པ་སངས་རྒྱས་ཀྱི་བསྟན་པ་ལ་མཆོད་པ་བྱེད་པ་བྱུང་ངོ་ཞེས་གྲགས་ཤིང༌། དེས་བཞེངས་པའི་ལྷ་ཁང་ནི་ད་ལྟ་ཡང་ཡོད་དོ། །དེ་ནས་དུས་ཀྱི་མཐར་ཡུལ་ཀ་ལེངྒར་གཙུག་ལག་ཁང་བཞེངས་ཤིང་སྐྱེ་བོ་མང་པོ་ཆོས་ལ་བཀོད་ནས་སྐུ་འདས། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་གདུང་དུར་ཁྲོད་དུ་ཞུགས་ལ་བཞེན་པས་མེ་ཏོག་གི་ཆར་ཆེན་པོ་བབས་ཤིང༌། ཕྱོགས་ཐམས་ཅད་དྲི་བཟང་དང་རོལ་མོས་ཁྱབ་པ་ཞག་བདུན་གྱི་བར་དུ་བྱུང་ངོ༌། གདུང༌། མས་ཅད་འཆིང་བུ་འདྲ་བའི་རྡོའི་གོང་བུ་གཅིག་ཏུ་འདྲིལ་བ་ལས་རུས་པའི་རྣམ་པ་ཡེ་མེད་དོ། །ད་ལྟ་ཡང་དུས་སྟོན་གྱི་མཆོད་པ་བྱེད་དོ། །སློབ་དཔོན་འདི་དང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དུས་མཉམ་མོ་ཞེས་གྲགས་པ་བཞིན་དོན་ལའང་གནས་པར་མངོན་ནོ། །འདིར་བོད་ཀྱི་ལོ་རྒྱུས་ལྟར་ན། སྡེ་བདུན་རྩོམ་པའི་ཚེ། ཚོད་མ་ལ་ཏིག་ཏ་བཏབ་སྟེ་དྲངས་ཀྱང་མ་དགོངས་ཏེ་གཞུང་གི་དོན་ལ་བློ་གཅིག་ཏུ་ཕྱོགས་པས་སོ། །བརྩམས་ཟིན་པ་ན་རྒྱལ་པོས་དྲིས་པས། རྒྱལ་པོ་ཁྱེད་ཀྱིས་ཆད་པས་བཅད་པར་བྱ་བའི་མི་འགའ་ཡོད་ན་གོས་དཀར་པོ་བགོས། གཞོང་པ་སྣུམ་གྱིས་བཀང་སྲེ་མོག་གི་བྱུག་པ་ལག་ཏུ་གཏད། ཅུང་ཟད་ཅིག་བོའམ་གོས་ན་གསོད་དོ་བྱས་ནས་རལ་གྲི་ཐོགས་པ་ཕྱི་བཞིན་དུ་འབྲང་བས་ཕོ་བྲང་ལ་སྐོར་བ་བྱེད་དུ་བཅུག་ལ། ཕོ་བྲང་གི་མཐའ་ཀུན་ན་གླུ་དང་རོལ་མོ་མཁན་རྩེ་བ་ཞོག་ཅིག་གསུངས་ནས་དེ་བཞིན་དུ་བྱས་ནས་མཐར་དྲིས་པ་ན་མི་དེས་གླུ་གར་དང་རོལ་མོ་སོགས་གང་ཡང་ཡོད་པ་མ་ཤེས་ཏེ། དེ་ལ་བསྒྲིམས་པས་སོ་ཟེར་ནའང༌། ཉུང་མར་བཀང་བའི་སྣོད་བསྐུར་ལ། ཞེས་སོགས་སྤྱོད་འཇུག་གི་ཚིག་ལ་བརྟེན་ནས་བདེན་བདེན་མར་སྨྲས་པ་འདྲ་ལ། སྡེ་བདུན་ནི་རང་གི་བློ་གྲོས་གོམས་པའི་ཕྱིར་དང༌། སློབ་མ་དག་གི་ངོར་གནས་གཙུག་ལག་ཁང་དུ་བརྩམས་པ་ཡིན་གྱིས། རྒྱལ་པོའི་འཕྲིན་ཡིག་མཁན་གྱིས་འབྲི་བ་བཞིན་དུ་ཕོ་བྲང་གི་ཕྱོགས་གཅིག་ཏུ་བརྩམས་པ་ག་ལ་ཡིན། བློ་ཤིན་ཏུ་གསལ་བས་རྒོལ་བ་བཅུ་ཙམ་ལ་དུས་གཅིག་ཏུ་ལན་ཐེབས་པར་གྲགས་པ་ལས། གཞུང་དོན་བསམ་པའི་ཚེ་གཞན་མི་རིག་ན་བློ་རྟུལ་པོ་རྣམས་དང་ཁྱད་པར་མེད་པར་འགྱུར་རོ། །གཞན་ཡང་གཏམ་དེ་ཤིན་ཏུ་མི་འཐད་པར་མངོན་ལ། སྡེ་བདུན་བརྩམས་ཟིན་པ་ན་པཎྜི་ཏ་རྣམས་ལ་བྲིམས་པས། ཕལ་ཆེར་གྱིས་མ་ཤེས། འགའ་ཞིག་གིས་ཤེས་ནའང་ཕྲག་དོག་གི་དབང་གིས་མི་ལེགས་སོ་བྱས་ནས་ཁྱིའི་མཇུག་མ་ལ་བཏགས་པས། ཁྱི་ནི་ལམ་སྲང་ཀུན་ཏུ་རྒྱུ་བ་བཞིན་དུ་ངའི་བསྟན་བཅོས་ཀྱང་ཕྱོགས་ཀུན་ཏུ་རྒྱས་པར་འགྱུར་རོ། །ཞེས་གསུངས་ཤིང༌། གཞུང་གི་མགོར། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་སོགས་ཤློ་ཀ་གཅིག་བཅུག་པ་དང༌། ཕྱིས་སློབ་དཔོན་ལྷ་དབང་བློ་དང༌། ཤཱཀྱ་བློ་ལ་སྡེ་བདུན་ལེགས་པར་བཤད་དེ་རང་འགྲེལ་གྱི་འགྲོས་ལྷ་དབང་བློ་ལ་རྩོམས་པར་བསྐུལ། ལན་ཅིག་བརྩམས་ཏེ་གཟིགས་ཕུལ་བས་ཆུས་བཀྲུས། ཡང་བརྩམས་པ་མེས་བསྲེགས། སླར་ཡང་བརྩམས་ཏེ། ཕལ་ཆེར་སྐལ་བ་མེད་ཉིད་དང༌། །དུས་ལའང་སྡོད་པ་མེད་པའི་ཕྱིར། །གོམས་པའི་ཕྱིར་ནི་མདོར་བསྡུས་ནས། །དཀའ་འགྲེལ་འདི་ནི་འདིར་བྱས་སོ། །ཞེས་བྲིས་ཏེ་ཕུལ་བས། འགྲོས་དང་ཚིག་ཟུར་གྱིས་མཚོན་པའི་གནད་དོན་རྣམས་མ་བྱུང་བར་འདུག་སྟེ། ཚིག་གིས་དངོས་སུ་བསྟན་པའི་དོན་རྣམས་བྱུང་འདུག་གསུངས་ནས་བཞག །ངའི་རིག་པ་འདི་དཔྱིས་ཕྱིན་པ་སུས་ཀྱང་མི་ཤེས་པ་འདུག་དགོངས་ནས་རྣམ་འགྲེལ་གྱི་མཇུག་ཏུ། རྒྱ་མཚོ་ལ་ནི་ཆུ་བོ་བཞིན་དུ་རང་གི་ལུས་ལ་ཐིམ་ཞིང་ནུབ་པ་ཉིད་དུ་འགྱུར། །ཞེས་པའི་ཚིགས་བཅད་བཅུག་གོ །ཞེས་གྲགས། ཁ་ཅིག་ལྷ་དབང་བློའི་སློབ་མ་ཤཱཀྱ་བློ་ཡིན་ཏེ། དེས་འགྲེལ་བཤད་བྱས་སོ་ཞེས་ཟེར་བ་ལྟར་འཐད་ཅིང༌། དེའི་སློབ་མ་འོད་ཀྱི་བློ་ཡིན་ཟེར་རོ། ཁ་ཅིག་ཛ་མཱ་རི་ཆོས་གྲགས་ཀྱི་དངོས་སློབ་ཡིན་ཟེར་བ་དང༌། རྒྱན་མཁན་པོ་དངོས་སློབ་ཡིན་པར་འདོད་པ་དང༌། སྤུར་ལ་ལུང་བླངས་པར་འདོད་པ་སོགས་དུས་མི་འགྲིག་པའི་ཅལ་ཅོལ་ཡིན་ཞིང༌། ཡང་ཆོས་ཀྱི་གྲགས་པས་རྒྱལ་རྔ་ལན་བཅུ་བདུན་བརྡུངས་ཟེར་ཡང་ནང་པའི་སྡོམ་བརྩོན་རྒྱལ་རྔ་བརྡུང་བའི་སྲོལ་མེད་ཅིང༌། གཅེར་བུ་པ་མདུང་ཅན་བྱ་བ་བྱུང་ནས་སུ་ཕམ་པ་མདུད་འདིས་གསོད་དོ་ཟེར་ནས་རྩོད་དུ་བྱུང་ལ། ཆོས་གྲགས་ཀྱིས་མ་བརྩད་པར་ལྷ་དབང་བློས་ཕམ་པར་བྱས་ཟེར་ཡང་གཅེར་བུ་པ་རང་གི་གྲུབ་མཐའ་དང་འགལ་བའི་སྤྱོད་པས་རྒོལ་བ་འཇོམས་པར་འདོད་པ་འོས་མ་ཡིན་ཞིང༌། མཁས་པ་ལ་ཡེ་མ་གྲགས་པའི་གཏམ་གཏམ་རྒྱུད་ཀྱི་བརྗོད་པས་ཕོངས་ཏེ་སྨྲས་པ་ལ་སྙིང་པོ་མེད་དོ། །དེ་ལྟར་ན་རྒྱན་དྲུག་པོ་དེ་དག་ལས། ཀླུ་སྒྲུབ། ཐོགས་མེད། ཕྱོགས་གླང་གསུམ་ནི་གཞུང་བྱེད་པ་པོ་ཡིན་ལ། འཕགས་པ་ལྷ། དབྱིག་གཉེན། ཆོས་ཀྱི་གྲགས་པ་གསུམ་ནི་འགྲེལ་བྱེད་ཡིན་ནོ། །དེ་རྣམས་སོ་སོའི་དུས་སྐབས་ལ་ལྟོས་ཏེ། བསྟན་པ་གསལ་བར་བྱེད་པའི་མཛད་པ་མཉམ་པས་རྒྱན་དྲུག་ཅེས་གྲགས་སོ། ། བྲམ་ཟེ་བདེ་བྱེད་དགའ་བ་ནི་དུས་ཕྱིས་བྱུང་བ་ཡིན་པས་ཆོས་གྲགས་ཀྱི་དངོས་སློབ་ཏུ་འཆད་པ་ཤིན་ཏུ་འཁྲུལ་ལོ། །དེའི་ཚེ་སྒྲུབ་པ་ཐོབ་པའི་རྣལ་འབྱོར་པ་ནི། སློབ་དཔོན་ཆེན་པོ་ལྭ་ཝ་པ་དང༌། ཨིནྡྲ་བྷུ་ཏི་བར་པ་དང༌། ཀུ་ཀུ་རཱ་ཛ་དང༌། སློབ་དཔོན་མཚོ་སྐྱེས་རྡོ་རྗེ་དང༌། ལ་ལི་ཏ་བཛྲ་རྣམས་འོལ་སྤྱི་ཙམ་དུ་དུས་མཉམ་མོ། །དེ་ལ་པདྨ་བཛྲ་གྱི་མཚན་ཅན་མང་པོ་བྱོན་ནའང༌། འདི་སྐབས་ཀྱི་མཚོ་སྐྱེས་ནི་བར་པ་དེ་ཡིན་ཞིང༌། མཚོ་སྐྱེས་ཀྱི་སྐད་དོད་མང་པོ་ཡོད་པ་ལས་མ་དོ་རུ་ཧ་ཞེས་པ་དེ་ཡིན་ལ། དེ་ལ་སློབ་དཔོན་ཀུ་ཀུ་རཱ་ཛ་སྟེ་ཁྱིའི་རྒྱལ་པོ་ཞེས་ཡོངས་སུ་གྲགས་པའམ། ལོ་རྒྱུས་ཀྱི་ཡི་གེ་འགའ་ཞིག་ཏུ་ཀུ་ཏ་རཱ་ཛ་ཞེས་འབྱུང་སྟེ། སྔོན་གྱི་ཡོ་ག་བ་རྣམས་ལ་ཡོངས་སུ་གྲགས་པ་དེ་ཡིན་ལ། དེ་ནི་ཉིན་མོ་ཁྱིའི་རྣམ་པ་ཅན་གྱི་དཔའ་བོ་དང་རྣལ་འབྱོར་མ་སྟོང་ཕྲག་གཅིག་ལ་ཆོས་སྟོན་པར་བྱེད་ལ། མཚན་མོ་དེ་དག་དང་ལྷན་ཅིག་དུར་ཁྲོད་གྱི་གནས་སུ་གཤེགས་ནས་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་དམ་ཚིག་གི་ཀུན་ཏུ་སྤྱོད་པ་བྱེད་པ་ཞིག་བྱུང་སྟེ། དེ་ལྟར་ལོ་བཅུ་གཉིས་སུ་སྤྱད་པས་མཐར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། དེས་ནང་རྒྱུད་སྡེ་ལྔ་དང་རྣལ་འབྱོར་རྒྱུད་མང་དུ་བཤད་ཅིང༌། དེ་ཉིད་ནི་ཟླ་གསང་ཐིག་ལེའི་རྒྱུད་ལ་བརྟེན་ནས་གྲུབ་པ་ཐོབ་པ་ཡིན་ཞེས་གྲགས་སོ། ། སློབ་དཔོན་ལ་ལི་ཏ་བཛྲ་ནི། ནཱ་ལེནྡྲའི་པཎྜི་ཏ་ཞིག་ཡིན་ལ། རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལ་བརྟེན་ཏེ་འཕགས་པ་འཇམ་དཔལ་ཡི་དམ་དུ་བྱེད་པ་ལས། རང་གི་སློབ་དཔོན་ལ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་སོགས་མཚན་དེ་རྣམས་ཀྱི་སྒྲུབ་ཐབས་དྲིས་པས། འདི་དག་ནི་མིའི་ཡུལ་ན་མེད་པས་ཁོ་བོས་ནི་མི་ཤེས་ཏེ། དེའི་དོན་དུ་འདོད་པའི་ལྷ་སྒྲུབས་ཤིག་གསུངས་པས། དེས་འཕགས་པ་འཇམ་དཔལ་རྩེ་གཅིག་ཏུ་བསྒྲུགས་པ་ན། ལོ་ཉི་ཤུ་ཙམ་ན་ཞལ་གཟིགས་ཏེ་རྒྱུད་བྱིན་གྱིས་བརླབས། ཐུན་མོང་གི་དངོས་གྲུབ་འགའ་རེའང་ཐོབ་ནས། ཨུ་རྒྱན་གྱི་གནས་ཆོས་ཀྱི་མཛོད་ནས་གཤིན་རྗེ་གཤེད་ཀྱི་རྒྱུད་སྤྱན་དྲོངས་ཤིག་ཅེས་ལུང་བསྟན་པའང་བྱུང་བས། ཨུ་རྒྱན་དུ་བྱོན་པ་ན། མུ་སྟེགས་ཀྱི་རྣལ་འབྱོར་པ་འགའ་ཞིག་དང་ནུས་པ་འགྲན་པས། དེས་ལྟ་སྟངས་བྱས་པ་ན་སློབ་དཔོན་བརྒྱལ་ཞིང་འགྱེལ་བར་གྱུར་པ་སངས་ཙམ་ན། རྡོ་རྗེ་རྣལ་འབྱོར་མ་རྣམས་ལ་གསོལ་བ་བཏབ་པས། རྡོ་རྗེ་རོ་ལངས་མས་ཞལ་མངོན་སུམ་དུ་བསྟན་ཏེ། གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། དེར་རྣལ་འབྱོར་བཞི་རྫོགས་པའི་རིམ་པ་དང་བཅས་པ་བསྒོམས་པས་ཟླ་བ་ཕྱེད་དང་གསུམ་ནས་དངོས་གྲུབ་ཆེན་པོ་ཐོབ་པའི་ལྟས་བྱུང་ནས་ནགས་ཀྱི་མ་ཧེ་གདུག་པ་ཅན་བཀུག་ནས་ཆིབས་ཏེ། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཡང་མཛད་དོ། །དེ་ནས་ཨུ་རྒྱན་གྱི་གནས་དྷརྨ་གཉྫ་ཞེས་བྱ་བ་ནས། མ་འོངས་པའི་སེམས་ཅན་ལ་ཕན་པའི་དོན་དུ་གཤེན་རྗེ་གཤེད་ལ་སོགས་པའི་རྒྱུད་སྤྱན་འདྲེན་པར་བཞེད་པ་ལ། མཁའ་འགྲོ་མ་རྣམས་ན་རེ། ཞག་བདུན་དུ་བློ་ལ་ཇི་ཙམ་བཟུང་བར་ནུས་པ་དེ་གནང་ངོ༌། །ཞེས་ཟེར་བ་ལ། ལྷག་པའི་ལྷ་ལ་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་དང༌། སྡོམ་གསུམ་པ་དང༌། རྟོག་པ་བདུན་པ་དང༌། གཞན་ཡང་གཟུངས་དང་རྒྱུད་དང༌། རྟོག་པའི་རིམ་པ་ཐོར་བུ་པ་མང་པོ་དང་བཅས་པ་ཐུགས་སུ་ཆུད། འཛམ་བུའི་གླིང་དུ་ལྷག་པར་དར་བར་མཛད་དེ། ནུབ་ཕྱོགས་ཀྱི་ཡུལ་དུ་མུ་སྟེགས་ཀྱི་རྒྱལ་ཕྲན་ན་ར་ཝརྨ་ཞེས་བྱ་བའི་སར་མུ་སྟེགས་རྣམས་དང་ནུས་པ་འགྲན་པ་ལས། མུ་སྟེགས་ཀྱི་གཙོ་བོ་འགའ་ཞིག་གིས་དུག་བྲེ་བོ་རེ་ཟོས། སློབ་དཔོན་གྱི་དུག་ནི་མི་ཁུར་བཅུ་ཙམ་གསོལ་ཞིང༌། དངུལ་ཆུ་ཆང་སྣོད་གཉིས་འཐུངས་པས་གནོད་པ་མེད་པ་ན། རྒྱལ་པོ་དེ་ལྷག་པར་དད་ནས། ནང་པ་ལ་ཞུགས་ཏེ་འཇམ་དབྱངས་ཀྱི་ལྷ་ཁང་བཞེངས། གྲོང་ཁྱེར་ཧསྟི་ན་པུ་རར་མུ་སྟེགས་ཀྱི་སྔགས་མཁན་གྱི་སྡེ་ཞིག་གཤིན་རྗེ་གཤེད་ཀྱི་འཁོར་ལོ་ཉིན་གཅིག་བསྐོར་བས་བརླག་པ་དང༌། ཤར་ཕྱོགས་ཝ་རནྡྲེའི་ཆ་ཤས་བ་ག་ལ་ཞེས་བྱ་བར་ཀླུ་བི་ཀྲི་ཌ་ཞེས་བྱ་བ་ནང་པ་ལ་ཤིན་ཏུ་གནོད་པ་ཅིག་ཡོད་པའང་སྦྱིན་སྲེག་གིས་ཚར་བཅད་དེ། དེ་མ་ཐག་ཀླུའི་གནས་མཚོ་ཡང་བསྐམས། དེ་དག་ལ་སོགས་པ་བསྟན་པ་ལ་སྡང་བའི་མུ་སྟེགས་དང་སྟག་གཟིགས་ལ་སོགས་པ་སྟོག་ཕྲག་མང་པོ་ཚར་བཅད། མི་མ་ཡིན་གདུག་པ་ཅན་ལྔ་བརྒྱ་ཙམ་བཏུལ་ཏེ་གཙོ་བོ་མངོན་སྤྱོད་ཀྱི་འཕྲིན་ལས་ཀྱིས་འགྲོ་དོན་མཛད་མཐར་འཇའ་ལུས་སུ་གཤེགས། དེའི་སློབ་མ་ལཱི་ལ་བཛྲ་གྱིས་སློབ་དཔོན་གྱི་གསུང་ངག་ཡི་གེར་བཀོད་པས་གཤིན་རྗེ་གཤེད་འབྱུང་བ་དང༌། ཞི་ཁྲོ་རྣམ་རོལ་སོགས་ལཱི་ལ་བཛྲ་ཆེན་པོས་མཛད་པར་བྱེད་དོ། ། ལཱ་ཝ་པ་དང༌། ལ་ལི་ཏ་བཛྲ་དང༌། ཨིནྡྲ་བྷུ་ཏི་རྣམས་ཀྱིས་ཆོ་འཕྲུལ་འགྲན་པའི་ལོ་རྒྱུས་ཀྱང་ཡོད་དེ། དེ་ཡང་ལཱ་ཝ་པ་དང༌། ལ་ལི་ཏ་བཛྲ་གཉིས་ཀ་གྲུབ་པ་ཐོབ་པའི་ཕྱིས་ཤིག་ན། ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་དུ་གཤེགས་པ་ལས། རི་མུ་རུནྚ་ཀ་ཞེས་བྱ་བ་བགྲོད་དཀའ་བ་ཞིག་ཡོད་པ་ལ། སློབ་དཔོན་གཉིས་བགྲོད་ཏེ། བདག་ཅག་གཉིས་ལས་སུའི་རྫུ་འཕྲུལ་གྱིས་བགྲོད་པར་བྱ་ཞེས་པ་ལས། ལ་ལི་ཏ་བཛྲ་གྱིས་དེང་བདག་གི་རྫུ་འཕྲུལ་གྱིས་བགྲོད་ལ། སླར་ལྡོག་འོང་བའི་ཚེ་ཁྱོད་ཀྱི་རྫུ་འཕྲུལ་གྱི་མཐུ་ལས་སོ། །དེར་ལ་ལི་ཏ་བཛྲ་བདག་ཉིད་གཤེན་རྗེ་གཤེད་དུ་གྱུར་པའི་ཕྱག་མཚན་རལ་གྲིས་རི་དེའི་རྩེ་མོ་ནས་རྩ་བའི་བར་དུ་གཤགས་ཏེ། དེར་ལམ་ཁ་ཕྲག་ཤིན་ཏུ་དོག་པོ་དོག་པོ་ཞིག་ལས་བཞུད་ནས་སླར་རི་སྔར་བཞིན་དུ་གྱུར་ཏོ། ཨུ་རྒྱན་གྱི་གནས་སུ་ཨིནྡྲ་བྷུ་ཏི་ཐུན་མོང་གི་གྲུབ་པ་ཐོབ་པའི་སྐབས་ཤིག་ཡིན་ལ། ལ་ལི་ཏ་བཛྲ་ཞེས་བྱ་བའི་གྲུབ་བའི་སློབ་དཔོན་ཞིག་གསར་དུ་འོངས་སོ་ཞེས་ཐོས་ནས། རྒྱལ་པོ་སྐྱེ་བོའི་ཚོགས་དང་བཅས་པ་བསུ་བའི་ཕྱིར་འོངས་ཏེ། སློབ་དཔོན་གྱི་ཞབས་གཉིས་ལ་བསྐུ་མཉེ་བྱེད་པའི་ཚེ་ཞབས་རེ་རེ་ལ་ལག་པ་གཉིས་གཉིས་གྱིས་བསྐུ་མཉེ་བྱེད་དགོས་པས་རྒྱལ་པོས་ལག་པ་བཞི་སྤྲུལ་ནས་བསྐུ་མཉེ་བྱས་སོ། །སློབ་དཔོན་གྱིས་ཞབས་བཞི་སྤྲུལ་པས། རྒྱལ་པོས་ཕྱག་བརྒྱད། སློབ་དཔོན་གྱིས་བརྒྱད་སྤྲུལ་པས། རྒྱལ་པོས་བཅུ་དྲུག་སློབ་དཔོན་གྱིས་བཅུ་དྲུག་སྤྲུལ་པ་ན། རྒྱལ་པོ་ཕྱག་བཅུ་དྲུག་གི་ལྷ་ལ་གོམས་པ་བརྟག་པས། དེ་བས་ལྷག་པ་སྤྲུལ་མ་ནུས་པར་རེ་རེས་བསྐུ་མཉེ་བྱས་སོ། །དེ་ནས་སློབ་དཔོན་གྱིས་ཞབས་བརྒྱའི་བར་དུ་སྤྲུལ་ནས་རྒྱལ་པོའི་ང་རྒྱལ་བཅག་གོ །ཕྱིས་སློབ་དཔོན་ལྭ་ཝ་བ་དང༌། ལ་ལི་ཏ་གཉིས་སླར་ཤར་ཕྱོགས་སུ་བྱོན་པའི་ཚེ། རི་མུ་རུཎྜ་ཀའི་དྲུང་དུ་ནུབ་གཅིག་བྲང་བཏབ་བོ། །ལྭ་ཝ་པ་ན་རེ། རི་བོ་ཤིན་ཏུ་ཆེ་ན་ནངས་པར་སྔ་མོར་འགྲོའོ་བྱས་ནས། ནམ་ཕྱེད་འཇིང་ཡོལ་ན་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རི་མེད་པར་བྱས་ཐང་བདེ་མོ་ཞིག་ལ་འོངས་ཏེ། ནམ་ལངས་པ་ན་ལ་ལི་ཏ་བཛྲ་གྱིས་ཕྱི་མིག་གཟིགས་ཙ་ན་རི་བརྒལ་བར་ཤེས་ཏེ་ངོ་མཚར་སྐྱེས་ནས་ལྭ་ཝ་པ་ལ་ཕྱག་བྱས་སོ་ཞེས་གྲགས་སོ། ། དེ་ལ་འཕགས་པའི་ཡུལ་གྱི་གཏམ་གྲགས་ཆེ་བ་ལྟར་ན། རྣལ་འབྱོར་གྱི་དབང་ཕྱུག་བི་རཱུ་པ་ནི་གཤིན་རྗེ་གཤེད་ཀྱི་ལམ་བསྒོམས་པས་རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས་ནས་གྲུབ་པ་ཐོབ། གཤིན་རྗེ་གཤེད་ཉིད་དང་མི་གཉིས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་གྱུར་པ་ཡིན་པས་རྒྱུ་མཐའ་དག་སྟོན་དུ་རུང་མོད་ཀྱང༌། གྲུབ་ཐོབ་རྣམས་ནི་དངོས་ཀྱི་གདུལ་བྱ་རྣམས་དང་སྐལ་པ་འཚམ་པར་སྟོན་པ་ཉིད་ཆོས་ཉིད་ཡིན་པས། གཤིན་རྗེ་གཤེད་དམར་པོའི་རྒྱུད་སྤྱན་དྲངས་ཤིང༌། བཅོམ་ལྡན་འདས་ཉིད་ཀྱིས་གསུང་བཞིན་དུ་སྒྲུབ་ཐབས་དང་མན་ངག་ཡི་གེ་བཀོད། དེའི་སློབ་མ་ཊོམ་བྷི་ཧེ་རུ་ཀས་ཀུ་རུ་ཀུལླེའི་རྟོག་པ་དང་ཨཱ་རལླི་གཉིས་ཀྱི་རྒྱུད་སྤྱན་དྲངས། རྒྱུད་ཀྱི་དོན་མངོན་ཤེས་ཀྱིས་མཁྱེན་ཞིང༌། ཡེ་ཤེས་མཁའ་འགྲོ་མ་རྣམས་དང་བཀའ་བགྲོས་པ་ལས་དགྱེས་པའི་རྡོ་རྗེའི་རྒྱུད་ཀྱི་སྙིང་པོ་བླངས་ནས་བདག་མེད་མའི་སྒྲུབ་ཐབས་དང༌། ལྷན་ཅིག་སྐྱེས་གྲུབ་ལ་སོགས་པ་གཞུང་དུ་མ་མཛད་ཅིང་སློབ་མ་རྣམས་ལ་དབང་ཡང་བསྐུར་རོ། །དེ་ནས་སློབ་དཔོན་ལྭ་ཝ་པ་དང་མཚོ་སྐྱེས་གཉིས་ཀྱིས་དགྱེས་པའི་རྡོ་རྗེའི་རྒྱུད་སྤྱན་དྲངས་ཏེ། ལྭ་ཝ་པས་སྭ་སཾ་བེ་ད་པྲ་ཀྲྀ་ཏ་ཞེས་བྱ་བ་རྫོགས་རིམ་གཙོ་བོར་སྟོན་པའི་བསྟན་བཅོས་དང༌། མཚོ་སྐྱེས་ཀྱིས་བསྐྱེད་རིམ་གྱི་སྒྲུབ་ཐབས་སོགས་མང་དུ་མཛད་དེ། དགྱེས་པའི་རྡོ་རྗེའི་ཡབ་ཀྱི་སྒྲུབ་ཐབས་ཐོག་མར་བྱུང་བ་ནི། སྒྲུབ་ཐབས་མཚོ་སྐྱེས་སོ་ཞེས་གྲགས་སོ། །ཤར་ཕྱོགས་ཀྱི་སློབ་དཔོན་ཆེན་པོ་དབུ་མ་པ་དཔལ་སྦས་ཀྱི་གཏམ་རྒྱུད་ཀྱང་གསལ་བར་མ་མཐོང་ཞིང་མ་ཐོས་སོ། །དེའི་ཚེ་ལྷོ་ཕྱོགས་ཀྱི་རྒྱུད་དུ། ཀ་མ་ལ་གོ་མཱི་ཞེས་བྱ་བ་སྤྱན་རས་གཟིགས་ཀྱི་གྲུབ་ཐོབ་གཅིག་བྱུང་སྟེ། དེ་ཡང་ལྷོ་ཕྱོགས་ཀྱི་གཙུག་ལག་ཁང་ཞིག་ན་དགེ་སློང་སྡེ་སྣོད་གསུམ་པ་དང༌། ཐེག་པ་ཆེན་པོ་ལ་བསམ་གཏན་པ་ཞིག་བཞུགས་པའི་གཡོག་དགེ་བསྙེན་ཀ་མ་ལ་གོ་མཱི་ཡིན། དེ་ཡང་ཀ་མ་ལ་གོ་མཱི་དེས་སྔོན་བསྟན་པ་ལ་མ་ཞུགས་ཤིང་ལས་འབྲས་མི་ཤེས་པའི་དུས་ཤིག་གཙུག་ལག་ཁང་ཞིག་གི་སྒོ་དྲུང་ནས་དངུལ་གྱི་འདབ་མ་ལ་ཡི་གེ་བྲིས་པ་ཞིག་རྙེད་དེ། དེ་ཅི་དགར་བླངས་ནས་ཡུལ་གྱི་གཟུགས་ཚོང་མ་འགའ་ལ་བྱིན་ནོ། །ཕྱིས་དུས་དེར་རང་གི་སློབ་དཔོན་དགེ་སློང་དེ་སྔ་དྲོ་སྔ་མོ་ན་བསོད་སྙོམས་གསོལ་ནས། སྒོ་ནང་ནས་བསྡམས་ཏེ་ཉི་མ་ཕྱི་ཕྲེད་ཀྱི་བར་དུ་སྒོ་མི་འབྱེད་པ་ཞིག་ཡོད་པ་ལས། དུས་ལན་ཅིག་དགེ་བསྙེན་དེས་སྔ་དྲོ་ནས་ཉི་མ་ཕྱི་ཕྲེད་ཀྱི་བར་སྒོ་བསྡམས་ནས་བཞུགས་པ་ཅི་ཞིག་ལགས་ཞུས་པས། བུ་འདི་དྲིས་ནས་ཅི་བྱེད་གསུང་པ་ལ། གང་སློབ་དཔོན་རྣལ་འབྱོར་དུ་མཛད་པ་དེ་བདག་ཀྱང་མནོས་ཏེ་སྒོམ་པ་ལགས་ཞུས་པས། བུ་ང་ལ་རྣལ་འབྱོར་དུ་བྱ་བ་གཞན་མེད། རི་པོ་ཏ་ལར་ཕྱིན་ནས་འཕགས་པ་སྤྱན་རས་གཟིགས་ལ་ཆོས་ཉན་ཏེ། སླར་ཡང་འདིར་འོངས་ནས་སྒོ་འབྱེད་པ་ཡིན་གསུང༌། འོ་ན་བདག་ཀྱང་འཁྲིད་པར་ཞུ་ཞུས་པས། འཕགས་པ་ལ་ཞུས་ནས་འོང་གི་གསུང༌། ནངས་པར་སློབ་དཔོན་འཁོར་བྱུང་བ་ལ་དྲིས་པས་སློབ་དཔོན་ཅུང་ཟད་ཁྲོས་ཏེ། བུ་ཁྱོད་ཀྱིས་ང་ཡང་སྡིག་པ་ཅན་གྱི་ཕོ་ཉར་བྱས་སོ། །ཅི་ཡིན་དྲིས་པས། ཁོ་བོས་འཕགས་པ་ལ་ཞུས་པ་ན། ཁྱོད་སྡིག་པ་ཅན་དེ་ལྟ་བུའི་ལོན་ཁྱེར་མ་འོང་ཞིག །དེ་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་དངུལ་ལས་བྱས་པ་འཇིག་པར་བྱེད་པ་ཡིན་ཞེས་གསུང་ངོ༌། །དེའི་ཕྱིར་ཁྱོད་ནི་པོ་ཏ་ལར་འགྲོ་བའི་སྐལ་བ་མེད་དོ་ཞེས་གསུང་པས་སྔོན་རང་གིས་རྙེད་པའི་དངུལ་གྱི་འདབ་མ་ལ་ཡི་གེར་བྲིས་པ་དེ་ཡིན་པར་ཤེས། སྡིག་པའི་ལས་ལ་ཤིན་ཏུ་འཇིགས་ཤིང་སྐྲག་ནས། འོ་ན་སློབ་དཔོན་གྱིས་སྡིག་པ་སྦྱོང་བའི་ཐབས་འཕགས་པ་ལ་ཞུས་ཤིག་བྱས་པ་ལ། ནངས་པར་དེས་ཀྱང་འཕགས་པ་ལ་ཞུས། སྤྱན་རས་གཟིགས་ཀྱིས་ཀྱང་སྒྲུབ་པའི་ཐབས་ཟབ་མོ་ཞིག་གནང་ནས། སློབ་དཔོན་དེས་ཀྱང་དགེ་བསྙེན་དེ་ལ་གནང༌། དེས་ཀྱང་ནགས་ཚལ་དབེན་པ་ཞིག་ཏུ་རྩེ་གཅིག་ཏུ་བསྒྲུབས་པས། ལོ་བཅུ་གཉིས་ཙམ་སོང་བ་ན་བྱ་རོག་ཞིག་གིས་འབྲས་ཆན་ཆད་པ་གཅིག་ཤིང་ཁར་ཟ་བར་འདོད་པ་ལས་ཀ་མ་ལ་གོ་མཱིའི་མདུན་དུ་ལྷུངས། སྔར་ལོ་བཅུ་གཉིས་སུ་མི་ཟས་ཆེར་མ་ཟོས་པས། འབྲས་ཆན་དེ་ཟ་བར་འདོད་དེ་ཟོས་པ་ན། འབྲས་ཆན་ལ་སྲེད་པའི་སེམས་ཤིན་ཏུ་དྲག་པ་སྐྱེས་ཏེ། གྲོང་ཁྱེར་དུ་སློང་དུ་ཕྱིན་པ་ན་སྟེས་དབང་གིས་ཉིན་ཞག་འགའ་ཞིག་ཏུ་མ་རྙེད་དོ། །དེ་ནས་ཅུང་ཟད་ཅིག་རྙེད་པ་དེ་གྱོ་དུམ་ཞིག་ཏུ་བཅུག་ནས་ནགས་གསེབ་ཏུ་ཁུར་བ་ན་དེའི་རང་བཞིན་ལ་རྣམ་པར་བརྟགས་པས། འབྲས་ཆན་ལ་སྲེད་པའི་སེམས་རང་བཞིན་མེད་པར་མཐོང་ནས། དེ་ཁོ་ན་ཉིད་གསལ་བར་རྟོགས་ཤིང༌། འཕགས་པ་སྤྱན་རས་གཟིགས་འཁོར་དང་བཅས་པ་ཡང་རང་གི་དྲུང་ན་འོད་འབར་བས་བཞུགས་པར་སྣང་ངོ༌། །དེ་ཉིད་དུ་གྱོ་དུམ་འབྲས་ཆན་དང་བཅས་པ་དེ་ཉིད་ས་ལ་བརྡབས་པས་ས་གཡོས་ཤིང༌། གྱོ་མོག་གི་གཟེག་མ་ཞིག་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་སྤྱི་བོར་ལྷུངས་ནས་བརྟགས་པས་དེ་ལྟར་ཡིན་པར་ཤེས་ཏེ། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་མོ་འཁོར་ལྔ་བརྒྱ་དང་བཅས་ཁ་ཟས་བཟང་དགུ་ཐོགས་ནས་མཆོད་པ་ལ་འོངས་ཀྱང་ཁ་ཟས་ཀྱི་སྲེད་པ་སྤངས་ཏེ་ཕྱིར་ཕྱོགས་ནས་འདུག་གོ །ཕྱིས་ཀླུ་རྣམས་འདུལ་བའི་དོན་དུ་ཀླུ་ཡུལ་དུའང་བྱོན། མིའི་ཡུལ་དུའང་འགྲོ་བའི་དོན་མང་དུ་མཛད་ནས་མཐར་རི་པོ་ཏ་ལར་ཡང་བཞུད་དོ། །དཔལ་ཆོས་ཀྱི་གྲགས་པའི་དུས་སུ་བྱུང་བའི་གཏམ་སྟེ་ཉི་ཤུ་རྩ་དྲུག་པའོ།། །། ༢༧ རྒྱལ་པོ་བི་ཙནྡྲ་སོགས་ཀྱི་དུས་ཀྱི་གཏམ། དེའི་འོག་ཏུ་བིཥྞུ་རཱ་ཛ་འདས་པ་ན་མ་ལ་ཝའི་རྒྱལ་པོ་རྙིང་པའི་རྒྱུད་ལས་རྒྱལ་བརྒྱུད་མ་ཆད་པར་བྱུང་བའི་རིགས་ཞིག་ལ། རྒྱལ་པོ་བྷརྠཱ་རི་བྱུང༌། རྒྱལ་པོ་དེའི་སྲིང་མོ་ཞིག་བི་མ་ལ་ཙནྡྲ་ལ་བག་མར་བཏང་བ་ལས་རྒྱལ་པོ་གོ་བི་ཙནྡྲ་བཙས། ཆོས་ཀྱི་གྲགས་པ་སྐུ་འདས་པ་ཙམ་ན་དེ་ཡང་རྒྱལ་སར་ཐོན་པའམ་ཐོན་དུ་ཉེ་བའི་དུས་ཤིག་ཡིན། རྒྱལ་པོ་དེ་གཉིས་ཀར་གྲུབ་ཐོབ་ཛ་ལནྡ་རི་པ་དང༌། སློབ་དཔོན་ནག་པོ་སྤྱོད་པ་པས་བཏུལ་ནས་གྲུབ་པ་ཐོབ་པའི་ལོ་རྒྱུས་གཞན་དུ་ཤེས། དེའི་སྐབས་སུ་གྲུབ་ཐོབ་ཏནྟི་པ་ཡང་བྱུང་སྟེ། མ་ལ་བའི་གྲོང་ཁྱེར་ཨརྦནྟི་ཞེས་བྱ་བ་དེ་ནི་ཐགས་མཁན་གྱི་རིགས། ཡུན་རིང་པོར་དེའི་ལས་ཀྱིས་འཚོ་བ་ཞིག་ཡིན་པ་ལས། དེ་ལ་བུ་དང་ཚ་བོ་ཡང་མང་པོ་ཡོད་ཅིང༌། ཐགས་མཁན་གྱི་རིགས་བརྒྱུད་ཤིན་ཏུ་དར་བར་གྱུར་པ་ལས། ནམ་ཞིག་ན་དེ་རྒས་ཤིང་འཁོགས་ཏེ་བྱ་བ་གང་ལ་ཡང་སྦྱོར་མི་བཟོད་པར་གྱུར་པའི་ཚེ། བུ་རྣམས་ཀྱིས་ཁྱིམ་དུ་རེ་མོས་ཀྱིས་གསོ་བ་ལས། ནམ་ཞིག་ན་སྐྱེ་བོ་ཀུན་གྱིས་དཔྱས་གདགས་པའི་གནས་སུ་བྱས་པ་ན། བུ་རྣམས་ན་རེ། འཚོ་བས་ནི་འོ་མི་བརྒྱལ་བར་བྱེད། དབེན་པ་ཞིག་ཏུ་བཞུགས་ཤིག་བྱས་ནས། བུ་ཆེ་བའི་སྐྱེད་མོས་ཚལ་གྱི་ལོགས་ཤིག་ཏུ་སྤྱིལ་བུ་ཆུང་ངུ་ཞིག་བྱས་ནས་འདུག་ལ། བུ་རྣམས་སོ་སོའི་ཁྱིམ་ནས་ཉི་མ་རེ་མོས་ཀྱིས་ཟས་འདྲེན་པར་བྱེད་དོ། །དེར་ལན་ཅིག་གྲུབ་ཐོབ་ཛ་ལནྡྷ་རི་པ་རྣལ་འབྱོར་པ་ཕལ་པའི་ཚུལ་གྱིས་བྱོན། ཐགས་མཁན་གྱི་བུ་རྒན་པ་ལ་གནས་ཚང་གཡར་བས་དེས་ཀྱང་སྐྱེད་མོས་ཚལ་དེར་བཀུར་བསྟི་ཅུང་ཟད་དང་བཅས་པས་བསྐྱལ། སྲོད་ཀྱི་དུས་ན་སྒྲོན་མེ་སྦར་ཏེ་མགྲོན་པོ་ཞིག་ཡོད་པ་རྒན་པོས་ཤེས། ཐོ་རངས་ཀྱི་དུས་ན། དེ་ན་ཡོད་པ་སུ་ཡིན་དྲིས་པས། ང་རྣལ་འབྱོར་བ་ལམ་དུ་ཞུགས་པ་ཞིག་ཡིན། དངོས་རང་སུ་ཡིན་གསུང༌། དེས་ཐགས་མཁན་འདི་རྣམས་ཀྱི་ཕ་ཞིག་ལགས་ཏེ། རྒས་འཁོགས་པར་གྱུར་པས་སྐྱེ་བོ་གཞན་ལ་སྟོན་ཡང་མ་ཉན་ཏེ་འདིར་སྦས་པ་ཞིག་ལགས། ཁྱེད་ཅག་རྣལ་འབྱོར་པ་རྣམས་ནི་སེམས་རྒྱུད་ཡོངས་སུ་དག་པ་ཡིན་པས་བདག་ལ་བྱིན་གྱིས་རློབ་པར་ཞུ་བྱས་པས། སློབ་དཔོན་གྱིས་ཀྱང་དེ་སྐལ་བ་དང་ལྡན་པར་མཁྱེན་ཏེ། སྐད་ཅིག་དེ་ལ་དཀྱིལ་འཁོར་སྤྲུལ་ནས་དབང་བསྐུར་ཞིང༌། ཟབ་མོའི་དོན་གྱི་གདམས་པ་ཅུང་ཟད་ཅིག་གནང་ནས་བཞུད་དེ། རྒན་པོས་ཀྱང་བླ་མའི་གདམས་ངག་རྩེ་གཅིག་ཏུ་བསྒོམས་པས་ལོ་འགའ་ཞིག་སོང་བའི་འོག་ཏུ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་མངོན་སུམ་དུ་བྱོན་ཏེ་ཕྱག་སྤྱི་བོར་བཞག་པ་ཙམ་གྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། འོན་ཀྱང་རེ་ཞིག་གསང་བའི་ཚུལ་གྱིས་གནས་པ་ལ། ནང་ཅིག་བུ་ཆེ་ཤོས་ཀྱི་ཁྱིམ་དུ་འགྲོན་པོ་མང་བོ་བྱུང་སྟེ་ཉིན་མོ་གཡེངས་ནས། ཕ་ལ་ཟས་སྐྱེལ་བ་མ་བྱུང༌། མུན་སྲོས་པ་ན་དྲན་ཏེ་གཡོག་མོ་ཞིག་གིས་ཟན་སྐྱེལ་དུ་ཕྱིན་པས་སྐྱེད་མོས་ཚལ་ན་གླུ་དང་རོལ་མོའི་སྒྲ་ཞིག་གྲགས། མཐར་བརྟགས་པས་སྤྱིལ་བུ་ཆུང་ངུ་དེའི་ནང་ན་འདུག་སྟེ། སྒོ་སེང་ནས་བལྟས་པས་རྒན་པོ་ནི་ལུས་ལ་འོད་འཕྲོ་ཞིང༌། འཁོར་ལྷ་དང་ལྷ་མོའི་ཆ་བྱད་བཅུ་གཉིས་ཙམ་གྱིས་མཆོད་པ་ཕུལ་ཞིང་འདུག །སྒོ་ཕྱེ་བ་ཙམ་ན་ཡལ་ཏེ་སོང་སྐད། དེ་ནས་གྲུབ་པ་ཐོབ་པར་ཤེས་ཏེ། དྲིས་ཀྱང་ཁས་མ་བླངས་པར་རྣལ་འབྱོར་བ་ཞིག་གིས་བྱིན་གྱིས་བརླབས་པས། ལུས་ཉམ་སྟོབས་དང་ལྡན་པར་སོང་ངོ་ཟེར་ནས། སླར་ཡང་ཐགས་མཁན་གྱི་བྱ་བ་བྱེད་ཅིང་གླུ་ཁོ་ན་ལེན་པ་ཞིག་བྱུང༌། བར་འདིར་ནག་པོ་སྤྱོད་པ་དང་མཇལ་བའི་ལོ་རྒྱུས་ཡོད་དེ་གཞན་དུ་ཤེས་པར་བྱ། ལན་ཅིག་ཡུལ་པ་རྣམས་དཀའ་ཟློག་མ་ལ་སོགས་པ་མ་མོ་རྣམས་མཆོད་པའི་ཕྱིར་ར་སྐྱེས་སྟོང་ཕྲག་མང་པོ་གསོད་པར་བརྩམས་པ་ལ། སློབ་དཔོན་དེས་ར་རྣམས་ལ་སྔགས་བཟླས་པས་ཐམས་ཅད་ཀྱང་ཅེ་སྤྱང་གི་གཟུགས་སུ་གྱུར། མི་རྣམས་ཐེ་ཚོམ་སྐྱེས་ནས་ཕྱིར་ལྡོག །དཀའ་ཟློག་མའི་རྟེན་གྱི་སྟེང་དུ་འགྱེལ་བ་ལྟར་བྱས་པས། དེ་ཉིད་གཟུགས་དངོས་བསྟན་ཏེ། གྲུབ་ཐོབ་ཅི་བཞེད་ཟེར་བ་ལ། སྲོག་གཅོད་པའི་མཆོད་པ་མ་ལེན་ཞིག་ཅེས་བཀའ་བསྒོས། ད་ལྟའི་བར་དུ་ཡང་དཀར་གསུམ་གྱིས་མཆོད་པ་ཡིན། དེ་ནས་རྡོ་རྗེའི་གླུ་མང་པོ་བླངས་ཏེ་གར་གཤེགས་ཆ་མེད་པར་བཞུད་དོ། །དེ་རྗེས་གོ་བི་ཙནྡྲའི་ཕ་ཚན་གྱི་སྤུན་ཟླར་གྱུར་པ། ལ་ལི་ཏ་ཙནྡྲས་རྒྱལ་སྲིད་བྱས། ལོ་མང་པོ་བདེ་བར་བསྐྱངས་པ་ལས། དེ་ཡང་ནག་པོ་སྤྱོད་པའི་སྐུ་ཚེའི་སྨད་ཀྱི་དུས་སུ་བཏུལ་ནས། རྒྱལ་པོ་དང་བློན་པོས་གྲུབ་པ་ཐོབ། དེ་ལྟར་རོལ་བའི་ཟླ་བ་དེ་ནི་ཙནྡྲའི་རིགས་ཀྱི་རྒྱལ་པོ་རྣམས་ཀྱི་ཐ་མར་བྱུང་ངོ༌། །དེ་ཕྱིན་ཆད་ཙནྡྲའི་རིགས་ཀྱི་རྒྱལ་རིགས་མང་དུ་ཡོད་ཀྱང་རྒྱལ་སྲིད་ཟིན་པ་མ་བྱུང་སྟེ་བྷཾ་ག་ལ་དང༌། ཨོ་ཌོ་བི་ཤ་སོགས་ཤར་ཕྱོགས་ཡུལ་ཚན་ལྡན་རྒྱལ་རིགས་དང་བློན་པོ་དང༌། བྲམ་ཟེ་དང༌། ཚོང་དཔོན་ཆེན་པོ་རྣམས་སོ་སོར་ཁྱིམ་དང་ཁྱིམ་ན་རྒྱལ་པོར་གྱུར་ཏེ། ཡུལ་འཁོར་སྐྱོང་བའི་རྒྱལ་པོ་མ་བྱུང་ངོ༌། ། དུས་དེའི་ཚེ་གྲུབ་ཐོབ་རྒྱལ་པོ་ལྷན་སྐྱེས་རོལ་པ་དང༌། དཔལ་ནཱ་ལེནྡྲར་སློབ་དཔོན་དུལ་བ་ལྷ་བྱུང༌། དེས་ཚད་མ་སྡེ་བདུན་ལ་འགྲེལ་པ་བྱས། མདོ་སྡེ་འཛིན་པ་ཤུ་བྷ་མི་ཏྲ་དང༌། སློབ་དཔོན་ཚུལ་ཁྲིམས་བསྐྱངས་དང༌། ཤཱནྟི་སོ་མ་ལ་སོགས་པ་བྱུང་སྟེ། རྣམ་རིག་གི་གྲུབ་མཐའ་རྩ་བར་བཟུང༌། མདོ་སྡེ་དང་འདུལ་བ་དར་བར་བྱས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དགུ་པ་ཞེས་པའི་བསྟན་བཅོས་རྩོམ་མཁན་གྱི་སློབ་དཔོན་ཀམྤ་ལ་པ་དང༌། དཔལ་སྦས་ཀྱི་སློབ་མ་སློབ་དཔོན་ཆེན་པོ་ཡེ་ཤེས་སྙིང་པོ་ལ་སོགས་པས་ངོ་བོ་ཉིད་མེད་པའི་དབུ་མའི་ཚུལ་བཟུང༌། ཤར་ཕྱོགས་བྷཾ་ག་ལའི་ཆར་གཏོགས་པ་ཧ་ཙི་པུ་ར་ཞེས་བྱ་བར་དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པ་བྱོན་ཏེ། རྣམ་རིག་གི་དབུ་མ་རྒྱ་ཆེར་བཤད། ཐོ་གར་གྱི་ཡུལ་དུ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་འདུལ་བ་འཛིན་པ་ཆེན་པོ་དྷརྨ་མི་ཏྲ་ཆོས་ཀྱི་བཤེས་གཉེན་ཡང་བྱོན། ནུབ་ཕྱོགས་མ་རུའི་ཡུལ་དུ་འདུལ་བ་འཛིན་པ་ཆེན་པོ་བསོད་རྣམས་གྲགས་ཞེས་བྱ་བ་དང༌། ཙི་ཏ་ཝ་རའི་ཡུལ་དུ་འདུལ་འཛིན་ཞི་བ་འོད་དང༌། ཁ་ཆེའི་ཡུལ་དུ་འདུལ་འཛིན་མ་ཁོལ་ཞེས་པ་རྣམས་བྱུང་སྟེ། དེ་ལ་གཞན་རྣམས་ཀྱི་ལོ་རྒྱུས་རྒྱས་པར་མ་མཐོང༌། སློབ་དཔོན་ཡེ་ཤེས་སྙིང་པོ་ནི། ཨོ་ཌི་བི་ཤར་འཁྲུངས་ཤིང༌། དེར་པཎྜི་ཏ་ཆེན་པོར་གྱུར་པ་ཞིག་བྷཾ་ག་ལའི་ཡུལ་དུ་སློབ་དཔོན་དཔལ་སྦས་ལ་ཆོས་ཉན་ཏེ། ལེགས་ལྡན་གྱི་སྲོལ་འཛིན་དབུ་མ་ཆེན་པོར་གྲགས་པ་ཡིན་ཏེ། འདིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡུན་རིང་དུ་བསྒྲུབས་ཤིང༌། མཐར་ཡིད་བཞིན་ནོར་བུའི་འཁོར་ལོས་བསྒྱུར་བ་ཞལ་གཟིགས་ཏེ་མངོན་ཤེས་དང་ལྡན་པ་ཞིག་བྱུང༌། མདོ་སྡེ་དུ་མ་ཐུགས་ནས་འདོན་པ་མུ་སྟེགས་རྣམས་ཕམ་པར་མཛད་པ་ཡིན་ནོ། །དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པ་ནི། ཚོང་པའི་རིགས་ལས་བྱུང་བ། གཞོན་ནུ་ནས་ཐེག་པ་ཆེན་པོའི་རིགས་སད་ཅིང༌། འཕགས་པ་འཇམ་དཔལ་གྱི་ཞལ་གཟིགས་པ། མདོ་སྡེ་ལྔ་བཅུ་ཙམ་ཐུགས་ནས་འདོན་པ། དུས་རྟག་ཏུ་ཆོས་སྤྱོད་བཅུ་དང་མ་བྲལ་ཞིང༌། འཁོར་དགེ་བསྙེན་སྟོང་ཕྲག་རེ་དང༌། དགེ་བསྙེན་མ་དེ་སྙེད་ལ་ཆོས་སྟོན་པ། དེས་ཀཱ་མ་རཱུ་པའི་ཕྱོགས་སུ་ལན་ཅིག་བྱོན་པ་ན། དུག་སྦྲུལ་ཨ་ཛ་ག་རའི་ཚང་ཡོད་པའི་སྟེང་དུ་ཁོང་གི་སློབ་མ་རྣམས་ཀྱིས་སོང་བས། རེ་ཞིག་སྦྲུལ་གཉིད་མ་སད། ལམ་ཁ་ཞིག་ཏུ་བྲང་བཏབ་སྟེ་གནས་པ་ལས་སྦྲུལ་གདུག་པ་གཉིད་སད་དེ། མིའི་དྲི་ཚོར་ནས་བྱུང་སྟེ་དགེ་བསྙེན་འགའ་ཞིག་ནི་མིད། མང་པོ་ཞིག་ལ་མཆེ་བ་བཏབ། ཁ་རླངས་ཀྱི་དུག་གིས་འབྲོས་པར་བརྩམས་པ་རྣམས་ཀྱང་འཐོམས་ཤིང་འགྱེལ་བ་ལ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཡིད་ལ་དྲན་ཞིང་བསྟོད་པ་ཆེན་པོ་མཛད་པས་དུག་སྦྲུལ་ལ་ཟུག་རྔུ་ཆེན་པོ་བྱུང་སྟེ་དགེ་བསྙེན་གཉིས་པོ་སྐྱུགས་ནས་ཕྱིར་ཕྱུང༌། སྦྲུལ་ཉིད་སླར་བྲོས་སོ། །སྦྲུལ་གྱིས་མིད་པ་དང༌། མཆེ་བས་བཏབ་པ་དེ་རྣམས་དུག་ནད་ཀྱིས་བརྒྱལ་བ་ལ་སྒྲོལ་མའི་སྔགས་བཟླས་པའི་ཆུ་གཏོར་བས་དུག་རྣམས་རྨའི་སྒོ་ནས་ཕྱིར་ཕྱུང༌། མི་རྣམས་གསོས་སོ། །ཡང་ལན་ཅིག་སློབ་དཔོན་ཉིད་ལ་དུག་སྦྲུལ་གྱིས་གནོད་པ་བྱེད་དུ་བྱུང་བ་ལ། སྒྲོལ་མའི་སྔགས་བཟླས་པའི་མེ་ཏོག་གཏོར་བས། སློབ་དཔོན་གྱི་མདུན་དུ་སརྦ་མུཀྟི་ཞེས་བྱ་བའི་མུ་ཏིག་མང་དུ་སྐྱུགས་ནས་ཕྱིར་སོང༌། ནགས་ལ་མེ་ཤོར་བས་སྒྲོལ་མའི་རིག་སྔགས་བཟླས་པས་ཞི་བ་སོགས་ནུས་པའང་མངའོ། ། ཆོས་ཀྱི་བཤེས་གཉེན་གྱི་ལོ་རྒྱུས་ཅུང་ཟད་ཙམ་ནི་གཞན་དུ་ཤེས་ལ། ཆོས་བཤེས་འདི་དང༌། འགྲེལ་ཆུང་དོན་གསལ་གྱི་འགྲེལ་བཤད་མཛད་མཁན་གྱི་ཆོས་བཤེས་གཅིག་པར་སྨྲ་ཞིང༌། དེ་ཉིད་ཡོན་ཏན་འོད་ཀྱི་དངོས་སློབ་ཏུ་འདོད་པ་ནི་འཁྱམས་པ་ལས་ཀྱང་ཆེས་འཁྱམས་པ་སྟེ། དེ་འདྲའི་ལུགས་ལྟར་ན། འཕགས་པ་རྣམ་གྲོལ་སྡེ་དང་སེང་གེ་བཟང་པོ་དུས་མཉམ་པར་བྱེད་དགོས་སོ། །དེའི་ཚེ་ཤར་ཕྱོགས་སུ་རྩོད་པའི་ཁྱད་པར་མང་པོ་དག་བྱུང་སྟེ། སྔོན་གྱི་རྩོད་པ་ལྟ་བུའི་རྒྱལ་ཕམ་ཆེར་ནུས་པའི་རྩོད་པ་ཆེ་བ་ནི་མ་བྱུང་ཡང༌། རྩོད་པ་ཆུང་ངུས་དུས་འདའ་བ་ཞིག་བྱུང་ངོ༌། །དེར་ཆོས་ཀྱི་གྲགས་པའི་གཞུང་ལུགས་ལ་བརྟེན་ནས་བརྩད་པས། ནང་པའི་ཕྱོགས་སྔོན་ལས་རྩོད་པ་བླ་བ་ཞིག་ཡོད་ནའང༌། དུས་ཀྱི་དབང་གིས་མཁས་པ་ཉུང་བ་དང༌། མུ་སྟེགས་ཀྱི་རྒོལ་བ་ལྷག་པར་མང་བས་སངས་རྒྱས་པའི་གཙུག་ལག་ཁང་ཕྲ་མོ་ཐམས་ཅད་ན། ནང་པའི་རྒོལ་བ་རྣམས་སེམས་འཚབ་འཚུབ་མོར་གནས་པ་ཞིག་ཡོང་བ་ན། བྷཾ་ག་ལའི་བྱེ་བྲག་ཙ་ཊི་གྷ་བོའི་གྲོང་ཁྱེར་གྱི་གཙུག་ལག་ཁང་པིཎྜྀ་བི་ཧ་ར་ཞེས་བྱ་བ་ན། ནངས་པར་མུ་སྟེགས་ཀྱི་རྒོལ་བ་མང་པོ་དང་རྩོད་པ་བྱེད་པར་ཁས་བླངས། ཐུབ་བམ་མི་ཐུབ་སྙམ་ནས་ཐེ་ཚོམ་མེ་ཡོད་པ་ལས་བུད་མེད་རྒན་མོ་ཞིག་བྱུང་ནས། ཚེར་མ་ལྟ་བུའི་ཅོད་པན་མགོ་ལ་གྱོན་ཏེ་རྩོད་ཅིག་རྒྱལ་བར་འགྱུར་རོ་ཟེར། དེ་བཞིན་དུ་བྱས་པས་དེ་རྒྱལ་ཞིང༌། གཞན་དུ་ཡང་དེ་ལྟར་བྱས་པས་རྒྱལ་བ་བྱུང་ནས། དེ་ཕྱིན་ཆད་ནས་པཎྜི་ཏ་རྣམས་ཞྭ་རྩེ་རིང་གྱོན་པ་རིམ་གྱིས་དར་ཏེ། རྒྱལ་པོ་པཱ་ལ་བདུན་བརྒྱུད་དང༌། སེ་ན་བཞི་བརྒྱུད་ཀྱི་རིང་ལ་ཐེག་ཆེན་པའི་པཎྜི་ཏ་ཐམས་ཅད་ཞྭ་རྩེ་རིང་གྱོན་པ་བྱུང་བ་ཡིན་གྱིས། དེ་ཡན་ཆད་དུ་མེད་དོ། །སློབ་དཔོན་ཆེན་པོ་ཆོས་ཀྱི་གྲགས་པ་ཡན་ཆད་ཀྱིས་སངས་རྒྱས་ཀྱི་བསྟན་པ་ཉི་མ་ལྟར་གསལ་བར་མཛད་ཅིང༌། དེ་མན་ཆད་ནས་ཡང་དག་པའི་མཁན་པོ་ཆེན་པོ་སྤྱིར་ནས་བསྟན་པ་ལ་བྱ་བ་ཁྱད་པར་ཅན་བྱས་པ་ཤིན་ཏུ་མང་མོད་ཀྱི་སྔོན་གྱི་སློབ་དཔོན་དེ་དག་དང་མཚུངས་པ་ཆེར་མ་བྱོན་ཞིང་བྱོན་དུ་ཟིན་ནའང་དུས་ཀྱི་དབང་གིས་སྔོན་བཞིན་བསྟན་པ་གསལ་བར་མ་གྱུར་ཏོ། ། འཕགས་པ་ཐོགས་མེད་བྱོན་པའི་དུས་ཙམ་ནས་དུས་འདི་ཙམ་གྱི་བར་དུ་སྔགས་ཀྱི་གྲུབ་ཐོབ་ཆེས་ཆེ་བ་རྣམས་བྱུང་ཞིང༌། བླ་མེད་ཀྱི་ཆོས་རྣམས་སྐལ་བ་དང་ལྡན་པ་ཉག་ཅིག་ལ་དར་བ་ལས་ཐུན་མོང་དུ་འཆོལ་བ་ཡེ་མེད་དུས་འདིའི་འོག་རོལ་ཙམ་ནས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་རྣམས་ཇེ་དར་ཇེ་དར་ལ་ཤིན་ཏུ་དར་བར་གྱུར་ཞིང༌། བར་སྐབས་ཤིག་ཏུ་རྣལ་འབྱོར་རྒྱུད་ཀྱང་ཤིན་ཏུ་དར་ལ། བྱ་སྤྱོད་ཀྱི་རྒྱུད་རྣམས་འཆད་པ་དང་སྒོམ་པ་རིམ་གྱིས་ནུབ་བོ། །དེའི་དབང་གིས་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ལས་དང་དངོས་གྲུབ་ཅི་རིགས་པ་འགྲུབ་པ་རྒྱལ་པོ་པཱ་ལ་བདུན་བརྒྱུད་ཀྱི་རིང་ལ་ཤིན་ཏུ་མང་བར་བྱུང་བའི་རྒྱུ་མཚན་ཡང་དེ་ཡིན་ནོ། །དུས་འདི་ཙམ་ན། ཙནྡྲའི་རིགས་ཀྱི་རྒྱལ་ཕྲན་ཞིག་གྲུབ་པ་ཐོབ་པ་པྲ་ཀཱ་ས་ཙནྡྲ་སྟེ་རབ་གསལ་ཟླ་བ་ཡང་བྱུང༌། རྣལ་འབྱོར་རྒྱུད་རྒྱ་ཆེར་བཤད་དོ། ། གཞན་ཡང་ནང་པའི་སློབ་དཔོན་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིར་གྲགས་པ་ཕྱེད་ལྷག་པ་ཡང་ཆོས་གྲགས་ཀྱི་དུས་མན་ཆད་འོག་ཏུ་འཆད་པ་ལྟར་གྱི་རྒྱལ་པོ་ཙ་ན་ཀ་ཡན་ཆད་དུ་བྱོན་པ་ཡིན་ནོ། །རྒྱན་དྲུག་བཞུགས་པའི་དུས་ན། ཐེག་ཆེན་གྱི་སློབ་དཔོན་རྣམས་ཆེས་མཁས་ཤིང༌། དགེ་འདུན་ཡང་བཟང་པོར་ཡོད་པ་མ་གཏོགས། གྲངས་ནི་ཉན་ཐོས་ཀྱི་དགེ་འདུན་ཁོ་ན་ཆེས་མང་ལ། དུས་འདི་ཙམ་ནས་བཟུང་སྟེ་ལྷོ་ཕྱོགས་ཀྱི་རྒྱུད་ཀྱི་བསྟན་པ་ཡང་ཇེ་ཞན་ལ་མི་རིང་བར་ནུབ། ཡུལ་གཞན་དང་གཞན་གྱི་རྣམས་ཀྱང་རིམ་གྱིས་ནུབ་པ་ཙམ་དུ་སོང་བས། པཱ་ལ་བདུན་གྱི་རིང་ལ་མ་གྷ་དྷཱ། བྷཾ་ག་ལ། ཨོ་ཌི་བི་ཤ་སོགས་ཉི་འོག་གི་རྒྱལ་ཁམས་དང༌། ཁ་ཆེའི་ཡུལ་རྣམས་སུ་ཤིན་ཏུ་དར་བར་བྱུང༌། གཞན་རྣམས་ལ་ཐོར་བུ་ཙམ་མ་གཏོགས་མེད་ལ། ཡུལ་ཕྲན་བལ་བོའི་ཡུལ་དུ་ལྷག་པར་དར། དེ་དག་ཏུ་ཡང་སྔགས་དང་ཐེག་ཆེན་ལྷག་པར་དར་ཞིང༌། ཉན་ཐོས་སྡེ་ཡང་སྤྱིར་ཤིན་ཏུ་དར་བར་ཡོད་མོད། རྒྱལ་པོ་ལ་སོགས་པ་སྐྱེ་བོ་༼བཟང་ཚང་༽ཐེག་ཆེན་མཆོད། ཐེག་པ་ཆེན་པོའི་ཡང་སྔོན་མདོ་རྣམས་ཉིད་གཙོ་བོར་འཆད་ཅིང༌། དགོངས་འགྲེལ་ཞར་བྱུང་དུ་འཆད་པ་ལས། ཕྱིས་ནས་ཤེར་ཕྱིན་ཙམ་མ་གཏོགས། གོ་བཟློག་པའི་ཚུལ་གྱིས་སློབ་དཔོན་རྣམས་ཀྱི་གཞུང་རྣམས་ལ་འཆད་ཉན་གཙོ་བོར་དར་རོ། །རྒྱལ་པོ་གོ་བི་ཙནྡྲ་ལ་སོགས་པའི་གཏམ་ཀྱི་སྐབས་ཏེ་ཉི་ཤུ་རྩ་བདུན་པའོ།། །། ༢༨ རྒྱལ་པོ་གོ་པཱ་ལའི་དུས་ཀྱི་གཏམ། ཡུལ་དབུས་དང་ཤར་ཕྱོགས་ཀྱི་ས་མཚམས་ལི་ཁ་ར་ཤིང་འཕེལ་གྱི་ནགས་ཚལ་དང་ཉེ་བ་ཞིག་ན། རྒྱལ་རིགས་ཀྱི་བུ་མོ་གཟུགས་བྱད་བཟང་བ་ཞིག་ཤིང་གི་ལྷ་ཞིག་དང་འདུས་པ་ལས། ནམ་ཞིག་ན་ཁྱེའུ་མཚན་དང་ལྡན་པ་ཞིག་བཙས། ཅུང་ཟད་ཆེར་སྐྱེས་པ་ན། ལྷ་དེའི་གནས་ཤིང་གི་རྩ་བར་ས་བྲུས་པ་ལས་ནོར་བུ་རིན་པོ་ཆེ་རང་འོད་འཕྲོ་བ་ཞིག་རྙེད། དེས་སློབ་དཔོན་ཞིག་ལ་དབང་བསྐུར་བ་མནོས་ནས། ལྷ་མོ་ཙུནྡའི་སྒོམ་ལུང་ཞུས་ཏེ་བསྒྲུབས། ཡི་དམ་གྱི་ཕྱག་མཚན་ཤིང་གི་དབྱུག་ཐོ་ཆུང་ངུ་ཞིག་མི་འབྲལ་བར་སྦས་ཏེ་འཆང༌། ནམ་ཞིག་ལྷ་མོས་རྨི་ལམ་དུ་ཞལ་བསྟན་ཏེ་བྱིན་གྱིས་བརླབས། དེ་ནས་འཕགས་པ་ཁ་སརྤ་ཎའི་གཙུག་ལག་ཁང་དུ་ཕྱིན་ཏེ། རྒྱལ་སྲིད་ཐོབ་པར་གསོལ་བ་བཏབ་པས། ཁྱོད་ཤར་ཕྱོགས་སུ་སོང་ཞིག་རྒྱལ་སྲིད་ཐོབ་པར་འགྱུར་ཞེས་ལུང་བསྟན། དེས་ཀྱང་ཤར་ཕྱོགས་སུ་ཕྱིན་ནོ། ། དེའི་ཚེ་བྷཾ་ག་ལའི་ཡུལ་དུ་རྒྱལ་པོ་མེད་པར་ལོ་མང་པོ་དག་སོང་བ་ལས། ཡུལ་མི་ཐམས་ཅད་མི་བདེ་ཞིང་སྡུག་བསྔལ་བར་སོང་བས་གཙོ་བོ་གཙོ་བོ་རྣམས་འདུས་གྲོས་བྱས་ཏེ། ས་གཞི་ཁྲིམས་ཀྱིས་སྐྱོང་བའི་ཕྱིར་རྒྱལ་པོ་ཞིག་བསྐོས། རྒྱལ་པོ་གོ་པི་ཙནྡྲའི་བཙུན་མོ་ཡིན་ནམ་ཡང་ཟེར། ལ་ལི་ཏ་ཙནྡྲའི་བཙུན་མོ་ཡིན་ཡང་ཟེར་ཏེ་ཀླུ་མོ་མཐུ་ཆེ་བ་གདུག་རྩུབ་ཅན་ཞིག་སྔོན་རྒྱལ་པོ་རྫུ་འཕྲུལ་ཅན་གྱི་བཙུན་མོར་བྱས་པ་ལས། དེར་རྒྱལ་པོར་བསྐོས་པ་དེ་དེའི་ནུབ་མོ་ཉིད་ཟོས་སོ། །དེ་བཞིན་དུ་རྒྱལ་པོར་བསྐོས་ཚད་བསད་དེ། འོན་ཀྱང་རྒྱལ་པོ་མེད་ན་རྒྱལ་ཁམས་མི་ཤིས་སོ་ཟེར་ཞིང་སྔ་དྲོ་རེ་བཞིན་རྒྱལ་པོ་རེ་བསྐོས་ལ་དེའི་ནུབ་མོ་དེས་བསད་ནས། སྐྱ་རེངས་ཤར་བ་ཙམ་ན་ཕུང་པོ་འདོན་ནོ། །ཚུལ་དེས་ཡུལ་མི་རྣམས་ལ་རེ་མོས་བྱས་ནས་ལོ་འགའ་ཤས་སོང་སྐབས་ཡིན་པ་ལས། ལྷ་མོ་ཙུནྡྲ་གྲུབ་པ་དེས་ཁྱིམ་ཞིག་ཏུ་ཕྱིན་པས་དེ་རྣམས་སྡུག་བསྔལ་གྱིས་ནོན་པ་ལ། རྒྱུ་མཚན་དྲིས་པས། ནངས་པར་དེའི་བུ་ལ་རྒྱལ་པོའི་རེས་མོས་འབབ་ཟེར། གླ་བྱིན་ན་ངས་ཚབ་བྱའོ་བྱས་པས་ཤིན་ཏུ་དགའ་སྟེ་གླུ་ཡང་བླངས། ནངས་པར་རྒྱལ་སར་བསྐོས། དེའི་ནམ་ཕྱེད་ན་ཀླུ་མོ་དེ་སྲིན་མོའི་གཟུགས་སུ་བསྒྱུར་ནས་སྔར་བཞིན་ཟ་བར་འོངས་པ་ལ། ཡི་དམ་གྱི་ཕྱག་འཚན་བསྣུན་པས་ཀླུ་མོ་དེ་རང་ཤིའོ། ཐོ་རངས་ཕུང་པོ་དབྱུང་མཁན་རྣམས་བྱུང་བ་ལ། མ་ཤི་བར་མཐོང་ནས་ཐམས་ཅད་ཡ་མཚན་སྐྱེས། དེ་ནས་གཞན་གྱིས་ཡང་ཚབ་མར་ཁས་བླངས་ནས་ཞག་བདུན་ལ་རྒྱལ་སྲིད་དུ་ལན་བདུན་བསྐོས། དེ་ནས་ཐམས་ཅད་ཀྱིས་འདི་ནི་བསོད་ནམས་ཆེན་པོ་དང་ལྡན་པ་ཡིན་ནོ་བྱས་ནས་རྟག་ཏུ་རྒྱལ་སྲིད་དུ་བསྐོས་ཏེ། མཚན་གོ་པཱ་ལར་གསོལ། སྐུ་ཚེའི་སྟོད་ལ་བྷཾ་ག་ལ་ལ་དབང་བསྒྱུར། སྨད་ལ་མ་ག་དྷཱ་ཡང་དབང་དུ་བསྡུས་ཏེ། ཨོ་ཏནྟ་པུ་རི་དང་ཉེ་བ་ན་ནཱ་ལེནྡྲ་ཞེས་བྱ་བའི་གཙུག་ལག་ཁང་ཞིག་བཞེངས། ཡུལ་ཆེན་པོ་དེ་གཉིས་སུ་དགེ་འདུན་གྱི་སྡེ་མང་དུ་བཙུགས་ཏེ་བསྟན་པ་ལ་མཆོད་པ་རྒྱ་ཆེན་པོ་མཛད་དོ། ། སློབ་དཔོན་སྤྱོད་པ་བ་སྐུ་འདས་པའི་ཕྱི་ལོ་རྒྱལ་པོ་འདི་རྒྱལ་སྲིད་ལ་དབང་བསྐུར་བ་ཡིན་ཟེར་བ་དབང་པོས་བྱིན་གྱིས་བཤད། ལོ་བདུན་ནས་ཡིན་ཟེར་བ་ས་དབང་བཟང་པོས་བཤད་དོ། །རྒྱལ་སྲིད་ལོ་བཞི་བཅུ་ཞེ་ལྔ་བྱས། རྒྱལ་པོ་འདིའི་སྐུ་ཚེའི་རིང་ལ་ཞི་བ་འོད་དང༌། བསོད་ནམས་གྲགས་ཀྱི་སློབ་མ། སློབ་དཔོན་ཤཱཀྱ་འོད་ནུབ་ཕྱོགས་སུ་འཁྲུངས་ནས་ཁ་ཆེའི་ཡུལ་དུ་འགྲོ་དོན་མཛད། ཁྱད་པར་ཁ་ཆེའི་ཡུལ་དུ་དཱ་ན་ཤཱི་ལ་ཆེན་པོ་དང༌། ཁྱད་པར་བཤེས་གཉེན་དང༌། ཤེས་རབ་གོ་ཆ་དང༌། འདུལ་འཛིན་སློབ་དཔོན་དཔའ་བོ་ཞེས་བྱ་བ་རྣམས་བྱུང་ཞིང༌། ཤར་ཕྱོགས་སུ་ནི་སློབ་དཔོན་ཡེ་ཤེས་སྙིང་པོའང་བཞུགས་པ་ཡིན་ལ། གང་དག་ལེགས་ལྡན། སྤྱན་རས་གཟིགས་བརྟུལ་ཞུགས། སངས་རྒྱས་ཡེ་ཤེས་ཞབས། ཡེ་ཤེས་སྙིང་པོ། ཞི་བ་འཚོ་ཞེས་དབུ་མ་རང་རྒྱུད་པའི་བརྒྱུད་པ་འདེད་པ་ནི། ཞི་བ་འཚོའི་དབུ་མ་རྒྱན་ལ། བརྒྱད་སྟོང་འགྲེལ་ཆེན་དུ་སེང་བཟང་གིས་འགྲེལ་པ་མཛད་པ་མ་མཐོང་ཞིང༌། སངས་རྒྱས་ཡེ་ཤེས་སེང་བཟང་གི་སློབ་མ་ཡིན་པར་མ་དྲན་པར། སངས་རྒྱས་ཡེ་ཤེས་ཀྱི་སློབ་མ་ཡེ་ཤེས་སྙིང་པོར་འདོད་པ་བླུན་པོའི་བླུན་རྟགས་བསྟན་པ་ཁོ་ནའོ། ། ཤཱཀྱ་བློ་གྲོས་དང༌། ངང་ཚུལ་བཟང་པོ་དང༌། རྒྱལ་སྲས་གྲགས་པའི་བཤེས་གཉེན་དང༌། པཎྜྀ་ཏ་སའི་རྩ་ལག་རྣམས་བྱུང་ཞིང༌། ཁ་ཆེའི་ཡུལ་དུ་ཧྲ་ཧརྴ་དེ་ཝ་ཞེས་པ་རྒྱལ་སྲིད་བྱེད་དོ། །དུས་དེ་དག་ཏུ་གྲུབ་པའི་སློབ་དཔོན་བྱུང་བ་ནི་སྔར་གྱི་རིགས་པས་ཤེས། ཁྱད་པར་བི་རཱུ་བ་ཆུང་བ་ནི། རྒྱལ་པོ་འདི་དང་དེ་ཝ་པཱ་ལའི་བར་དུ་བྱུང་བར་མངོན་ཏེ། ནུབ་ཕྱོགས་ཀཙྪའི་ཡུལ་དུ་བི་བྷ་རཊྚ་ཞེས་བྱ་བའི་རྒྱལ་པོ་ཞིག་བྱུང༌། དེའི་བུ་མོ་དེ་ཝ་པཱ་ལའི་བཙུན་མོར་བླངས་ཏེ། བུ་རཱ་ས་པཱ་ལ་སྐྱེས་པར་བཤད། བི་བྷ་རཊྚ་དེའི་དུས་སུ་བི་རཱུ་པ་ཆུང་བ་བྱུང་བ་ཡིན་ལ། རྒྱལ་པོ་དེ་ལ་མཆོད་གནས་ཕྱི་ནང་གཉིས་ཀར་ཡོད་པ་ལས། རྒྱལ་པོ་རང་ནི་ནང་པ་ལ་མོས་པ་ཞིག་སྟེ། བློན་པོ་ཐམས་ཅད་ཕྱི་རོལ་པ་ལ་དད་དོ། །དེར་ལྷ་ཁང་བཞེངས་པ་ལ་ཕྱི་ནང་གཉིས་ཀའི་ལྷའི་རྡོ་སྐུ་མི་ཚད་ཙམ་པ་མང་པོ་བཞེངས། སངས་རྒྱས་པ་རྣམས་ཀྱིས་ལྷ་ཁང་ཐ་དད་ཀྱིས་ཞེས་བྱས་ལ། མུ་སྟེགས་པ་རྣམས་གཅིག་ཏུ་བྱའོ། །ཞེས་ཟེར་ཞིང༌། བློན་པོ་རྣམས་ཀྱིས་དེ་ལྟར་བཀོད་དེ། དེར་རབ་གནས་ལ་བི་རཱུ་པ་ཆུང་བ་སྤྱན་དྲངས། ཆོ་ག་སོགས་གང་ཡང་མི་མཛད་པར་ཨ་ཡི་ཤ། ཨ་ཡི་ཤ་ཞེས་བོད་སྐད་དུ་ཤོག་ཤོག་ཅེས་པ་སྟེ་ད་ལྟར་གསུངས་པས་ལྷ་སྐུ་རྣམས་ཐམས་ཅད་ལྷ་ཁང་གི་ཕྱི་རོལ་གྱི་ཁྱམས་སུ་བྱོན་ ནོ། །སྡོད་ཅིག་བྱས་པས་ལྷ་རྣམས་ས་ལ་བཞུགས་སོ། །དེར་སྣོད་ཅིག་ཏུ་ཆབ་བཙགས་ཏེ། ལྷ་སྐུ་རྣམས་ཀྱི་དབུ་ལ་ནར་ཙམ་བྲན་པས་ནང་པའི་ལྷ་རྣམས་ཧར་གྱིས་བཞེངས། གད་མོ་དིང་དིང་ལྷ་ཁང་གི་ནང་དུ་བཞུད། ཕྱི་བའི་ལྷ་རྣམས་མགོ་དུད་དེ་ཁྱམས་སུ་ལུས་སོ། །ལྷ་ཁང་ད་ལྟ་ཡང་ཡོད་དེ། ཨ་མྲྀ་ཏ་ཁུམ་པ་ཟེར། སློབ་དཔོན་ཆེན་པོ་ཏོག་རྩེ་བ་ཆེ་བ་བསམ་མི་ཁྱབ་ཀྱི་གཞུང་མཛད་པ་པོ་ཡང་འདི་སྐབས་བྱུང་ངོ༌། ། རྒྱལ་པོ་གོ་པཱ་ལ་འདིའམ་དེ་ཝ་པཱ་ལའི་མཚམས་སུ། དཔལ་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ཡང་བཞེངས་ཏེ། དེ་ནི་མ་ག་དྷཱའི་ཕྱོགས་གཅིག་ན་མུ་སྟེགས་བྱེད་ཀྱི་རྣལ་འབྱོར་བ་སྔགས་ཀྱི་ནུས་པ་གྲུབ་ཅིང་དྲང་པོའི་རང་བཞིན་ཅན་ནར་དཱ་ཞེས་ཟེར་བ་ཞིག་ཡོད་ཅིང༌། དེ་རོ་ལངས་ཀྱི་དངོས་གྲུབ་གྲུབ་པ་ལ་གྲོགས་ལུས་སྟོབས་ཆེ་ཞིང་ནད་མེད་ལ་ལུས་ལ་དཔའ་བོའི་མཚན་མ་དགུ་ཡོད་པ། ངག་བདེན་པར་སྨྲ་བ། བློ་རྣོ་ཞིང་དཔའ་བ། གཡོ་སྒྱུ་མེད་པ། བཟོའི་གནས་ཐམས་ཅད་ལ་མཁས་པ་ཞིག་དགོས་པ་ལས་གཞན་མེད་དེ། ནང་པའི་དགེ་བསྙེན་ཞིག་ལ་འདུག་པ་མཐོང༌། དེ་ལ་ངའི་སྒྲུབ་གཡོག་གྱིས་བྱས་པས། མུ་སྟེགས་པའི་སྒྲུབ་གཡོག་མི་བྱེད་ཟེར། དེ་ན་རེ། ཁྱོད་མུ་སྟེགས་ལ་སྐྱབས་སུ་འགྲོ་ནི་མི་དགོས། ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བས་ཆོས་དར་བར་བྱས་པས་ཆོག་མོད་ཟེར། འོ་ན་སློབ་དཔོན་ལ་ཞུས་ལ་འོང་གི་བྱས་ནས། སློབ་དཔོན་ལ་ཞུས་པས་གནང་སྟེ་དེའི་སྒྲུབ་གཡོག་བྱས། འགྲུབ་ཏུ་ཉེ་བ་ན་དེ་ན་རེ། རོ་ལངས་ལྕེ་ཕྱིར་གཡུགས་ཏེ་བཟུང་དགོས་ཏེ། ལན་དང་པོ་ལ་ཟིན་ན་དངོས་གྲུབ་ཆེན་པོ། བར་པ་ལ་འབྲིང༌། ཐ་མ་ལ་ཆུང་ངུ་འགྲུབ། ལན་གསུམ་ལ་མ་ཟིན་ན་དང་པོ་འོ་སྐོལ་གཉིས་ཟ། དེ་ནས་ཡུལ་ཁམས་སྟོང་པ་ཙམ་དུ་འགྲོ་ཟེར། དགེ་བསྙེན་གྱིས་ལན་དང་པོ་གཉིས་པ་གཉིས་ལ་མ་ཟིན། དེ་ནས་རོ་ལངས་དང་ཁ་སྤྲད་དེ་བསྡད་པས། གསུམ་པ་ལ་སོ་བཏབ་པས་ཟིན། དེ་ནས་ལྕེ་རལ་གྲིར་གྱུར། ལུས་གསེར་དུ་སོང་ངོ༌། །དགེ་བསྙེན་གྱིས་རལ་གྲི་ཐོགས་ཏེ་བསྐོར་བས་ནམ་མཁའ་ལ་འཕགས་པ་ན། མུ་སྟེགས་ན་རེ། ངས་རལ་གྲིའི་དོན་དུ་བསྒྲུབས་པ་ཡིན་པས་རལ་གྲི་ང་ལ་ཐོད་ཟེར། ངས་ལྟད་མོ་ཞིག་བལྟས་ལ་འོང་གིས་བྱས་ནས་རི་རབ་ཀྱི་རྩེ་མོར་ཕྱིན། གླིང་བཞི་གླིང་ཕྲན་དང་བཅས་པ་ཡུད་ཀྱིས་བསྐོར་ནས། རལ་གྲི་ཁོང་རང་ལ་གཏད་པས། དེ་ན་རེ། ལུས་གསེར་དུ་སོང་བ་འདི་ཁྱོད་རང་གྱིས། རུས་པ་ལ་མ་ཐུག་པར་ཤའི་ཐད་ནས་ཆོད། ཆང་རིན་དང༌། སྨད་འཚོང་གོ་དོན་སོགས་ལོག་པ་ལ་མ་སོང་བ་གྱིས། རང་གི་འཚོ་བ་དང་དགེ་བའི་ལས་ལ་སྦྱར་ན་དེ་རིང་བཅད་པའི་ཤུལ་དོ་ནུབ་གང་སྟེ་ཟད་མི་ཤེས་པ་ཡོང་ཟེར། ཁོང་རང་རལ་གྲི་ཐོགས་ནས་ལྷ་ཡུལ་དུ་སོང་ངོ༌། །དགེ་བསྙེན་དེས་རོ་ལངས་ཀྱི་གསེར་ལ་བརྟེན་ཏེ། ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ཆེན་པོ་བཞེངས་པ་ཡིན། ཨོ་ཏནྟ་འཕུར་བྱེད་ཀྱི་དོན་ཡིན། དགེ་བསྙེན་གྱིས་ནམ་མཁའ་ལ་ཕྱིན་ནས་རི་རབ་གླིང་བཞི་དངོས་སུ་མཐོང་བའི་བཀོད་པ་ལྟར་བཞེངས། དགེ་བསྙེན་དེ་ལ་ཨུ་ཊྱ་ཨུ་པ་སི་ཀ་ཞེས་ཐོགས་སོ། །ལྷ་ཁང་དེ་ལ་རྒྱལ་པོ་བློན་པོ་སོགས་སུའི་ཡང་དྲིན་ངོས་མེད། ལྷ་ཁང་རྩིག་མཁན། ལྷ་བཞེངས་མཁན། བཟོ་བོ་རྣམས་ཀྱི་གླ་ལྟོ་ཡོན་རྒྱུ་སོགས་ཐམས་ཅད་རོ་ལངས་ཀྱི་གསེར་བཙོངས་པ་ཁོ་ནས་གྲུབ་ཅིང༌། གསེར་དེ་ཁོ་ནས་དགེ་སློང་ལྔ་བརྒྱ་དང༌། དགེ་བསྙེན་ལྔ་བརྒྱའི་འཚོ་བ་སྦྱར་ཏེ། དགེ་བསྙེན་དེ་ཉིད་མ་ཤིའི་བར་དུ་ཁོང་རང་གིས་ཆོས་གཞི་བཏེག། འདའ་བའི་ཚེ། གསེར་འདིས་རེ་ཞིག་གཞན་ལ་ཕན་མི་ཐོགས། མ་འོངས་པ་ན་སེམས་ཅན་ལ་ཕན་པར་འགྱུར་ཞེས་གཏེར་དུ་སྦས། ཆོས་གཞི་རྒྱལ་པོ་དེ་ཝ་པཱ་ལ་ལ་གཏད་དོ། །རྒྱལ་པོ་གོ་པཱ་ལའི་དུས་ཀྱི་གཏམ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །། ༢༩ རྒྱལ་པོ་དེ་ཝ་པཱ་ལ་ཡབ་སྲས་ཀྱི་དུས་ཀྱི་གཏམ། རྒྱལ་པོ་དེ་ཝ་པཱ་ལ་ནི་ཁ་ཅིག་ཀླུའི་བུ་ཡིན་པར་ཡང་འདོད་ཅིང༌། རྒྱལ་བོ་གོ་པཱ་ལ་ནས་བརྒྱུད་པའི་རིག་སྔགས་ཀྱི་བྱིན་རླབས་ཞུགས་པའི་ཕྱིར་དེ་ཉིད་ཀྱི་སྲས་ཡིན་པར་ནི་སེམས་ལ། འོན་ཀྱང་འདི་སྐད་ཅེས་གྲགས་ཏེ། རྒྱལ་པོ་གོ་པཱ་ལའི་བཙུན་མོ་ཐ་ཆུང་ཞིག་གིས་བྲམ་ཟེའི་རིག་སྔགས་མཁན་ཞིག་ལས་རྒྱལ་པོ་དབང་དུ་བྱེད་པའི་རིག་པ་ཞུས་པས། རི་བོ་གངས་ཅན་ནས་སྨན་བླངས་ཏེ་སྔགས་ཀྱིས་བཏབ། ཁ་ཟས་དང་སྦྱར་རྒྱས་བཏབ། རྒྱལ་པོ་ལ་དྲོངས་ཤིག་བྱས་ནས། བྲན་མོ་ལ་བསྐུར་བས་ཆུ་འགྲམ་ཞིག་ཏུ་འགྲེད་དེ་རྫས་ཆུ་ལ་ལྷུང༌། ཆུས་ཁྱེར་ཏེ་ཀླུའི་གནས་སུ་སླེབ་པ་ན། ཀླུའི་རྒྱལ་པོ་རྒྱ་མཚོ་སྐྱོང་ཞེས་བྱ་བས་ཟོས་ཏེ་དེ་དབང་དུ་གྱུར་ཏེ། རྒྱལ་པོའི་གཟུགས་ཀྱིས་འོངས་ནས་བཙུན་མོ་དང་ཕྲད་པས་སྦྲུམ་མར་གྱུར་བའི་གནས་སྐབས་སུ། རྒྱལ་པོས་ཆད་པས་གཅོད་པར་བརྩམས་པ་ལས། དུས་འདིའི་ཚེ་རྒྱལ་པོ་ཉིད་འོངས་སོ་བྱས་པས་སླར་བརྟག་གོ་ཟེར་ནས། ནམ་ཞིག་ན་ཁྱེའུ་བཙས་ཏེ་ལྷ་མཆོད་བྱས་པའི་ཚེ། སྦྲུལ་མགོ་རོང་གིས་བྱུང་ནས། ཁྱེའུའི་ལག་པ་ལ་སོར་གདུབ་ཡོད་པ་ལ་བལྟས་ན་ཀླུའི་ཡི་གེ་མཐོང་བས་ཀླུའི་རྒྱལ་པོའི་བུར་ཤེས་ནས་སྐྱེད་བསྲིངས། རྒྱལ་པོ་གོ་པཱ་ལ་འདས་པ་ན་དེ་ཉིད་རྒྱལ་སྲིད་དུ་བསྐོས། རྒྱལ་པོ་གོང་མ་ལས་ཀྱང་མངའ་ཐང་ཆེ་སྟེ་ཤར་ཕྱོགས་ཝ་རེནྡྲ་མངའ་འོག་ཏུ་འདུས། གཙུག་ལག་ཁང་ཁྱད་པར་དུ་འཕགས་པ་ཞིག་རྩིག་པར་བཞེད་ནས་སཽ་མ་པུ་རི་བཞེངས་པ་ཡིན་ཏེ། འདི་ལ་བོད་ཀྱི་ལོ་རྒྱུས་ཕལ་ཆེར་ལྟར་ན། ལྟས་མཁན་རྣམས་ན་རེ། དགེ་སྦྱོང་དང་བྲམ་ཟེའི་རས་ལ་སྡོང་བུ་བྱས། རྒྱལ་པོ་དང་ཚོང་དཔོན་གྱི་ཁྱིམ་ནས་མར་བླངས། དཀའ་ཐུབ་པའི་གནས་ནས་ཀོང་བུ་བླངས་ཏེ་མར་མེ་སྦར་བ་ཡི་དམ་གྱི་མདུན་དུ་བཞག་སྟེ་གསོལ་བ་བཏབ་ན་ཆོས་སྐྱོང་གི་སྤྲུལ་པས་ཀོང་བུ་གང་དུ་བསྒྱུར་བ་དེར་ལྷ་ཁང་རྩིགས་ཤིག ། རྒྱལ་པོའི་མངའ་ཐང་ཡང་ཇེ་འཕེལ་དུ་འགྱུར་ཞིང་ཡུལ་ཕྱོགས་ཐམས་ཅད་ལ་བཀྲ་ཤིས་པར་འགྱུར་རོ་ཟེར། དེ་ལྟར་བྱས་པས། བྱ་རོག་གཅིག་བྱུང་ནས། ཀོང་བུ་མཚོ་ཞིག་ལ་བསྐུར་བས་ཡིད་ཆད་པ་ན་མཚན་མོ་ཀླུའི་རྒྱལ་བོ་སྦྲུལ་མགོ་ལྔ་པ་བྱུང་སྟེ། ང་ཁྱོད་ཀྱི་ཕ་ཡིན་པས་མཚོ་བསྐམས་ལ་རྩིག་ཏུ་གཞུག་གོ །ཞག་བདུན་བདུན་ན་མཆོད་པ་ཆེན་པོ་གྱིས་ཤིག་ཟེར་ཏེ། དེ་བཞིན་བྱས་པས་ཞག་ཉེར་གཅིག་ན་མཚོ་བསྐམས། དེར་ལྷ་ཁང་བཞེངས་ཞེས་འབྱུང་ལ། ཁ་ཆེའི་ཡུལ་གྱི་རྒྱ་མཚོ་སྦས་པའི་གཙུག་ལག་ཁང་བཞེངས་པའི་ལོ་རྒྱུས་ལ་རྨི་ལམ་དུ་མི་ནག་པོ་ཞིག་བྱུང་ནས། ནག་པོ་ཆེན་པོ་ལ་མཆོད་པ་གྱིས། མཚོ་གནོད་སྦྱིན་རྣམས་ཀྱིས་སྐེམས་པར་བྱེད་དོ་ཞེས་པ་ལས་གཞན་དེ་ཁོ་ན་བཞིན་དུ་བྱུང་བའི། དེའི་ལོ་རྒྱུས་སཽ་མ་པུ་རི་ལ་སྦྱར་བ་མིན་ན་རུང་ངོ༌། ། དེ་བཞིན་དུ་དེ་ཝ་པཱ་ལ་འཁྲུངས་པའི་ལོ་རྒྱུས་ཀྱང་ལྷན་སྐྱེས་རོལ་པའི་ལོ་རྒྱུས་དང་ཕྱོགས་འདྲར་སྣང་བས་ཕན་ཚུན་དཔེ་བྱས་པའི་བརྗོད་རིགས་ཡིན་མིན་བརྟག་དགོས་ལ། སཽ་མ་པུ་རི་ཡོངས་སུ་གྲགས་པ་འདི་སོ་མ་པུ་རི་གསར་པ་ཡིན་ནོ་ཞེས་ཀྱང་གྲགས་སོ། །རྒྱལ་པོ་དེ་ལ་རྣལ་འབྱོར་བ་སི་རོ་མ་ཎི་ཞེས་བྱ་བས་བསྐུར་ཏེ། ཨོ་ཊི་བི་ཤ་ལ་སོགས་པའི་ཡུལ་འདི་རྣམས་སྔོན་ནང་པའི་གནས་ཡིན་ཡང། ད་ལྟར་མུ་སྟེགས་པ་ཁོ་ན་དར་བས་དམག་བྱའོ་སྙམ་དམག་གི་ཚོགས་པ་ཆེན་པོ་བསྡུས་ཏེ། རང་དང་ཉེ་བའི་ཡུལ་ནས་ཕར་ཕྱིན་ཙ་ན། རྒྱང་རིང་པོ་ནས་མི་ནག་པོ་ཞིག་དལ་གྱིས་འགྲོའོ། །དེ་ལ་སུ་ཡིན་འདྲིར་བཏང་བས་ང་ནག་པོ་ཆེན་པོ་ཡིན། བྱེ་མའི་ཕུང་བོ་འདི་བསལ་བའི་འོག་ན་ལྷ་ཁང་ཡོད། མུ་སྟེགས་ཀྱི་ལྷ་ཁང་རྣམས་འཇིག་པར་འདོད་ན་གཞན་བྱེད་མི་དགོས་གྱིས་ལྷ་ཁང་གི་མཐའ་དམག་གིས་བསྐོར་ལ་རོལ་མོ་ཆེན་པོ་གྱིས་ཤིག་ཟེར། བྱེ་མའི་ཕུང་པོ་བསལ་བའི་འོག་ནས་རྡོའི་ལྷ་ཁང་ངོ་མཚར་ཅན་ཐོན། དཔལ་ཚ་བ་གསུམ་གྱི་གཙུག་ལག་ཁང་དུ་མིང་བཏགས། ལོ་རྒྱུས་འགའ་ཞིག་ལས་དེ་ནས་དགེ་སློང་འགོག་པ་ལ་སྙོམས་པར་ཞུགས་པ་ཞིག་དོན་ནས། སངས་རྒྱས་འོད་སྲུང་དང༌། རྒྱལ་པོ་ཀྲཱི་ཀྲིའི་གཏམ་དྲིས་པས། འདི་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ཡིན་ནོ་བྱས་པས། ཆོ་འཕྲུལ་མང་བོ་བསྟན་ནས་མྱ་ངན་ལས་འདས་སོ་ཟེར། དེ་ནས་མུ་སྟེགས་ཀྱི་ལྷ་ཁང་རྣམས་ལ་ཇི་སྐད་བསྒོ་བ་བཞིན་བྱས་པས་ལྷ་ཁང་ཐམས་ཅད་རང་ཞིག་སྟེ། སྤྱིར་ན་མུ་སྟེགས་ཀྱི་གནས་གཞི་ཆེན་པོ་བཞི་བཅུ་ཙམ་ཞིག །ལ་ལ་བྷཾ་ག་ལ་དང་ཝ་རེནྡྲའི་ཡང་ཡིན། དེ་ནས་ཨོ་ཌོ་བི་ཤ་ཐམས་ཅད་མངའ་འོག་ཏུ་ཆུད་དོ། ། རྒྱལ་པོ་འདིའི་རིང་ལ་ནག་པོ་སྤྱོད་པ་ཆུང་བ་བྱོན་ཏེ། དེ་ནི་སློབ་དཔོན་ནག་པོ་སྤྱོད་པའི་རྗེས་འབྲང་བདེ་དགྱེས་གཤིན་རྗེ་བཤེད་གསུམ་ལ་མཁས་པའི་པཎྜི་ཏ་ཞིག་ཡིན། དེས་ནཱ་ལེནྡྲ་དང་ཉེ་བ་ཞིག་ཏུ་བདེ་མཆོག་བསྒོམས་པས་མཁའ་འགྲོ་མས་ལུང་བསྟན། ཀཱ་མ་རཱུའི་ལྷ་མོའི་གནས་ན་རྫས་ཀྱི་དངོས་གྲུབ་ཡོད་ཀྱིས་ལོང་ཞིག་ཟེར། དེར་ཕྱིན་པས་ཟ་མ་ཏོག་ཅིག་རྙེད། ཁ་ཕྱེ་བས་ཌ་མ་རུ་དྲྭ་བ་ཅན་ཞིག་བྱུང༌། དེ་ལག་ཏུ་ཐོགས་པ་ཙམ་གྱིས་རྐང་པ་ས་ལ་མ་རེག་ཅིང༌། དྲག་ཏུ་དཀྲོལ་བ་ན་གྲུབ་པའི་རྣམ་འབྱོར་ཕོ་མོ་ལྔ་བརྒྱ་གང་ནས་བྱུང་ཆ་མེད་པར་འོངས་ནས་དེའི་འཁོར་བྱེད་པ་བྱུང་སྟེ། ཡུན་རིང་པོར་འགྲོ་བའི་དོན་མཛད་དོ། །མཐར་གངྒ་སཱ་ག་ར་ཞེས་པར་གར་གཤེགས་ཆ་མེད་པའི་ཚུལ་གྱིས་སྐུ་འདས། འདིས་སྡོམ་པ་བཤད་པ་ལ་སོགས་པ་བསྟན་བཅོས་མང་དུ་མཛད། སྐུ་ཚེ་རིང་བས་རྒྱལ་པོ་དྷརྨ་པཱ་ལའི་རྗེས་སུའང་ཅུང་ཟད་བཞུགས་སོ། །སྐབས་འདིར་སློབ་དཔོན་ཤཱཀྱ་འོད་ཀྱི་སློབ་མ་ཤཱཀྱ་བཤེས་གཉེན་ཞེས་བྱ་བ་ཡང་བྱུང༌། གཞན་ཡང་འདུལ་འཛིན་དགེ་ལེགས་བཤེས་གཉེན་དང༌། བློ་བཟང་ངང་ཚུལ་དང༌། དཾ་ཥྟ་སེ་ན་སྟེ་མཆེ་བའི་སྡེ་དང༌། ཡེ་ཤེས་ཟླ་བ་དང༌། རྡོ་རྗེ་མཚོན་ཆ་དང༌། འཇམ་དཔལ་གྲགས་པ་དང༌། ཡེ་ཤེས་བྱིན་དང༌། བཛྲ་དེ་ཝ་དང༌། ལྷོ་ཕྱོགས་ཀྱི་རྒྱུད་དུ་བཙུན་པ་སྤྱན་རས་གཟིགས་བརྟུལ་ཞུགས་རྣམས་བྱུང༌། ཁ་ཆེའི་ཡུལ་དུ་སློབ་དཔོན་དྷ་ན་མི་ཏྲ་ལ་སོགས་པ་བྱུང༌། སློབ་དཔོན་སེང་གེ་བཟང་པོའང་རྒྱལ་པོ་འདིའི་དུས་སུ་པཎྜི་ཏ་ར་གྱུར། འགྲོ་དོན་ཅི་རིགས་པ་མཛད། རྒྱལ་པོ་དྷརྨ་པཱ་ལའི་དུས་སུ་འཕྲིན་ལས་ཆེར་བྱུང་བ་ཡིན་ཏེ་འོག་ཏུ་འཆད། བོད་ཀྱི་ཡུལ་དུ་བྱོན་པའི་ཨཱ་ཙརྱ་བོ་དྷི་ས་ཏྭ་ནི། རྒྱལ་པོ་གོ་པཱ་ལ་ནས་རྒྱལ་བོ་དྷརྨ་པཱ་ལའི་བར་དུ་ནི་ངེས་པར་བཞུགས་པར་མངོན་ལ། བོད་ཀྱི་ལོ་རྒྱུས་ཁུངས་ཆེ་བར་བྱས་པ་ཀུན་ན་ནི་བོད་ཀྱི་རྒྱལ་རབས་དགུ་མཁན་པོའི་སྐུ་ཚེའི་རིང་ལ་འདས་ཟེར་བར་སྣང་བས་དེ་ལྟ་ན་ནི། ཐོགས་མེད་སྐུ་མཆེད་ཀྱི་ཞབས་ཟིན་པ་ཙམ་དུ་བྱེད་དགོས་ཏེ། ཇི་བཞིན་ཡིན་པར་དཀའ་འོ། ། འདི་དང་དབུ་མ་རྒྱན་མཛད་པ་པོ་མཁན་ཆེན་ཞི་བ་འཚོ་གཉིས་གཅིག་པར་ཀུན་ཏུ་གྲགས་ཤིང༌། བོད་ཀྱི་མཁས་པ་ཆེན་པོ་ཐམས་ཅད་ཀྱིས་ཀྱང་གཅིག་པར་མཛད་འདུག་པས་རེ་ཞིག་དེ་ལ་ཡིད་བརྟན་བྱ་སྟེ། དེ་ལྟར་ན་རྒྱལ་པོ་གོ་པཱ་ལའི་དུས་ཉིད་དུ་པཎྜི་ཏ་ཆེན་པོར་གྱུར་པ། རྒྱལ་པོ་འདིའི་དུས་སུ་གཙོ་བོར་འགྲོ་དོན་མཛད་པ་ཞིག་ཡིན་ནོ། །ལྷ་བཙན་པོ་ཁྲི་སྲོང་སྡེ་བཙན་གྱིས་མཛད་པའི་བཀའ་ཡང་དག་པའི་ཚད་མ་ན། མཁན་པོ་བོ་དྷི་ས་ཏྭའི་མཚན་དྷརྨ་ཤཱནྟི་གྷོ་ཥ་སྟེ་ཆོས་ཞི་བའི་དབྱིངས་ཞེས་པ་ཡིན་པར་བཤད་ཀྱང༌། མཚན་དུ་མ་འབྱུང་བ་མི་འགལ་ཞིང༌། རང་གི་མཁན་བུ་སད་མི་མི་བདུན་ཀུན་ལའང་རཀྵི་ཏ་ཞེས་པའི་ཤཱནྟ་རཀྵི་ཏའི་མཚན་ཟུར་རེ་ཡང་འདུག་པས་མཚན་གྱི་རྣམ་གྲངས་ཞི་བ་འཚོ་ཡང་ངེས་པར་ཡིན་ནོ། ། འོན་ཀྱང་ཡེ་ཤེས་སྙིང་པོས་མཛད་པའི་དབུ་མ་བདེན་གཉིས་ཀྱི་འགྲེལ་བཤད་མཛད་མཁན་གྱི་ཞི་བ་འཚོ་དང༌། དབུ་མ་རྒྱན་མཛད་པ་པོ་ཞི་བ་འཚོ་མི་གཅིག་པར་འདོད་པ་ལྟར་ན། དེ་གཉིས་ལས་གང་ཡིན་བརྟག་དགོས་པ་ཙམ་སྣང་ངོ༌། །ཤཱཀྱ་བཤེས་གཉེན་གྱིས་རྣལ་འབྱོར་གྱི་རྒྱུད་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་པ་ཀོ་ས་ལའི་རྒྱན་ཞེས་བྱ་བ་ཡུལ་ཀོ་ས་ལར་བརྩམས། ཁོང་ཉིད་ཀྱིས་བླ་མ་བཅུ་གཅིག་ཙམ་ལ་ཞུས་པར་འགྲེལ་པ་དེ་ལས་བཤད། སྐུ་ཚེའི་སྨད་ལ་ཁ་ཆེར་བྱོན་ནས་འགྲོ་དོན་ཆེར་བྱུང༌། རྡོ་རྗེ་མཚོན་ཆ་ནི་འཇམ་དཔལ་གྱི་བསྟོད་པ་གང་བློ་མར་གྲགས་པ་རྩོམ་པ་པོ་དེ་ཡིན་ཏེ། པཎྜི་ཏ་ལྔ་བརྒྱས་སོ་སོར་བརྩམས་པས་ཚིག་དོན་གཅིག་ཏུ་བྱུང་བས་ལྷའི་རྫུ་འཕྲུལ་དུ་ཤེས་སོ། ། འཇམ་དཔལ་གྲགས་པ་ནི། མཚན་བརྗོད་ཀྱི་འགྲེལ་བ་ཆེན་པོ་མཛད་པ་པོ། ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་དངོས་སུ་ཞལ་གཟིགས་པའི་རྡོ་རྗེ་སློབ་དཔོན་ཆེན་པོ་ཞིག་སྟེ་འགྲེལ་པ་དེ་ལ་རྣམ་པར་བརྟགས་ན་གསུང་རབ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཞིག་ནི་ཡིན་པར་སྣང་ངོ༌། །འདིའི་ལོ་རྒྱུས་རྒྱས་རྒྱས་འདྲ་བ་སྔོན་བོད་ལ་གྲགས་པ་ཞིག་སྣང་བ་ཁོ་བོའི་ཡིད་ལ་ནི་ཤིན་ཏུ་མི་འབབ། ཤེས་པར་འདོད་ན་མཁས་མཆོག་བུ་སྟོན་གྱིས་མཛད་པའི་ཡོ་ག་གྲུ་གཟིངས་སུ་བལྟའོ། ། བཛྲ་དེ་ཝ་ནི། རྟེན་ཁྱིམ་པ་སྙན་དངགས་མཁན་ཆེན་པོ་ཞིག་ཡིན་ལ། བལ་པོའི་ཡུལ་དུ་ཕྱིན་ནས་མུ་སྟེགས་པའི་རྣལ་འབྱོར་མ་ཞིག་གི་སྤྱོད་པ་ལོག་པ་མང་པོ་མཐོང་ནས། དེ་ལ་དམོད་པའི་སྙན་དངགས་སྦྱར་བ་ན། དེས་ཀྱང་དམོད་པ་བྱས་པས་སྙུང་མཛེས་བཏབ། དེར་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་ཅིང༌། ཉིན་རེ་བཞིན་བསྟོད་པ་ཕྲེང་འཛིན་གྱི་སྡེབ་སྦྱོར་གྱི་ཤློ་ཀ་རེ་རེ་བརྩམས། ཟླ་བ་གསུམ་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་མཐོང་སྟེ་སྙུང་བའང་གདངས། བསྟོད་པ་ཤློ་ཀ་བརྒྱར་ལོངས་ཏེ་འཕགས་ཡུལ་གྱི་ཕྱོགས་ཐམས་ཅད་དུ་སྙན་དངགས་ལེགས་པའི་དཔེར་བྱེད་དོ། །རྒྱལ་པོ་དེ་ཝ་པཱ་ལས་ལོ་བཞི་བཅུ་ཞེ་བརྒྱད་དུ་རྒྱལ་སྲིད་བྱས། དེའི་རྗེས་སུ་སྲས་རཱ་ས་པཱ་ལས་རྒྱལ་སྲིད་ལོ་བཅུ་གཉིས་བྱས། བསྟན་པའི་བྱ་བ་གསར་པ་ཆེར་མ་མཛད་པས་དེ་ནི་པཱ་ལ་བདུན་ལ་མི་བགྲང༌། དེའི་ཚེ་ཨུ་རྒྱན་གྱི་སློབ་དཔོན་སྒེག་པའི་རྡོ་རྗེས་དཔལ་ནཱ་ལེནྡྲར་ལོ་བཅུའི་བར་དུ་བཞུགས་ཤིང༌། སྔགས་ཀྱི་ཐེག་པ་མང་དུ་གསུངས། མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་ཡང་མཛད། སློབ་དཔོན་བཱ་སུ་བནྡྷུ་ཞེས་བྱ་བ་དབྱིག་གཉེན་གྱི་མཚན་ཅན་ཞིག་བྱོན་ཏེ། ཆོས་མངོན་པའི་སྡེ་སྣོད་མང་དུ་གསུངས་སོ། ། དེ་ལ་སློབ་དཔོན་སྒེག་པའི་རྡོ་རྗེ་ནི། ཡུལ་ཥི་ཥ་ར་ཞེས་པར་འཁྲུངས། ཨུ་རྒྱན་གྱི་གནས་སུ་རབ་ཏུ་བྱུང་ཞིང་གྲུབ་མཐའ་རྣམ་རིག་དབུ་མ་པ། རིག་པའི་གནས་ཐམས་ཅད་ལ་མཁས་པར་བྱས་པའི་མཐར། ཨུ་རྒྱན་གྱི་གླིང་ཕྲན་མ་དྷི་མ་ཞེས་བྱ་བར་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་པ་མཛད། དེའི་ཚེ་འཕགས་པ་འཇམ་དཔལ་འགྲུབ་ཏུ་ཉེ་བ་ན། འཇམ་དཔལ་གྱི་བྲིས་སྐུའི་ཞལ་ལས་འོད་ཟེར་ཆེན་པོ་བྱུང་སྟེ་གླིང་ཡུན་རིང་དུ་སྣང་བར་བྱས་བས། ཉི་མ་དང་འདྲ་བ་ཞེས་བྱ་བར་མཚན་གསོལ། ལོག་པར་ལྟ་བ་འགའ་ཞིག་ལ་ནང་པའི་པཎྜི་ཏ་འི་དབང་པོ་ལྔ་སྒྲུབ་རྫས་ལ་དགོས་པ་བྱུང༌། སློབ་དཔོན་བཀྲོང་དུ་འོངས་པས་གླང་པོ་དང་རྟ་དང་བུ་མོ་དང་ཁྱེའུ་སོགས་སྣ་ཚོགས་ཀྱི་གཟུགས་སུ་བསྒྱུར་བས་སུ་ཡིན་ངོ་མ་ཤེས་པར་ཕྱིར་ལྡོག །སྣ་ཚོགས་གཟུགས་ཅན་ཞེས་མཚན་གསོལ། སྐུ་ཚེའི་སྨད་ལ་ཨུ་རྒྱན་གྱི་ཡུལ་དུ་འགྲོ་དོན་ཆེར་མཛད། མཐར་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་སོ། །རབ་ཏུ་བྱུང་བའི་མཚན་དཔལ་ལྡན་བྱང་ཆུབ་མཆོག་གི་སྐལ་བ་དང་ལྡན་པ། གསང་མཚན་སྒེག་པའི་རྡོ་རྗེ་ཞེས་བྱ་བ་ཡིན་པས། དེས་མཛད་པའི་བསྟན་བཅོས་རྣམས་ལ་སྒེག་པའི་རྡོ་རྗེ་ཉི་མ་དང་འདྲ་བ་སྣ་ཚོགས་གཟུགས་ཅན་དཔལ་ལྡན་བྱང་ཆུབ་མཆོག་གི་སྐལ་བ་དང་ལྡན་པས་མཛད་པ་ཞེས་འབྱུང་བ་ཡིན་ནོ། །འདིའི་དུས་གདོལ་བའི་བུ་ཞིག་ཨཱརྱ་དེ་ཝ་དང་མཇལ་བྱིན་གྱིས་བརླབས་པས་ཆོས་ཏོལ་ཤེས་སུ་བྱུང༌། བསྒོམས་པས་གྲུབ་པ་ཐོབ་སྟེ། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་སྔགས་གཞུང་མཐའ་དག་རྙེད། ཅི་རིགས་པར་བཤད་དེ་མ་ཏང་གི་པའོ། །ཡང་ཀོང་ཀ་ན་རུ་སློབ་དཔོན་སྲུང་བའི་ཞབས་ཞེས་བྱ་བ་དེས་ཟླ་གྲགས་ལ་དངོས་སུ་མཉན་ནས། སྒྲོན་གསལ་གྱི་གླེགས་བམ་ཡང་བྱུང༌། དེ་བཞིན་དུ་པཎྜི་ཏ་སྒྲ་གཅན་འཛིན་ཟེར་བས་ཀྱང་ཀླུ་བྱང་དང་མཇལ་ཟེར་ཏེ། ཆོས་འཕགས་སྐོར་མགོ་དར་བ་ཙམ་བྱུང༌། ཕྱིས་པཱ་ལ་ཕྱི་མ་བཞིའི་དུས་སུ་ལྷག་པར་དར་རོ། །མཁའ་ལ་ཉི་ཟླ་རྣམ་གཉིས་དང༌། ས་ལ་གསལ་བ་རྣམ་གཉིས་ཟེར་བ་བྱུང་སྐད། རྒྱལ་པོ་དེ་ཝ་པཱ་ལ་ཡབ་སྲས་ཀྱི་དུས་སུ་བྱུང་བའི་གཏམ་སྟེ་ཉི་ཤུ་རྩ་དགུ་པའོ།། །། ༣༠ རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་གི་དུས་ཀྱི་གཏམ། དེའི་རྗེས་སུ་རྒྱལ་པོ་དེའི་སྲས་དྷརྨ་པཱ་ལ་རྒྱལ་སྲིད་དུ་བསྐོས་ཏེ། འདིས་རྒྱལ་སྲིད་ལོ་དྲུག་ཅུ་རྩ་བཞི་མཛད། ཀཱ་མ་རཱུ་པ་དང༌། ཏི་རཱ་ཧུ་ཏི་དང༌། གོ་ཊ་ལ་སོགས་པ་ཡང་དབང་དུ་བསྡུས། ཆབ་སྲིད་ཤིན་ཏུ་ཆེ་སྟེ་ཤར་དུ་རྒྱ་མཚོ་ལ་ཐུག་པ། ནུབ་ཏུ་ཊི་ལི་ཚུན་ཆད། བྱང་དུ་ཛ་ལེནྡྷ་ར་མན་ཆད། ལྷོ་ལ་རི་འབིགས་བྱེད་ཀྱི་ཁོངས་ཚུན་ཆད་ལ་ལུང་བསྒྱུར། སེང་བཟང་དང༌། ཡེ་ཤེས་ཞབས་བླ་མར་བསྟེན། ཤེར་ཕྱིན་དང༌། དཔལ་གསང་བ་འདུས་པས་ཕྱོགས་ཐམས་ཅད་གང་བར་མཛད། གསང་བ་འདུས་པ་དང༌། ཕར་ཕྱིན་ཤེས་པའི་པཎྜི་ཏ་གྲལ་མགོར་འཇོག་པ་སོགས་བྱུང༌། རྒྱལ་པོ་འདི་རྒྱལ་སྲིད་དུ་འཁོད་ཙམ་ན། གྲུབ་པའི་སློབ་དཔོན་ཀུ་ཀུ་རི་པ་ཡང་བྷཾ་ག་ལའི་ཡུལ་དུ་བྱུང་ནས་འགྲོ་བའི་དོན་མཛད། དེའི་ལོ་རྒྱུས་གཞན་དུ་ཤེས། རྒྱལ་སྲིད་དུ་འཁོད་མ་ཐག་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པ་པོ་རྣམས་སྤྱན་དྲངས། སློབ་དཔོན་སེང་གེ་བཟང་པོ་ལ་ཁྱད་པར་དུ་མོས། རྒྱལ་པོ་འདིས་སྤྱིར་ཆོས་གཞི་ལྔ་བཅུ་ཙམ་བཙུགས་པ་ལས། ཤེར་ཕྱིན་འཆད་པའི་ཆོས་གཞི་སུམ་ཅུ་སོ་ལྔ་ཡོད། དཔལ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་བཞེངས་ཏེ། དེ་ཡང་མ་ག་དྷཱའི་བྱང་ངོས་ཆུ་བོ་གངྒའི་འགྲམ་རི་དེའུ་ཞིག་གི་རྩེ་ལ་དབུས་སུ་བྱང་ཆུབ་ཆེན་པོའི་སྐུ་ཚད་ཀྱི་ལྷ་ཁང༌། མཐའ་སྐོར་དུ་གསང་སྔགས་ནང་གི་ལྷ་ཁང་ཆུང་ངུ་ལྔ་བཅུ་ང་གསུམ། ལྷ་ཁང་དཀྱུས་མ་ལྔ་བཅུ་ང་བཞི་སྟེ་ལྷ་ཁང་བརྒྱ་རྩ་བརྒྱད་ཡོད་པ་ཕྱི་ལྕགས་རིས་བསྐོར་བ་བཞེངས། པཎྜི་ཏ་བརྒྱ་རྩ་བརྒྱད། གཏོར་མའི་སློབ་དཔོན། རབ་གནས་སློབ་དཔོན། སྦྱིན་སྲེག་སློབ་དཔོན། བྱི་བ་སྲུང་བ་དང༌། ཕུག་རོན་སྲུང་བ་དང༌། ལྷ་འབངས་ཀྱི་གཉེར་བྱེད་པ་སྟེ་བརྒྱ་དང་བཅུ་བཞི་ལ་ཟས་གོས་ཀྱི་འཚོ་བའི་ཁྱད་པར་མི་བཞི་བཞིའི་འཚོ་བ་དང་མཉམ་པ་སྦྱར། ཟླ་དུས་ཟླ་དུས་སུ་ཆོས་ཉན་པ་པོ་ཐམས་ཅད་ལ་སྟག་རེས་འཁོར་གྱི་སྟོན་མོ་དང་ཡོན་བཟང་པོ་རེ་འབུལ་བར་མཛད། གནས་གཞི་དེའི་བདག་པོ་གང་ཡིན་པ་དེས་ནཱ་ལེནྡྲ་ཡང་སྐྱོང་བར་བྱེད་དོ། །པཎྜི་ཏ་རེ་རེས་ཆོས་སྣ་རེ་རྒྱུན་དུ་གསུང་པས་ཆོས་གཞིའི་ཡོ་བྱད་སོ་སོར་མ་སྦྱར་ཡང་ཆོས་གཞི་བརྒྱ་རྩ་བརྒྱད་དང་དོན་གྱིས་མཉམ་པར་སོང༌། རྒྱལ་པོ་འདི་སློབ་དཔོན་ཀམྤ་ལའི་སྐྱེ་བ་ཡིན་པར་འདོད་ནའང་ངོས་བཟུང་ཡོད་པ་དཀའ། སྡེ་སྣོད་འཛིན་པ་སྨོན་ལམ་གྱི་མཐུ་གྲུབ་པ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དར་བར་བྱེད་པའི་སྨོན་ལམ་བཏབ་སྟེ་རྒྱལ་པོར་འཁྲུངས་པར་ནི་ཡིན་པར་བཤད། རྒྱལ་པོ་འདི་ནས་བཟུང་ནས་ཤེར་ཕྱིན་ཁོ་ན་དར་རྒྱས་ཆེ་བ་བྱུང༌། ཤེར་ཕྱིན་གྱི་མདོར་ཡུལ་དཔྱད་པའི་སྐབས་ན་དང་པོར་ཡུལ་དབུས་སུ་དར་བར་འགྱུར་ཞིང༌། དེ་ནས་ལྷོ་ཕྱོགས། སླར་ཡང་དབུས། དེ་ནས་བྱང་ཕྱོགས་དང༌། བྱང་ཕྱོགས་ནས་བྱང་ཕྱོགས་སུ་དར་བར་གསུངས་པའི་ལྷོའི་རྗེས་སུ་ཡུལ་དབུས་སུ་དར་བ་ནི་རྒྱལ་པོ་འདིའི་དུས་ཙམ་ལ་ངོས་བཟུང་དགོས་སོ། ཁ་ཅིག་བྱང་ཕྱོགས་ཀྱི་རྗེས་སུ་སླར་ཡང་ཡུལ་དབུས་སུ་དར་བར་འགྱུར་ཞིང༌། དེ་ལྟར་མདོ་ནས་ཀྱང་བཤད་ཟེར་བ་ནི་མདོ་ཇི་བཞིན་མ་བཀླགས་པའི་སྐྱོན་ནོ། །རྒྱལ་པོ་འདི་དང་དུས་མཉམ་དུ་རྒྱ་གར་ནུབ་ཕྱོགས་ཀྱི་རྒྱལ་བོ་ཙཀྲ་ཡུ་དྷ་ཞེས་པ་ཡོད་པར། རྒྱལ་སྡེ་དཀར་ཆུང་རྡོ་རིངས་ཀྱི་ཡི་གེ་ལ་སྣང༌། རགས་རྩིས་སུ་བྱས་པ་ལ་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་དུས་མཉམ་པར་ཤེས་སོ། ། རྒྱལ་པོ་འདིའི་དུས་སུ་རྟོག་གེ་པ་ཆེན་པོ་དགེ་སྲུང་དང༌། སེང་གེ་བཟང་པོ་དང༌། མཛེས་བཀོད་དང༌། རྒྱ་མཚོ་སྤྲིན་དང༌། འོད་ཟེར་འབྱུང་གནས་དང༌། གང་བ་སྤེལ་དང༌། རྡོ་རྗེ་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ཐུགས་སྲས་དང་བཅས་པ་རྣམས་དང༌། སངས་རྒྱས་གསང་བ་དང༌། སངས་རྒྱས་ཞི་བ་དང༌། ཁ་ཆེའི་ཡུལ་དུ་སློབ་དཔོན་པདྨ་འབྱུང་གནས་དབྱངས་དང༌། རྟོག་གེ་པ་ཆོས་འབྱུང་བྱིན་དང༌། འདུལ་འཛིན་སེང་གེའི་གདོང་ཅན་ལ་སོགས་པ་བྱུང་ངོ༌། །དེ་དག་ལས་སློབ་དཔོན་སེང་གེ་བཟང་པོ་ནི། རྒྱལ་པོའི་རིགས་ལས་རབ་ཏུ་བྱུང་བ་གཞུང་ལུགས་དུ་མ་ལ་མཁྱེན་པ་རྒྱས་པ་ཞིག་སློབ་དཔོན་ཞི་བ་འཚོ་ལས་དབུ་མའི་གཞུང་རྣམས་དང་གདམས་ངག་རྣམས་གསན། མཁན་པོ་རྣམ་སྣང་མཛད་བཟང་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་མངོན་པར་རྟོགས་པའི་རྒྱན་གཞུང་མན་ངག་དང་བཅས་པ་གསན། དེ་ནས་ཤར་ཕྱོགས་ཁ་སརྤ་ཎིའི་ནགས་སུ་རྒྱལ་བ་མི་ཕམ་པ་བསྒྲུབས་པས་མནལ་ལམ་དུ་ཞལ་བསྟན་ནས། ད་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་འགྲེལ་པ་བྱེད་པའི་བསྟན་བཅོས་གྲུབ་མཐའ་མི་གཅིག་པ་མང་ན། སུའི་རྗེས་སུ་འབྲང་ཞུས་པས། འཐད་པའི་ཆ་སྡུས་ཤིག་ཅེས་བཀའི་གནང་བ་ཐོབ། དེ་ནས་མི་རིང་བར་རྒྱལ་པོ་དྷརྨ་པཱ་ལས་སྤྱན་དྲངས་ཏེ། ཏྲི་ཀ་ཊུ་ཀ་ཚ་བ་གསུམ་གྱི་གཙུག་ལག་ཁང་དུ་བཞུགས་ནས་ཤེར་ཕྱིན་ཉན་པ་སྟོང་ཕྲག་མང་པོ་ལ་ཆོས་སྟོན་ཞིང༌། བརྒྱད་སྟོང་འགྲེལ་ཆེན་ལ་སོགས་པ་བསྟན་བཅོས་ཀྱང་མང་དུ་མཛད། རྒྱལ་པོ་དྷརྨ་པཱ་ལ་རྒྱལ་སྲིད་དུ་འཁོད་ནས་ལོ་ཉི་ཤུ་ལྷག་ཅིག་ན་སྐུ་འདས་སོ། ། སློབ་དཔོན་རྒྱ་མཚོ་སྤྲིན་ནི་རྒྱལ་བ་མི་ཕམ་པའི་ཞལ་གཟིགས་ནས། རྣལ་འབྱོར་སྤྱོད་པའི་ས་སྡེ་ལྔ་ལ་འགྲེལ་པ་རྩོམ་པར་ལུང་བསྟན་ཐོབ་པས་ཡོངས་རྫོགས་ལ་འགྲེལ་པ་མཛད་པར་ཡང་གྲགས་ཤིང༌། བྱང་སའི་འགྲེལ་པ་ནི་གྲགས་ཆེའོ། །པདྨ་འབྱུང་གནས་དབྱངས་ནི་ལོ་དྲི་མཁན་པོ་ཡིན་ནམ་སེམས། སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ནི། སེང་གེ་བཟང་པོའི་སློབ་མའི་ཐོག་མ་ལྟ་བུ་ཡིན་ཞིང༌། སེང་བཟང་སྐུ་འདས་པ་ཙམ་ན། གྲུབ་པ་བརྙེས་ནས་ཆོས་སྟོན་པའི་མགོ་བརྩམས་པ་ཙམ་ཡིན། དེ་ནས་ལོ་འགའ་འདས་པ་ན་རྒྱལ་པོའི་བླ་མར་གྱུར། དེ་ནས་མི་རིང་བར་བི་ཀྲ་མ་ལ་ཤཱི་ལའི་རབ་གནས་སོགས་མཛད་དེ། དེའི་རྡོ་རྗེའི་སློབ་དཔོན་དུ་མངའ་གསོལ། སློབ་དཔོན་འདི་ནི་འགྲོ་དོན་མཛད་པ་ནས་བརྩམས་ཏེ། ཇི་སྲིད་སྐུ་འདས་ཀྱི་རིང་ལ་ནུབ་རེ་བཞིན་འཕགས་པ་ཛམྦྷུ་ལས་གསེར་པ་ཎ་བདུན་བརྒྱ་བདུན་བརྒྱ་དང༌། ལྷ་མོ་ནོར་རྒྱུན་མས་མུ་ཏིག་གི་དོ་ཤལ་སུམ་བརྒྱ་པ་རེ་འབུལ་ཞིང༌། ལྷའི་མཐུས་དེ་དག་ཉོ་བའང་ཕྱི་དེ་ཉིན་ཁོ་ན་འབྱུང་ལ། ཉི་མ་དེའི་ཕྱི་དེ་ཉིན་ཁོ་ན་ལ་དེ་དག་ཐམས་ཅད་དགེ་བའི་ལས་ལ་ཟད་པར་མཛད་ནས། ཚུལ་དེས་དུས་འདའ་བར་མཛད་དོ། ། དེ་ཡང་དཔལ་གསང་བ་འདུས་པ་ལྷ་བཅུ་དགུ་ལ་མར་མེ་ཤིང་རྟའི་འཕང་ལོ་ཙམ་བདུན་བདུན། བྱང་ཆུབ་སེམས་དཔའ་བརྒྱད་དང༌། ཁྲོ་བོ་དྲུག་ལ་གསུམ་གསུམ། ཕྱོགས་སྐྱོང་ཆེན་པོ་བཅོ་ལྔ་ལ་གཏོར་མ་མི་གཉིས་ཀྱིས་ཁྱོགས་ཀྱིས་འདེགས་པ་བཅོ་ལྔ་རེ། དེས་མཚོན་པའི་མཆོད་པའི་ཡོ་བྱད་སྣ་ཐམས་ཅད་ནས་འབུལ་ཞིང༌། ཆོས་ཉན་པའི་སློབ་མ་དང༌། རབ་ཏུ་བྱུང་བ་དང༌། སློང་མོ་བ་སྣ་ཚོགས་པ་ཐམས་ཅད་ཀྱང་ཚིམས་པར་མཛད་དོ། །དེ་ལྟར་མཆོད་པ་ཡང་བསྟན་པ་རིང་དུ་དར་བའི་ཆེད་ཁོ་ནར་མཛད། རྒྱལ་པོ་དྷརྨ་པཱ་ལ་ལ། ཁྱོད་ཀྱི་ཚ་བོའི་དུས་ན་རྒྱལ་སྲིད་འཇིག་པའི་མཚན་མ་ཡོད་པས། སྦྱིན་སྲེག་གི་ཆོ་ག་ཆེན་པོ་ཞིག་བྱས་ན་ཡུན་རིང་དུ་སྲིད་ཟིན་ཞིང་ཆོས་ཀྱང་དར་བར་འགྱུར་གསུངས་པས། དེས་ཀྱང་དངུལ་ཏོ་ལ་འབུམ་ཕྲག་དགུ་དང་ཉིས་སྟོང་གི་ཡོ་བྱད་ཕུལ་བས། སློབ་དཔོན་གཙོ་བོར་གྱུར་པའི་རྡོ་རྗེ་འཛིན་པ་རྣམས་ཀྱིས་ལོ་མང་པོར་སྦྱིན་སྲེག་མཛད། ཁྱོད་ཀྱི་རྗེས་སུ་རྒྱལ་པོ་བཅུ་གཉིས་ཙམ་འབྱུང་ཞིང༌། ལྷག་པར་བུ་བརྒྱུད་ལྔས་ཡུལ་མང་པོ་ལ་དབང་བསྒྱུར་ཞིང་བསྟན་པ་དར་བར་བྱེད་དོ། །ཞེས་ལུང་བསྟན་པ་བཞིན་དུ་བྱུང༌། རྣམ་ཐར་རྒྱས་པ་གཞན་དུ་གསལ། དེའི་ཚེ་རྡོ་རྗེ་གདན་གྱི་ལྷ་ཁང་ཞིག་ན་ཧེ་རུ་ཀའི་སྐུ་དངུལ་ལས་བྱས་པ་ཆེན་པོ་ཞིག་དང༌། སྔགས་ཀྱི་གླེགས་བམ་མང་པོ་ཞིག་ཡོད་པ་སིངྒ་གླིང་པ་སོགས་ཉན་ཐོས་སེནྡྷ་པ་འགའ་ཞིག་གིས་འདི་དག་ནི་བདུད་ཀྱིས་བྱས་པའོ་ཞེས་བྱས་ནས་གླེགས་བམ་རྣམས་ཀྱིས་བུད་ཤིང་བྱས། སྐུ་གཟུགས་དེ་ཡང་དུམ་བུར་བགོས་ནས་རྙེད་པ་བྱས་སོ། །བྷཾ་ག་ལའི་ཡུལ་ནས་བི་ཀྲ་མ་ལ་ཤཱི་ལར་མཆོད་པ་ལ་འགྲོ་བ་མང་པོའང་དེ་དག་ཐེག་ཆེན་ཞེས་བྱ་བ་ལྟ་བ་ལོག་པར་སྤྱོད་པའི་འཚོ་བ་ཡིན་པས་ཡང་དག་པའི་ཆོས་སྟོན་པ་པོ་རྣམས་ལ་བོར་ཤིག་བྱས་ནས། ཁོང་རང་རྣམས་ཉིད་ལ་བསྒྱུར་བ་སོགས་ཕྱིས་རྒྱལ་པོས་ཐོས་ནས་སིངྒ་ལ་པ་རྣམས་ལ་བར་སྐབས་སུ་ཆད་པ་བྱུང་ངོ༌། མཐར་དེ་ལས་ཀྱང་སློབ་དཔོན་འདིས་བསྐྱངས་སོ། ། སློབ་དཔོན་འདིས་ཀྲི་ཡོ་ག་སྡེ་གསུམ་ཡང་ཅུང་ཟད་གསུངས། འདུས་པ། སྒྱུ་འཕྲུལ་དྲྭ་བ། སངས་རྒྱས་མཉམ་སྦྱོར། ཟླ་གསང་ཐིག་ལེ། འཇམ་དཔལ་ཁྲོས་པ་སྟེ་ནང་རྒྱུད་སྡེ་ལྔ་མང་དུ་གསུངས། ཁྱད་པར་གསང་བ་འདུས་པ་རྩལ་དུ་བཏོན་པས་དེ་ཉིད་ཀུན་ཏུ་ཆེས་དར་རོ། །སློབ་དཔོན་འདིའི་སློབ་མ་རབ་ཞི་བཤེས་གཉེན་ནི། མངོན་པ་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། ཀྲི་ཡོ་ག་སྡེ་གསུམ་ལ་མཁས་པའི་པཎྜི་ཏ་ཞིག་ཅི་བདེར་གནས་པ་ལ། སྐལ་ལྡན་དུ་མཁྱེན་ནས། སློབ་དཔོན་ཡེ་ཤེས་ཞབས་ཀྱིས་དབང་བསྐུར་མཛད་དེ། རང་གིས་ཀྱང་བསྒྲུབས་པས་གཤིན་རྗེ་གཤེད་ཞལ་གཟིགས་ཤིང༌། གནོད་སྦྱིན་གནོད་གནས་དབང་པོ་གྲུབ་ནས་ལོངས་སྤྱོད་ཀྱི་ཁྱད་པར་གང་འདོད་དག་འཕྲལ་ནས་འཕྲལ་དུ་བླངས་ནས་ཡོ་བྱད་དོན་དུ་གཉེར་བ་རྣམས་ལ་སྟེར་བར་མཛད། གནོད་སྦྱིན་ཁོ་ན་གཡོག་ཏུ་བཀོལ་ནས་ནཱ་ལེནྡྲའི་ལྷོ་ཕྱོགས་སུ་བདུད་རྩི་འབྱུང་གནས་ཞེས་བྱ་བའི་གཙུག་ལག་ཁང་ཞིག་བཞེངས། མཐར་ལུས་དེ་ཉིད་ཀྱིས་རིག་པ་འཛིན་པའི་གནས་གྲུབ་བོ། ། རྒྱལ་རིགས་སྒྲ་གཅན་འཛིན་བཟང་པོ་ནི། རིག་པའི་གནས་ལ་སྦྱངས་པའི་པཎྜི་ཏའི་གནས་ཐོབ་ཀྱང་བློ་ཅུང་ཟད་རྟུལ་བ་ཞིག་ཡོད་པ་ལ། སློབ་དཔོན་གྱིས་དབང་བསྐུར་ཞིང་བྱིན་གྱིས་རློབ་པར་མཛད། ནུབ་ཕྱོགས་ཀྱི་ཡུལ་སིནྡྷུ་དང་ཉེ་བའི་ཆུ་འགྲམ་ཞིག་ཏུ་གསང་བ་འདུས་པའི་སྒྲུབ་པ་ཡུན་རིང་དུ་བྱས། དེ་བཞིན་གཤེགས་པ་རིགས་ལྔའི་ཞལ་གཟིགས། གསང་བའི་བདག་པོ་དངོས་སུ་འགྲུབ། འཛམ་བུའི་གླིང་དུ་འགྲོ་དོན་ཆེར་མ་མཛད། འགྲོ་ལྡིང་གི་ཡུལ་དུ་བྱོན། དེར་གསང་སྔགས་ཀྱི་རྒྱུད་སྡེ་ཡང་མང་དུ་གསུངས་ཤིང༌། ཀླུ་ལས་ནོར་བླངས་ཏེ་ཉིན་རེ་བཞིན་གཙུག་ལག་ཁང་བཞེངས་པའི་གླ་མི་ལྔ་བརྒྱ་ལྔ་བརྒྱ་ཡོད་པ་ལས་མི་རེའི་ཉིན་རེའི་ལས་ལ་གླའི་ཁྱད་པར་གསེར་དི་ན་ར་རེ་རེ་བྱྀན། གསང་བ་འདུས་པའི་ལྷ་ཁང་ཆེན་པོ་བཞེངས། ལུས་དེ་ཉིད་ལ་རིག་པ་འཛིན་པའི་སྐུ་གྲུབ་ཅིང༌། ཀླུ་རྣམས་འདུལ་བར་བཞེད་ནས་རྒྱ་མཚོའི་ནང་དུ་བྱོན་ཏེ་ད་ལྟ་ཡང་བཞུགས་སོ། ། སློབ་དཔོན་སངས་རྒྱས་གསང་བ་དང། སངས་རྒྱས་ཞི་བ་ནི་སངས་རྒྱས་ཡེ་ཤེས་ཞབས་ཀྱི་སྐུ་ཚེའི་སྟོད་ཀྱི་སློབ་མ་ཡིན་ལ། སློབ་དཔོན་ཉིད་དང་གཞན་ཡང་རྡོ་རྗེ་འཛིན་པ་མང་པོ་ལས་སྤྱིར་གསང་སྔགས་མང་པོ་གསན། ཁྱད་པར་དུ་བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ལ་མཁས། རྣལ་འབྱོར་རྒྱུད་ལ་གྲུབ་པའང་ཐོབ་པ་ཡིན། དེ་ལས་སངས་རྒྱས་གསང་བ་ནི། ཝཱ་རཱ་ཎ་སཱིའི་གནས་ཤིག་ཏུ་འཕགས་པ་འཇམ་དཔལ་བསྒྲུབས་པས་ནམ་ཞིག་ན་བྲིས་སྐུ་བཞད། དངོས་གྲུབ་ཀྱི་རྫས་བ་དམར་སེར་གྱི་མར་ཁུ་ཡང་ཁོལ། མེ་ཏོག་རྙིང་པ་རྣམས་ཀྱང་ཁ་འབུས་པས་དངོས་གྲུབ་ཀྱི་ལྟས་སུ་མཁྱེན་ཀྱང༌། ཐོག་མར་མེ་ཏོག་འབུལ་ལམ། མར་ཁུ་འཐུང་སྙམ་ཐེ་ཚོམ་དུ་ཅུང་ཟད་ལུས་པ་གནོད་སྦྱིན་མོ་ཞིག་གིས་གེགས་བྱས་ཏེ། སློབ་དཔོན་གྱི་འགྲམ་པར་ཐལ་ལྕག་བརྒྱབས་པས་སློབ་དཔོན་ཅུང་ཟད་བརྒྱལ། བརྒྱལ་བ་སངས་ཙ་ན་བྲིས་སྐུ་རྡུལ་གྱིས་གོས། མེ་ཏོག་རྙིངས། མར་ཁུ་ཡང་ཕོ། འོན་ཀྱང་རྡུལ་ཕྱིས། མེ་ཏོག་དབུ་ལ་ཕུལ། མར་གང་ཡོད་འཐུངས་པས་སྐུ་ལུས་ནད་ཐམས་ཅད་དང་བྲལ་ཞིང་ཤིན་ཏུ་ཡང་སྟོབས་དང་ལྡན་པ་དང༌། བློ་གྲོས་ཤིན་ཏུ་རྣོ་ཞིང་མངོན་ཤེས་དང་ལྡན་པར་བྱུང༌། སངས་རྒྱས་ཞི་བས་རྫས་དང་བྲིས་སྐུ་སོགས་གང་གི་ཡང་སྤྲོས་པ་མེད་པར་བསྒོམས་པས་ཀྱང་སངས་རྒྱས་གསང་བ་དང༌། ཡོན་ཏན་མཚུངས་པར་ཐོབ། དེ་ནས་དེ་གཉིས་ཀྱིས་རི་བོ་ཏ་ལར་བྱོན། རིའི་རྩ་བ་ན་འཕགས་མ་སྒྲོལ་མ་ཀླུའི་ཚོགས་ལ་ཆོས་སྟོན་པ་བཞུགས་ཀྱང་རྒན་མོ་བ་ལང་གི་ཁྱུ་ཆེན་པོ་འཚོ་བར་མཐོང༌། རི་སྐེད་ན་ཁྲོ་གཉེར་ཅན་མ་ལྷ་མ་ཡིན་དང་གནོད་སྦྱིན་གྱི་ཚོགས་ལ་ཆོས་སྟོན་པ་ཡང་བུ་མོར་ལུག་གི་ཁྱུ་ཆེན་པོ་འཚོ་བར་གཟིགས། རིའི་རྩེ་མོར་ཕྱིན་པ་ན་འཕགས་པ་སྤྱན་རས་གཟིགས་ཀྱི་རྡོ་སྐུ་གཅིག་ལས་མི་གདའ་སྐད། འོན་ཀྱང་སངས་རྒྱས་ཞི་བས་གནས་འདི་ན་ཕལ་པ་ག་ལ་ཡོད། བདག་རང་སྣང་བ་མ་དག་པ་ཡིན། འདི་རྣམས་སྒྲོལ་མ་ལ་སོགས་པ་ཡིན་ནོ། །སྙམ་ནས་ཡིད་ཆེས་ཆེན་པོ་བྱས་ནས་གསོལ་བ་བཏབ་པས། ཐུན་མོང་གི་ཡོན་ཏན་ཅི་འདོད་པར་བསྒྱུར་ནུས་པའི་རྫུ་འཕྲུལ་དང༌། མངོན་ཤེས་སོགས་དཔག་ཏུ་མེད་པ་དང༌། མཆོག་གི་ཡོན་ཏན་སྔོན་མ་བསླབས་པའི་ཆོས་ཐམས་ཅད་ཀྱང་ཤེས་ཤིང༌། གནས་ལུགས་ནམ་མཁའ་དང་མཉམ་པའི་དོན་རྟོགས་པ་ཞིག་བྱུང༌། སངས་རྒྱས་གསང་བས་ཡིད་མ་ཆེས་བཞིན་དུ་གསོལ་བ་བཏབ་པས། ཞབས་ས་ལ་མི་རེག་པར་འགྲོ་བ་ཙམ་གྱི་དངོས་གྲུབ་ཅིག་ཐོབ། དེར་རྒན་མོ་དེ་ན་རེ། ཁྱོད་རི་ཁ་བ་ཅན་གྱི་གངས་ཏི་སེར་སོང་ལ་སྒྲུབས་པ་གྱིས་ཞེས་ལུང་བསྟན། ཚུར་འོངས་པ་ན་སངས་རྒྱས་ཞི་བ་ལ་དངོས་གྲུབ་གང་ཐོབ་དྲིས་པས། ཇི་ལྟར་བྱུང་བའི་ཚུལ་བརྗོད། དེར་གྲོགས་ཀྱིས་དངོས་གྲུབ་ཆེན་པོ་ཐོབ་པ་ལ་ཕྲག་དོག་གི་རྣམ་རྟོག་བྱུང་བས། དེ་མ་ཐག་ཏུ་ཞབས་ས་ལ་མི་རེག་པའི་དངོས་གྲུབ་ཀྱང་ཉམས། སླར་ཡུན་རིང་དུ་བཤགས་པ་བྱས་པས་སོར་ཆུད་ཟེར། དེ་ནས་ཝཱ་རཱ་ཎ་སཱིར་ལོ་འགའ་ཞིག་ཆོས་གསུངས། ཡང་འཕགས་པ་འཇམ་དཔལ་གྱིས་སྔར་བཞིན་བསྐུལ་བས། རི་ཏེ་སེར་བྱོན་ནས་སྒྲུབ་པ་མཛད་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཡང་ནས་ཡང་དུ་ཞལ་གཟིགས་ཤིང༌། འཕགས་པ་འཇམ་དཔལ་དང་མི་ལབ་པ་བཞིན་དུ་གྱུར། མི་མ་ཡིན་ཐམས་ཅད་བྲན་དུ་འཁོལ། ལས་ཚོགས་དང་ཐུན་མོང་གི་དངོས་གྲུབ་ལ་མངའ་བསྒྱུར་བ་ཞིག་བྱུང༌། དེའི་ཚེ་བོད་ཀྱི་བཙན་པོ་ཁྲི་སྲོང་སྡེ་བཙན་གྱིས་དབས་མཉྫུ་ཤྲཱི་ལ་སོགས་པ་སྤྱན་འདྲེན་དུ་བཏང་ཡང་འཇམ་དཔལ་གྱིས་བཀའ་མ་གནང་བར་མ་བྱོན། དེ་རྣམས་ལ་ཀྲྀ་ཡོ་ག་སྡེ་གསུམ་བཤད། རྡོ་རྗེ་དབྱིངས་ཀྱི་སྒྲུབ་ཐབས་ཡོ་ག་ལ་འཇུག་པ་དང༌། རྣམ་སྣང་མངོན་བྱང་གི་བསྡུས་འགྲེལ་དང༌། བསམ་གཏན་ཕྱི་མའི་རྒྱས་འགྲེལ་རྣམས་མཛད། དེའི་གསུང་ལ་ཟིན་བྲིས་བྱས་པའི་འགྲེལ་པ་གཞན་ཡང་མང་དུ་ཡོད། མཆོག་གི་དངོས་གྲུབ་མ་བརྙེས་ཀྱང་མི་རིང་བ་ན་སྐུ་ལུས་མི་སྣང་བར་གྱུར། སངས་རྒྱས་ཞི་བའང་ཏི་སེར་བཞུགས་ཟེར་ནའང༌། ཨུ་རྒྱན་དུ་བཞུད་པ་ཡིན་པར་མངོན་ནོ། །སློབ་དཔོན་ཀ་མ་ལ་ཤཱི་ལ་ཡང༌། རྒྱལ་པོ་འདིའི་རིང་ལ་བྱོན་པར་མངོན་པས་དེ་ལས་སྔ་ཕྱིར་བྱུང་བར་མི་བསམ་མོ། །རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་ངམ་དྷརྨ་པཱ་ལའི་དུས་ཀྱི་གཏམ་སྟེ་སུམ་ཅུ་པའོ།། །། ༣༡ རྒྱལ་པོ་མ་སུ་རཀྵ་ཏ་སོགས་ཀྱི་དུས་ཀྱི་གཏམ། དེའི་རྗེས་ལ་མ་སུ་རཀྵི་ཏ་ཞེས་པ་རྒྱལ་པོ་དྷརྨ་པཱ་ལའི་མག་པ་ཞིག་གིས་རྒྱལ་སྲིད་ལོ་བརྒྱད་ཙམ་བྱས། དེའི་རྗེས་སུ་བ་ན་པཱ་ལ་ཞེས་བྱ་བ་རྒྱལ་པོ་དྷརྨ་པཱ་ལའི་སྲས་ཅིག་གིས་རྒྱལ་སྲིད་ལོ་བཅུ་ཙམ་བྱས། དེ་དག་གི་རིང་ལ་སློབ་དཔོན་རྟོག་གེ་པ་ཆོས་མཆོག་དང༌། དྷརྨ་མི་ཏྲ་ཞེས་བྱ་བ་ཞིག་དང༌། བི་མ་ལ་མི་ཏྲ་དང༌། དྷརྨ་ཀ་ར་ལ་སོགས་པ་བྱུང༌། རྒྱལ་པོ་དེ་གཉིས་ཀྱིས་ཆོས་ལ་མཆོད་པ་ཆེ་ཐང་དུ་མཛད་ཀྱང་ཕྱག་རྗེས་གསར་པ་མེད་པས་པཱ་ལ་བདུན་ལ་མི་བགྲང༌། དེ་ནས་རྒྱལ་པོ་བ་ན་པཱ་ལའི་སྲས་མ་ཧི་པཱ་ལ་ཞེས་པ་བྱུང༌། རྒྱལ་སྲིད་ལོ་ལྔ་བཅུ་ང་གཉིས་མཛད། རགས་རྩིས་སུ་བྱས་ན་རྒྱལ་པོ་འདི་འདས་ཙམ་ན་བོད་ན་བཙན་པོ་ཁྲི་རལ་ཡང་སྐུ་འདས་པ་ཙམ་གྱི་དུས་ཡིན་ནོ། ། རྒྱལ་པོ་དེའི་རིང་ལ་སློབ་དཔོན་ཀུན་དགའ་སྙིང་པོ་དང༌། ཀུན་རྫོབ་དང་དོན་དམ་བྱང་སེམས་ཀྱི་སྒོམ་རིམ་མཛད་མཁན་རྟ་དབྱངས་ཞེས་བྱ་བ་དབུ་མ་ཐལ་འགྱུར་བ་ཞིག་དང༌། སློབ་དཔོན་གཞན་ལ་ཕན་པ་དང༌། སློབ་དཔོན་ཟླ་བ་པདྨ་ལ་སོགས་པ་བྱུང༌། སློབ་དཔོན་ཡེ་ཤེས་བྱིན་དང༌། ཡེ་ཤེས་གྲགས་པ་ལ་སོགས་པའང་འདི་སྐབས་བྱོན་པར་མངོན། ཁ་ཆེར་འདུལ་འཛིན་ཛི་ན་མི་ཏྲ་དང༌། སརྦ་ཛྙཱ་དེ་ཝ་དང༌། དཱ་ན་ཤཱི་ལ་ལ་སོགས་པ་བྱུང་སྟེ། འདི་གསུམ་གྱིས་བོད་དུའང་བྱོན་པར་མངོན་ནོ། ། གྲུབ་ཐོབ་ཏིལླི་པ་ཡང་འདི་དུས་བྱུང་སྟེ་ལོ་རྒྱུས་གཞན་དུ་གསལ། སློབ་དཔོན་ཀུན་དགའ་སྙིང་པོ་ནི། འཁྲུངས་ས་མ་ག་དྷཱ་པ། རིགས་རྗེ་རིགས། སྡེ་པ་ཕལ་ཆེན་པ། གྲུབ་མཐའ་རྣམ་རིག་དབུ་མ་པ། བི་ཀྲ་མ་ལ་ཤཱི་ལར་རིག་པའི་གནས་ལྔ་ལ་སྦྱངས་པ་ཞིག་ཡིན་ལ། བྷཾ་ག་ལའི་ཡུལ་ན་རྒྱལ་པོའི་གྲུབ་ཐོབ་པྲ་ཀཱ་ཤ་ཙནྡྲ་སྟེ། རབ་གསལ་ཟླ་བའི་སློབ་མ་རྣམས་རྣལ་འབྱོར་གྱི་རྒྱུད་མཐའ་དག་འཆད་པར་བྱེད་དོ་ཞེས་ཐོས་ནས་ཡུལ་དེར་བྱོན། རབ་འབྱོར་བསྐྱངས་ལ་སོགས་པ་སློབ་དཔོན་མང་པོ་ལ་གཏུགས་ཏེ། རྣལ་འབྱོར་རྒྱུད་མཐའ་དག་ལ་མཁས་པར་བྱས་སོ། །དེ་ནས་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་བཞིན་པས་ནགས་ཁྲོད་དུ་སྒྲུབ་པ་མཛད་པས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཞལ་གཟིགས། བསྟན་བཅོས་རྩོམ་པར་ལུང་བསྟན་ཐོབ། ལྷག་པའི་ལྷ་དང་མི་ལབ་པ་བཞིན་དུ་གྱུར། རིག་སྔགས་ཀྱི་མཐུ་གྲུབ་པས་ལས་ཚོགས་ཐམས་ཅད་ཐོགས་པ་མེད་པར་འགྲུབ་ཅིང༌། དངོས་གྲུབ་ཀྱང་འགྲུབ་རུང་དུ་བཞུགས་པ་ལས། ཡུལ་དབུས་ནས་སློབ་དཔོན་པྲ་ཛྙཱ་པཱ་ལི་ཏ་ཞེས་བྱ་བས་སྙན་པ་ཐོས་ཏེ་ཆོས་ཞུར་འོངས་པ་ལ་དབང་བསྐུར་ཏེ། དེ་ཁོ་ན་ཉིད་བསྡུས་པ་བཤད། སློབ་དཔོན་དེའི་དོན་དུ་རྡོ་རྗེ་འབྱུང་བ་མཛད། དེས་ཡུལ་དབུས་སུ་བཤད་པས་རྒྱལ་པོ་མ་ཧི་པཱ་ལས་ཐོས་ནས། ཆོས་འདི་གང་ལས་ཐོས་ཞེས་དྲིས་པ་ན། རང་གི་ཡུལ་ན་གནས་པ་ཡང་མཁྱེན་ཏམ། བྷཾ་ག་ལ་ནི་སློབ་དཔོན་ཀུན་དགའ་སྙིང་པོ་བཞུགས་པ་དེ་ལས་ཐོས་བྱས་པས། རྒྱལ་པོ་དད་པ་སྐྱེས་ནས་སྤྱན་དྲངས། མ་ག་དྷཱའི་ལྷོ་ཕྱོགས་འབར་བའི་ཕུག་པ་དང་ཉེ་བ་ཨ་ཙ་ཡ་ན་གཙུག་གི་ནོར་བུ་ཞེས་བྱ་བའི་ལྷ་ཁང་དུ་སྤྱན་དྲངས། གསང་སྔགས་ཉན་པ་པོ་ཤིན་ཏུ་མང་བར་བྱུང་ཞིང༌། དེ་ཉིད་བསྡུས་པའི་འགྲེལ་ཆེན་དེ་ཉིད་སྣང་བ་ལ་སོགས་པའི་བསྟན་བཅོས་མང་དུ་མཛད། ཨོ་ཌི་བི་ཤའི་ཡུལ་གྱི་རྒྱལ་པོ་བི་ར་ཙརྱ་ཞེས་བྱ་བ་མ་ཧི་པཱ་ལ་དང་ཕ་སྤུན་དུ་འགྲོ་བ་ཞིག་གིས་སྔོན་རྒྱལ་པོ་མུཉྫ་བྱུང་བའི་གནས་ན་གཙུག་ལག་ཁང་ཞིག་ཡོད་པ་དེར་སྤྱན་དྲངས། དཔལ་མཆོག་དང་པོའི་འགྲེལ་ཆེན་མཛད། གཞན་ཡང་གསང་བ་འདུས་པ་སོགས་རྒྱུད་དུ་མ་ལ་འགྲེལ་པ་མཛད་དོ། ། བོད་ཁ་ཅིག་ནི་ཡོ་གའི་རྒྱུད་བརྒྱ་རྩ་བརྒྱད་ལ་འགྲེལ་པ་མཛད་ཟེར་ཏེ། ཡོ་གའི་རྒྱུད་ནི་དུས་དེ་ཙམ་ན་འཕགས་ཡུལ་ན་ཉི་ཤུ་ལོངས་པ་ཡང་ཡོད་ཡོད་མི་འདྲ། ཡོ་གའི་རྒྱུད་རེ་རེ་ལའང་འགྲེལ་ཆེན་འགྲེལ་ཆུང་གཉིས་གཉིས་མཛད་ཟེར་བ་མཁས་པ་རྣམས་ཀྱིས་མི་འཐད་པར་བཤད་པ་ལྟར་ཡིན། དེས་ན་བརྒྱ་རྩའི་གྲངས་ངེས་མི་འཐད་པར་མངོན་ནོ། ། དུས་འདིར་སློབ་དཔོན་བྷ་གོ་ཞེས་བྱ་བ་རྡོ་རྗེ་བདུད་རྩིའི་རྒྱུད་ལས་གྲུབ་པ་ཐོབ་པ་ཞིག་བྱུང་སྟེ། དེ་ཡང་སྔོན་ཁ་ཆེའི་ཡུལ་གྱི་པནྚི་ཟབ་པའི་རྡོ་རྗེ་ཞེས་བྱ་བ་ཞིག་དུར་ཁྲོད་བསིལ་བའི་ཚལ་དུ་དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྤྱོད་བའི་རྒྱུད་ལ་བརྟེན་ནས་རྡོ་རྗེ་ཉི་མ་སྒྲུབ་ཅིང་བཞུགས་པའི་ཚེ། མཐར་རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་ཆེན་པོ་མངོན་སུམ་དུ་ཞལ་གཟིགས། རྒྱུད་བྱིན་གྱིས་རླབས་པས་ཐུན་མོང་གི་དངོས་གྲུབ་རྣམས་ལ་དབང་འབྱོར། མཆོག་བདག་ལ་སྩལ་དུ་གསོལ་ཞུས་པས་ཨུ་རྒྱན་གྱི་གནས་སུ་སོང་ཞིག །དེའི་གནས་ཀྱི་བྱེ་བྲག་དྷུ་མཥྛི་ར་ཞེས་བྱ་བ་ན་བུད་མེད་ཨུཏྤལ་མཐིང་གའི་མདོག་ཅན་དཔྲལ་པ་ན་རིན་པོ་ཆེ་མརྒད་ཀྱི་དབྱིབས་ལྟ་བུའི་རི་མོ་ཡོད་པ་ཞིག་ཡོད་ཀྱི་དེ་ལས་ལོངས་ཤིག་གསུངས། དེ་བཞིན་དུ་བྱུང་ཡང་བྱུང་སྟེ། མཁའ་འགྲོ་མ་དེས་བདུད་རྩི་བཞིའི་དཀྱིལ་འཁོར་དུ་དབང་བསྐུར། རྒྱུད་བཤད་ཅིང་གླེགས་བམ་ཡང་གཏད། དེའི་ནང་གི་ཧེ་རུ་ཀ་བསྒོམས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། ཕྱིས་མ་ལ་ཝར་བཞུགས་ཏེ། སྤྲང་པོ་བརྒྱད་སྐལ་བ་དང་ལྡན་པར་གཟིགས་ཏེ་དབང་བསྐུར་ནས། སྒོམ་བྱེད་དུ་བཅུག །སློབ་དཔོན་རང་གིས་དུར་ཁྲོད་དུ་རོ་ལངས་བརྒྱད་བསྒྲུབས་ནས་དེ་རེ་རེ་ལ་བྱིན་པས། དེ་རྣམས་ཀྱིས་ཀྱང་གྲུབ་པ་ཆེན་པོ་རེ་རེ་ཐོབ་པ་བྱུང༌། གཞན་ཡང་ཐུན་མོང་གི་དངོས་གྲུབ་མང་པོ་བསྒྲུབས་ནས་སྐྱེ་བོ་གཞན་ལ་སྦྱིན་པར་མཛད་དེ། རང་གི་དངོས་གྲུབ་འགྲུབ་པ་ནི་མང་ཡང་གཞན་ལ་སྦྱིན་ནུས་པ་ནི་གྲུབ་པ་ཆེས་ཆེ་བ་ལ་མ་གཏོགས་མི་འབྱུང་བར་གྲགས་སོ། །ཡང་སློབ་དཔོན་དེ་ལ་ལན་ཅིག་སློབ་མ་བཞི་ཡོད་པ་ལས། དེ་རྣམས་སོ་སོར་བདུད་རྩི་བཞིའི་དཀྱིལ་འཁོར་རེ་རེ་སྒོམ་དུ་བཅུག །རྫོགས་པའི་རིམ་པ་ཡང་བསྟན་པས་རྡོ་རྗེའི་སྐུ་ཐོབ་སྟེ་མི་སྣང་བར་སོང་ངོ༌། །ཕྱིའི་སློབ་དཔོན་བདུད་རྩི་གསང་བ་ཞེས་བྱ་བ་རྗེས་སུ་བཟུང་སྟེ། དེ་ལ་དབང་རྒྱུད་མན་ངག་རྣམས་བསྟན་ནས། ལྷའི་གནས་སུ་འགྲོ་བའི་དོན་ལ་བཞུད་དོ། ། སློབ་དཔོན་བདུད་རྩི་གསང་བ་ཡང་གྲུབ་པ་ཐོབ་པའི་རྣལ་འབྱོར་བ་ཆེན་པོ་ཞིག་སྟེ། གཏེར་གྱི་བུམ་པ་བརྒྱད་ཙམ་བསྒྲུབས་ནས་སྐྱེ་བོ་ཕོངས་པ་ཐམས་ཅད་ཚིམ་པར་མཛད་དོ། །ནམ་མཁའི་ལྷ་ལས་ལོངས་སྤྱོད་བླངས་ཏེ་ཆོས་གཞི་ཆེན་པོ་བརྒྱ་ཙམ་རྟག་ཏུ་འདེགས་པ་བྱུང༌། དེ་རྣམས་རྒྱལ་པོ་གང་གི་དུས་སུ་བྱུང་གསལ་ཁ་མེད་ཀྱང༌། འོག་གི་རིག་པ་བསྒྲེས་ན་རྒྱལ་པོ་དེ་ཝཱ་པཱ་ལ་མན་ཆད་ལ་བྱུང་བར་གསལ་ལོ། །དེའི་སློབ་མ་ནི་སློབ་དཔོན་བྷ་གོ་སྟེ། དེ་ཡང་རོ་ལངས་ཀྱི་དངོས་གྲུབ་གྲུབ། དེ་ལ་བརྟེན་ནས་གཏེར་གྱི་བུམ་པ་བཟང་པོ་མང་པོ་བསྒྲུབས་ཏེ། ཕྱོགས་བཞིའི་སྐྱེ་བོ་ཐམས་ཅད་ཚིམ་པར་མཛད་པ་གྲོང་ཁྱེར་པྲ་ཡ་ཀ་དང་ཉེ་བར་དེ་བཞིན་གཤེགས་པ་རིགས་ལྔའི་ལྷ་ཁང་ཆེན་པོ་དང༌། ལྷོ་ཕྱོགས་ཀརྞ་ཊར་རྡོ་རྗེ་བདུད་རྩིའི་ལྷ་ཁང་ཆེན་པོ་ཡང་བཞེངས་ཤིང་པཎྜི་ཏ་དྲི་མེད་བཟང་པོ་ལ་སོགས་པ་མང་པོ་ལ་རྒྱུད་ཀྱང་བཤད་དོ། །སློབ་དཔོན་དེ་རྣམས་ཀྱི་དྲིན་ལས་མ་ག་དྷཱར་ཡང་རྒྱུད་འདི་ལྷག་པར་དར་བར་གྱུར་ཏོ་ཞེས་གྲགས་སོ། །རྒྱལ་པོ་མ་སུ་རཀྵི་ཏ་དང༌། བ་ན་པཱ་ལ་དང༌། རྒྱལ་པོ་ཆེན་པོ་མ་ཧི་པཱ་ལ་རྣམས་ཀྱི་དུས་སུ་བྱུང་བའི་གཏམ་གྱི་སྐབས་ཏེ་སོ་གཅིག་པའོ།། །། ༣༢ རྒྱལ་པོ་མ་ཧཱ་བྷ་ལ་སོགས་ཀྱི་དུས་ཀྱི་གཏམ། དེའི་སྲས་ནི་རྒྱལ་པོ་མཧཱ་པཱ་ལ་སྟེ། འདིས་རྒྱལ་སྲིད་ལོ་བཞི་བཅུ་ཞེ་གཅིག་མཛད། ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་དུ་ཉན་ཐོས་ཀྱི་དགེ་འདུན་རྣམས་གཙོ་བོར་མཆོད་ཅིང༌། དགེ་སློང་ལྔ་བརྒྱ་དང་ཆོས་སྟོན་པ་ལྔ་བཅུ་ལ་འཚོ་བ་སྦྱོར། དེའི་ཡན་ལག་ཏུ་ཨུ་རུ་བཱ་ས་ཞེས་བྱ་བའི་གཙུག་ལག་ཁང་བཞེངས། དེར་ཡང་ཉན་ཐོས་སེནྡྷ་པ་ལྔ་བརྒྱ་རེ་ལ་འཚོ་བ་སྦྱོར། བི་ཀྲ་མ་ཤཱི་ལར་སྔར་གྱི་སྲོལ་དེ་ག་བཟུང་སྟེ་མཆོད་འོས་ཀྱི་མཐིལ་དུ་མཛད། དཔལ་ནཱ་ལེནྡྲར་ཡང་ཆོས་གཞི་འགའ་རེ་བཙུགས། སཽ་མ་པུ་རི་དང༌། ན་ལེནྡྲ་དང༌། ཚ་བ་གསུམ་གྱི་གཙུག་ལག་ཁང་ལ་སོགས་པར་ཡང་ཆོས་གཞི་མང་པོ་བཙུགས། རྒྱལ་པོ་མ་ཧི་པཱ་ལའི་སྐུ་ཚེའི་སྨད་ཙམ་ན། པི་ཊོ་ཨཱ་ཙརྱས་དུས་ཀྱི་འཁོར་ལོའི་རྒྱུད་སྤྱན་དྲངས་ཏེ་རྒྱལ་པོ་འདིའི་དུས་སུ་དར་བར་མཛད། རྟོག་གེ་བ་རྒྱན་མཁན་པོ་སྟེ་ཤེས་རབ་འབྱུང་གནས་སྤས་པ་བྱུང༌། ཡོ་ག་བ་པདྨ་ལྕགས་ཀྱུ་དང༌། ཛེ་ཏཱ་རི་ཆེན་པོ་དང༌། ནག་པོ་དམ་ཚིག་རྡོ་རྗེ་དང༌། སློབ་དཔོན་ཐ་ག་ན་ལ་སོགས་པ་བྱུང༌། པི་ཊོ་ཨཱ་ཙརྱའི་ལོ་རྒྱུས་གཞན་དུ་གསལ། དེའི་སློབ་མ་དུས་འཁོར་ཞབས་ཀྱང་རྒྱལ་པོ་འདིའི་སྐབས་སུ་ཀ་བྱུང་བར་མངོན་ནོ། ། རྒྱལ་པོ་འདི་འདས་ནས་དེའི་མག་པ་ཤཱ་མུ་པཱ་ལས་རྒྱལ་སྲིད་ལོ་བཅུ་གཉིས་བྱས་སོ། །དེ་ལ་སློབ་དཔོན་ཛེ་ཏཱ་རི་ནི། སྔོན་རྒྱལ་པོ་བ་ན་པཱ་ལས་རྒྱལ་སྲིད་སྐྱོང་བའི་སྐབས་ཤིག་ཤར་ཕྱོགས་ཝ་རནྡྲེར་རྒྱལ་ཕྲན་ས་ན་ཏ་ན་ཟེར་བ་ཞིག་བྱུང༌། དེ་ཉིད་ཀྱི་བཙུན་མོའི་མཆོག་གཟུགས་དང་བློ་གྲོས་ཕུན་སུམ་ཚོགས་པ་ཞིག་ཡོད། དེ་ཡང་དེ་ལ་བླ་ལྷག་ཏུ་རྩིས་སུ་བྱེད་ཅིང༌། ཁྲུས་བྱེད་པ་ནའང་གསེར་གྱི་རུས་སྦལ་གྱི་སྟེང་དུ་འཇོགགཞན་ལ་མི་སྟོན་པར་སྦེད་པ་ལས། རྒྱལ་པོ་དེས་བྲམ་ཟེའི་རིགས་ཀྱི་སློབ་དཔོན་སྙིང་པོའི་ཞབས་ལ་གསང་བ་འདུས་པའི་དབང་བསྐུར་བ་ཞུས་པའི་ཡོན་དུ་བཙུན་མོ་དེ་དང༌། རྟ་དང༌། གསེར་དང༌། གླང་པོ་ཆེ་ལ་སོགས་པ་མང་པོ་ཕུལ། དུས་གཞན་ཞིག་ན། དེ་ལ་སྙིང་པོའི་ཞབས་ཀྱི་སྲས་མཚན་དང་ལྡན་པ་ཞིག་བཙས། ལོ་བདུན་ལོན་པ་ན་བྲམ་ཟེ་ཡི་གེ་སློབ་པའི་གྲྭར་བརྫངས་པས། ནམ་ཞིག་ན་བྲམ་ཟེའི་ཁྱེའུ་གཞན་རྣམས་ཀྱིས་ཁྱོད་ནི་རིགས་ངན་ཡིན་ནོ་ཞེས་བརྡེགས་སོ། །རྒྱུ་མཚན་དྲིས་པས། ཁྱོད་ཀྱི་ཕ་ནི་ནང་པའི་སྔགས་པ་ཡིན་པས་དམངས་རིགས་ཀྱི་བཙུན་པ་གྲལ་འགོར་འཇོགམཆོད་པ་བྱེད་པའི་གནས་སྐབས་སུ་རིགས་བཟང་ངན་གྱི་དབྱེ་བ་མེད་པར་བསྲེས་པས་སོ། །དེ་ལྟར་མང་དུ་གཙེས་པས་དེ་ངུ་ཞིང་ཁྱིམ་དུ་ལྡོག་པ་ན། ཡབ་ཀྱིས་དྲིས་པ་ན་དེ་ལྟར་བྱུང་བ་བཤད་དོ། །འོ་ན་འདི་དག་ཟིལ་གྱིས་གནོན་དགོས་ཞེས་གསུངས་ཏེ་འཇམ་དབྱངས་ཀྱི་དབང་བསྐུར། རྗེས་སུ་གནང་པ་སྩལ་ཏེ་སྒྲུབ་ཏུ་བཅུག་པས་ལོ་གཅིག་ཏུ་ཉེ་བར་སོང་བ་ན། ཏིང་ངེ་འཛིན་གྱི་གསལ་སྣང་མཆེད་ཅིང་གྲུབ་པའི་རྟགས་བྱུང་ནས། སྤྱིལ་བུའི་ཕྱི་ནང་ཐམས་ཅད་འོད་དམར་སེར་གྱིས་ལམ་གྱིས་ཁྱབ། མས་ཁ་ཟས་སྐྱེལ་དུ་འོངས་པས་དེ་ལྟར་མཐོང་སྟེ་སྤྱིལ་བུ་ལ་མེ་ཤོར་རོ་སྙམ་ནས། ཆོ་ངེས་བཏབ་པས་ཏིང་ངེ་འཛིན་སད་དེ་འོད་ཀྱང་ཡལ་ལོ། །དེར་ཡབ་ན་རེ། དེ་ལྟར་གསལ་སྣང་དེ་ལ་ཞག་བདུན་དུ་བཞག་ན་འཕགས་པ་འཇམ་དཔལ་དངོས་དང་མཉམ་པ་ཞིག་འོང་ནའང༌། ཅུང་ཟད་བར་ཆད་དུ་སོང༌། འོན་ཀྱང་རིག་པའི་གནས་ཐམས་ཅད་ལ་ཐོགས་པ་མེད་པའི་བློ་གྲོས་རྒྱས་པ་ཞིག་འོང་གསུང༌། དེ་ལྟར་བྱུང་ཡང་བྱུང་སྟེ་ཡི་གེ་དང༌། བཟོའི་གནས་ཐམས་ཅད་དང༌། སྡེབ་སྦྱོར་མངོན་བརྗོད་ལ་སོགས་པ་མ་བསླབས་པར་ཤེས། གཞན་ཡང་རིག་པའི་གནས་རྣམས་ལ་ཀློག་པ་ཙམ་དང༌། ཤིན་ཏུ་དཀའ་བ་རྣམས་ཀྱང་ཚར་རེ་ཟུང་བལྟས་པས་ཐམས་ཅད་ཤེས་ཏེ་མཁས་པའི་དབང་ཕྱུག་ཆེན་པོར་གྱུར། ཇི་སྲིད་འཚོ་བའི་བར་དུ་རྟེན་དགེ་བསྙེན་ཡིན། ཡབ་ལ་ཇི་ཙམ་མངའ་བའི་གསང་འདུས་བདེ་ཀྱེ་སོགས་གསན། གཞན་ཡང་བླ་མ་མང་དུ་བསྟེན། ཁྱད་པར་ཆོས་ཐམས་ཅད་འཕགས་པ་འཇམ་དཔལ་དངོས་ལ་གསན་པར་ནུས། གང་གི་ཚེ་བྲམ་ཟེ་སྙིང་པོའི་ཞབས་སྐུ་འདས་པའི་འོག་ཏུ་རྒྱལ་པོ་མ་ཧི་པཱ་ལའི་དུས་རྒྱལ་པོའི་པ་ཏྲ་མ་ཐོབ་པས། ཡུལ་སྣ་ཚོགས་སུ་ལྷ་ཁང་རྣམས་ལ་ཕྱག་མཛད་པ་དང༌། པཎྜི་ཏ་རྣམས་དང་རིག་པ་འགྲན་པའི་ཕྱིར་བྱོན་ཏེ། ལན་ཅིག་ཁ་སརྤ་ཎར་བྱོན་པ་ན། སྒོ་དྲུང་ན་མི་གཡོ་བའི་སྐུ་ཤིན་ཏུ་ཁྲོས་པ་ཞིག་གཟིགས་ནས། སྲིན་པོའི་གཟུགས་ཅན་འདི་ལྟ་བུ་སྙམ་ནས་མ་དད་པ་ཞིག་བྱུང༌། མནལ་ལམ་དུ་ཐུབ་པའི་དབང་པོའི་ཐུགས་ཀ་ནས་མི་གཡོ་བ་མང་པོ་སྤྲོས་ནས་གདུག་པ་ཅན་ཚར་གཅོད་པ་རྨི་བས། སངས་རྒྱས་ཀྱི་ཐབས་ལ་མཁས་པ་ལ་མ་དད་པ་བྱས་སོ། །སྙམ་ནས་བཤགས་པ་མཛད་པས། སྒྲོལ་མའི་ཞལ་གཟིགས། ཁྱོད་ཀྱི་ཐེག་པ་ཆེན་པོའི་བསྟན་བཅོས་མང་དུ་གྱིས་ཤིག་སྡིག་པ་བྱང་བར་འགྱུར་རོ་གསུང༌། དེ་ནས་ཕྱིས་རྒྱལ་པོ་མཧཱ་པཱ་ལའི་དུས་སུ་པྲྀཀྵ་པུ་རི་ཞེས་བྱ་བའི་གནས་གཞི་བཟང་པོ་ཞིག་ཕུལ། བི་ཀྲ་མ་ལ་ཤཱི་ལའི་པཎྜི་ཏ་འི་པ་ཏྲ་ཡང་ཕུལ་ནས། ཆོས་ཀྱང་མང་དུ་གསུངས། སྙན་པའི་གྲགས་པ་ཆེར་བྱུང༌། བསླབ་བཏུས་དང༌། སྤྱོད་འཇུག་དང༌། ནམ་མཁའི་སྙིང་པོའི་མདོ་སྡེ་སོགས་བསྡུས་འགྲེལ་རེ་ཡང་མཛད། མདོ་སྔགས་ཀྱི་བསྟན་བཅོས་ཐོར་བུ་བརྒྱ་རྩ་ཙམ་མཛད་དོ། ། ནག་པོ་དམ་ཚིག་རྡོ་རྗེ་ནི། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ཆོས་བརྒྱུད་འཛིན་པ་ཞིག་ཡིན་ལ། ར་རའི་ཡུལ་གྱི་དབེན་གནས་ཞིག་ཏུ་དགྱེས་པ་རྡོ་རྗེའི་ཐང་སྐུ་ཞིག་བཀྲམ། རྩེ་གཅིག་ཏུ་སྒྲུབ་པ་མཛད་ཀྱིན་བཞུགས་པ་ལས། ལོ་མང་དག་སོང་བའི་སྐབས་ཤིགརང་ཉིད་དཀྱིལ་འཁོར་གྱི་གསལ་སྣང་ལ་ཐུགས་རྩེ་གཅིག་ཏུ་གནས་པ་ཞིག་གི་སྐབས། རིག་མས་བལྟས་པས་བྲིས་སྐུའི་མདུན་ན་ཡོར་ཡོར་བ་ཞིག་འདུག ། སློབ་དཔོན་ལ་སྦྲན་པས་གསལ་སྣང་སད་དེ། ཡོར་ཡོར་དེ་ལ་ཕྱག་གིས་བསྙབས་པས་མི་རོ་ཞིག་འདུག །དངོས་གྲུབ་ཀྱི་རྫས་ཡིན་པར་མཁྱེན་ནས་ཚམ་ཚོམ་མེད་པར་གསོལ་བས། བདེ་སྟོང་གི་ཉམས་ལ་ཞག་བདུན་འབྱམས་ཏེ་སད་པ་ཙམ་ན། དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་མངོན་སུམ་དུ་ཞལ་གཟིགས། ནུས་པ་དཔག་ཏུ་མེད་པ་ལ་མངའ་བརྙེས་སོ། །རྒྱལ་པོ་མཧཱ་པཱ་ལ་དང༌། ཤཱ་མུ་པཱ་ལའི་དུས་སུ་བྱུང་བའི་སྐབས་ཀྱི་གཏམ་སྟེ་སོ་གཉིས་པའོ།། །། ༣༣ རྒྱལ་པོ་ཙ་ན་ཀའི་དུས་ཀྱི་གཏམ། དེ་ནས་རྒྱལ་པོ་མཧཱ་པཱ་ལའི་སྲས་ཆེ་བ་སྲཻཥྟ་པཱ་ལ་ཞེས་བྱ་བ་རྒྱལ་སྲིད་དུ་བསྐོས་ཏེ་ལོ་གསུམ་ནས་འདས། ཕྱག་རྗེས་ཀྱང་མེད་པས་བདུན་ལ་མི་བགྲང༌། མཧཱ་པཱ་ལའི་ཚེ་སྨད་ཙམ་མམ། འདི་དུས་ཙམ་ན་བོད་དུ་བསྟན་པ་ཕྱི་དར་མགོ་བརྩམས་པ་རགས་རྩིས་སུ་དུས་མཉམ་པར་བྱའོ། ། འདི་སྐབས་བྲམ་ཟེ་ཡེ་ཤེས་ཞབས་ཀྱང་བྱུང༌། ནག་པོ་སྤྱོད་པ་ཆུང་བའི་ཡང་སྐུ་ཚེའི་སྨད་ཀྱི་དུས་ཡིན་པར་གྲགས། སྲས་ཆུང་བ་ལོ་བཅུ་བདུན་ལས་མི་འགྲོ་བས། བར་དེར་དེའི་ཞང་པོ་ཙ་ན་ཀ་ཞེས་བྱ་བས་རྒྱལ་སྲིད་བྱས། ཁོ་རང་གི་རིང་ལ་སློབ་དཔོན་ཤཱནྟི་པ་སོགས་སྤྱན་དྲངས་ཏེ། མཁས་པ་སྒོ་དྲུག་གི་ཐ་སྙད་བྱུང༌། རྒྱལ་སྲིད་ཀྱང་ལོ་ཉི་ཤུ་རྩ་དགུ་བྱས། ཏུ་རུཥྐའི་རྒྱལ་པོ་དང་འཁྲུགས་པས་ཀྱང་གཡུལ་རྒྱལ། ལན་ཅིག་བྷཾ་ག་ལ་པ་རྣམས་ངོ་ལོག །མ་ག་དྷར་དམག་བྱུང་བ་ལ། བི་ཀྲ་མ་ལ་ཤཱི་ལའི་གཏོར་མའི་སློབ་དཔོན་གྱིས་མི་གཡོ་བའི་གཏོར་ཆེན་བྱས་ནས་གངྒཱ་ལ་ཕོ་བས་བྷཾ་ག་ལའི་ཏུ་རུཥྐ་གྲུ་བཏང་ནས་བྱུང་བས་གྲུ་མང་པོ་རྡིབ། གཡུལ་ངོ་ཡང་རྒྱལ་པོ་རྒྱལ་ཏེ་མངའ་འོག་ཏུ་ཆུད་ནས་རྒྱལ་ཁམས་བདེ་བར་བྱུང༌། ཕྱིས་ཁོང་རང་གི་ཚ་བོ་རྒྱལ་པོ་མཧཱ་པཱ་ལའི་བུ་ཆུང་ཤོས་བྷེ་ཡ་པཱ་ལ་རྒྱལ་སྲིད་དུ་བསྐོས་ནས། བྷཾ་ག་ལའི་ཤར་ཕྱོགས་རྒྱ་མཚོ་དང་གངྒཱ་འདྲེས་མཚམས་ཀྱི་གླིང་ཕྲན་འདྲ་བ་བྷཱ་ཊི་ཞེས་བྱ་བའི་ཡུལ་དུ་བསྡད་ནས་ལོ་ལྔ་ན་འདས་སོ། ། དེ་སྐབས་སུ་བྱུང་བའི་མཁས་པ་སྒོ་དྲུག་ལས། ཤར་སྒོ་སྲུང་བ་པོ་སློབ་དཔོན་རཏྣ་ཨ་ཀ་ར་ཤཱནྟི་པའི་ལོ་རྒྱུས་ནི་གཞན་དུ་ཤེས་པར་བྱའོ། །ལྷོ་སྒོ་སྲུང་བ་ཤེས་རབ་འབྱུང་གནས་བློ་གྲོས་ནི། རིག་པའི་གནས་ཐམས་ཅད་ལ་མཁས་ཤིང་འཇམ་དཔལ་གྱི་ཞལ་མངོན་སུམ་དུ་གཟིགས་པ། མུ་སྟེགས་དང་རྩོད་པའི་ཚེ། འཇམ་དཔལ་གྱི་བྲིས་སྐུ་ཞིག་ལ་མཆོད་པ་དང་གསོལ་གདབ་མཛད་པ་ཙམ་གྱིས་མུ་སྟེགས་ཀྱི་རྩོད་པ་ཇི་ལྟར་ཟེར་དུ་འོང་བ་དང༌། དེའི་ལན་འདེབས་ཚུལ་ཅིག་ཅར་ཐུགས་ལ་ཤར་ནས་སླར་བརྩད་པའི་ཚེ་ངེས་པར་རྒྱལ་བ་ཞིག་ཡོད་པར་གྲགས་སོ། །ཤེས་རབ་འབྱུང་གནས་ཞེས་པ་ཙམ་གྱི་མཚན་ལ་འཁྲུལ་ནས་ཤེར་འབྱུང་བློ་གྲོས་དང༌། ཤེར་འབྱུང་སྦས་པ་གཅིག་པར་འདོད་པའི་འཁྲུལ་པ་ཡང་མང་དུ་སྣང༌། འདི་ནི་རྟེན་དགེ་སློང་ཡིན་ལ། ཤེར་འབྱུང་སྦས་པ་ནི་དགེ་བསྙེན་ཡིན་ནོ་ཞེས་མཁས་པ་རྣམས་ལ་གྲགས་སོ། ། ནུབ་སྒོ་སྲུང་བ་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པ་ནི། ཡུལ་ཝཱ་རཱ་ཎ་སཱིར་སྐུ་འཁྲུངས། རིགས་ནི་རྒྱལ་རིགས་ཡིན། དགེ་འདུན་ཕལ་ཆེར་པའི་སྡེ་པ་ལས་རབ་ཏུ་བྱུང་བ། མཁན་པོས་བཏགས་པའི་མཚན་ནི་ཤཱི་ལ་ཀིརྟི་ཞེས་བྱའོ། །སྒྲ་ཚད་དང༌། གཞུང་ལུགས་ཀྱང་མང་རབ་མཁྱེན་པའི་པཎྜི་ཏ་ཞིག་ཏུ་སོང་བའི་དུས། ཀོངྐ་ན་རྒྱལ་བ་བཟང་པོའི་རྗེས་འབྲང་ཧ་ས་བཛྲ་ཞེས་བྱ་བ་ཞིག་ལ་འཁོར་ལོ་སྡོམ་པ་ཞུས་ཏེ། མ་ག་ངྷཱའི་ཕྱོགས་གཅིག་ཏུ་སྒྲུབ་པ་མཛད་པས་མནལ་ལམ་དུ་ཞལ་གཟིགས། ངག་གི་དབང་ཕྱུག་གི་དངོས་གྲུབ་བསྒྲུབས་ན་འགྲུབ་བམ་མི་འགྲུབ་བཏགས་པས་ཀྱང་འགྲུབ་པར་མཁྱེན། གངྒཱའི་འགྲམ་དུ་བསྒྲུབས་པས། ཤིང་ཀ་ར་ཝི་རའི་མེ་ཏོག་དམར་པོ་སྒྲ་དང་འོད་འབྱིན་པ་དེ་གངྒཱ་ལ་འཕངས། དཔག་ཚད་མང་པོར་ཡུད་ཀྱིས་ཁྱེར་ནས་སླར་ཡང་གྱེན་དུ་ལྡོག་པས་དེ་ཉིད་ཆུ་དང་བཅས་པར་གསོལ་བས་ངག་གི་དབང་ཕྱུག་ཆེན་པོ་འགྲུབ་སྟེ། ཉི་མ་རེ་རེར་ཚིགས་སུ་བཅད་པ་སྟོང་ཕྲག་རེ་རེའི་ཚད་ཀྱི་གཞུང་གི་ཚིག་དོན་མ་ལུས་པར་མཁྱེན་པར་ནུས་པའི་བློ་གྲོས་བྱུང་བས་ངག་གི་དབང་ཕྱུག་གྲགས་པ་ཞེས་མཚན་གསོལ་ལོ། །མདོ་སྔགས་རིག་པའི་གནས་མཐའ་དག་ལ་མཁས་པའི་ཕུལ་དུ་གྱུར་པ། འཆད་རྩོད་རྩོམ་གསུམ་གང་ལའང་ཐོགས་པ་མེད་པ། ཁྱད་པར་འཕགས་མ་སྒྲོལ་མ་རྟག་པར་ཞལ་གཟིགས་ཤིང་ཐེ་ཚོམ་གཅོད་པ་བྱུང༌། དེར་ཡུལ་སྣ་ཚོགས་སུ་བྱོན་ཏེ་མུ་སྟེགས་ཀྱི་རྒོལ་བ་མང་པོ་ཚར་གཅོད་པའི་བློ་གྲོས་ཅན་དུ་གྱུར་ནས་སྙན་གྲགས་ཆེ་བར་ཡོད་པ་ལ། རྒྱལ་པོས་སྤྱན་དྲངས་ཏེ་ནཱ་ལེནྡྲ་དང༌། བི་ཀྲ་མ་ལ་ཤཱི་ལའི་ནུབ་སྒོ་བར་བསྐོས་ཤིང༌། ཚོགས་ཀྱི་བདག་པོ་ལས་ནོར་བླངས་ཏེ་དུས་རྟག་ཏུ་ལྷ་ཁང་དང་དགེ་འདུན་མང་པོ་ལ་མཆོད་པར་མཛད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་གཞི་བརྒྱད། གསང་བ་འདུས་པ་འཆད་པའི་ཆོས་གཞི་བཞི། བདེ་དགྱེས་གདན་བཞི་མཱ་ཡཱ་འཆད་པའི་ཆོས་གཞི་རེ་རེ། དབུ་ཚད་ཀྱི་ཆོས་གཞི་ཐོར་བུ་དང་བཅས་པ་ཆོས་གྲྭ་མང་དུ་བཙུགས། བཅུད་ལེན་མང་པོ་སྒྲུབ་པར་མཛད་དེ་གཞན་ལ་བྱིན་པས། ལོ་བརྒྱ་ལྔ་བཅུ་སོགས་སུ་ཐུབ་ཅིང་རྒན་པོ་ཡང་གཞོན་ནུར་བསྒྱུར་བ་ལ་སོགས་པས་རབ་ཏུ་བྱུང་བ་དང༌། ཁྱིམ་པ་ཆོས་ལྡན་ལྔ་བརྒྱ་ཙམ་ལ་ཕན་བཏགས། རིག་ཚོགས་དང༌། ཕར་ཕྱིན་དང༌། མདོ་སྡེ་རྒྱན་དང༌། གསང་འདུས་དགྱེས་རྡོར་གཤིན་རྗེ་གཤེད། ལངྐར་གཤེགས་པ་ལ་སོགས་པའི་མདོ་སྡེ་འགའ་ཞིག་དང་བཅས་པ་དུས་རྟག་ཏུ་གསུང༌། གཞན་ཡང་ཆོས་མང་དུ་བཤད་ཅིང༌། མུ་སྟེགས་ཀྱི་རྒོལ་བ་བཟློག་པ་ལ་བློ་ཤིན་ཏུ་རྣོ་བས་ནུབ་ཕྱོགས་ནས་འོངས་བའི་རྒོལ་བ་སུམ་བརྒྱ་ཙམ་སུན་ཕྱུང༌། བུམ་ཆུ་ལ་དམིགས་པ་བཏད་ན་དེ་མ་ཐག་ཁོལ་བ་དང༌། སྐུ་གཟུགས་ལ་ཡེ་ཤེས་ཕབ་ན་འཕར་གཡོ་འབྱུང་བ་དང༌། ལན་ཅིག་རྒྱལ་པོའི་དོན་དུ་དཀྱིལ་འཁོར་བཞེངས་པ་ཞིག་ལ། དཀྱིལ་འཁོར་གྱི་ཐད་རང་དུ་ཤྭ་བརྡོལ་བྱུང་བ། དམིགས་པས་སྲུང་འཁོར་མཛད་པའི་མཚམས་ནས་ལོག །དེ་ལྟ་བུ་ལ་སོགས་པའི་ངོ་མཚར་ཅན་གྱི་ལྟས་ཐོར་བུ་བ་ཤིན་ཏུ་མང་བ་ཞིག་མངའ། ལན་ཅིག་དགེ་སློང་ཨ་ཝ་ངྷཱུ་ཏཱི་པ་ཞེས་བྱ་བ་ཞིག་དང་ཆོས་ཀྱི་བགྲོ་གླེང་མཛད་པས། དེས་དབྱིག་གཉེན་གྱི་ལུང་དྲངས། དེ་ལ་ཀྱལ་ཀའི་ཚུལ་གྱིས་དབྱིག་གཉེན་གྱི་གཞུང་ལ་ཟུར་ཟ་བའི་ཚིག་བརྙས་མཛད་པས། དེ་ནུབ་ཁོ་ན་ལ་ལྗགས་སྐྲངས་ཤིང་ཆོས་གསུང་མ་ཐུབ། ཚུལ་དེས་ཟླ་བ་འགའ་སྙུང་ནས་སྒྲོལ་མ་ལ་ཞུས་པས། སློབ་དཔོན་དབྱིག་གཉེན་ལ་ཚིག་གིས་བརྙས་པ་བྱས་པའི་ཉེས་པ་ཡིན་པས་སློབ་དཔོན་དེ་ཉིད་ལ་བསྟོད་པ་གྱིས་གསུངས་བ་བཞིན་བསྟོད་པ་བརྩམས་མ་ཐག་ཏུ་སྙུང་བ་དྭངས། དེ་ལྟར་བི་ཀྲ་མ་ལ་ཤཱི་ལར་ལོ་མང་པོའི་བར་དུ་འགྲོ་དོན་མཛད། སྐུ་ཚེའི་སྨད་ཙམ་ན་བལ་པོའི་ཡུལ་དུ་ཕེབས། གཙོ་བོར་སྒྲུབ་བ་ལ་གཞོལ་ཞིང༌། སྔགས་ཀྱི་ཐེག་པ་ཅུང་ཟད་གསུངས། གཞན་ཆོས་ཆེར་མི་སྟོན། བཙུན་མོ་མང་པོའང་མངའ་བས་སྐྱེ་བོ་ཕལ་ཆེར་གྱིས་བསླབ་པ་མ་ཐུབ་པ་ཡིན་ཏེ་འོང་བས་བསམ་པ་ལས་མེད། ལན་ཅིག་རྒྱལ་པོས་ཤཱནྟ་པུ་རིར་འཁོར་ལོ་སྡོམ་པའི་ལྷ་ཁང་གཅིག་བཞེངས། དེའི་རབ་གནས་ཀྱི་མཐར་ཚོགས་ཀྱི་འཁོར་ལོ་ཆེན་པོ་ཞིག་བྱ་བར་འདོད་ནས་ལྷ་ཁང་གི་ཕྱི་རོལ་དུ་སྔགས་པ་མང་པོ་དག་བསགས། ཚོགས་དཔོན་ལ་སློབ་དཔོན་སྤྱན་འདྲེན་པའི་ཕོ་ཉ་བཏང༌། སློབ་དཔོན་གྱི་སྤྱིལ་བུའི་འགག་ན་བུད་མེད་སྒེག་མོ་ཞིག་དང༌། བུ་མོ་མདོག་ནག་མོ་ཁྲོ་གཏུམ་ཆེ་བ་ཞིག་འདུག །སློབ་དཔོན་གང་ན་བཞུགས་བྱས་པས། ནང་ན་ཡོད་ཟེར། དེས་ནང་དུ་ཕྱིན། རྒྱལ་པོའི་ཚོགས་ཀྱི་འཁོར་ལོའི་དཔོན་ལ་འབྱོན་པར་ཞུ་བྱས་པས། ཁྱོད་ཉིད་མགྱོགས་པར་སོང༌། ང་ཡང་ད་ལྟ་འོང་གསུང༌། དེས་མགྱོགས་པར་ཕྱིན་ཙ་ན། ཤཱནྟ་པུ་རི་དང་ཉེ་བའི་ལམ་གྱི་གཞི་མདོ་ཞིག་ན་སློབ་དཔོན་བཙུན་མོ་གཉིས་དང་བཅས་པ་སྔར་བྱོན་ཏེ། ཁྱོད་མ་བྱུང་བས་ཡུན་རིང་དུ་བསྒུགས་པ་ཡིན་གསུང༌། རབ་གནས་དངོས་ཀྱི་ཚོགས་ཀྱི་འཁོར་ལོ་རྒྱས་པ་དེ་གྱེས་ཟིན་པའི་རྗེས་སུ་ལྷ་ཁང་གི་ནང་དུ་སློབ་དཔོན་ཡབ་ཡུམ་གསུམ་བཞུགས། ཚོགས་རྫས་མི་དྲུག་ཅུ་ལྷག་ཅིག་གི་སྐལ་པ་བླངས་ཏེ་སོང་བས། རྒྱལ་པོས་བསམ་པ། ནང་ན་མི་གསུམ་ལས་མེད། ཚོགས་རྫས་འདི་ཙམ་དགོས་པ་ཅི་ཡིན་སྙམ་ནས་སྒོ་སེང་ནས་བལྟས་པས། འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་བཞུགས་ནས་ཚོགས་རྫས་ལ་ལོངས་སྤྱོད་པ་མཐོང་སྟེ། དེ་ཉིད་དུ་སློབ་དཔོན་འཇའ་ལུས་སུ་གྱུར་ནས་བཞུགས་པ་ཡིན་ལ། ད་ལྟར་ཡང་གནས་དེ་ན་བཞུགས་སོ་ཞེས་གྲགས། བོད་ཀྱི་ལོ་རྒྱུས་ཚོ་ན། ལྷོ་སྒོ་སྲུང་བ་ངག་དབང་གྲགས་པ་དང༌། ནུབ་སྒོ་སྲུང་བ་ཤེས་རབ་འབྱུང་གནས་ཟེར་བ་གདའ་ནའང༌། འདིར་རྒྱ་གར་གྱི་ཡིག་ཆ་གསུམ་གུང་མཐུན་པ་ལྟར་བཀོད་དོ། ། བྱང་སྒོ་སྲུང་བ་ནི། ནཱ་རོ་པ་ཡིན་ལ། དེའི་ལོ་རྒྱུས་གཞན་དུ་ཤེས། སློབ་དཔོན་དེ་ལ་ནི་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་ཤཱནྟི་པས་ཀྱང་ཆོས་གསན་ཏེ། དེ་ཡང་སློབ་དཔོན་ཤཱནྟི་པ་དཔོན་སློབ་མཆོད་པ་ཞིག་མཛད་པའི་སྐབས། སློབ་མ་ཞིག་གིས་གཏོར་མ་བསྐྱལ་བར་ཕྱིན་པས། གཏོར་སྟེགས་ཀྱི་སྟེང་ན་རྣལ་འབྱོར་བ་ཤིན་ཏུ་འཇིགས་པ་ཞིག་མཐོང་ནས་གཏོར་མ་ཅི་དགར་བསྐྱུར། ཤིན་ཏུ་སྐྲག་སྟེ་ནང་དུ་འོངས། སློབ་དཔོན་ལ་ཞུས་པས། ནཱ་རོ་པ་ཡིན་པར་མཁྱེན་ནས་སྤྱན་དྲངས། དུས་དེར་ཞབས་ལ་གཏུགས་ཏེ། དབང་བསྐུར་བ་དང༌། གདམས་པ་དང༌། རྗེས་སུ་གདམས་པ་ཤིན་ཏུ་མང་བར་གསན། ཕྱིས་ཀྱང་ཡང་ཡང་གུས་པས་བཏུད། དུས་ཕྱིས་ཤཱནྟི་པ་གྲུབ་པ་བརྙེས་ཙམ་གྱི་དུས་ཤིག་ན། ནཱ་རོ་པས་ཐོད་པ་ཅིག་བསྣམས་ཏེ། སྐྱེ་བོ་ཀུན་ལ་སློང་བ་ལྟར་མཛད་པ་ལ་ཆོམ་པོ་ཞིག་གིས་ཐོད་པའི་ནང་དུ་གྲི་ཆུང་གཅིག་བསྐྱུར། ནཱ་རོ་པས་ལྟ་སྟངས་མཛད་པས་མར་ཁུ་ལྟར་ལྟེམས་ཀྱིས་ཞུ་ནས་གསོལ་ཏེ་སོང༌། བཞི་མདོ་ན་གླང་པོ་ཆེ་ཤི་བའི་རོ་ཞིག་འདུག་པ་ལའང་གྲོང་འཇུག་མཛད་ནས་དུར་ཁྲོད་དུ་བསྐྱལ། དེའི་ལོགས་ནས་མར་ཤཱནྟི་པ་ཕེབས་པ་ལ། ནཱ་རོ་པའི་གསུང་གིས་ཁོ་བོ་རྣལ་འབྱོར་པ་ཡིན་པས་རྟགས་དེ་ལྟར་ལགས། ད་མཁས་པ་ཆེན་པོ་ཡང་རྟགས་སྟོན་པར་མི་སྤྲོའམ་གསུངས་པ་ལ། སློབ་དཔོན་ཤཱནྟི་པ་ན་རེ། བདག་ལྟ་བུས་གཞན་ཅི་ཞིག་འཚལ་ཏེ། འོན་ཀྱང་ཁྱེད་ལྟ་བུས་གནང་ན་བྱའོ་གསུང་སྟེ། མདུན་ན་ཚུར་ཆུའི་བུམ་པ་ཐོགས་པ་འགའ་བྱུང་བ་ལ་ཆུ་ལ་སྔགས་བཏབ་པ་ཙམ་གྱིས་གསེར་ཞུན་མར་སོང༌། དེར་དགེ་འདུན་རྣམས་དང་བྲམ་ཟེ་རྣམས་ལ་སོ་སོར་བགོས་ཏེ་བྱིན་ནོ། ། ནཱ་རོ་པས་ཀྱང་བྱང་སྒོ་སྲུང་བ་ལོ་འགའ་ཞིག་མཛད་ནས། སྤྱོད་པ་ལ་གཤེགས་པ་ཡིན། དེར་རྗེས་དེའི་ཚབ་གནས་བརྟན་བྱང་བཟང་གིས་མཛད། དེ་ནི་ཨོ་ཊི་བི་ཤར་རྗེ་རིགས་ལས་སྐྱེ་བ་བརྙེས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕུན་སུམ་ཚོགས་པ་དང་ལྡན་ཞིང༌། རིགས་སད་པ་ཞིག་ཡིན་ལ། རིག་ཚོགས་དང༌། སྤྱོད་ཕྱོགས་དང༌། ཁྱད་པར་དུ་བྱང་ཆུབ་སེམས་དཔའི་ས་ལ་མཁས་པ། འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་གཟིགས་ཤིང་དངོས་སུ་ཆོས་གསན་པ་ཞིག་གོ ། དབུས་ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ་ནི། སྔོན་ཁ་ཆེའི་ཡུལ་དུ་བྲམ་ཟེ་ཞིག་གིས་ལྷ་དབང་ཕྱུག་ཆེན་པོ་བསྒྲུབས་པས་ལུང་བསྟན་ཐོབ་སྟེ། ཁྱོད་ཀྱི་རིགས་བརྒྱུད་ལ་མཁས་པ་གྲགས་ལྡན་ཤ་སྟག་འབྱུང་ཞེས་ལུང་བསྟན། དེ་ལྟར་བྱུང་བ་ལ་མི་རབས་ཉི་ཤུ་རྩ་བཞི་ཡན་ཆད་དུ་མུ་སྟེགས་པ་ཡིན། རྩ་ལྔ་པར་བྲམ་ཟེ་ཧ་རི་བྷ་དྲ་ཞེས་བྱ་བ་སངས་རྒྱས་པ་དང་བསྟན་པ་དཔང་དུ་བཙུགས་ནས་བརྩད་པས་རྩོད་པ་ཕམ་སྟེ་ནང་པ་ལ་ཞུགས། ཆོས་ཀྱང་མཁས་པར་མཁྱེན་པའི་པཎྜི་ཏར་གྱུར། དེའི་སྲས་ནི་བྲམ་ཟེ་རིན་ཆེན་རྡོ་རྗེ་ཡིན། རྟེན་ནི་དགེ་བསྙེན་ཡིན་ལ། དགུང་ལོ་སུམ་ཅུའི་བར་དུ་ཁ་ཆེ་ཉིད་དུ་ལེགས་པར་སྦྱངས་ཏེ་མདོ་སྔགས་རིག་གནས་མཐའ་དག་ཐུགས་སུ་ཆུད། དེ་ནས་མ་ག་དྷཱར་བྱོན་ནས་གསན་པའི་འཕྲོ་ཅུང་ཟད་ཀྱང་མཛད་ཅིང༌། རྡོ་རྗེ་གདན་དུ་སྒྲུབ་པ་མཛད་པས་འཁོར་ལོ་སྡོམ་པ་དང༌། རྡོ་རྗེ་ཕག་མོ་ལ་སོགས་པའི་ལྷ་མང་པོ་ཞལ་གཟིགས། རྒྱལ་པོས་བི་ཀྲ་མ་ཤཱི་ལའི་པ་ཏྲ་ཕུལ། དེར་ཡང་སྔགས་ཀྱི་ཐེག་པ་རྣམ་གྲངས་དུ་མ་དང༌། ཚད་མ་སྡེ་བདུན་དང༌། བྱམས་པའི་ཆོས་ལྔ་སོགས་གཙོ་བོར་གསུངས། ལོ་མང་པོ་ཞིག་འགྲོ་བའི་དོན་མཛད། སླར་ཡང་ཁ་ཆེར་ཕེབས་ནས། མུ་སྟེགས་མང་པོ་ཞིག་རྩོད་པས་སུན་ཕྱུངས་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཀོད། རིག་ཚོགས་དང༌། མདོ་སྡེ་རྒྱན་དང༌། གསང་བ་འདུས་པ་ལ་སོགས་པ་འཆད་པའི་གྲྭ་ཡང་འགའ་རེ་བཙུགས། སྐུ་ཚེའི་སྨད་ལ་ནུབ་ཕྱོགས་ཨུ་རྒྱན་དུ་གཤེགས། ཁ་ཆེའི་ཡུལ་ན་བྲམ་ཟེ་མུ་སྟེགས་ཀྱི་གྲུབ་མཐའ་ལ་མཁས་ཤིང་དབང་ཕྱུག་གི་ཞལ་མཐོང་བ་ཞིག་ཡོད། དེ་ལ་ཁོང་རེའི་ལྷས་ཨུ་རྒྱན་དུ་སོང་ཞིག་དོན་ཆེན་པོ་འགྲུབ་ཅེས་ལུང་བསྟན། ཨུ་རྒྱན་དུ་ཕྱིན་ནས་བྲམ་ཟེ་རིན་ཆེན་རྡོ་རྗེ་དང་མཇལ། བསྟན་པ་དཔང་དུ་བཙུགས་ནས་བརྩད་པས་རིན་ཆེན་རྡོ་རྗེ་རྒྱལ། དེ་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ཏེ་མིང་གུ་ཧྱ་པྲ་ཛྙཱ་ཞེས་པར་བཏགས། སྔགས་ཀྱི་ཐེག་པ་ལ་བསླབ་པས་ཕྱིས་དངོས་གྲུབ་ཀྱང་ཐོབ། བོད་དུ་བྱོན་པའི་ཨཱ་ཙརྱ་དམར་པོར་གྲགས་པ་དེ་ཡིན། བྲམ་ཟེ་རིན་ཆེན་རྡོ་རྗེ་དེ་ཨུ་རྒྱན་གྱི་གནས་དེ་ཉིད་དུ་འཇའ་ལུས་སུ་གཤེགས་ཞེས་ཁ་ཆེ་བ་རྣམས་ཟེར་རོ། ། རིན་ཆེན་རྡོ་རྗེའི་སྲས་མཧཱ་ཛ་ན། དེའི་སྲས་སཛྫ་ན་ཡིན་ཏེ། བོད་ཀྱི་ཆོས་བརྒྱུད་རྣམས་ལའང་ཤིན་ཏུ་བཀའ་དྲིན་ཆེའོ། ། དབུས་ཀྱི་ཀ་ཆེན་གཉིས་པ་ཛྙཱ་ན་ཤྲཱི་མི་ཏྲ་ནི་མཐའ་གཉིས་སུ་སེལ་བའི་བསྟན་བཅོས་མཛད་མཁན་དེ་ཡིན་ལ། དཔལ་ལྡན་ཨི་ཏི་ཤའི་ཡང་སྐུ་དྲིན་ཆེ་བའི་བླ་མ་ཞིག་ཡིན། དེ་ཡང་ཡུལ་གོ་ཊར་འཁྲུངས། དང་པོར་ཉན་ཐོས་སེནྡྷ་པའི་པཎྜྀ་ཏ། དེའི་ལུགས་ཀྱི་སྡེ་སྣོད་གསུམ་ལ་ཤིན་ཏུ་མཁས་པ་ཞིག་ཡིན་པ་ལ། ཕྱིས་ཐེག་ཆེན་ལ་དད་པ་ཐོབ་སྟེ་ཀླུ་སྒྲུབ་དང༌། ཐོགས་མེད་ཀྱི་གཞུང་ཐམས་ཅད་ལ་མཁས་པར་སྦྱངས། གསང་སྔགས་ཀྱི་རྒྱུད་སྡེ་ཡང་མང་པོ་མཁྱེན། ཁྱད་པར་མདོ་རྒྱུད་ཀྱི་གསན་རྒྱ་ཤིན་ཏུ་ཆེ། རྟག་ཏུ་བྱང་ཆུབ་གྱི་སེམས་ལ་གོམས་པ། བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་དང༌། བྱམས་པ་དང༌། སྤྱན་རས་གཟིགས་གསུམ་ཡང་ཡང་ཞལ་གཟིགས། མངོན་ཤེས་ཐོགས་པ་མེད་པ་མངའ། ལན་ཅིག་བི་ཀྲ་མར་བཞུགས་པའི་ཚེ། སློབ་མ་དགེ་ཚུལ་ཞིག་ལ་ཁྱོད་ད་ལྟ་མྱུར་བར་སོང༌། གནངས་ཀྱི་ཉིན་པར་ཉི་མ་གུང་ལ་ག་ཡའི་གྲོང་ཁྱེར་དུ་སླེབ་པ་གྱིས། རྡོ་རྗེ་གདན་གྱི་དགེ་འདུན་རྣམས་དང༌། དཀོན་གཉེར་རྣམས་དེ་ན་བྲམ་ཟེ་ཞིག་གིས་དུས་སྟོན་ལ་བོས་འོང་བར་འདུག །བྱང་ཆུབ་ཆེན་པོ་བཞུགས་པའི་གནྡྷོ་ལ་ལ་མེའི་གནོད་པ་འོང་བར་འདུག་པས་དེ་རྣམས་ཁྲིད་ལ་མེ་སྣོལ་ཞིག་གསུང༌། དེས་ཕྱིན་པས་ལུང་བསྟན་པ་བཞིན་ག་ཡར་རྡོ་རྗེ་གདན་པ་རྣམས་དང་འཕྲད། ཁོ་བོའི་སློབ་དཔོན་གྱིས་ལུང་བསྟན་པ་ཡིན་ཡར་འདེངས་བྱས་པས་ཕྱེད་ཙམ་ཡིད་མ་ཆེས་པར་བསྡད། ལྷག་མ་ཕྱེད་ཙམ་དང་བཅས་རྡོ་རྗེ་གདན་དུ་འོངས་པས་རྡོ་རྗེ་གདན་གྱི་གནྡྷོ་ལ་ལ་མེ་ཤོར་ཏེ། ཕྱི་ནང་ཀུན་ཏུ་འབར་གྱིན་འདུག །དེར་ལྷ་ལ་གསོལ་བ་འདེབས་ཀྱིན་མེ་བསད་པས་ལྷ་ཁང་ཞིག་པ་ཆེར་མ་བྱུང༌། རི་མོ་ཟུབས་པ་དང་ཤིང་ཚིག་པ་རྣམས་སློབ་དཔོན་གྱིས་གསོས། གཞན་ཡང་ཆོས་གཞི་ཉམས་པ་གསོས་པ་དང་གསར་དུ་བཙུགས་པའང་མ་ག་དྷཱ་དང༌། བྷཾ་ག་ལ་གཉིས་ཀ་ན་མང་བར་ཡོད། མཁས་པ་སྒོ་དྲུག་འདི་རྒྱལ་བོ་བྷེ་ཡ་པཱ་ལའི་རྒྱལ་སྲིད་སྐྱོང་བའི་སྟོད་ཀྱི་དུས་ནའང་ཡོད་དོ། །རྒྱལ་པོ་ཙ་ན་ཀ་འདས་བསྟན་པ་ལ་བྱ་བ་ཆེར་བྱས་ཀྱང་པཱ་ལའི་རིགས་མ་ཡིན་པས་བདུན་ལ་ནི་མི་བགྲང་ངོ༌། །འདི་དུས་ནས་བཟུང་ཁ་ཆེར་ཚད་མ་ཤིན་ཏུ་དར། རྟོག་གེ་པ་ཉི་མ་སྦས་པ་ཡང་བྱུང་ངོ༌། །རྒྱལ་པོ་ཙ་ན་ཀའི་སྐབས་ཀྱི་གཏམ་སྟེ་སོ་གསུམ་པའོ།། །། ༣༤ རྒྱལ་པོ་བྷེ་ཡ་པཱ་ལ་སོགས་ཀྱི་དུས་ཀྱི་གཏམ། དེ་ནས་རྒྱལ་པོ་བྷེ་ཡ་པཱ་ལས་རྒྱལ་སྲིད་ལོ་སུམ་ཅུ་སོ་གཉིས་ཙམ་བྱས་ནའང༌། སྔར་གྱི་རྒྱུན་མ་ཉམས་པར་སྐྱོང་བའི་རྣམ་པ་ཙམ་ལས་བསྟན་པ་ལ་བྱ་བ་དམིགས་སུ་ཐོན་པ་ཆེར་མ་བྱུང༌། བི་ཀྲ་མ་ཤཱི་ལར་ནི་པཎྜི་ཏ་བདུན་ཅུ་ཙམ་གྱི་པ་ཏྲ་ལས་མ་ཚུགས་ཏེ། དེའི་ཕྱིར་འདི་ཡང་པཱ་ལ་བདུན་ལ་མི་བགྲང་ངོ༌། །རྒྱལ་པོ་འདིའི་དུས་ལ། མཁས་པ་སྒོ་དྲུག་འདས་པའི་འོག་ཙམ་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤར་གྲགས་པ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་མཁན་པོར་སྤྱན་དྲངས། འདིས་ཨོ་ཏནྟ་པུ་རི་ཡང་བསྐྱངས། དེ་ནས་མི་རིང་བ་ན་མངའ་བདག་མཻ་ཏྲི་པའི་འཕྲིན་ལས་ཀྱང་དར་བ་ཡིན། མཻ་ཏྲི་པ་དཔལ་གྱི་རི་ནས་འཁོར་བའི་དུས། ཤཱནྟི་པ་སོགས་མཁས་པ་སྒོ་དྲུག་གི་དུས་ཡོལ་ནས་ལོ་ཡང་འགའ་རེ་སོང་བ་ཡིན་པས། སྔོན་གྱི་དོ་ཧ་འཆད་པ་རྣམས་ཀྱི་ལོ་རྒྱུས་ཆལ་ཆོལ་ལ་སྙིང་པོ་མེད་དོ། ། གཞན་ཡང་དོ་ཧའི་ལོ་རྒྱུས་འཁྱམས་པོ་རྣམས་ན། མཻ་ཏྲི་པ་ནག་པོ་སྤྱོད་པའི་སྐྱེ་བ་ཡིན་པའི་ལུགས་སུ་བྱས། འབར་བའི་གཙོ་བོ་སྤྱོད་འཆང་ནག་པོ་ཞེས་ལོ་རྒྱུས་བསྲེས་པ་ཉོག་ཉོག་པོ་དག་ཡོད་པ་ལ་ཕྱོགས་ཞེན་གྱིས་ཡིད་བརྟན་དུ་བྱས་ནས། སྤྱོད་འཆང་ནག་པོ་བྱ་བ་ནག་པོ་སྤྱོད་པ་མིན་པ་ཞིག་བྱུང་བར་འདོད་པ་ཡང་སྙིང་པོས་དབེན་པ་སྟེ། སློབ་དཔོན་དཔག་མེད་རྡོ་རྗེའི་གཞུང་ཆུང་འགའ་རེ་ཡོད་པ་ལ་ལྟོས་ཤིག་འཁྲུལ་པ་སེལ་བར་འགྱུར་རོ། །རྒྱལ་པོ་བྷེ་ཡ་པཱ་ལ་དེའི་སྲས་ནེ་ཡ་པཱ་ལ་ཡིན་ཏེ། ཇོ་བོ་རྗེ་བོད་དུ་བྱོན་དུས་འདི་རྒྱལ་སྲིད་ལ་འཁོད་འཕྲལ་ཡིན་པར་རྣམ་ཐར་ཁུངས་མ་རྣམས་ནས་བཤད། བལ་ཡུལ་ནས་ཁོང་ལ་བརྫངས་པའི་འཕྲིན་ཡིག་གཅིག་ཀྱང་སྣང༌། རྒྱལ་སྲིད་ལོ་སུམ་ཅུ་སོ་ལྔ་བྱས། འདི་རྒྱལ་སྲིད་ལ་འཁོད་ནས་ལོ་དགུ་ནས་མངའ་བདག་མཻ་ཏྲི་པ་ཡང་འདས། རྒྱལ་པོ་འདིས་རྡོ་རྗེ་གདན་པ་ཆེན་པོར་གྲགས་པ་ལ་མཆོད་དེ། དེ་དགེ་བསྙེན་གྱི་དུས་ཀྱི་མཚན་པུཎྱ་ཤྲཱི། རབ་ཏུ་བྱུང་བའི་མཚན་པུཎྱ་ཨཱ་ཀ་ར་གུཔྟའོ། ། གཞན་ཡང་ཨ་མོ་གྷ་བཛྲ་དང༌། ཤར་ཕྱོགས་སུ་བིརྱ་བྷ་དྲ་མངོན་ཤེས་ཅན་དང༌། དེ་ཝ་ཨཱ་ཀ་ར་ཙནྡྲ་དང༌། པྲ་ཛྙཱ་རཀྵི་ཏ་དང༌། གཞན་ཡང་ནཱ་རོ་པའི་དངོས་ཀྱི་སློབ་མ་ཕལ་ཆེར་བཞུགས། ནཱ་རོ་པའི་དངོས་སློབ་དཔལ་མཆོག་ཌོཾ་བྷི་པ་དང༌། ཀནྟ་པའི་ལོ་རྒྱུས་གཞན་དུ་གསལ། ཀ་སོ་རི་པ་ནི་རྡོ་རྗེ་རྣལ་འབྱོར་མ་ཁོ་ན་བསྒྲུབས་པས་སྤྲིན་གྱི་གསེབ་ནས་ཞལ་རས་བསྟན་ཏེ། ཅི་འདོད་གསུང༌། ཉིད་ཀྱི་གོ་འཕང་ཐོབ་པར་མཛོད་ཞུས་པས་སྙིང་གར་ཐིམ། དེ་མ་ཐག་ཏུ་དངོས་གྲུབ་མང་པོ་ཐོབ་པར་གྱུར་ཏེ། དུར་ཁྲོད་རྣམས་སུ་སྟག་དང༌། ལྕེ་སྤྱང་ལ་སོགས་པས་གར་བྱེད་ཅིང་མཆོད་པ་འབུལ་བ་སྐལ་བ་དང་མི་ལྡན་པ་རྣམས་ཀྱིས་རྒྱང་མ་ནས་མཐོང་ཞིང་དྲུང་དུ་གཏུགས་པ་ན་ཡལ་འགྲོ་བ་ཞིག་ཡོད་སྐད། རི་རི་པ་ནི་སྦྱངས་སྟོབས་ཀྱི་ཤེས་རབ་ཤིན་ཏུ་ཆུང་བ་ཞིག་བྱུང༌། དཔལ་ནཱ་རོ་པས་འཁོར་ལོ་བདེ་མཆོག་ལ་བརྟེན་པའི་བསྐྱེད་རྫོགས་ཀྱི་གདམས་པ་ཉུང་ངུ་ཞིག་བསྟན་པས། དེ་ཁོ་ན་བསྒོམས་པས་གྲུབ་པ་ཐོབ། ཆོས་གང་ལ་ཡང་ཐོགས་པ་མེད་པའི་བློ་གྲོས་སྐྱེས། ནགས་ཀྱི་སྲོག་ཆགས་གདུག་པ་ཅན་བསེ་རུ་ལ་སོགས་པ་བཀུག་ནས་ཆིབས་ཤིང་གཤེགས། དེའི་ཚེ་གར་ལོག་གི་དམག་ཞིག་བྱུང་བ་ལ། ཝཱ་རཱ་ཎ་སཱིའི་ནུབ་ཕྱོགས་ཀྱི་ལམ་ཞིག་ཏུ་རྫས་སྔགས་ཀྱི་རྟེན་འབྲེལ་ཅུང་ཟད་མཛད། གར་ལོག་རྣམས་ཡོང་དུས་རྡོ་ཤིང་ས་འབར་འབུར་སོགས་ཡོད་ཚད་མི་རོ་ཁོ་ནར་མཐོང་ནས་ཕྱིར་ལྡོག་གོ །དེ་གཉིས་ཀར་ཡང་འཇའ་ལུས་སུ་གཤེགས་སོ། །པྲ་ཛྙཱ་རཀྵི་ཏ་ནི་དགེ་སློང་པཎྜི་ཏ་ཆེན་པོ་ཞིག་ནཱ་རོ་པ་ལོ་བཅུ་གཉིས་བསྟེན་ཏེ་ཕ་རྒྱུད་དང༌། མ་རྒྱུད་ཀྱི་ཆོས་མང་དུ་གསན། ཁྱད་པར་མ་རྒྱུད་ལ་མཁས། ཡང་སྒོས་འཁོར་ལོ་སྡོམ་པ་ལ་ཆེས་མཁས་ཏེ། འགྲེལ་པའི་ལུགས་བཞི་དང༌། མན་ངག་གི་ལུགས་ཤིན་ཏུ་མང་བ་ཐུགས་སུ་ཆུད། ཨོ་ཏནྟ་པུ་རི་དང་ཉེ་བའི་གནས་ཆུང་ངུ་ཞིག་ཏུ་ལོ་ལྔ་བསྒྲུབས་པས་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དང༌། འཇམ་དཔལ་དང༌། དུས་ཀྱི་འཁོར་ལོ་ལ་སོགས་པ་ཡི་དམ་གྱི་ལྷ་དཔག་ཏུ་མེད་པ་ཞལ་གཟིགས། འཁོར་ལོ་སྡོམ་པའི་རིགས་ཀྱི་དབང་བསྐུར་རང་ཡང་བདུན་ཅུ་ཙམ་མངའ་བར་གྲགས། ནུས་པ་ནི་ཤིན་ཏུ་ཆེ་སྟེ། བི་ཀྲ་མ་ལར་ལན་ཅིག་ཏུ་རུཥྐའི་དམག་བྱུང་བ་ལ་འཁོར་ལོ་སྡོམ་པའི་གཏོར་མ་ཆེན་པོ་ཞིག་མཛད་པས། དམག་གི་དབུས་སུ་ཐོག་ཆེན་པོ་བསྟུད་མར་ལན་བཞི་ལྷུངས། དམག་དཔོན་དང༌། དཔའ་བོ་མང་པོ་ཤི་ནས་ཕྱིར་ལྡོགམུ་སྟེགས་ཀྱི་རྒོལ་བ་བརྒྱད་ཙམ་རྩོད་པར་འོངས་པ་ལ། རྩོད་པའི་གྲལ་དུ་སྟ་སྟངས་མཛད་པས་དྲུག་ངག་ལྐུགས། གཉིས་མིག་ལོང༌། ཕྱིས་འགྲོལ་བར་ཡང་མཛད། འཁོར་ལོ་སྡོམ་པ་གཙོ་བོར་གྱུར་པའི་འགྲོ་དོན་ཆེར་མཛད་ནས། ནཱ་ལེནྡྲ་དང་ཉེ་བའི་ནགས་ཁྲོད་ཅིག་ཏུ་སྐུ་འདས། ཞག་བདུན་དུ་སྐུ་གདུང་གཡོ་བ་མེད་པར་ཞོག་གསུང་པ་ལྟར་སློབ་མ་རྣམས་ཀྱིས་བཞག་པས། ཞག་བདུན་ནས་གདུང་རང་ཡང་ཡལ་ནས་སོང༌། རི་རི་པ་ནི། རིག་ངན་གདོལ་པའི་རིགས་སུ་གྱུར་པ་ཞིག་ཡིན་པ་ལས། ནཱ་རོ་པ་ཆེན་པོ་མཐོང་རེས་ཀྱིས་དགའ་བ་དང༌། དད་པའི་ཤུགས་ཆེར་སྐྱེས་ནས་ལུས་རེངས་ཤིང་བརྒྱལ་འགྲོ་བ་ཞིག་བྱུང༌། དེར་རྣལ་འབྱོར་པ་བྱས་ཏེ། ནམ་ཞིག་ན་ཡོ་བྱད་མང་པོ་བསགས། ནཱ་རོ་པ་ལ་འཁོར་ལོ་སྡོམ་པའི་དབང་བསྐུར་བ་ཞུས་ཏེ་རྩེ་གཅིག་ཏུ་བསྒོམས་པས། བསྐྱེད་རིམ་བསྒོམས་པ་ལས་ཀྱང་རླུང་སེམས་དབུ་མར་འགགས་ཤིང་གཏུམ་མོའི་ཉམས་མྱོང་སྐྱེས་ཏེ། སྔོན་གྱི་ལས་འཕྲོས་སད་པ་ཡིན་གསུང༌། མི་རིང་བར་དངོས་གྲུབ་མཆོག་ཐོབ། ནཱ་རོ་པའི་འཁོར་དུ་གཤེགས་པའི་ཚེ་ཡང་ཆོས་ཉན་པ་དང༌། དགོས་དོན་ཡོད་པའི་ཚེ་ལུས་སྣང་བར་བྱེད། ཕལ་ཆེར་མི་སྣང་བའི་ཚུལ་གྱིས་འགྲོ་བ་ཞིག་གོ ། སློབ་དཔོན་དཔེ་མེད་མཚོ་ཡང་དུས་འདིར་བྱུང་སྟེ། རིག་གནས་ཐམས་ཅད་དང་དུས་ཀྱི་འཁོར་ལོ་ལ་མཁས་པའི་དགེ་སློང་པཎྜི་ཏ་ཞིག་འཕགས་པ་སྤྱན་རས་གཟིགས་སྒྲུབ་ཅིང༌། ཁ་སརྤ་ཎིར་ལོ་བཅུ་གཉིས་གཡེང་བ་སྤངས་ཏེ་བརྩོན་འགྲུས་བརྩམས་པས་ཀྱང་ལྟས་ཅང་མ་བྱུང་སྟེ། ལན་ཅིག་མནལ་དུ་སོང་བས་མནལ་ལམ་དུ། ཁྱོད་བི་ཀྲ་མ་པུ་རིར་སོང་ཞིག་ཅེས་ལུང་བསྟན་བྱུང༌། སློབ་མ་ལེགས་པའི་བུ་དང་ལྷན་ཅིག་དེར་སོང་བ་ལས། གྲོང་ཁྱེར་དེའི་དུས་སྟོན་གྱི་ཟློས་གར་ཆེན་པོ་མཐོང༌། དེའི་རྐྱེན་གྱིས་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་གཟིགས་པའི་ཏིང་ངེ་འཛིན་སྐྱེས། ནམ་ཕྱེད་ན་ལྷག་པའི་ལྷ་ཨ་ཝ་ངྷུ་ཏཱི་པའི་ཆ་བྱད་དུ་བྱོན་ནས། བུ་དེ་ཁོ་ན་ཉིད་ནི་འདི་ཡིན་ནོ། །ཞེས་གསུངས་པ་ཙམ་གྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། དེ་ནས་སློབ་མ་རྣམས་ཀྱི་དོན་དུ་བསྟན་བཅོས་ཀྱང་འགའ་རེ་མཛད་ཅིང༌། སློམ་མ་ཐམས་ཅད་ཀྱང་རྣལ་འབྱོར་ཡན་ལག་དྲུག་པའི་ཏིང་ངེ་འཛིན་ནམ། རྗེས་དྲན་གྱི་ཡོན་ཏན་སྐྱེས་པ་ཤ་སྟག་ཡིན་སྐད་དོ། ། དེའི་ཚེ་རྟོག་གེ་ལ་མཁས་པ་ཡ་མཱ་རི་ཡང་བྱུང༌། དེ་ནི་སྒྲ་ཚད་གཙོ་བོར་གྱུར་པའི་རིག་གནས་ཀུན་ལ་མཁས་ཀྱང་བུ་སྨད་གསུམ་གྱི་འཚོ་བ་ཙམ་ཡང་མི་བྱེད་པའི་ཤིན་ཏུ་བཀྲེན་པ་ཞིག་ཡོད་པ་ལ། ཤར་ཕྱོགས་ནས་རྣལ་འབྱོར་བ་ཞིག་རྡོ་རྗེ་གདན་དུ་འབྱོན་པའི་ལམ་དུ་ཁོང་ལ་གནས་ཚང་གཡར། དེར་ཕོངས་བའི་གཏམ་བྱས་པས། ཁྱེད་པཎྜི་ཏ་རྣལ་འབྱོར་པ་ལ་བརྙས་ཏེ་ཆོས་མི་ཞུ་སྟེ་འོང༌། འབྱོར་པ་ཐོབ་པའི་ཐབས་ང་ལ་ཡོད་དེ་གསུང༌། གནང་བར་ཞུས་པས། པི་ཙུ་རིའི་ཤིང་འབྲས་དང༌། ཙནྡན་གྱི་ལྡེ་གུ་སོགས་སྟ་གོན་གྱིས་ཤིག །རྡོ་རྗེའི་གདན་འཁོར་ནས་བྱའོ་གསུང༌། ཚུར་ལམ་ནོར་རྒྱུན་མའི་བྱིན་རླབས་ཤིག་མཛད། དེས་ཀྱང་བསྒྲུབས་པས་ལོ་དེ་ཉིད་ནས་རྒྱལ་པོས་མངའ་ཐང་ཆེར་གཏོད། བི་ཀྲ་མ་ཤཱི་ལར་པ་ཏྲ་ཆེར་ཐོབ། དུས་འདི་ཙམ་ན་ཁ་ཆེའི་ཡུལ་ན་ཡང་བྲམ་ཟེ་བདེ་བྱེད་དགའ་བ་ཞེས་བྱ་བ་བྱུང་སྟེ་གཞུང་ལུགས་སྤྱི་དང༌། ཚད་མ་ལའང་ཤིན་ཏུ་མཁས་པས། ཆོས་ཀྱི་གྲགས་པ་འགོག་པའི་ཚད་མ་གསར་པ་ཞིག་བྱའོ་སྙམ་པ་ལ། རྨི་ལམ་དུ་འཇམ་དཔལ་གྱིས་ཆོས་ཀྱི་གྲགས་པ་ནི་འཕགས་པ་ཡིན་པའི་ཕྱིར་དགག་མི་ནུས་ལ། སྐྱོན་དུ་མཐོང་བ་དེ་དག་ཀྱང་ཁྱོད་ཉིད་ཀྱི་བློ་སྐྱོན་ནོ་ཞེས་གསུངས་པས། སླར་བཤགས་པ་མཛད་དེ་སྡེ་བདུན་ལ་འགྲེལ་པ་བརྩམས། ལོངས་སྤྱོད་སྐུ་བསོད་ཤིན་ཏུ་ཆེ་བར་བྱུང་ཞེས་གྲགས་སོ། །འགྲེལ་པ་ཆོས་མཆོག་གི་ཚིག་རིས་ལ་བདེ་བྱེད་དགའ་བ་བྱུང་ཟིན་པའི་ཚིག་ཡོད་པ་ལྟར་སྣང་བ་ནི་གཞན་ཕན་བཟང་པོའི་དཔེ་ལ་མཆན་བུ་དཀྱུས་ཤོར་བྱུང་བའི་སྐྱོན་ནོ་ཞེས་ཀྱང་གྲགས་སོ། །རྒྱལ་པོ་བྷེ་ཡ་པཱ་ལ་དང༌། ནེ་ཡ་པཱ་ལའི་དུས་ཀྱི་གཏམ་སྟེ་སོ་བཞི་པའོ།། །། ༣༥ ཨ་མྲ་པཱ་ལ་དང་ཧསྟི་པཱ་ལ་སོགས་ཀྱི་དུས་ཀྱི་གཏམ། ནེ་ཡ་པཱ་ལའི་བུ་ཨ་མྲ་པཱ་ལ་ཡིན་ལ། དེས་ལོ་བཅུ་གསུམ་རྒྱལ་སྲིད་བསྐྱངས། དེའི་རིང་ལ་སློབ་དཔོན་རཏྣ་ཨཱ་ཀ་ར་གུཔྟས་རྡོ་རྗེ་གདན་གྱི་མཁན་པོ་མཛད་པའི་དུས་ཡིན། ཨ་མྲ་པཱ་ལ་འདས་པའི་དུས་བུ་ཧསྟི་པཱ་ལ་ཆུང་ངུར་ཡོད་པས་རྒྱལ་སྲིད་མ་ཟིན་གྱིས་དོགས་ཏེ། བློན་པོ་བཞི་ཁྲིམས་བུ་ཆུང་བཅས་ནས་ལོ་བརྒྱད་ཙམ་རྒྱལ་སྲིད་བསྐྱངས། དེ་ནས་ཧསྟི་པཱ་ལ་རྒྱལ་སྲིད་དུ་བསྐོས་ཏེ་ལོ་བཅོ་ལྔ་ཙམ་རྒྱལ་སྲིད་བྱས། དེ་ནས་དེའི་མ་སྤུན་ཀྵནྟི་པཱ་ལས་རྒྱལ་སྲིད་ལོ་བཅུ་བཞི་ཙམ་བྱས། དེ་དག་གི་རིང་ལ་རཏྣ་ཨཱ་ཀ་ར་གུཔྟ་སཽ་རིར་བཞུགས་པའི་དུས་སོ། །རྒྱལ་པོ་འདི་གཉིས་ཀྱི་རིང་ལ་སྔར་ནེ་ཡ་པཱ་ལའི་དུས་སུ་སྨོས་པའི་སློབ་དཔོན་དེ་དག་ཀྱང་ཅི་རིགས་པར་བཞུགས་ཤིང༌། མཻ་ཏྲི་པ་དང༌། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་སློབ་མ་པི་ཊོ་པ་ཆེན་པོ་དང༌། དྷརྨཱ་ཀ་ར་མ་ཏི་དང༌། སའི་སྙིང་པོ་དང༌། དབུ་མའི་སེང་གེ །བཤེས་གཉེན་གསང་བ་སྟེ་ཐུགས་སྲས་ལྔ་པོ་དང༌། གཞན་ཛྙཱ་ན་ཤྲཱི་མི་ཏྲ་ཞེས་བྱ་བ་ལ་སོགས་པ། ཆོས་སྨྲ་བའི་པཎྜི་ཏ་སུམ་ཅུ་རྩ་བདུན་པོ་རྣམས་ཀྱི་འགྲོ་བའི་དོན་གྱི་དུས་ཡིན། མ་ཎི་ཀ་ཤྲཱི་དང༌། ཁ་ཆེ་བྱང་ཆུབ་བཟང་པོ་དང༌། བལ་པོའི་ཡུལ་དུ་ཕམ་ཐིང་པ་སྐུ་མཆེད་དང༌། ཡེ་ཤེས་རྡོ་རྗེ་དང༌། རྒྱ་གར་ཕྱག་ན་ལ་སོགས་པས་འགྲོ་དོན་མཛད་པའི་དུས་སུ་མངོན་ནོ། ། སྒྲ་གཅན་འཛིན་བཤེས་གཉེན་ཟེར་བ་གསང་འདུས་ཀྱི་རས་བྲིས་དཀྱིལ་ཆོག་རྩོམ་པ་པོ་དང༌། བལ་པོར་ནཱ་རོའི་སློབ་མ་རྒྱ་གར་དཱ་རི་ཀ་པ་ཟེར་བ་ལཱུ་ཡི་པའི་དབང་ཆོག་རྩོམ་མཁན་དེ་ཡང་བྱུང་སྟེ། འདི་དག་འཕགས་པ་ལྷའི་དངོས་སློབ་སྒྲ་ཅན་འཛིན་དང༌། གྲུབ་ཆེན་དཱ་རི་ཀ་པར་ངོས་འཛིན་ཞིང༌། ཐེ་ཚོམ་ཟ་བཞིན་དུ་དེ་དེ་ཡིན་དུ་རེ་བས་ཐག་གཅོད་པ་ནི་ཡ་མཚན་གྱི་གནས་སོ། ཁྱད་པར་སྠི་ར་པཱ་ལ་སྟེ་པཎྜི་ཏ་ཆེན་པོ་བརྟན་སྐྱོང་འབུམ་ཕྲག་གསུམ་པས་བི་ཀྲ་མ་ཤཱི་ལར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་བཤད་ཅིང༌། གཞན་ཡང་པཎ་གྲུབ་ཏུ་བགྲང་བ་ནི་བསམ་གྱིས་མི་ཁྱབ་པ་བྱུང་ནའང༌། གཅིག་ཏུ་གྲགས་ཆེ་བ་གཞན་ཆེར་མ་བྱུང་བ་འདྲའོ། །རྒྱལ་པོ་དེ་གསུམ་གྱི་རིང་ལ་བསྟན་པ་སྔར་འཁྱུད་བཞིན་བསྐྱངས་མོད་ཀྱི། བྱ་བ་ངོ་མཚར་ཅན་ལྷག་པོར་བྱས་པ་མེད་པས་བདུན་གྱི་གྲངས་སུ་མི་བགྲང་ངོ༌། ཨ་མྲ་པཱ་ལ་དང༌། ཧ་སྟེ་པཱ་ལ་དང༌། ཀྵནྟི་པཱ་ལའི་དུས་སྐབས་ཀྱི་གཏམ་སྟེ་སོ་ལྔ་པའོ།། །། ༣༦ རྒྱལ་པོ་རཱ་མ་པཱ་ལའི་དུས་ཀྱི་གཏམ། ཧ་སྟི་པཱ་ལའི་བུ་རྒྱལ་པོ་རཱ་མ་པཱ་ལ་ཡིན་ཏེ། གཞོན་ནུ་ཉིད་ལ་རྒྱལ་སྲིད་དུ་བསྐོས་པས་ཀྱང་བློ་གྲོས་ཤིན་ཏུ་ཆེ་ཞིང༌། མངའ་ཐང་ལྷག་པར་རྒྱས་པ་ཞིག་བྱུང་སྟེ། དེ་རྒྱལ་སྲིད་དུ་འཁོད་ནས་མི་རིང་བ་ན། སློབ་དཔོན་ཆེན་པོ་ཨ་བྷ་ཡཱ་ཀ་ར་གུཔྟ་རྡོ་རྗེ་གདན་གྱི་མཁན་པོར་སྤྱན་དྲངས། དེ་ནས་ལོ་མང་ཞིག་སོང་བ་ན་བི་ཀྲ་མ་ཤཱི་ལ་དང༌། ནཱ་ལེནྡྲའི་མཁན་པོར་སྤྱན་དྲངས། དེ་སྐབས་སྔོན་གྱི་རིམ་པ་དང་མི་འདྲ་བར་གྱུར་ཏེ། བི་ཀྲ་མ་ཤཱི་ལར་པཎྜི་ཏ་བརྒྱ་དྲུག་ཅུ་ཙམ་རེ་དང༌། གཏན་དུ་བཞུགས་པའི་དགེ་སློང་སྟོང་རེ་ཡོད་ཅིང༌། མཆོད་པ་ལ་སོགས་པའི་དུས་དུས་སུ་རབ་བྱུང་ལྔ་སྟོང་རེ་འདུ། རྡོ་རྗེ་གདན་དུ་རྒྱལ་པོས་འཚོ་བ་སྦྱར་བའི་ཐེག་ཆེན་པ་བཞི་བཅུ་རེ་དང༌། ཉན་ཐོས་ཀྱི་དགེ་སློང་ཉིས་བརྒྱ་རེ་རྟག་ཏུ་བཞུགས་ཤིང༌། དུས་དུས་སུ་ཉན་ཐོས་ཀྱི་དགེ་སློང་ཁྲི་ཕྲག་རེ་འཚོགས་པ་བྱུང༌། ཨོ་ཏནྟ་པུ་རིར་ཡང་རྟག་ཏུ་དགེ་སློང་སྟོང་ཕྲག་རེ་བཞུགས། ཐེག་པ་ཆེ་ཆུང་གི་སྡེ་གཉིས་ཆར་ཡོད་ཅིང༌། དུས་དུས་སུ་རབ་ཏུ་བྱུང་བ་རྣམས་འདུས་པ་སྟོང་ཕྲག་བཅུ་གཉིས་རེ་འབྱུང་བར་གྲགས། ཐེག་ཆེན་པ་མཐའ་དག་གི་གཙུག་གི་ནོར་བུ་སློབ་དཔོན་ཨ་བྷ་ཡཱ་ཀ་ར་ཡིན་ལ། ཉན་ཐོས་རྣམས་ཀྱིས་ཀྱང་འདུལ་བ་འཛིན་པ་ཆེན་པོ་ཞེས་གུས་པས་རབ་ཏུ་བཏུད་དོ། ། སློབ་དཔོན་དེའི་རྣམ་པར་ཐར་པ་ནི་གཞན་དུ་ཤེས། ཁྱད་པར་བསྟན་པ་ལ་དག་ཐེར་ཆེར་མཛད་དེ། དེ་ཉིད་ཀྱིས་མཛད་པའི་གསུང་རབ་རྣམས་ཕྱིས་ལྷག་པར་དར་ཏེ། བར་སྐབས་ངག་སྒྲོས་ཉམས་པ་སྣ་ཚོགས་པ་དག་མི་སྐྱོང་བར་སློབ་དཔོན་འདིའི་གསུང་གི་གཞུང་སྲོང་བ་ད་ལྟའི་བར་དུ་ཡང་རྒྱ་གར་གྱི་ཐེག་ཆེན་པ་རྣམས་ལ་སྣང་ངོ༌། །ཕྱིས་བྱོན་པའི་སློབ་དཔོན་རཏྣ་ཀ་ར་ཤཱནྟི་པ་དང༌། སློབ་དཔོན་འདི་གཉིས་དུས་ཀྱི་དབང་གིས་བསྟན་འགྲོ་ལ་ཕན་ཐོགས་ཆེ་ཆུང་མ་གཏོགས། སྔོན་གྱི་སློབ་དཔོན་ཆེན་པོ་བ་སུ་བནྡྷཱུ་སོགས་དང་ཡོན་ཏན་མཉམ་པ་ཡིན་པར་གྲགས་སོ། ། དེ་ཡང་སྔར་གྱི་རྒྱལ་པོ་དྷརྨ་པཱ་ལ་འདས་པ་ཕྱིན་ཆད་ནས། བྷཾ་ག་ལའི་རྒྱལ་ཁམས་དང༌། གངྒཱའི་བྱང་ངོས་ཀྱི་གྲོང་ཁྱེར་འཐབ་མེད་ལ་སོགས་པ་ཆུ་བོ་ཡ་མུ་ནའི་ཤར་ནུབ་ཀྱི་ཡུལ་ཀུན་དང༌། ཝཱ་རཱ་ཎ་སཱི་ནས། མ་ལ་ཝ་ལ་ཐུག་གི་བར་གྱི་པྲ་ཡ་ཀ །བཅོམ་བརླག །ཀུ་རུ། ལྔ་ལེན། ཨ་གར། ས་ག་རི། ཌི་ལི་ལ་སོགས་པ་རྣམས་སུ་མུ་སྟེགས་དང༌། ཁྱད་པར་ཀླ་ཀློའི་ཆོས་ལུགས་འཛིན་པ་ཇེ་མང་ཇེ་མང་དུ་གྱུར་ལ། ཀཱ་མ་རཱུ་དང༌། ཏི་རཱ་ཧུ་ཏི་དང༌། ཨོ་ཌི་བི་ཤ་རྣམས་སུའང་མུ་སྟེགས་མང་པོར་གྱུར། མ་ག་དྷཱའི་ཡུལ་དུ་ནི་སངས་རྒྱས་པ་སྔོན་ལས་ཀྱང་དར་བ་ཙམ་དུ་དགེ་འདུན་དང༌། རྣལ་འབྱོར་པའི་སྡེ་ལྷག་པར་འཕེལ་ལོ། །སློབ་དཔོན་ཆེན་པོ་འཇིགས་མེད་འབྱུང་གནས་འདི་ནི་མཁྱེན་པ་དང༌། ཐུགས་རྗེ་དང༌། ནུས་མཐུ་དང༌། དབང་ཕྱུག་ཕུན་སུམ་ཚོགས་པས་བསྟན་པ་ཡོངས་སུ་རྫོགས་པར་འཛིན་པའི་སློབ་དཔོན་ཆེན་པོ་གྲགས་ཆེ་བ་བྱུང་བའི་རྟིང་མ་ལྟ་བུར་ཡང་གྲགས་ལ་ཕྱོགས་མཐུན་དུ་དེ་ལྟར་བྱུང་བར་ཡང་སྣང་ངོ༌། །དེས་ན་རྒྱལ་བ་སྲས་བཅས་རྣམས་ཀྱི་དགོངས་པ་ཕྱི་རབས་ཀྱི་སེམས་ཅན་རྣམས་ལ་ངག་ལོན་དུ་བཞག་པ་ལྟ་བུ་ཡིན་པས་དེས་མཛད་པའི་བསྟན་བཅོས་ཁྱད་པར་ཅན་རྣམས་ལ། རྒྱན་དྲུག་གི་ཕྱིས་བར་སྐབས་སུ་བྱོན་པའི་སློབ་དཔོན་རྣམས་ཀྱི་གསུང་ལས་ལྷག་པ་ཙམ་དུ་གུས་པ་བསྐྱེད་དགོས་ཤིང༌། ལེགས་བཤད་ཆེ་བར་ཡང་མངོན་སུམ་གྱིས་གྲུབ་བོ། ། རྒྱལ་པོ་རཱ་མ་པཱ་ལ་འདིས་རྒྱལ་སྲིད་ལོ་བཞི་བཅུ་ཞེ་དྲུག་ཙམ་བྱས་ཏེ། སློབ་དཔོན་ཨ་བྷ་ཡཱ་ཀ་ར་སྐུ་འདས་ནས་ཀྱང་ལོ་ཤས་རྒྱལ་སྲིད་བྱས་སོ། །དེ་ནས་རྒྱལ་པོ་ཉིད་མ་ཤི་བའི་སྔོན་དུ་བུ་ཡཀྵ་པཱ་ལ་ཞེས་བྱ་བ་རྒྱལ་སྲིད་དུ་བསྐོས། ལོ་གསུམ་ནས་རཱ་མ་པཱ་ལ་འདས། དེ་རྗེས་ཡཀྵ་པཱ་ལས་ལོ་གཅིག་རྒྱལ་སྲིད་བྱས། དེ་ནས་བློན་པོ་ལ་ཝ་སེ་ན་ཞེས་བྱ་བས་རྒྱལ་སྲིད་ཕྲོགས་ཏེ། དེ་དག་གི་རིང་ལ་བི་ཀྲ་མ་ཤཱི་ལར་སློབ་དཔོན་ཤུ་བྷ་ཨཱ་ཀ་ར་གུཔྟ་དང༌། རྡོ་རྗེ་གདན་ན་ཙ་མི་སངས་རྒྱས་གྲགས་པ་བཞུགས། རྒ་ལོའི་ལོ་རྒྱུས་དཀྱུས་མ་ལྟར་ན་ཁོང་རང་བོད་དུ་འབྱོན་ཁར་ཡང་ཨ་བྷ་ཡཱ་ཀ་ར་བཞུགས་རྒྱུ་བྱས་འདུག་ནའང༌། དང་པོར་སློབ་དཔོན་ཨ་བྷ་ཡཱ་ཀ་ར་མཇལ་ནས། ཡུན་རིང་བསྟེན་ལོང་མ་བྱུང་བར་མངོན་ལ། བོད་དུ་འཁོར་བྱོན་པའི་དུས་ན། ལ་ཝ་སེ་ན་རྒྱལ་སྲིད་ལ་ཡོད་པའི་དུས་སོ། །ཡཀྵ་སེ་ན་ཕྱིན་ཆད་ནས། པཱ་ལའི་རིགས་ཀྱི་རྒྱལ་རིགས་ཕལ་པ་མང་དུ་བྱུང་ཞིང༌། ད་ལྟར་ཡང་ཡོད་མོད་རྒྱལ་སྲིད་ཟིན་པ་ནི་མ་བྱུང་ངོ༌། །པཱ་ལའི་རིགས་ཀྱི་རྒྱལ་རིགས་འདི་ཀུན་ཉི་མའི་རིགས་ཡིན་ཟེར་ཞིང༌། ཙནྡྲའི་རིགས་དང༌། སེ་ནའི་རིགས་གཉིས་ཀར་རྩ་བའི་རིགས་གཅིག་སྟེ་ཟླ་ བའི་རིགས་སོ། །རྒྱལ་པོ་རཱ་མ་པཱ་ལའི་དུས་སྐབས་ཀྱི་གཏམ་སྟེ་སོ་དྲུག་པའོ།། །། ༣༧ རྒྱལ་པོ་སེ་ན་བཞི་སོགས་ཀྱི་དུས་ཀྱི་གཏམ། ལ་ཝ་སེ་ནའི་བུ་ཀཱ་ས་སེ་ན། དེའི་བུ་མ་ཎི་ཏ་སེ་ན། དེའི་བུ་ར་ཐཱི་ཀ་སེ་ན་རྣམས་བྱུང་སྟེ། དེ་དག་གིས་སོ་སོར་རྒྱལ་སྲིད་ལོ་གྲངས་ཇི་ལྟར་བཟུང་གསལ་ཁ་མི་སྣང་ཡང༌། བཞི་ཆར་བསྡོམས་པ་ལ་ལོ་བརྒྱད་ཅུར་ཉེ་བ་ཞིག་ལས་མ་སོང་ངོ༌། །དེ་དག་གི་རིང་ལ་ཤུ་བྷཱ་ཀ་ར་གུཔྟ་དང༌། ར་ཝི་ཤྲཱི་ཛྙཱ་ན་དང༌། ན་ཡ་ཀ་བ་ཤྲཱི་དང༌། ད་ཤ་བྷ་ལ་ཤྲཱི་དང༌། དེ་དག་ལས་ཅུང་ཕྱི་བར་ཆོས་འབྱུང་ཞི་བ་དང༌། དཔལ་རྣམ་པར་གྲགས་པའི་ལྷ་དང༌། ནཥྐི་ལངྐ་དེ་ཝ་དང༌། དྷརྨཱ་ཀ་ར་གུཔྟ་ལ་སོགས་པ་ཨ་བྷ་ཡཱ་ཀ་རའི་རྗེས་སུ་འབྲང་བའི་མཁས་གྲུབ་དུ་མས་སངས་རྒྱས་ཀྱི་བསྟན་པ་བཟུང༌། རྒྱལ་པོ་ར་ཐཱི་ཀ་སེ་ནའི་དུས་ན། ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲི་བྷ་དྲ་དང༌། བལ་བོ་བུདྡྷ་ཤྲཱི་དང༌། སློབ་དཔོན་ཆེན་པོ་རཏྣ་རཀྵི་ཏ་དང༌། མཁས་པ་ཆེན་པོ་ཛྙཱ་ན་ཨཱ་ཀ་ར་གུཔྟ་དང༌། མཁས་པ་ཆེན་པོ་བུདྡྷ་ཤྲཱི་མི་ཏྲ་དང༌། མཁས་པ་ཆེན་པོ་སཾ་གྷ་མ་ཛྙཱ་ན་དང༌། ར་ཝེ་ཤྲཱི་བྷ་ཏྲ་དང༌། ཙནྡྲ་ཨཱ་ཀ་ར་གུཔྟ་ལ་སོགས་པ་སྡོམ་བརྩོན་རྡོ་རྗེ་འཛིན་པ་གསུང་རབ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་མང་པོ་བྱོན་ཏེ། མ་ཧཱནྟ་ཉི་ཤུ་རྩ་བཞིར་གྲགས་པ་རྣམས་བྱུང་ངོ༌། ། དེ་ལ་པཎ་ཆེན་ཤཱཀྱ་ཤྲཱིའི་ལོ་རྒྱུས་ནི་གྲགས་ཆེ་བ་ལྟར་ཡིན་ལ། བལ་པོ་བུདྡྷ་ཤྲཱིས་ཀྱང་བི་ཀྲ་མ་ཤཱི་ལར་ཕལ་ཆེན་སྡེ་བའི་གནས་བརྟན་ཅུང་ཟད་མཛད། སླར་བལ་པོའི་ཡུལ་དུ་ཕར་ཕྱིན་དང་གསང་སྔགས་སོགས་མང་དུ་གསུངས། སྤྱོད་པ་ཅི་བདེར་མཛད་དོ། ། སློབ་དཔོན་ཆེན་པོ་རཏྣ་རཀྵི་ཏ་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། རིག་གནས་སྤྱི་ལ་ཤཱཀྱ་ཤྲཱི་དང་མཁྱེན་པ་མཉམ་པ། ཚད་མ་ལ་ཤཱཀྱ་ཤྲཱི་མཁས། གསང་སྔགས་ལ་འདི་ཉིད་མཁས་པར་གྲགས་ཤིང༌། བྱིན་རླབས་དང་ནུས་མཐུ་ཡང་མཉམ་མོ་ཞེས་གྲགས་པ་ཞིག་ཡིན་ལ། སྡེ་པ་ཕལ་ཆེན་པ་ཡིན། བི་ཀྲ་མ་ཤཱི་ལར་སྔགས་ཀྱི་སློབ་དཔོན་མཛད། འཁོར་ལོ་སྡོམ་པ་དང༌། དུས་ཀྱི་འཁོར་ལོ་དང༌། གཤེན་རྗེ་གཤེད་སོགས་ཡི་དམ་དཔག་ཏུ་མེད་པ་ཞལ་གཟིགས། ལན་ཅིག་པོ་ཏ་ལ་ན་འཕགས་པ་སྤྱན་རས་གཟིགས་ལ་ཀླུ་དང་ལྷ་མ་ཡིན་རྣམས་ཀྱིས་མཆོད་པའི་རོལ་མོའི་སྒྲ་ལས་སྟོང་པ་ཉིད་བཅུ་དྲུག་གི་གཏམ་བྱུང་བ་ཡང་གསན། དབང་བསྐུར་ཚད་ལ་ཡེ་ཤེས་ཕེབས་པར་ནུས། གཏོར་མ་མཁའ་འགྲོས་དངོས་སུ་ལེན། གླང་པོ་ཆེ་སྨྱོན་པ་ལ་ལྟ་སྟངས་མཛད་པས་ལུས་རེངས། མ་གྷ་དྷཱ་འཇོམས་པ་ཡང་ལོ་གཉིས་ཀྱི་སྔོན་དུ་ལུང་བསྟན་ཏེ། སློབ་མ་ཡིད་བརྟན་པ་མང་བོ་དེ་དུས་ནས་ཁ་ཆེ་དང་བལ་པོར་སོང༌། མ་ག་དྷཱ་ཉམས་སྨད་པའི་ཚེ་བྱང་ཕྱོགས་སུ་བྱོན། ཏི་རཱ་ཧུ་ཏིར་ལམ་དུ་ནགས་ཀྱི་མ་ཧེ་གནོད་པ་བྱེད་དུ་བྱུང་བ་ལ་ལྟ་སྟངས་མཛད་པས་དབང་དུ་འདུས་ཏེ་ཞབས་ལ་ལྕེས་ལྡགས། དཔག་ཚད་ཙམ་དུ་སྐྱེལ་བར་བྱུང༌། བལ་པོའི་ཡུལ་དུ་འགྲོ་བའི་དོན་ཆེན་མཛད་ཅིང༌། བོད་དུ་ཡང་ཡུད་ཙམ་ཞིག་ཕེབས། སྡོམ་འབྱུང་གི་འགྲེལ་པ་མཛད། ཛྙཱ་ན་ཨཱ་ཀ་ར་གུཔྟ་ནི། བྱམས་པའི་ཞལ་མངོན་སུམ་དུ་གཟིགས་པ་ཞིག་ཡིན་ལ། བུདྡྷ་ཤྲཱི་མི་ཏྲ་ནི། མནལ་ལམ་དུ་རྡོ་རྗེ་ཕག་མོ་ལ་ཆོས་གསན་པ། ཕྱག་རེས་ཀྱང་གླང་པོ་ཆེ་གནོན་པ་སོགས་གྲུབ་པའི་ལྟས་ངོ་མཚར་ཅན་དང་བཅས་པ་ཞིག་ཡིན་པར་འདུག །གཞན་དེ་ཀུན་ཡང་རིག་པའི་གནས་ཐམས་ཅད་ལ་མཁས་ཤིང་ཡི་དམ་ལྷ་ཞལ་གཟིགས་པ་དང༌། རྫོགས་རིམ་གྱི་ཡོན་ཏན་ཁྱད་པར་ཅན་མངའ་བ་ཤ་སྟག་ཡིན་པར་སྣང་ནའང༌། སོ་སོའི་ལོ་རྒྱུས་ངེས་ཅན་མཐོང་ཐོས་མ་བྱུང་བས་འདི་ལྟའོ་ཞེས་བཤད་པར་མི་ནུས་སོ། །བཛྲ་ཤྲཱི་ནི། སྟོབས་བཅུ་པའི་སློབ་མ་དུས་དེ་ཙམ་ན་ཡང་དགུང་ལོ་བརྒྱ་ཙམ་བཞེས་པ། དེའི་རྗེས་སུ་ཡང་ལོ་བརྒྱར་ཉེ་བ་བཞུགས་ཤིང༌། འགྲོ་བའི་དོན་ཆེན་མཛད། བགྲེས་འཁོགས་པའི་རྣམ་པ་མི་མངའ། ལྷོ་ཕྱོགས་སུ་སྐལ་ལྡན་སྟོང་ཕྲག་དུ་མ་སྔགས་ཀྱི་ཐེག་པར་སྨིན་ཞིང་གྲོལ་བར་མཛད་དོ། ། སེ་ན་བཞི་པོ་དེ་དག་གི་རིང་ལ་མ་ག་དྷཱར་ཡང་མུ་སྟེགས་པ་ཇེ་འཕེལ་དུ་སོང་ཞིང༌། སྟག་གཟིགས་ཀླ་ཀློའི་གྲུབ་མཐའ་འཛིན་པ་ཡང་མང་དུ་བྱུང༌། ཨོ་ཏནྟ་པུ་རི་དང༌། བི་ཀྲ་མ་ཤཱི་ལར་རྒྱལ་པོས་ཀྱང་རྫོང་གི་རྣམ་པ་ཅུང་ཟད་བྱས་ཏེ། དམག་མི་འགའ་རེས་སྲུང་བ་བྱུང༌། རྡོ་རྗེ་གདན་དུ་ཐེག་ཆེན་གྱི་སྡེ་མ་ཚུགས། རྣལ་འབྱོར་པ་དང་ཐེག་ཆེན་པ་འགའ་རེས་ཆོས་གསུང་པ་ནི་བྱུང༌། དབྱར་གནས་ལ་ཉན་ཐོས་སེནྡྷ་པ་ཁྲི་ཙམ་རེ་འདུགཆོས་གཞི་གཞན་རྣམས་ཕལ་ཆེར་ནི་ནུབ་པ་ལྟར་སོང༌། བི་ཀྲ་མ་ཤཱི་ལ་དང་ཨོ་ཏནྟ་པུ་རི་གཉིས་སུ་ཨ་བྷ་ཡཱ་ཀ་རའི་དུས་དང་ཚོགས་པ་མཉམ་པ་ཙམ་བྱུང་ཟེར་རོ། །རྒྱལ་པོ་ར་ཐཱི་ཀ་འདས་ནས། ལ་ཝངྶེ་ན་ཞེས་བྱ་བས་རྒྱལ་སྲིད་བསྐྱངས་པ་ལས་ལོ་འགའ་ཞིག་བདེ་བར་བྱུང༌། དེ་ནས་གངྒཱ་དང༌། ཡ་མུ་ནའི་བར་གྱི་ཡུལ་ཨནྟར་བྷི་དིའི་ཡུལ་དུ་ཏུ་རུཥྐའི་རྒྱལ་པོ་ཟླ་བ་ཞེས་བྱ་བ་བྱུང༌། དགེ་སློང་འགའ་རེས་རྒྱལ་པོའི་ཕོ་ཉ་བྱས་པས་རྐྱེན་བླངས་ཏེ། དེ་དང་བྷཾ་ག་ལ་ལ་སོགས་པའི་ཡུལ་གཞན་དང་གཞན་ན་གནས་པའི་ཏུ་རུཥྐའི་རྒྱལ་ཕྲན་མང་པོ་ཕྱོགས་གཅིག་ཏུ་བསྡུས་ཏེ་མ་ག་དྷཱའི་ཡུལ་ཐམས་ཅད་འཇོམས་པར་བྱུང་སྟེ། ཨོ་ཏནྟ་པུ་རིར་རབ་ཏུ་བྱུང་བ་མང་པོ་ཞིག་བསད། དེ་དང་བི་ཀྲ་མ་ཤཱི་ལ་གཉིས་ཆར་བཤིག །ཨོ་ཏནྟ་བི་ཧ་རའི་ཤུལ་དུ་སྟག་གཟིག་གི་རྫོང་བཅས། པཎྜི་ཏ་ཤཱཀྱ་ཤྲཱི་ཤར་ཕྱོགས་ཨོ་ཊི་བི་ཤའི་ཡུལ་ཛ་ག་རྡ་ལར་བྱོན། དེར་ལོ་གསུམ་བཞུགས་ནས་བོད་དུ་བྱོན་པ་ཡིན། རནྟ་རཀྵྀ་ཏ་ཆེན་པོ་བལ་པོའི་ཡུལ་དུ་བྱོན། མཁས་པ་ཆེན་པོ་ཛྙཱ་ན་ཨཱ་ཀར་གུཔྟ་ལ་སོགས་པ་པཎྜི་ཏ་ཆེ་བ་འགའ་དང༌། པཎ་ཆུང་བརྒྱ་ཙམ་རྒྱ་གར་ལྷོ་ནུབ་ཀྱི་ཕྱོགས་སུ་བྱོན། མཁས་པ་ཆེན་པོ་བུདྡྷ་ཤྲཱི་མི་ཏྲ་དང༌། སྟོབས་བཅུ་པའི་སློབ་མ་བཛྲ་ཤྲཱི། གཞན་ཡང་པཎ་ཆུང་མང་པོ་དང་བཅས་ལྷོ་ཕྱོགས་ཐག་རིང་པོར་བྲོས། མཁས་པ་སཾ་གྷ་མ་ཤྲཱི་ཛྙཱ་ན་དང༌། ར་ཝ་ཤྲཱི་བྷ་དྲ་དང༌། ཙནྡྲ་ཀ་ར་གུཔྟ་ལ་སོགས་པ་མ་ཧཱནྟ་བཅུ་དྲུག་ཙམ་དང༌། པཎ་ཆུང་ཉིས་བརྒྱ་ཙམ་ཤར་ཕྱོགས་ཐག་རིང་པོ་ར་ཁང་དང༌། མུ་ཉུང་དང༌། ཀཾ་པོ་ཛ་ལ་སོགས་པའི་ཡུལ་རྣམས་སུ་སོང་ནས། མ་ག་དྷཱར་བསྟན་པ་ནུབ་པ་ལྟར་གྱུར་ཏོ། །དེ་སྐབས་གྲུབ་ཐོབ་དང༌། སྒྲུབ་པ་པོ་མང་པོ་བཞུགས་ཀྱང༌། སེམས་ཅན་སྤྱི་མཐུན་གྱི་ལས་ལ་ཟློག་ཐབས་མ་བྱུང་ངོ༌། ། དེ་སྐབས་གོ་རཀྵའི་རྗེས་འབྲང་ཛོ་གི་ཕལ་ཆེར་ཤིན་ཏུ་བླུན་པས་མུ་སྟེགས་པའི་རྒྱལ་པོ་རྣམས་ཀྱིས་རྙེད་བཀུར་འབྱུང་བའི་དོན་དུ་དབང་ཕྱུག་གི་རྗེས་འབྲང་དུ་སོང་ཞིང༌། ངེད་རྣམས་ཏུ་རུཥྐ་དང་ཡང་མི་འགལ་ལོ་ཟེར། ན་ཌེ་སྭ་རིའི་སྡེ་ཉུང་ཤས་ཞིག་ནང་པ་ཁོ་ནར་གནས་སོ། །ལ་ཝངྶེ་ན་དང༌། དེའི་བུ་བུདྡྷ་སེ་ན་དང། དེའི་བུ་ཧ་རི་ཏ་སེ་ན་དང༌། དེའི་བུ་པྲ་ཏི་ཏ་སེ་ན་ལ་སོགས་པའི་བར་དུ་ཏུ་རུཥྐ་ལ་ལུང་ལེན་དགོས་པའི་རྒྱལ་པོ་དབང་ཐང་ཧ་ཅང་མི་ཆེ་བ་བྱུང་སྟེ། དེ་དག་གིས་ཀྱང་རང་སྟོབས་དང་མཐུན་པའི་བསྟན་པ་ལ་མཆོད་པ་ཅུང་ཟད་བྱས་སོ། ། ཁྱད་པར་བུདྡྷ་སེ་ནའི་དུས་པཎྜི་ཏ་ཆེན་པོ་རཱ་ཧུ་ལ་ཤྲཱི་བྷ་དྲ་ནཱ་ལེནྡྲར་བཞུགས། ཆོས་ཉན་པ་བདུན་ཅུ་ཙམ་ཡོད། དེའི་རྗེས་སུ་བྷཱུ་མི་ཤྲཱི་བྷ་དྲ་དང༌། འདིའི་རྗེས་སུ་ཨུ་པ་ཡ་ཤྲཱི་བྷ་དྲ་རྣམས་བྱུང་ཞིང༌། དེ་དག་དང་དུས་མཚུངས་པ་ཅི་རིགས་པར་ཀཱ་རུ་ཎ་ཤྲཱི་བྷ་དྲ་དང༌། མུ་ནིནྡ་ཤྲཱི་བྷ་དྲ་རྣམས་ཀྱིས་ཀྱང་ཐུབ་པའི་བསྟན་པ་འབད་པས་བཟུང་ངོ༌། །པྲ་ཏི་ཏ་སེ་ན་འདས་པའི་འོག་ཏུ་དེའི་བརྒྱུད་པ་ནི་ཆད་ཅིང༌། གཞན་བསྟན་པ་ལ་མོས་པའི་རྒྱལ་ཕྲན་འགའ་རེ་བྱུང་ཟེར་ནའང་ལོ་རྒྱུས་ཁུངས་མ་མ་མཐོང་ངོ༌། །པྲ་ཏི་ཏ་སེ་ན་འདས་པའི་འོག་ཏུ་ལོ་བརྒྱ་ཙམ་སོང་བ་ན། བྷཾ་ག་ལའི་ཡུལ་དུ་ཙཾ་ག་ལ་རཱ་ཛ་ཞེས་བྱ་བ་ལས་ཀྱི་ཤུགས་ཆེན་པོ་ཞིག་བྱུང་སྟེ། ཌི་ལི་ཚུན་ཆོད་ཀྱི་ཧེནྟུ་དང༌། ཏུ་རུཥྐ་ཐམས་ཅད་ལ་དབང་བསྒྱུར། དེ་དང་པོ་བྲམ་ཟེ་ལ་དད་པ་ཞིག་ཡིན་ནའང༌། བཙུན་མོ་སངས་རྒྱས་ལ་དད་པས་བློ་བསྒྱུར་ཏེ། དེས་རྡོ་རྗེ་གདན་དུ་མཆོད་པ་ཆེན་པོ་བྱས། ལྷ་ཁང་ཐམས་ཅད་ལ་ཞིག་གསོས་དང༌། གནྡྷོ་ལ་ཆེན་པོ་དགུ་ཐོགས་ཡོད་པའི་ཐོག་བཞི་བར་སྐབས་སུ་ཏུ་རུཥྐས་བཤིག་པ་ལེགས་པར་གསོས། པཎྜི་ཏ་ཤཱ་རི་པུ་ཏྲ་བཞུགས་ཏེ་ཆོས་གཞི་བཙུགས། ནཱ་ལེནྡྲར་ཡང་ལྷ་ཁང་རྣམས་ལ་མཆོད་པ་ཆེར་བྱས། འོན་ཀྱང་ཆོས་གཞི་རྒྱ་ཆེན་པོ་མ་ཚུགས་སོ། །རྒྱལ་པོ་འདི་ཚེ་རིང་པོ་བྱུང་འདུག་འདི་འདས་ནས་ལོ་བརྒྱ་དང་དྲུག་ཅུ་ཙམ་སོང་ཟེར། དེ་ཕྱིན་ཆད་མ་ག་དྷཱའི་ཡུལ་དུ་ཆོས་ལ་མཆོད་པའི་རྒྱལ་པོ་བྱུང་བ་ནི་མ་ཐོས་ལ། དེའི་ཕྱིར་སྡོམ་བརྩོན་སྡེ་སྣོད་འཛིན་པ་ཡང་བྱུང་བ་མ་ཐོས་སོ། ། ཕྱིས་རྒྱལ་པོ་མུ་ཀུནྡ་དེ་ཝ་ཞེས་བྱ་བ་ཨོ་ཊི་བི་ཤར་བྱུང་བ་དེས་ཡུལ་དབུས་ཕལ་ཆེར་ལ་དབང་བསྒྱུར། མ་ག་དྷཱར་ནི་ཆོས་གཞི་མ་ཚུགས། ཨོ་ཌི་བི་ཤར་ནང་པའི་ལྷ་ཁང་བཞེངས་ཤིང༌། ཆོས་གཞི་ཆུང་ངུ་འགའ་རེ་བཙུགས། བསྟན་པ་ཅུང་ཟད་དར་བར་བྱས་སོ། །རྒྱལ་པོ་འདི་འདས་ནས་ལོ་སུམ་ཅུ་སོ་བརྒྱད་ཙམ་སོང་བ་ཤེས་སོ། །རྒྱལ་པོ་སེ་ན་བཞི་ལ་སོགས་པའི་སྐབས་ཀྱི་གཏམ་སྟེ་སོ་བདུན་པའོ།། །། ༣༨ བི་ཀྲ་མ་ཤཱི་ལའི་གདན་རབས་ཀྱི་སྐབས། ད་ནི་ཐོར་བུ་གཞན་དག་བརྗོད་པར་བྱ་སྟེ། སྔོན་རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་གི་དུས་ནས་ཕྱིས་རྒྱལ་པོ་ཙ་ན་ཀ་མ་བྱུང་གི་བར་དུ་རྒྱལ་རབས་ལྔ་ཙམ་གྱི་རིང་ལ་བི་ཀྲ་མ་ཤི་ལར་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་རེས་བསྟན་པ་བསྐྱངས་པ་ཡིན་ཏེ། རྒྱལ་པོ་དྷརྨ་པཱ་ལ་རང་གི་དུས་དང་པོར་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་དང༌། དེ་རྗེས་མར་མེ་མཛད་བཟང་པོས་བསྟན་པ་བསྐྱངས། དེའི་ལོ་རྒྱུས་ཀྱང་གཞན་དུ་ཤེས། རྒྱལ་པོ་མ་སུར་ཀྵི་ཏའི་དུས་སུ་ལངྒ་རྒྱལ་བ་བཟང་པོ་བྱོན་ཏེ། སློབ་དཔོན་དེ་ནི་ལངྒའི་ཡུལ་ཏེ་སིངྒ་ལར་སྐུ་འཁྲུངས། ཡུལ་དེ་ཉིད་དུ་ཉན་ཐོས་ཀྱི་སྡེ་སྣོད་ཐམས་ཅད་ལ་མཁས་པར་སྦྱངས་པའི་དགེ་སློང་པཎྜི་ཏ་ཡིན། སླར་མ་ག་དྷཱར་བྱོན་ཏེ་ཐེག་པ་ཆེན་པོ་ལ་ལེགས་པར་སྦྱངས། ཁྱད་པར་གསར་སྔགས་ལ་མཁས་པ་ཞིག་བྱུང༌། བི་ཀྲ་མ་ཤཱི་ལར་འཁོར་ལོ་སྡོམ་པ་བསྒྲུབས་པས་ཞལ་གཟིགས། ལན་ཅིག་ལྷོ་ཕྱོགས་ཀོངྐ་ནར་བྱོན། དེ་ན་མཧཱ་བིམྦ་ཞེས་བྱ་བ་རེག་པ་མེད་པའི་མཆོད་རྟེན་དུ་ཡང་གྲགས་ཏེ་ནམ་མཁའ་ལ་མཆོད་རྟེན་གྱི་གཟུགས་བརྙན་རང་བྱུང་དུ་ཡོད་པའི་ཡུལ་དེར་བཞུགས་ཏེ་སློབ་མ་འགའ་རེ་ལ་གསང་སྔགས་ཀྱི་ཐེག་པ་ཡང་མང་དུ་བཤད། འཁོར་ལོ་སྡོམ་པའི་རྒྱུད་ཀྱི་འགྲེལ་པ་ལ་སོགས་པ་བརྩམས། ནགས་ཀྱི་མ་ཧེ་གནོད་པ་བྱེད་དུ་བྱུང་བ་ལ་སྡིགས་མཛུབ་བསྟན་པས་ཤི་བ་ལ་སོགས་པའི་ནུས་པ་བརྙེས། དེ་ནས་བི་ཀྲ་མ་ཤཱི་ལིའི་སྔགས་ཀྱི་སློབ་དཔོན་མཛད་དོ། ། དེའི་འོག་ཏུ་བྲམ་ཟེའི་སློབ་དཔོན་དཔལ་འཛིན་བྱོན་ཏེ། དེའི་རྣམ་ཐར་གཞན་ན་གསལ། ལྷོ་ཕྱོགས་སུ་རྫུ་འཕྲུལ་ཆེན་པོ་བསྟན་པར་ཐོས་ནས་བི་ཀྲ་མ་ཤཱི་ལར་སྤྱན་དྲངས་པ་ཡིན། སློབ་དཔོན་འདི་ཡེ་ཤེས་གྲགས་ཀྱི་བརྒྱུད་འཛིན་ཡིན་པར་གཤེན་རྗེ་གཤེད་དམར་ནག་གི་གཞུང་རང་ཉིད་ཀྱིས་མཛད་པ་རྣམས་ལས་གསལ། བོད་རྣམས་སློབ་དཔོན་ནག་པོ་སྤྱོད་པ་པའི་སློབ་མར་འདོད་ཅིང༌། མི་ཡུལ་དུ་བྱོན་པའི་དུས་ནི་མི་འགྲིག་ནའང༌། ཕྱིས་ཞལ་གཟིགས་པའི་སློབ་མ་ཡིན་ཏེ། བྲམ་ཟེ་དཔལ་འཛིན་རྩེ་གཅིག་ཏུ་སྒྲུབ་པ་ལ་གཞོལ་བའི་སྐབས། ནང་གཅིག་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་ཕྱི་རོལ་ཏུ་གཤེགས་སུ་བྱོན་པས། རྣལ་འབྱོར་བ་གཟི་བརྗིད་ཆེ་བ་ཞིག་སྒོ་དྲུང་ན་འདུག་སྟེ། དེ་ནག་པོ་སྤྱོད་པ་པ་ཡིན་པར་མཁྱེན་ནས། ཞབས་ལ་ཕྱག་བྱས། བདག་གི་རིག་སྔགས་འདི་འགྲུབ་པར་མཛད་དུ་གསོལ་ཞེས་ཞུས་པས། དེ་ཉིད་དུ་དབྱངས་ཅན་མའི་སྔགས་ཀྱི་བཟླས་ལུང་ཞིག་སྩལ། མི་སྣང་བར་གྱུར་ཏོ། །དེ་མ་ཐག་དཀྱིལ་འཁོར་གྱི་ནུབ་བྱང་ན་བཞུགས་པའི་དབྱངས་ཅན་མ་ཞལ་གཟིགས། དེ་ནས་མི་རིང་བར་དངོས་གྲུབ་ཐོབ་བོ། ། དེའི་རྗེས་སུ་བྷ་ཝ་བྷ་དྲ་བྱོན་ཏེ། དེ་ཡང་སྤྱིར་ཆོས་ཐམས་ཅད་ལ་མཁས་པ། ཁྱད་པར་རྣམ་རིག་གི་གྲུབ་མཐའ་ལ་བྱང་ཞིང༌། རྒྱུད་སྡེ་ལྔ་བཅུ་ཙམ་མཁྱེན་པ་ཞིག་ཡིན་ལ། མནལ་ལམ་དུ་འཁོར་ལོ་སྡོམ་པས་བྱིན་གྱིས་བརླབས། སྒྲོལ་མ་ཞལ་གཟིགས་ཤིང༌། རིལ་བུའི་དངོས་གྲུབ་བསྒྲུབས་པས་དངོས་གྲུབ་ཐ་མར་གྲུབ། བཅུད་ལེན་སོགས་མང་པོ་བསྒྲུབས་པས་གྲུབ་ཏེ་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་དོ། །དེའི་རྗེས་སུ་སྐལ་ལྡན་གྲགས་པ་བྱོན། འདི་ཡང་སྔགས་གཞུང་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཞིག་ཡིན་མངོན་ཤེས་ཐོགས་མེད་དུ་མངའ་བར་གྲགས། དེ་རྗེས་ལཱི་ལ་བཛྲ་བྱུང་སྟེ། གཤིན་རྗེ་གཤེད་ཀྱི་གྲུབ་པ་ཐོབ་པ་ཡིན། འཇིགས་བྱེད་རོ་ལངས་བརྒྱད་བསྐོར་གྱི་སྒྲུབ་ཐབས་བོད་དུ་འགྱུར་བ་ཞིག་འདུག་པ་དེ་ཡང་འདིས་མཛད་པར་སེམས། འདི་སྐབས་ཏུ་རུཥྐའི་དམག་ཅིག་ཡོང་བའི་གཏམ་བྱུང་བ་ན། གཤེན་རྗེ་གཤེད་ཀྱི་འཁོར་ལོ་བྲིས་ཏེ་དམག་དཔུང་ལ་མནན་པ་བྱས་པས། མ་ག་དྷཱར་དམག་མི་རྣམས་སླེབ་ཙམ་ན་ཐམས་ཅད་ཡུན་རིང་དུ་ངག་ལྐུགས་པ་དང༌། ལུས་རེངས་པ་སོགས་བྱུང་ནས་ཕྱིར་ལྡོག །དེའི་རྗེས་སུ་མི་ཐུབ་ཟླ་བ་བྱོན་ཏེ། ལོ་རྒྱུས་གཞན་དུ་ཤེས། དེའི་རྗེས་ནག་པོ་དམ་ཚིག་རྡོ་རྗེ་ཡིན་ཏེ་གོང་ཏུ་བཤད་ཟིན། དེ་ནས་ཏ་ཐཱ་ག་ཏ་རཀྵ་ཏ་བྱོན་ཏེ། དེ་ནི་གཤིན་རྗེ་གཤེད་དང་བདེ་མཆོག་ལ་མཁས་ལ་མངའ་བརྙེས་པ་ཡིན། ཡོན་ཏན་གྱི་ཁྱད་པར་ནང་གི་རྩའི་གནས་རེ་རེར་དམིགས་པ་གཏད་པ་ཙམ་གྱིས་ཡུལ་ཐ་དད་པ་དང༌། དུད་འགྲོ་ལ་སོགས་པའི་སྐད་ཤེས་མ་བསླབས་པའི་བསྟན་བཅོས་རྣམས་ཀྱང་བཏོལ་ཤེས་སུ་འབྱུང་བ་ཞིག་ཡིན། དེའི་འོག་ཏུ་བོ་དྷི་བྷ་དྲ་ཞེས་བྱ་བ་བྱོན་ཏེ་གསང་སྔགས་ཕྱི་ནང་གི་ཆོས་ཐམས་ཅད་ལ་ཤིན་ཏུ་མཁས་པ། རྟེན་དགེ་བསྙེན་དུ་བཞུགས་པ། འཇམ་དཔལ་གྱི་ཞལ་མངོན་སུམ་དུ་གཟིགས་ཤིང༌། མཚན་བརྗོད་ཀྱི་སྒྲུབ་པ་མཛད་པས་མཚན་རེ་རེ་ལ་ཏིང་ངེ་འཛིན་རེ་རེ་འཁྲུངས་པར་གྲགས་པ་ཡིན་ནོ། ། བོ་དྷི་བྷ་དྲའི་མཚན་ཅན་འདི་སྐབས་ཤིན་ཏུ་མང་བར་བྱུང་ནའང༌། འདི་ནི་སྔོན་ཆད་བོད་ལ་གྲགས་ཆུང་བར་ཡང་མངོན། དེའི་རྗེས་ཀ་མ་ལ་རཀྵི་ཏ་བྱོན་ཏེ། སློབ་དཔོན་དེ་ནི་རྟེན་དགེ་སློང༌། མདོ་སྔགས་ཐམས་ཅད་ལ་མཁས་ཤིང༌། ཁྱད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། གསང་བ་འདུས་པ་དང༌། གཤིན་རྗེ་གཤེད་རྣམས་ལ་མཁས། མ་ག་དྷཱའི་ལྷོ་ཕྱོགས་ཨཾ་དག་གི་རི་ཞེས་བྱ་བའི་རི་ཞིག་ལ་གཤིན་རྗེ་གཤེད་ཀྱི་སྒྲུབ་པ་མཛད། བར་སྐབས་ཤིག་ཏུ་བར་ཆད་ཀྱི་ཆོ་འཕྲུལ་སྣ་ཚོགས་པ་བྱུང་ཡང་སྟོང་ཉིད་བསྒོམས་པས་ཞི། དེ་ནས་གཤིན་རྗེ་གཤེད་ཞལ་གཟིགས་ཏེ་ཅི་འདོད་གསུང་པ་ལ། ཁྱོད་ཉིད་དུ་མཛོད་ཅིག་བྱས་པས་ཐུགས་ཀར་ཐིམ་པའི་སྣང་བ་བྱུང་སྟེ། དེ་ཕྱིན་ཆད་ནས་ལས་༼སཾ༽་ཚོགས་ཐམས་ཅད་བསམ་པ་ཙམ་གྱིས་འགྲུབ་པ། གྲུབ་པ་ཆེ་བ་རྣམས་ཀྱང་འགྲུབ་རུང་དུ་ཡོད་པ་ཞིག་བྱུང་ལ། གཤིན་རྗེ་གཤེད་ཀྱི་རྒྱུ་རྡོ་རྗེ་འཛིན་པ་དེ་ཉིད་ནུབ་རེ་བཞིན་ཞལ་གཟིགས་ནས་ཆོས་གསན་པ་ཡིན་པར་གྲགས། ལན་ཅིག་བི་ཀྲ་མའི་དུར་ཁྲོད་དུ་ཚོགས་ཀྱི་འཁོར་ལོ་མཛད་པར་བཞེད་ནས། སྔགས་ཀྱི་སློབ་མ་མང་པོ་ཡོད་པའང་ཁྲིད། རྣལ་འབྱོར་མ་འགའ་ཞིག་གིས་དམ་རྫས་ཐོགས་ཏེ་འོངས། དེར་ནུབ་ཕྱོགས་ཀརྞའི་ཡུལ་གྱི་ཏུ་རུཥྐའི་རྒྱལ་པོའི་བློན་པོ་ཏུ་རུཥྐ་ལྔ་བརྒྱ་ཙམ་དང་བཅས་པ་མ་ག་དྷཱ་ལ་ཆོམ་པོར་འོངས་པ་དང་ལམ་དུ་འཕྲད། དེ་དག་གིས་དམ་རྫས་རྣམས་འཕྲོག །སློབ་དཔོན་འཁོར་བཅས་ལ་འཚེ་བར་བརྩམས་པ་ན། སློབ་དཔོན་ཁྲོས་ཏེ་བུམ་པ་སྔགས་ཀྱི་ཆུས་གང་བ་བརྡབས་ཏེ་བྱོན། དེ་མ་ཐག་རླུང་ཆེན་པོ་མི་བཟད་པ་བྱུང༌། རླུང་གི་གསེབ་ནས་མི་ནག་པོ་རལ་གྲི་ཐོགས་པ་འགའ་རེ་བྱུང་ནས་ཏུ་རུཥྐ་རྣམས་ལ་བརྡེག་པའི་སྣང་བ་བྱུང༌། བློན་པོ་རང་དེ་ཉིད་དུ་ཁྲག་སྐྱུགས་ཏེ་ཤི །གཞན་རྣམས་ལའང་ནད་འགོ་བ་སྣ་ཚོགས་བྱུང་སྟེ་ཡུལ་དུ་མི་གཅིག་ལས་མ་སླེབ་པས་མུ་སྟེགས་དང་ཏུ་རུཥྐ་ཐམས་ཅད་ཤིན་ཏུ་འཇིགས་པ་ཞིག་བྱུང༌། གཞན་ཡང་མངོན་སྤྱོད་ཀྱི་ལན་ཤིན་ཏུ་མང་བ་ཞིག་མཛད། མངོན་སྤྱོད་མ་མཛད་ན་འཇའ་ལུས་སུ་གཤེགས་རྒྱུ་ཡིན་པ་ལ། རྣལ་འབྱོར་པ་ཆེན་པོ་དེ་ལྟ་བུ་ལའང་མངོན་སྤྱོད་ཀྱིས་ཅུང་ཟད་བསྒྲིབས་པ་ཡིན་པར་གྲགས་སོ། ། སློབ་དཔོན་འདི་ཇོ་བོ་རྗེ་དང༌། ཁྱུང་པོ་རྣལ་འབྱོར་བ་ལ་སོགས་པའི་ཡང་བླ་མ་སྐུ་དྲིན་ཆེ་བ་གཅིག་ཡིན་པར་གདའ། སྐུ་ཚེ་སྨད་ལ་ནཱ་ལེནྡྲ་དང་ཉེ་བའི་ནགས་འདབ་ཞིག་ཏུ་རྩེ་གཅིག་ཏུ་སྒྲུབ་པ་ལ་བཞུགས་ཏེ་རྫོགས་རིམ་གཙོ་བོར་བསྒོམ་པ་ཡིན་གསུངས། དེ་ལྟར་སློབ་དཔོན་བཅུ་གཉིས་པོ་དེ་དག་ལས་དང་པོ་གཉིས་མ་གཏོགས་གཞན་རྣམས་ཀྱིས་ལོ་བཅུ་གཉིས་ཙམ་རེ་རིམ་པ་བཞིན་གདན་ས་མཛད་དོ་ཞེས་ཟེར། ཀ་མ་ལ་རཀྵི་ཏའི་རྗེས་སུ་མཁས་པ་སྒོ་དྲུག་བྱུང༌། དེའི་འོག་ཏུ་སྔགས་ཀྱི་སློབ་དཔོན་ཐོར་བུ་ཤིན་ཏུ་མང་བར་བྱུང༌། མར་མེ་མཛད་ཡེ་ཤེས་ལ་སོགས་པ་བསྟན་པ་སྤྱིར་སྐྱོང་བའི་གདན་རབས་ཀྱང་མ་ཆད་ཙམ་དུ་བྱུང་སྟེ། མཁས་པ་སྒོ་དྲུག་གི་འོག་ཏུ་ལོ་འགའ་ཞིག་ཐོར་བུར་གནས་པ་ལས་མཁན་པོ་མེད། དེ་ནས་མར་མེ་མཛད་དཔལ་ཡེ་ཤེས་བྱོན། དེ་ནས་ལོ་བདུན་མཁན་པོ་མེད། དེ་རྗེས་རྡོ་རྗེ་གདན་པ་ཆེན་པོས་མཁན་པོ་ཅུང་ཟད་མཛད། དེ་ནས་ཀ་མ་ལ་ཀུ་ལི་ཤ་ཟེར་བ་ཞིག་གིས་མཁན་པོ་མཛད། དེ་རྗེས་ན་ལཻནྡྲ་ཤྲཱི་ཛྙཱ་ན་ཟེར་བ་ཞིག་གིས་མཁན་པོ་མཛད། དེ་རྗེས་དཱ་ན་རཀྵི་ཏས་མཛད། དེ་རྗེས་ཨ་བྷ་ཡཱ་ཀ་རས་ཡུན་རིང་དུ་མཛད། དེ་རྗེས་ཤུ་བྷ་ཡཱ་ཀ་ར་གུཔྟས་མཛད། དེའི་རྗེས་སུ་ན་ཡ་ཀ་པ་ཤྲཱིས་མཛད་དོ། །དེ་རྗེས་ཆོས་འབྱུང་ཞི་བས་མཛད། དེ་རྗེས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་མཛད། དེ་ནས་བི་ཀྲ་མ་ཤཱི་ལ་ནུབ་པོ། དེ་དག་ནི་བི་ཀྲ་མ་ཤཱི་ལའི་གདན་རབས་ཀྱི་སྐབས་ཏེ་སོ་བརྒྱད་པའོ།། །། ༣༩ ཤར་ཕྱོགས་ཀོ་ཀོའི་ཡུལ་དུ་བསྟན་པ་དར་སྐབས། རྒྱ་གར་ཤར་ཕྱོགས་ལ་དུམ་བུ་གསུམ་སྟེ། བྷཾ་ག་ལ་དང༌། ཨོ་ཊི་བི་ཤ་ཉི་འོག་ལ་གཏོགས་པས་ཉི་འོག་ཤར་ཕྱོགས་ཟེར། བྱང་ཤར་གྱི་ཡུལ་ཀཱ་མ་རཱུ། ཏི་པུ་ར། ཧ་ས་མ་རྣམས་ལ་གི་རི་ཝརྷ་སྟེ་རིས་བསྐོར་བ་ཟེར། དེ་དག་ལས་ཤར་ཕྱོགས་སུ་ཕྱིན་པ་བྱང་ཕྱོགས་ཀྱི་རི་ངོས་ལ་ཉེ་བའི་ནཾ་ག་ཊའི་ཡུལ་རྣམས་དང༌། རྒྱ་མཚོ་ལ་ཉེ་བའི་ཡུལ་པུ་ཁཾ་དང༌། བལ་ཀུ་སོགས་ར་ཁང་གི་ཡུལ་དང༌། ཧཱཾ་ས་ཝི་ཏི། མ་རྐོ་ལ་སོགས་པ་མུ་ཉུང་གི་ཡུལ་དང༌། གཞན་ཙཀམ་དང༌། ཀམྦོ་ཛ་ལ་སོགས་པ་དེ་ཐམས་ཅད་ཀྱི་སྤྱི་མིང་དུ་ཀོ་ཀི་ཞེས་ཟེར་ཏེ། དེ་ལྟར་ན་ཀོ་ཀའི་ཡུལ་དེ་རྣམས་སུ་རྒྱལ་པོ་མྱ་ངན་མེད་ཀྱི་དུས་ཙམ་ནས་བཟུང་སྟེ་དགེ་འདུན་གྱི་སྡེ་བྱུང་ལ། ཕྱིས་ཇེ་འཕེལ་དུ་སོང་སྟེ་ཤིན་ཏུ་མང་བར་ཡོད་པ་ལ། དབྱིག་གཉེན་མ་བྱོན་གོང་དུ་ཉན་ཐོས་ཁོ་ན་ཡིན། དབྱིག་གཉེན་གྱི་སློབ་མ་འགའ་ཞིག་གིས་ཐེག་ཆེན་དར་བར་བྱས་ནས་ཅུང་ཟད་ཙམ་རྒྱུན་མ་ཆད་པར་ཡོད་པ་ལས། རྒྱལ་པོ་དྷརྨཱ་པཱ་ལ་མན་ཆད་དུ་ཡུལ་དབུས་སུ་དེ་དག་གི་སློབ་གཉེར་བ་ཤིན་ཏུ་མང་ཞིང༌། ལྷག་པར་སེ་ན་བཞིའི་དུས་སུ། མ་ག་དྷཱ་ར་འཚོགས་པའི་དགེ་འདུན་གྱི་ཕྱེད་ཙམ་ཀོ་ཀའི་ཡུལ་ནས་བྱུང་བ་ཡིན་ཏེ། དེའི་ཕྱིར་ཐེག་ཆེན་ཤིན་ཏུ་དར་བར་གྱུར་ནས་བོད་ཀྱི་རྒྱལ་ཁམས་བཞིན་དུ་ཐེག་པ་ཆེ་ཆུང་གི་དབྱེ་བ་མེད་པར་སོང༌། ཨ་བྷ་ཡཱ་ཀ་ར་བྱོན་པའི་དུས་ཙམ་ནས་སྔགས་ཀྱི་ཐེག་པ་ཡང་ཇེ་དར་ལ་སོང༌། མ་ག་དྷཱ་ཏུ་རུཥྐས་བཅོམ་པའི་ཚེ་ཡུལ་དབུས་ཀྱི་མཁས་པ་ཕལ་ཆེར་ཡུལ་དེར་བྱོན་པས་བསྟན་པ་ལྷག་པར་དར་ཏེ། དུས་དེའི་ཚེ་རྒྱལ་པོ་ཤོ་བྷ་ཛ་ཏ་ཞེས་བྱ་བ་ཡོད་དེ། དེས་ཀྱང་ལྷ་ཁང་མང་དུ་བཞེངས། ཆོས་གཞི་ཉིས་བརྒྱ་ཙམ་བཙུགས། དེའི་རྗེས་སུ་རྒྱལ་པོ་སིངྒ་ཛ་ཊི་ཞེས་བྱ་བ་བྱུང་ནས། དེས་ཀྱང་སྔ་མ་ལས་ཀྱང་ལྷག་པར་དམ་པའི་ཆོས་སྤེལ་བས་ཡུལ་དེ་དག་ཐམས་ཅད་དུ་བསྟན་པ་ཤིན་ཏུ་དར་ཞིང༌། དུས་དུས་ན་དགེ་འདུན་རྣམས་ཕལ་ཆེར་ཚོགས་པའི་ཚེ་དེང་སང་ཡང་དགེ་སློང་ཁྲི་ཕྲག་གཉིས་གསུམ་ཡོད་ཟེར་ལ། དགེ་བསྙེན་ཡང་ཤིན་ཏུ་མང་བ་ཡོད་དོ། །ཕྱིས་བྱུང་བོད་དུ་བྱོན་པའི་པཎྜི་ཏ་བ་ན་རཏྣ་ལ་སོགས་པ་ཀུན་ཀྱང་ཡུལ་དེ་ཕྱོགས་ནས་བྱོན་པ་ཡིན། དུས་ཕྱིས་རྒྱལ་པོ་པཱ་ལ་སུན་དྷ་ར་ཞེས་བྱ་བ་བྱུང་སྟེ། ཡུལ་དེ་ཀུན་ན། འདུལ་བ་དང༌། མངོན་པ་དང༌། ཐེག་ཆེན་གྱི་གཞུང་ལུགས་རྣམས་ཤིན་ཏུ་དར་བར་ཡོད་ཀྱང༌། དུས་ཀྱི་འཁོར་ལོ་དང༌། ཕྲེང་བ་སྐོར་གསུམ་ལ་སོགས་པ་འགའ་ཞིག་མ་གཏོགས། གསང་སྔགས་ཀྱི་ཆོས་རྣམས་ཤིན་ཏུ་དཀོན་པར་སོང་བ་ལ། ཡུལ་དེའི་པཎྜི་ཏ་ཉིས་བརྒྱ་ཙམ་འགྲོ་ལྡིང་དང༌། ལྷོ་ཕྱོགས་ཁ་གནྡྲེའི་ཡུལ་དུ་གྲུབ་ཆེན་ཞི་བ་སྦས་པ་ལ་སོགས་པའི་དྲུང་དུ་བརྫངས་ནས་གསང་སྔགས་ཀྱི་ཆོས་ལ་སྤྱོད་དུ་བཅུག་སྟེ་སླར་ཡང་སོར་ཆུད་པར་བྱས། དེའི་བུ་ཙནྜ་ཝ་ཧ་ན་ཞེས་པ་ད་ལྟ་ར་ཁང་ན་ཡོད། ཨ་ཏི་ཏ་ཝ་ཧ་ན་ཞེས་པས་ཙག་མ་སྐྱོང༌། པཱ་ལ་ཝ་ཧ་ན་ཞེས་པས་མུ་ཉུང་སྐྱོང༌། སུནྡྷ་ར་ཧ་ཙི་ཞེས་པས་ནི་ག་ཊ་སྐྱོང་སྟེ། སྔར་གྱི་རྒྱུན་ལས་ད་ལྟའི་བསྟན་པ་ཤིན་ཏུ་དར་བར་ཡོད་དོ། ཤར་ཕྱོགས་ཀ་ཀའི་ཡུལ་དུ་བསྟན་པ་དར་བའི་སྐབས་ཀྱི་གཏམ་སྟེ་སོ་དགུ་པའོ།། །། ༤༠ གླིང་ཕྲན་རྣམས་དང་ལྷོ་ཕྱོགས་སུ་དར་ཚུལ། གཞན་ཡང་སེངྒ་ལའི་གླིང་དང༌། ནས་གླིང་དང༌། ཟངས་གླིང་དང༌། གསེར་གླིང་དང༌། དྷ་ན་ཤྲཱིའི་གླིང་དང༌། པ་ཡི་གུ་ཞེས་བྱ་བའི་གླིང་ཕྲན་དེ་དག་རྣམས་ན། སྔོན་སྔ་མོ་ནས་བསྟན་པ་དར་ཏེ་ད་ལྟའི་བར་དུ་བསྟན་པ་ཤིན་ཏུ་དར་རོ། །སིངྒ་ལའི་གླིང་ན་ཐེག་ཆེན་པ་ཡང་ཅི་རིགས་པ་ཡོད་དོ། །ཕལ་ཆེར་ཉན་ཐོས་ཏེ། ད་ལྟར་ཡང་ཤྲཱི་པ་དུ་ཀ་ཞེས་བྱ་བ་སྟོན་པའི་ཞབས་རྗེས་ཀྱི་དུས་སྟོན་ལ་དགེ་སློང་སྟོང་ཕྲག་བཅུ་གཉིས་ཙམ་འཚོགས་ཏེ། ཕལ་ཆེར་ཉན་ཐོས་སོ། ། དྷ་ན་ཤྲཱི་དང༌། བ་ཡི་གུ་ནའང་ཐེག་ཆེན་པ་ཅུང་ཟད་ཡོད། གཞན་གླིང་ཕྲན་དེ་དག་ཉན་ཐོས་ཁོ་ནའི་གདུལ་བྱའོ། །འགྲོ་ལྡིང་གི་གླིང་ན་སྔོན་བསྟན་པ་རྣལ་མ་མེད་པ་ལས་སློབ་དཔོན་པདྨ་འབྱུང་གནས་གྱིས་དང་པོར་བཙུགས། མར་མེ་མཛད་བཟང་པོས་ཀྱང་བྱོན། དེ་ནས་བརྩམས་ཏེ་ལོ་བརྒྱ་ཙམ་གྱི་བར་དུ་མ་ག་དྷཱ་དང༌། ཨུ་རྒྱན་དང༌། ཁ་ཆེ་ལ་སོགས་པའི་རྡོ་རྗེ་འཛིན་པ་ཤིན་ཏུ་མང་པོ་བྱོན་ཏེ་སྔགས་ཀྱི་ཐེག་པ་ལྷག་པར་རྒྱས་པར་མཛད། སྔོན་རྒྱལ་པོ་དྷརྨ་བཱ་ལའི་སྐབས་སུ་སྦས་ཏེ་རྒྱ་གར་དུ་ནུབ་པའི་རྒྱུད་ཀྱི་རིགས་དང༌། ཨོ་ཊི་ཡཱ་ན་ནས་སྤྱན་དྲངས་པའི་རིགས་ཀྱི་རྒྱུད་རྒྱ་གར་ན་མེད་པ་མང་དུ་ཡོད་དོ། །ད་ལྟ་ཡང་གསང་སྔགས་རྒྱུད་སྡེ་བཞིའི་བསྟན་པ་རྣལ་མ་སྔོན་དུས་བཞིན་དར་བར་ཡོད་ལ། འདུལ་བ། མངོན་པ། ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་རྣམས་ཀྱང་ཅུང་ཟད་ཡོད་དོ། ། རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་དུ་ནི། མ་ག་དྷཱ་ཏུ་རུཥྐས་བཅོམ་པ་ཕྱིན་ཆད་ནས། བིདྱཱ་ནཱ་ག་ར་དང༌། ཀོངྐུ་ན་དང༌། མ་ལྱ་ར་དང༌། ཀ་ལིངྐའི་ཡུལ་སོགས་ན་ཆོས་གཞི་ཧ་ཅང་ཆེ་བ་མ་ཡིན་པ་མང་པོ་ཚུགས་ཤིང༌། ཆོས་པ་ཧ་ཅང་གྲངས་མང་བ་མེད་ནའང༌། བཤད་སྒྲུབ་བཟང་པོ་རྒྱུན་མ་ཆད་པར་བྱུང་ཞིང༌། པཎྜི་ཏ་མིའི་ཉི་མར་གྲགས་པ་ཡང་ཏྲི་ལངྐའི་ནང་ཚན་ཀ་ལིངྐར་བྱུང་བ་ཡིན། དེ་བཞིན་དུ་ལྷོ་ནུབ་ཀྱི་རྒྱལ་ཁམས་རྣམས་སུ་རྒྱལ་པོ་ཀརྞས་བསྟན་པ་བཙུགས་པ་ནས། ཕྱིས་མ་ག་དྷཱ་ཏུ་རུཥྐས་བཅོམ་པའི་ཚེ་ཛྙཱ་ན་ཨཱ་ཀ་ར་གུཔྟ་ལ་སོགས་པས་དར་བར་མཛད་དེ། མ་རུ། མེ་ཝ་ར། ཙི་ཏ་བ་ར། བི་ཧུ་ཝ། ཨ་བྷུ། སཽ་རཱཥྟ། གུ་ཛི་ར་ཐ་ལ་སོགས་པ་རྣམས་སུ་ཆོས་གཞི་མང་དུ་བཙུགས་ཤིང༌། ད་ལྟར་ཡང་དགེ་འདུན་མང་དུ་ཡོད། ཁྱད་པར་དུས་ཕྱིས་གྲུབ་པའི་དབང་ཕྱུག་ཆེན་པོ་ཞི་བ་སྦས་པའི་བྱིན་རླབས་ཀྱི་སྟོབས་ཀྱིས་ཁ་གནྡྲེ་དང༌། འབིགས་བྱེད་རི་བོའི་ཁོངས་སུ་བསྟན་པ་གསར་དུ་དར་ཏེ། རྒྱལ་པོ་རཱ་མ་ཙནྡྲའི་དུས་སུ་དགེ་འདུན་རྣམས་ལ་མང་དུ་མཆོད། དེའི་བུ་བཱ་ལ་བྷ་དྲས་ལྷ་ཁང་མང་པོ་དང༌། ཤྲཱི་རཏྣ་གི་རི་དང༌། ཛཱི་ཏཱ་དང༌། ཨོ་ཛ་ན་དང༌། ཨུརྦཱ་སི་ལ་སོགས་པའི་གནས་གཞི་མང་པོ་བཞེངས། ཆོས་གཞི་ཡང་སྒོ་ཐམས་ཅད་ནས་མང་དུ་བཙུགས། ཡུལ་དེར་དགེ་སློང་གསར་པའང་སྟོང་ཕྲག་གཉིས་ཙམ་ཡོད་པར་གྲགས་ཤིང༌། མདོ་སྔགས་གཉིས་ཀ་ལ་བཤད་སྒྲུབ་ཀྱི་བསྟན་པ་རྣལ་མ་ལྷག་པར་དར་ཞིང་འཕེལ་བར་ཡོད་དོ། །གླིང་ཕྲན་རྣམས་སུ་བསྟན་པ་བྱུང་ཚུལ་དང༌། ལྷོ་ཕྱོགས་ལ་སོགས་པའི་རྒྱུད་དུ་སླར་ཡང་དར་བའི་སྐབས་ཀྱི་གཏམ་སྟེ་བཞི་བཅུ་པའོ།། །། ༤༡ ལྷོ་ཕྱོགས་སུ་ཆོས་དར་ཚུལ་མེ་ཏོག་ཕྲེང་བའི་གཏམ། ཁ་ཆེ་དང༌། ལྷོ་ཕྱོགས་དང་ཀོ་ཀིའི་ཡུལ་ལ་སོགས་པའི་རྒྱལ་རབས་ཀྱི་ཡི་གེ་ཕྱོགས་གཅིག་ཏུ་བསྒྲིགས་པ་མ་མཐོང་ལ། ལྷོ་ཕྱོགས་ཀྱི་ཡུལ་དུ་བསྟན་པ་དང༌། འགྲོ་བ་ལ་བྱ་བ་ཕུན་སུམ་ཚོགས་པ་བྱས་པའི་རྒྱལ་པོ་སོགས་ཀྱི་གཏམ་མདོར་བསྡུས་སུ་བཀོད་པ་མེ་ཏོག་ཕྲེང་བ་ཞེས་བྱ་བ་བྲམ་ཟེ་མནོ་མ་ཏིས་བྱས་པའི་ནང་ནས་འདི་ལྟར་འབྱུང་སྟེ། ལྷོ་ཕྱོགས་ཀཉྩིའི་ཡུལ་དུ་ཤུཀླ་རཱ་ཛ་ཞེས་བྱ་བ་ཞིག་དང༌། ཙནྡྲ་ཤོ་བྷ་ཞེས་བྱ་བ་རྒྱལ་པོ་གཉིས་ཀྱི་རིང་ལ་རྒྱ་མཚོའི་གླིང་ཕྲན་གྱི་མཁའ་ལྡིང་སོགས་འདབ་ཆགས་ཕལ་མོ་ཆེ་དབང་དུ་སྡུད་པ་ཞིག་བྱུང་སྟེ། བྱ་དེ་རྣམས་ཀྱིས་སྨན་དང༌། ནོར་བུ་དང༌། རྒྱ་མཚོའི་སྲོག་ཆགས་ཀྱི་ཁྱད་པར་འབུལ་བ་བྱུང༌། ཡོ་བྱད་དེ་རྣམས་ཀྱིས་དགེ་འདུན་སྟོང་ཕྲག་གཉིས་རེ་མཆོད་པར་བྱེད་ཅིང༌། མཐར་བྱ་རྣམས་ཀྱི་དོན་དུ་ལྷ་ཁང་བཞེངས། ད་ལྟ་ཡང་རྒྱ་མཚོའི་གླིང་ཕྲན་གྱི་བྱ་རེ་རྟག་ཏུ་གནས་པས། ལྷ་ཁང་དེ་ལ་པང་ཁི་ཏིརྠ་ཞེས་ཟེར། ཡང་རྒྱལ་པོ་དབང་བྱེད་དང༌། བདེ་བྱེད་དང༌། ཡིད་འོང་ཞེས་བྱ་བ་གསུམ་གྱི་རིང་ལ་མཆོད་རྟེན་སྟོང་ལ་ཉིན་རེ་བཞིན་གདུགས་རེ་རེ་དང༌། མཆོད་པའི་ཡོ་བྱད་དཔག་ཏུ་མེད་པས་མཆོད། ཡང་རྒྱལ་པོ་བྷོ་ག་སུ་བ་ལ་སྟེ་ལོངས་སྤྱོད་སྐྲ་བཟང་དང༌། དེའི་བུ་ཟླ་བའི་སྡེ་དང༌། དེའི་བུ་བདེ་བྱེད་སེང་གེ་སྡེ་གསུམ་གྱི་རིང་ལ་གསེར་འགྱུར་གྱི་རྩི་གྲུབ་སྟེ། སློང་བ་པོ་སུ་བྱུང་ཡང་གསེར་དཱི་ན་རེ་རེ་སྟེར། དགེ་སློང་དང༌། དགེ་བསྙེན་སུ་བྱུང་ཡང་དངུལ་པ་ཎ་ལྔ་བརྒྱའི་རིན་ཚད་ཀྱི་ཡོ་བྱད་འབུལ་བར་བྱེད་དོ། །དེ་རྣམས་ཡུལ་གང་དུ་བྱུང་ཧ་ཅང་མི་གསལ་ཡང༌། ཕལ་ཆེར་ཀོངྐུ་ནའི་ཡུལ་དུ་བྱུང་བར་མངོན་ཏེ། བདེ་བྱེད་སེང་གེ་ལ་བུ་གསུམ་ཡོད་པས་ཆེན་པོ་བྱཱ་གྷྲ་རཱ་ཛ་ཞེས་བྱ་བ་སྟག་དང་འདྲ་བའི་མིག་དང༌། ཤའི་རི་མོ་ཡོད་པ་ཞིག་བྱུང༌། ཏ་ལ་ཀོངྐུ་ན་བཟུང་སྟེ། ལྷ་ཁང་སྟོང་ཕྲག་གཉིས་བཞེངས། བུ་བར་པ་བུ་ད་སྟེ་གཟའ་ལྷག་པའི་མིང་ཅན་ཞིག་བྱུང༌། དེས་ཨུ་པ་ར་ཀུངྐུ་ན་དང༌། ཏུ་ལུ་རཱ་ཏི་བཟུང༌། དགེ་སློང་ལྔ་སྟོང་རེ་རྟག་ཏུ་མཆོད། ཆུང་བ་བུདྡྷ་ཤུ་ཙ་ཡུལ་ཕུད་པས་མཐར་དྲ་བ་ལིའི་རྒྱལ་པོ་ཐོབ། བྲམ་ཟེ་ཁྲི་ཕྲག་རེ་དང༌། སངས་རྒྱས་པ་ཁྲི་ཕྲག་རེ་ལ་རྒྱུན་དུ་ཆོས་སྟོན་དྲངས། ཡང་འབིགས་བྱེད་ཀྱི་རི་བོའི་ཁོངས་སུ་རྒྱལ་པོ་གཞོན་ནུ་གདོང་དྲུག་ཅེས་བྱ་བ་བྱུང་སྟེ། ནོར་རྒྱུན་མའི་རིག་སྔགས་གྲུབ་ནས། འབྲུ་དང་གོས་ཟད་མེད་པར་གྱུར་ཏེ། ལྷོ་ཕྱོགས་ཀྱི་རྒྱུད་ཐམས་ཅད་དུ་བུ་ལོན་ཐམས་ཅད་རྒྱལ་པོས་བཙལ་བའི་བུ་ལོན་སྙོམས་པ་ལན་གསུམ་བྱས། དབུལ་པོ་ཐམས་ཅད་ལ་གོས་རེ་བྱིན། མུ་ཏོ་བ་ལ་སོགས་པ་ཕོངས་པ་ཁྲི་ཕྲག་བརྒྱད་ཙམ་ལ་ལོ་ཉི་ཤུར་ཟས་གོས་བྱིན་སྐད། མ་ལྱ་རའི་ཡུལ་དུ་རྒྱལ་པོ་རྒྱ་མཚོ་དང༌། རྣམ་གནོན་དང༌། རྒྱལ་མཆོག་དང༌། གཙོ་བོ་ཞེས་བྱ་བ་གདུང་རབས་བཞིའི་རིང་ལ། ཆོས་གཞི་ལྔ་བརྒྱ་རེ་བཙུགས་ཤིང་དེ་དང་མཐུན་པར་ལྷ་ཁང་རེ་ཡང་བཞེངས། ཡུལ་ཀརྣ་ཌ་དང༌། བི་དྱཱ་ན་གར་གྱི་ཕྱོགས་རྣམས་སུ་རྒྱལ་པོ་དབང་ཆེན་ཞེས་བྱ་བ་བྱུང༌། དེའི་བུ་ལྷ་རྒྱལ་པོ། དེའི་བུ་སྣ་ཚོགས་ཏེ་གསུམ་གྱི་རིང་ལ་ཡུལ་གྱི་རྒྱལ་རིགས་དང༌། བྲམ་ཟེའི་སྐྱེ་བོ་ཐམས་ཅད་དཀོན་མཆོག་གསུམ་ཁོ་ན་མཆོད་པར་བཀའ་བསྒོས། རྒྱལ་སྲིད་ཀྱང་ལོ་སུམ་ཅུ་སུམ་ཅུ་མཛད། དེའི་བུ་གསུམ་སྟེ། ཐུ་བོ་བྱིས་པ་ཞེས་བྱ་བས་ལོ་གསུམ་རྒྱལ་སྲིད་བྱས། འབྲིང་པོ་རབ་གདུང་ཞེས་བྱ་བས་ཟླ་བ་གཅིག་རྒྱལ་སྲིད་བྱས་ཏེ། དེ་གཉིས་ཀྱིས་ལྷ་ཁང་ལྔ་བཅུ་ལྔ་བཅུ་བཞེངས། རབ་གདུང་ནི་སངས་རྒྱས་མ་ཡིན་པའི་སྟོན་པ་གཞན་ལ་མཆོད་ན། བདག་ཉིད་གསོད་པར་གྱུར་ཅིག་ཅེས་དམ་བཅས་པ་ལས། དེར་ལན་ཅིག་ཞི་བའི་ལིངྒ་ལ་མཆོད་པ་བྱས་པས་རང་ཉིད་སྤུ་གྲིའི་དོང་དུ་མཆོངས་སོ། །ཆུང་བ་ནཱ་ག་ར་ཛ་བྷ་ག་ཝཱན་ཞེས་པ་འཁོར་སྟོང་ཕྲག་བཅུ་དང་ལྷན་ཅིག་ཡུལ་གྱུར་ཕྱུང་བ་ལས་གྲུ་གཟིངས་ལ་བསྐྱོད་ནས་ཤར་ཕྱོགས་དུ་ཁཾ་དང་ཉེ་བའི་དགྲ་འདུལ་དུ་ཕྱིན། དེར་རྒྱལ་སྲིད་ཐོབ་སྟེ་སངས་རྒྱས་ལ་མཆོད་ཅིང་བསྟན་པ་ལ་བྱ་བ་ཆེར་བྱས་སོ། ། རྒྱལ་པོ་ས་ལ་བྷ་ཧ་ན་སྟེ་ས་ལའི་བཞོན་པ་ནི་གོང་དུ་བཤད་ཟིན། བྲམ་ཟེ་བཱ་ལ་མི་ཏྲ་ཞེས་བྱ་བ་ཡུལ་ཀ་ལིངྐར་སྐྱེས་པ་ཞིག་བྱུང་སྟེ། དེས་རྒྱ་མཚོ་གཉིས་ཀྱི་མཐར་ཐུག་པའི་ས་རྣམས་མཆོད་རྟེན་གྱིས་གང་བར་བྱས། དེ་ཡང་ལྷོ་ཕྱོགས་ཀྱི་ཡུལ་ནི་གྲུ་གསུམ་པ་མཆུར་རིང་པའི་རྣམ་པ་ཅན་དུ་ཡོད་དོ། །རྩེ་མོ་ལྷོ་ཕྱོགས་ལ་བསྟན་པ། རྩ་བའི་ངོས་ཡུལ་དབུས་དང་འབྲེལ་བ། རྩེ་མོ་རྣོ་ཤོས་ན་རཱ་མེ་ཤྭ་རའི་ཡུལ་ཡོད་དེ། ཡུལ་དེ་ནས་ཤར་ཕྱོགས་ལ་སོགས་པའི་བར་དུ་ཡོད་པའི་རྒྱ་མཚོ་ལ་ནི་མ་ཧོ་ད་དྷི་ཟེར། ཡུལ་དེ་ནས་ནུབ་ཕྱོགས་ཀྱི་མཐར་ཐུག་པའི་བར་གྱི་རྒྱ་མཚོ་ལ་ར་ཏ་ནཱ་གི་རི་ཟེར། རྒྱ་མཚོའི་གཏིང་ལ་མཚམས་ཀྱི་དབྱེ་བ་མེད་ཀྱང༌། གླིང་གྲུ་གསུམ་གྱི་དབྱིབས་ཀྱི་ཁྱད་པར་གྱིས་ཡུལ་དེའི་ལྷོ་དྲང་ཐད་ཐག་རིང་པོའི་བར་དུ་མཚོའི་ཁ་དོག་མ་འདྲེས་པར་སྣང་བ་དང༌། རླབས་འཐབ་པའི་མཚམས་ཏ་ལེ་བ་ཡོད། དེས་ན་མ་ཧོ་ད་དྷི་དང༌། ར་ཏ་ནཱ་གི་རིའི་མཚོ་ལ་རེག་གི་བར་དུ་གྲོང་ཁྱེར་རེ་རེར་མཆོད་རྟེན་རེ་བརྩེགས་པ་ཡིན་ཏེ། འདི་ནི་འཇམ་དཔལ་རྩ་རྒྱུད་ལས། ས་ནི་རྒྱ་མཚོ་གཉིས་མཐར་ཐུག །ཅེས་ལུང་བསྟན་པ་དེ་ཡིན། གཞན་ཡང་བྲམ་ཟེ་ནཱ་ག་ཀེ་ཏུ་ཞེས་བྱ་བས་སྟོན་པའི་སྐུ་གཟུགས་འབུམ་ཕྲག་གཅིག་བཞེངས་ཤིང༌། དེ་རེ་རེ་ལ་ཡང་མཆོད་པའི་ཁྱད་པར་བཅུ་བཅུས་མཆོད། ཡང་བྲམ་ཟེ་ཝརྡྷ་མཱ་ལ་སྟེ་འཕེལ་བའི་ཕྲེང་བ་ཞེས་བྱ་བ་བྱུང༌། དེས་བཀའི་གླེགས་བམ་སྟོང་ཕྲག་བཅུ་བཞེངས་ནས། དེ་རེ་རེ་ལ་ཡང་མཆོད་པའི་ཡོ་བྱད་བཅོ་ལྔ་རེས་མཆོད་པར་བྱེད། གླེགས་བམ་དེ་དག་ལ་ལྟ་རྟོག་དང༌། ཉན་བཤད་བྱེད་པ་དགེ་སློང་དང༌། དགེ་བསྙེན་སྟོང་ཕྲག་བཞི་ཙམ་རེ་ལ་རྟག་ཏུ་འཚོ་བ་སྦྱོར། ཡང་ཐེག་པ་ཆེན་པོའི་སློབ་དཔོན་ནི་གངྒ་རི་ཞེས་བྱ་བ་མི་བརྗེད་པའི་གཟུངས་ཐོབ་པ། ཕ་རོལ་གྱི་སེམས་མཐའ་དག་ཤེས་པ་ཞིག་བྱུང་སྟེ། དེས་མན་ངག་བསྟན་པས་སློབ་མ་སྟོང་གིས་ཆོས་ལ་བཟོད་པ་ཐོབ་པ་བྱུང༌། ཀུ་མཱ་རཱ་ནནྡ་སྟེ་གཞོན་ནུ་དགའ་བ་ཞེས་བྱ་བ་གོ་མིའི་དགེ་བསྙེན་ཞིག་བྱུང་སྟེ། དགེ་བསྙེན་སྟོང་ཕྲག་ལྔ་ལ་ཆོས་བསྟན་པས། དེ་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་བྱས། མ་ཏི་ཀུ་མཱ་ར་སྟི་བློ་གྲོས་གཞོན་ནུ་ཞེས་བྱ་བ་དགེ་བསྙེན་ཁྱིམ་པ་ཞིག་བྱུང༌། དེས་ཆོས་བསྟན་པས། ཡུལ་གྱི་ཁྱེའུ་དང་བུ་མོ་ཚུན་ཆད་བསྡོམས་པ་ཁྲི་ཕྲག་ཙམ་ཐེག་པ་ཆེན་པོ་ལ་བསམ་གཏན་པར་གྱུར། ཡང་དགེ་སློང་བྷ་དྲཱ་ནནྡ་ཞེས་བྱ་བ་བཟང་པོའི་ཀུན་དགའ་བོ་ཞེས་པས་བདེན་ཚིག་ཁོ་ན་བརྗོད་དེ། གྲོང་ཁྱེར་གྱི་སྐྱེ་བོ་མཐའ་དག་གི་ནད་དང་གདོན་མཐའ་དག་ཞི་བར་བྱེད་པ་བྱུང༌། འཁོར་དགེ་སློང་ཤིན་ཏུ་རྣམ་པར་དག་པ་ཉི་ཤུ་ཙམ་དང་ལྷན་ཅིག་གནས་སོ། །དེ་དགེ་སློང་གཞན་རྣམས་ཀྱིས་གཙེས་པར་གྱུར་པས་ལུས་དེ་ཉིད་ཀྱིས་མངོན་དགའི་ཞིང་དུ་འཕུར་ཏེ་སོང་ངོ་ཞེས་གྲགས་སོ། ། དགེ་བསྙེན་དཱ་ན་བྷ་དྲ་སྟེ་སྦྱིན་པ་བཟང་པོ་དང༌། ལངྒ་དེ་ཝ་ཞེས་བྱ་བ་བྱུང་སྟེ། དེ་བཞིན་གཤེགས་པའི་སྐུ་གཟུགས་རི་མོར་བྲིས་པ་སྟོང་ཕྲག་བཅུ་དང༌། རྡོ་དང་ཤིང་དང༌། འཇིམ་པ་དང༌། རིན་པོ་ཆེ་ལས་བྱས་པ་ཡང་སྟོང་ཕྲག་བཅུ་བཅུ་བཞེངས། མཆོད་རྟེན་ཡང་དེ་སྙེད་བཞེངས། རེ་རེ་ལ་ཡང་རྒྱལ་མཚན་བཅུ་ཕྲག་རེ་འཕུལ། ཡང་དགེ་བསྙེན་པ་ཧུ་བྷུ་ཛེ་ཞེས་བྱ་བས་ལོ་བཅོ་ལྔའི་བར་དུ་འབྲུ་དང་ཟས་གོས་དང༌། གསེར་དང༌། རྟ་དང༌། བ་ལང་ལ་སོགས་པ་དག་ཕྱོགས་བཞིའི་སློང་མོ་བ་ཀུན་ལ་བྱིན། མཐར་བྲན་ཕོ་དང་བྲན་མོ་དང༌། བུ་དང་ཆུང་མ་དང༌། ཁྱིམ་ཉིད་ཀྱང་གཏང་སྟེ་ནགས་ཚལ་ཞིག་ཏུ་བསྒོམས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ། སློབ་མ་རྣམས་ལ་ཆོས་བསྟན་ཏེ། བདེ་བ་ཅན་དུ་ལུས་དེ་ཉིད་ཀྱིས་སོང་ངོ༌། །ཞེས་གྲགས་སོ། །ཡང་དགེ་བསྙེན་བཙུན་པ་དབུ་མའི་བློ་གྲོས་ཞེས་བྱ་བ་བྱུང་སྟེ། དེ་མུ་སྟེགས་བྱེད་སོ་སོའི་གན་དུ་དེ་དག་དང་མཐུན་པའི་གཟུགས་སུ་བསྒྱུར་ཞིང༌། ཐོག་མར་དེ་དང་དེའི་བསྟན་བཅོས་བཤད་ནས། དེ་དག་གི་གསེབ་ཏུ་བདག་མེད་པ་དང༌། སྙིང་རྗེ་ཆེན་པོའི་ལམ་གྱི་རིམ་པ་བརྐུས་ནས་བསྟན་ཏེ། མཐར་མ་ཚོར་བ་ཁོ་ནའི་གྲུབ་མཐའ་འགྱུར་བ་ན། སངས་རྒྱས་པ་ལ་འཇུག་སྟེ། ལུས་དུ་མ་ཅིག་ཅར་ཡང་སྟོན་ལ། ཚུལ་དེ་ལྟ་བུས་མུ་སྟེགས་བྱེད་ཁྲི་ཕྲག་ཏུ་ཉེ་བ་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་མཛད་དོ། ། དེ་ལྟར་ན་སློབ་དཔོན་དེ་རྣམས་ནི་ཀླུ་སྒྲུབ་ཀྱི་སྔོན་ཙམ་དུ་བྱུང་བར་སེམས་ལ། གཞན་དེ་རྣམས་ཀྱང་ཐེག་ཆེན་དར་བ་ནས་དཔལ་ཆོས་ཀྱི་གྲགས་པ་ཡན་ཆོད་ཀྱི་བར་དུ་ནི་ངེས་པར་བྱུང་བར་མངོན་ནའང་སྔར་བཤད་པ་རྣམས་དང་དུས་མཚུངས་སྒྲིག་ཚུལ་གསལ་ཁ་མི་སྣང་ངོ༌། །ལྷོ་ཕྱོགས་སུ་ཆོས་དར་བའི་རབས་མེ་ཏོག་ཕྲེང་བ་ལས་འབྱུང་བའི་གཏམ་གྱི་སྐབས་ཏེ་ཞེ་གཅིག་པའོ།། །། ༤༢ སྡེ་བཞིའི་དོན་ལ་ཅུང་ཟད་དཔྱད་པ། གོང་དུ་བཤད་པའི་དགེ་འདུན་གྱི་སྡེ་ཐམས་ཅད་ཀྱང་སྡེ་པ་བཞི་པོ་དང་སྡེ་པ་བཅོ་བརྒྱད་ལས་གྱེས་པ་ཁོ་ན་ཡིན་པས། དེ་དག་གི་རྣམ་གཞག་མགོ་སྨོས་ཙམ་བྱས་ན། སྡེ་པ་བཅོ་བརྒྱད་པོ་རྣམས་ཀྱི་སོ་སོའི་ལྟ་སྤྱོད་འཆད་པ་ལ་མི་མཐུན་པ་མེད་ཀྱང་གྱེས་ཚུལ་ལ་འདོད་པ་མི་འདྲ་བ་སྣ་ཚོགས་པ་བྱུང་སྟེ། གནས་བརྟན་སྡེ་པ་རྣམས་ཀྱི་འདོད་པ་ནི། དང་པོར་གནས་བརྟན་པ་དང༌། དགེ་འདུན་ཕལ་ཆེན་པ་རྣམས་སུ་གྱེས། དགེ་འདུན་ཕལ་ཆེན་པ་ལའང༌། དགེ་འདུན་ཕལ་ཆེན་པའི་སྡེ་པ་རྩ་བ་དང༌། ཐ་སྙད་གཅིག་པ་དང༌། འཇིག་རྟེན་འདས་པར་སྨྲ་བ་དང༌། མང་ཐོས་པ་དང༌། རྟག་པར་སྨྲ་བ་དང༌། མཆོད་རྟེན་པ་དང༌། ཤར་གྱི་རི་བོ་པ་དང༌། ནུབ་ཀྱི་རི་བོ་པ་སྟེ་བརྒྱད་དུ་གྱེས་ལ། གནས་བརྟན་པ་ཡང། གནས་བརྟན་པའི་སྡེ་པ་རྩ་བ་དང༌། ཐམས་ཅད་ཡོད་པར་སྨྲ་བ་དང༌། གནས་མའི་བུ་པ་དང༌། ཆོས་མཆོག་པ་དང༌། བཟང་ལམ་པ་དང༌། མང་བཀུར་པ་དང༌། མང་སྟོན་པ་དང༌། ཆོས་སྦས་པ་དང༌། ཆར་བཟང་འབེབས་པ་དང༌། བླ་མ་པ་སྟེ་བཅུར་གྱེས་སོ་ཞེས་འདོད་ལ། ཡང་དགེ་འདུན་ཕལ་ཆེན་པ་རྣམས་ཀྱི་འདོད་པ་ནི། དང་པོར་གནས་བརྟན་པ་དང༌། ཕལ་ཆེན་པ་དང༌། རྣམ་པར་ཕྱེ་སྟེ་སྨྲ་བ་དང་གསུམ་དུ་གྱེས་ལ་གནས་བརྟན་པ་ཡང་ཐམས་ཅད་ཡོད་པར་སྨྲ་བ་དང༌། གནས་མའི་བུ་པ་གཉིས་སུ་གྱེས། ཡོད་སྨྲ་བ་ཡང་གཞི་ཐམས་ཅད་ཡོད་པར་སྨྲ་བ་དང༌། མདོ་སྡེ་སྨྲ་བའོ། ། གནས་མའི་བུ་པ་ཡང་མང་བཀུར་བ་དང༌། ཆོས་མཆོག་པ་དང༌། བཟང་ལམ་པ་དང༌། གྲོང་ཁྱེར་དྲུག་པ་རྣམས་སུ་གྱེས། དགེ་འདུན་ཕལ་ཆེན་པ་ལ་ཕལ་ཆེན་པ་དངོས་དང༌། ཤར་གྱི་རི་བོ་པ་དང༌། ནུབ་ཀྱི་རི་བོ་པ་དང༌། རྒྱལ་པོའི་རི་པ་དང༌། གངས་རི་པ་དང༌། མཆོད་རྟེན་པ་དང༌། དོན་གྲུབ་པ་དང༌། བ་ལང་གནས་པ་སྟེ་བརྒྱད་དུ་གྱེས་སོ། །རྣམ་པར་ཕྱེ་སྟེ་སྨྲ་བ་ལ། ས་སྟོན་པ། འོད་སྲུང་པ། ཆོས་སྦས་པ། གོས་དམར་བ་སྟེ་བཞིར་གྱེས་སོ་ཞེས་འདོད་དོ། ། མང་པོས་བཀུར་བ་རྣམས་ཀྱི་འདོད་པ་ནི། ཕ་ཆེན་པ་ལ་དྲུག་སྟེ། ཕལ་ཆེན་པ་དངོས་དང༌། ཐ་སྙད་གཅིག་པ་དང༌། བ་ལང་གནས་པ་དང༌། མང་ཐོས་པ་དང༌། རྟག་པར་སྨྲ་བ་དང༌། མཆོད་རྟེན་པ་རྣམས་སོ། །ཡོད་སྨྲ་བ་ལ་བདུན་ཏེ། གཞི་ཐམས་ཅད་ཡོད་པར་སྨྲ་བ་དང༌། རྣམ་པར་ཕྱེ་སྟེ་སྨྲ་བ་དང༌། མང་སྟོན་པ་དང༌། ཆོས་སྦས་པ་དང༌། གོས་དམར་བ་དང༌། འོད་སྲུང་པ་དང༌། འཕོ་བ་པ་རྣམས་སོ། །གནས་མ་བུའི་སྡེ་པ་ལ་བཞི་སྟེ། གནས་མའི་བུའི་སྡེ་པ་རྩ་བ་དང༌། ཆོས་མཆོག་པ་དང༌། བཟང་ལམ་པ་དང༌། མང་པོས་བཀུར་བ་རྣམས་སོ། །གངས་རི་པ་ལ་དབྱེ་བ་མེད་དེ། དེ་ལྟར་ན་དང་པོར་གྱེས་པའི་རྩ་བ་ནི། ཕལ་ཆེན་པ། ཡོད་སྨྲ་བ། གནས་མའི་བུ་པ། གངས་རི་པ་རྣམས་ཡིན་ནོ་ཞེས་ཟེར། ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱི་འདོད་པ་ནི། སློབ་དཔོན་དུལ་བ་ལྷས་སྡེ་པ་ཐ་དད་བཀླག་པའི་འཁོར་ལོར་གསུངས་པ་བཞིན་ཏེ། ཤར་དང་ནུབ་དང་གངས་རིར་གནས། །འཇིག་རྟེན་འདས་པར་སྨྲ་བའི་སྡེ། ། རྟག་པར་སྨྲ་བའི་སྡེ་པ་སྟེ། །ལྔ་ཚན་དགེ་འདུན་ཕལ་ཆེན་པ། །གཞི་ཀུན་པ་དང་འོད་སྲུང་ དང༌། །ས་སྟོན་སྡེ་དང་ཆོས་བསྲུངས་དང༌། །མང་ཐོས་གོས་དམར་བའི་སློབ་ མ། །རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ། །ཐམས་ཅད་ཡོད་སྨྲའི་སྡེ་པ་ཡིན། །རྒྱལ་བྱེད་ཚལ་གནས་འཇིག་མེད་རི། གཙུག་ལག་ཁང་ཆེན་གནས་བསྟན་པའོ། །ས་སྒྲོགས་རི་དང་སྲུང་བ་པ། །གནས་མའི་བུ་ཡི་སྡེ་རྣམས་ནི། །ཀུན་གྱིས་བཀུར་བ་རྣམ་པ་གསུམ། །ཡུལ་དོན་སློབ་དཔོན་བྱེ་བྲག་གིས། །ཐ་དད་རྣམ་པ་བཅོ་བརྒྱད་ གྱུར། །ཞེས་གསུངས་ཏེ་རྩ་བའི་སྡེ་པ་བཞི་ལས་བཅོ་བརྒྱད་དུ་གྱེས་པའི་ལུགས་ཡིན་ལ། དེ་ཡང་རྒྱུད་སྡེ་དུ་མ་ལས་རྩ་བའི་སྡེ་པ་བཞི་ཡིན་པར་གསུངས་ཤིང་བཞིའི་བགྲང་ཚུལ་ཡང་གནས་མའི་བུའི་སྡེ་པ་རྣམས་ཀྱི་འདོད་པ་ལྟར་མ་གསུངས་པར་འདི་དང་མཐུན་པར་གསུངས་པས་ལུགས་འདི་ཁོ་ན་གཟུང་བར་བྱ་སྟེ། སློབ་དཔོན་དབྱིག་གཉེན་གྱི་གསུང་ལས་བཏུས་པ་ཡིན་པར་བྱེད་པས་ཁུངས་ཀྱང་བཟང་ངོ༌། །དགེ་སློང་གི་ལོ་དྲི་བ་ལས། རྩ་བའི་བཞི་པོ་འདི་དང་མཚུངས་པ་ལ། ཕལ་ཆེར་པ་ལ་དྲུག་མཛད་ཅིང༌། མང་བཀུར་བ་ལ་ལྔ་མཛད་པ་སོགས་ཅུང་ཟད་མི་འདྲ་བ་བཤད་ནའང༌། རང་ལུགས་སྔ་མ་ཉིད་དུ་བཟུང་དགོས་ལ། སྔར་གྱི་བགྲང་ཚུལ་མི་འདྲ་བ་གཞན་དེ་དག་ལ་མིང་མི་གཅིག་པ་མང་པོ་ཞིག་བྱུང་བ། ཕལ་ཆེར་དོན་གཅིག་པ་ལ་མིང་གི་རྣམ་གྲངས་ཡིན་པ་ཤས་ཆེ་ཞིང༌། འགའ་ཞིག་བགྲང་ཚུལ་མི་གཅིག་པ་རང་ཡང་ཡིན་པར་སྣང༌། དེ་ལ་འོད་སྲུང་པ་ནི། དགྲ་བཅོམ་པ་འོད་སྲུང་ཕྱི་མའི་སློབ་བརྒྱུད་འགའ་ཞིག་ལོགས་སུ་ཆད་པ་ལས་བྱུང་ཞིང༌། སྡེ་པ་འདི་ལ་ཆར་བཟང་འབེབས་པ་ཡང་ཟེར། དེ་བཞིན་དུ་ས་སྟོན་པ་དང༌། ཆོས་བསྲུངས་པ་དང༌། གོས་དམར་བ་རྣམས་ནི་དེ་དང་དེའི་མཚན་འཆང་བའི་གནས་བརྟན་རྣམས་ཀྱི་རྗེས་འབྲང་ཡིན་ཞིང༌། འཕོ་བར་སྨྲ་པ་དང༌། བླ་མ་པ་དང༌། གོས་དམར་བ་སྡེ་གཅིག །མཆོད་རྟེན་པ་དང་ཤར་གྱི་རི་པ་ཡང་སྡེ་གཅིག་ཅིང༌། དེ་ནི་ཀུན་ཏུ་རྒྱུ་ལྷ་ཆེན་པོ་ཞེས་བྱ་བའི་སློབ་མའོ། ། དེ་ལས་གྱེས་པ་དོན་གྲུབ་པ་དང༌། རྒྱལ་པོའི་རི་པ་ཡིན་པས། ལུགས་ཕྱི་མ་ལྟར་ན་དེ་གཉིས་བཅོ་བརྒྱད་ལ་མི་བགྲང་ངོ༌། །འཇིག་རྟེན་འདས་པའི་རི་དང༌། བྱ་གག་རི་པ་གཅིག །ཐ་སྙད་གཅིག་པ་ནི་ཕལ་ཆེན་པ་སྤྱིའི་མིང་ཡིན་པར་ཡང་འཆད། ཀུ་རུ་ཀུལླེ་པ་ནི་ས་སྒྲོགས་རི་པར་བསྒྱུར་བ་ཡིན་ལ། གནས་མའི་བུ་པ། ཆོས་མཆོག་པ། བཟང་ལམ་པ། གྲོང་ཁྱེར་དྲུག་པ་རྣམས་ཀྱང་སྤྱིར་རགས་པ་ཙམ་ན་དོན་གཅིག་པར་བྱེད་དོ། ། དེ་ལྟར་ཡང་འཕགས་ཡུལ་དང༌། གླིང་ཕྲན་རྣམས་ཀྱི་དགེ་འདུན་ཀུན་ལ་སྡེ་པ་བཞི་སོ་སོའི་ཁ་འཛིན་བྱེད་པ་མ་འདྲེས་པར་ཡོད་ཅིང༌། སྡེ་པ་བཅོ་བརྒྱད་སོ་སོའི་ནི་གཞུང་ལུགས་དང༌། གླེགས་བམ་ད་ལྟའི་བར་དུ་ཡོད་ཀྱང་དེ་དང་དེའི་གྲུབ་མཐའ་འཛིན་པ་ནི་སོ་སོར་མ་འདྲེས་པ་ཆེར་མེད་ལ། རྒྱལ་པོ་པཱ་ལ་བདུན་བརྒྱུད་ཀྱི་རིང་ལ་སྡེ་པ་བདུན་ཙམ་གྱི་རྒྱུན་ཡོད་པར་མངོན་ཞིང༌། ད་ལྟ་ཡང་ཉན་ཐོས་སེནྡྷ་པ་རྣམས་ལ་དེ་ཙམ་ཡོད་པར་མངོན་ནོ། ། སྤྱིར་སྡེ་པ་བཞི་མ་འདྲེས་པ་ཡོད་ཀྱི་སྟེང་དུ་གནས་མའི་བུ་པ་དང༌། ཀུ་རུ་ཀུལླེ་པ་སྟེ་མང་བཀུར་བའི་གཉིས་དང༌། རྟག་པར་སྨྲ་བ་དང༌། འཇིག་རྟེན་འདས་པར་སྨྲ་བ་སྟེ་ཕལ་ཆེན་པའི་གཉིས་དང༌། གཞི་ཐམས་ཅད་ཡོད་པར་སྨྲ་བ་དང༌། གོས་དམར་བ་སྟེ་ཡོད་སྨྲའི་གཉིས་ནི་ངེས་པར་ཡོད་པས་སོ། །སྔོན་དཔེ་སྟོན་སྡེ་པར་གྲགས་པ་ནི་གོས་དམར་བ་ལས་གྱེས་པའི་མདོ་སྡེ་པ་རྣམས་ཡིན་ལ། བཅོ་བརྒྱད་ལ་འདི་ལོགས་སུ་མི་བགྲང་ངོ༌། །དེ་ཡང་སྔོན་ཉན་ཐོས་ཁོ་ནའི་བསྟན་པ་དར་བའི་ཚེ་དེ་དག་ལ་གྲུབ་མཐའ་ཐ་དད་པ་དག་ངེས་པར་ཡོད་ལ། ཐེག་ཆེན་དར་བ་ནས་ཐེག་ཆེན་གྱི་དགེ་འདུན་ཐམས་ཅད་ཀྱང་སྡེ་པ་དེ་རྣམས་ཉིད་ཀྱི་ཁོངས་སུ་གཏོགས་ཀྱང་གྲུབ་མཐའ་ཐེག་ཆེན་ཉིད་འཛིན་པའི་ཕྱིར་སྔོན་གྱི་སོ་སོའི་གྲུབ་མཐས་མ་གོས་ལ། ཉན་ཐོས་རྣམས་དེ་ནས་ཀྱང་ཡུན་རིང་རབ་ཏུ་གྲུབ་མཐའ་མ་འདྲེས་པར་སྐྱོང་བ་བྱུང་ཡང་ཕྱིས་ནི་གྲུབ་མཐའ་འདྲེས་ཏེ་གནས་སོ། ། ཐེག་པ་ཆེ་ཆུང་གི་གྲུབ་མཐའ་གང་འཛིན་ཀྱང་རུང་འདུལ་བའི་སྤྱོད་པ་དང༌། ལག་ལེན་ནི་མ་འདྲེས་པར་གནས་པ་ཡིན་པས། སྡེ་པ་བཞིའི་དབྱེ་འབྱེད་ཀྱང་འདུལ་བའི་སྤྱོད་པ་ལས་དབྱེ་བར་གོ་དགོས་སོ། །དེ་ཡང༌། ཕྱག་རྒྱ་གསུམ་དང་ཡང་དག་ལྡན། །བསླབ་པ་གསུམ་ནི་རབ་སྟོན་ལ། །ཐོག་མ་བར་དང་མཐར་དགེ་བ། །སངས་རྒྱས་གསུང་དུ་ཡང་དག་རྟོགས། །ཞེས་གསུངས་པ་ལྟར་ཡིན་པས་ཐམས་ཅད་ལ་དད་པ་བླ་ལྷག་ཏུ་བསྐྱེད་པར་བྱའོ། །སྡེ་པ་བཞིའི་དོན་ལ་ཅུང་ཟད་དཔྱད་པའི་སྐབས་ཏེ་ཞེ་གཉིས་པའོ།། །། ༤༣ སྔགས་ཀྱི་ཐེག་པའི་བྱུང་ཁུངས་ལ་དཔྱད་པ། འདིར་ཡིད་གཉིས་སུ་བྱ་བ་གཞན་འགའ་ཞིག་སྒྲིན་པོར་རློམ་པའི་སྐྱེ་བོ་ཁ་ཅིག་དག་ལ་སྣང་སྟེ། སྔགས་ཀྱི་ཐེག་པ་བྱུང་ཚུལ་ལོགས་པ་ཞིག་ཡོད་དམ་མེད་ཅེས་དཔྱོད་དོ། །སྤྱིར་ནི་མདོ་སྡེ་དང༌། རྒྱུད་སྡེ་ཐམས་ཅད་ལ་གླེང་གཞི་སོ་སོར་ཡོད་པ་དེའི་ཕྱིར་མདོའི་བྱུང་ཚུལ་ལས་སྔགས་ཀྱི་བྱུང་ཚུལ་ཐ་དད་པ་ཡིན་མོད་ཀྱི། རེ་རེ་ནས་སྨོས་ཀྱིས་མ་ལོང་ལ། སྤྱི་ལྡོག་ནས་མདོ་རྒྱུད་གཉིས་ལ་ཡུལ་དང་དུས་དང་སྟོན་པའི་དབྱེ་བ་ཡོད་པ་མ་ཡིན་ནོ། །དེ་ཉིད་ཇི་ལྟར་མི་ཡུལ་དུ་བྱུང་བའི་ཚུལ་ཡང་ཐེག་ཆེན་གྱི་མདོ་སྡེ་རྣམས་དང་ལྷན་ཅིག་རྒྱུད་སྡེ་རྣམས་ཀྱང་ཕལ་ཆེ་བ་བྱོན་པ་ཡིན་ལ། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཟབ་མོ་མང་དག་ཅིག་ནི་གྲུབ་པའི་སློབ་དཔོན་སོ་སོས་སྤྱན་དྲངས་ཏེ་རིམ་པ་བཞིན་བྱོན་པ་ཡིན་ནོ། །དཔེར་ན་དཔལ་ས་ར་ཧས་སངས་རྒྱས་ཐོད་པ་སྤྱན་དྲངས་པ་དང༌། ལཱུ་ཡི་པས་རྣལ་འབྱོར་མ་ཀུན་སྤྱོད་སོགས་སྤྱན་དྲངས་པ་དང༌། ལྭ་ཝ་པ་དང་མཚོ་སྐྱེས་ཀྱིས་དགྱེས་པའི་རྡོ་རྗེ་སྤྱན་དྲངས་པ་དང༌། ནག་པོ་སྤྱོད་པ་པས་ཁ་སྦྱོར་ཐིག་ལེ་སྤྱན་དྲངས་པ་དང༌། ལ་ལི་ཏ་བཛྲ་གྱིས་གཤིན་རྗེ་གཤེད་ནག་པོ་སྐོར་གསུམ་སྤྱན་དྲངས་པ་དང༌། ཟབ་པའི་རྡོ་རྗེས་རྡོ་རྗེ་བདུད་རྩི་སྤྱན་དྲངས་པ་དང༌། ཀུ་ཀུ་རཱི་པས་མཧཱ་མཱ་ཡཱ་སྤྱན་དྲངས་པ་དང༌། པི་ཊོ་པས་དུས་ཀྱི་འཁོར་ལོ་སྤྱན་དྲངས་པ་སོགས་ཡིན་ནོ། ། སྔོན་གྱི་ཁ་ཅིག་སྔགས་ཀྱི་བྱུང་ཚུལ་ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་པ་ན་ཡོད་རྫུ་བ་བྱས་པ་ལ། མཁས་མཆོག་བུ་སྟོན་གྱིས་ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་པའི་ལོ་རྒྱུས་གང་ཡོད་རྫོགས་པར་ལུང་དྲངས་ནས་ལྷན་ཅིག་སྐྱེས་གྲུབ་ཉིད་ཀྱི་ལོ་རྒྱུས་ཡིན་གྱི། གསང་སྔགས་སྤྱིའི་བྱུང་ཚུལ་མ་ཡིན་ནོ་ཞེས་རིགས་ཤིང་འཐད་པར་གསུངས་པ་ལས། འགོས་ལོ་གཞོན་ནུ་དཔལ་གྱིས་དེ་གཟིགས་བཞིན་དུ་གཏམ་རྙིང་པ་ལ་རོ་ལངས་མཛད་དེ་ལྷན་ཅིག་སྐྱེས་གྲུབ་ཀྱི་གཏམ་འདི་ལེགས་པར་བཤད་ནས། དེའི་ནང་གི་ཞིང་པ་པདྨའི་རྡོ་རྗེ་དེ་པདྨ་བཛྲ་ཆེན་པོ་དང་གཅིག་ཏུ་རུང་བས། དེ་ནས་བརྩམས་ཏེ་གྲུབ་པ་སྡེ་བདུན་བྱུང་ཚུལ་སོགས་དང་སྦྱར་ན་སྔགས་ཀྱི་བྱུང་ཚུལ་ངོ་མཚར་ཅན་ཡོད་གསུང་པ་ནི་བརྗོད་འདོད་ཙམ་སྟེ། ལྷན་ཅིག་སྐྱེས་གྲུབ་དང༌། གྲུབ་པ་སྡེ་བདུན་ཡང་གསང་སྔགས་པ་འགའ་ཞིག་ཁོ་ནས་ཉམས་སུ་བླངས་མོད། ཐམས་ཅད་ལ་ཁྱབ་པ་མ་ཡིན་པས་དེའི་བརྒྱུད་པ་བཤད་པས་སྔགས་སྤྱིའི་བརྒྱུད་པ་བཤད་པར་མི་འགྲོ་ལ། རྒྱ་བོད་ཀྱི་སྔགས་པ་ཕལ་ཆེར་གྱིས་ཉམས་སུ་ལེན་པའི་ཆོས་བརྒྱུད་སོ་སོ་བ་གང་གི་ཡང་བརྒྱུད་པ་ལ་འདྲེན་མི་དགོས་པའི་སྔགས་སྤྱིའི་བྱུང་ཚུལ་ངོ་མཚར་ཅན་ཞིག་ཅིས་ཀྱང་འབྱུང་བར་གདའ་འོ་ཞེས་ཀྱལ་ཀ་ཡང་ཞུའོ། །དེ་ལ་བརྟེན་ནས་རྟོག་བཟོ་གཙོ་བོར་བྱེད་པ་འགའ་ཞིག་ཀྱང་དེ་ཉིད་བསྡུས་པ་དང༌། རྡོ་རྗེ་རྩེ་མོ་ལས་བྱུང་བའི་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་སྤྲུལ་བཤད་ཀྱི་ལོ་རྒྱུས་མ་དག་ཅིང་མ་ཚང་བ་འགའ་རེ་བྲིས་ནས་སྔགས་ཚུལ་དང་པོར་གསུངས་པའི་ལུགས་སུ་བྱས། ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་པའི་ལོ་རྒྱུས་དེ་ལ་གཞི་བྱས་ནས་རྒྱལ་པོ་དཔའ་བོའི་རྡོ་རྗེ་ཨཱརྱ་དེ་ཝའི་བླ་མ་ཡིན་པར་རློམ་པ་དང༌། བུ་མོ་བདེ་བའི་རོལ་པ་མོ་ནི་ཀླུ་ལས་གྱུར་པའི་རྣལ་འབྱོར་མ་དང་གཅིག་པར་རློམ་པས་འཕགས་སྐོར་སོགས་ཀྱི་བརྒྱུད་པ་འདེད་རྒྱུ་བ་དང༌། མཁའ་འགྲོ་མ་སྐལ་བ་བཟང་མོའམ་བློ་གྲོས་བཟང་མོ་དང་གཅིག་པར་རྫུ་བས་གདམས་ངག་བཀའ་བཞིའི་བརྒྱུད་པ་འདེད་པར་སྨྲ་བ་སོགས་སྙིང་པོ་མེད་པ་ཤ་སྟག་སྒྲོགས་པ་ཡང་མཐོང༌། དཔལ་ལྡན་འབྲས་སྤུངས་སུ་སྔགས་ཀྱི་ཐེག་པ་གསུངས་པའི་གནས་ལ་ཡང་མཁས་པ་རྣམས་ལ་ཡོངས་སུ་གྲགས་པ་ལས་ཕྱིར་ལྡོག་སྟེ། བོད་རྒན་པོ་འགའ་ཞིག་གི་ཟིན་བྲིས་བརྡ་ཆད་ཙམ་གྱི་སྒོ་ནས་ཀྱང་འཕགས་ཡུལ་ལ་མ་གྲགས་ཤིང༌། བོད་པའི་བླུན་བཟོར་གོ་ནུས་པའི་གནས་ཀྱི་མིང་ཚུན་ཆད་ཀྱང་ཆོས་བཟང་སྤྲིན་གྱི་ཡང་རྫོང་ཞེས་པ་ཡོད་པའི་ཁུངས་མེད་རྣམས་ལ་ཕྱོགས་འཛིན་གྱི་དབང་གིས་ངོ་སོར་བྱེད་པ་དེ་དག་ནི་བླུན་པོས་བླུན་པོའི་ཚོགས་པ་མགོ་བསྐོར་བ་ཡིན་པའི་ཕྱིར། ཤེས་ལྡན་རྣམས་ཀྱི་གཏམ་དུ་བྱ་བ་ཡང་མ་ཡིན་ནོ། ། ཡང་ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་པའི་གཏམ་རྒྱུད་དེ་ནི་མན་ངག་དེ་ཁོ་ནའི་བརྒྱུད་པ་ཡིན་ལ། མན་ངག་དེ་ཡང་རྒྱུད་ཀུན་གྱི་དགོངས་པ་ལོས་ཀྱང་ཡིན་མོད། ལྷན་ཅིག་སྐྱེས་པའི་མན་ངག་དང་དེའི་གཞུང་ཡིན་ན་དཔལ་མོའི་མན་ངག་དེ་དང་གཞུང་དེ་ཡིན་ག་ལ་དགོས། གཞན་ཡང་ཊོམྦི་ཧེ་རུ་ཀས་མཛད་པའི་ལྷན་ཅིག་སྐྱེས་གྲུབ་ནི་གྲུབ་པ་སྡེ་བདུན་རྣམས་བརྒྱད་ལ་བགྲང་གི དཔལ་མོ་ལྷན་ཅིག་སྐྱེས་གྲུབ་ནི་དེ་ལ་མི་བགྲང་བས། འདི་དག་རྒྱ་བོད་དུ་བརྒྱུད་པ་ཐ་དད་ལས་བྱུང་བའི་རིམ་པ་ཁོ་ན་ཡིན་པས་འདྲ་འདྲེས་ཀྱིས་གཅིག་ཏུ་རློམ་པ་གད་མོའི་གནས་སོ། ། འོན་ཏེ་སྔགས་ཀྱི་ཐེག་པ་ལ་ཆོས་རྒྱུད་དེ་དང་དེའི་བརྒྱུད་པའི་གཏམ་རྒྱུད་ཁུངས་མ་རྣམས་ལས་འབྱུང་བའི་གཏམ་དེ་ཉིད་མང་པོར་བསྡོམས་པ་ལས་སྔགས་ཀྱི་བྱུང་ཚུལ་དུ་ཤེས་དགོས་ཤིང༌། དེ་དག་ཀྱང་མདོ་ཙམ་ཞིག་རིན་པོ་ཆེའི་འབྱུང་གནས་ལྟ་བུའི་གཏམ་དུ་བྲིས་ཡོད་པས་དེར་བལྟ་བར་བྱའོ། །སྤྱིར་འཕགས་ཡུལ་དུ་བྱུང་བའི་གྲུབ་ཐོབ་ཀྱི་གཏམ་མཐའ་དག་སུས་བརྗོད་པར་ནུས་ཏེ། སྒྲོལ་མའི་སྔགས་རྒྱུད་ཁོ་ནས་གྲུབ་པ་ཐོབ་པའང་ཀླུ་སྒྲུབ་ཀྱི་རིང་ཁོ་ན་ལ་སྟོང་ཕྲག་ལྔ་ཙམ་བྱུང་བར་གྲགས་པ་དང༌། དཱ་རི་ཀ་པ་དང༌། ནག་པོ་སྤྱོད་པ་པའི་འཁོར་གྱི་ལོ་རྒྱུས་སོགས་ལས་རྗེས་སུ་དཔག་ནས་བསམ་གྱིས་མི་ཁྱབ་བོ་ཞེས་གོ་བར་བྱའོ། །སྔགས་ཀྱི་ཐེག་པའི་བྱུང་ཁུངས་ལ་ཅུང་ཟད་དཔྱད་པའི་སྐབས་ཏེ་བཞི་བཅུ་ཞེ་གསུམ་པའོ།། །། ༤༤ སྐུ་གཟུགས་བཞེང་པ་པོ་ཇི་ལྟར་བྱུང་ཚུལ། སྔོན་ནི་མིའི་བཟོ་བོ་ལས་ཀྱི་འཕྲུལ་དང་ལྡན་པ་དག་གིས་བཟོའི་གནས་ངོ་མཚར་བ་དག་བྱེད་པ་བྱུང་སྟེ། སྐུ་གཟུགས་སོགས་རི་མོར་བྲིས་པས་ཀྱང་དངོས་སུ་འཁྲུལ་པ་བསྐྱེད་ནུས་པ་བྱུང་བ་འདུལ་བ་ལུང་སོགས་སུ་གསལ་བར་གསུངས་པ་བཞིན་ཡིན་ལ། སྟོན་པ་མྱ་ངན་ལས་འདས་ནས་ཀྱང་ལོ་བརྒྱ་ཙམ་གྱི་བར་དུ་དེ་འདྲ་ཤིན་ཏུ་མང་ངོ༌། །དེ་ནས་དེ་འདྲ་ཆེར་མེད་པ་ན། ལྷའི་བཟོ་བོ་མང་པོ་མིར་སྤྲུལ་ནས་བྱུང་སྟེ། བྱང་ཆུབ་ཆེན་པོ་དང༌། འཇམ་དཔལ་རྔ་སྒྲ་ལ་སོགས་པ་མ་ག་དྷཱའི་རྟེན་ངོ་མཚར་ཅན་བརྒྱད་ལ་སོགས་པ་མང་དུ་བཞེངས། རྒྱལ་པོ་མྱ་ངན་མེད་ཀྱི་དུས་གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་དང༌། རྡོ་རྗེ་གདན་གྱི་ནང་སྐོར་སོགས་གནོད་སྦྱིན་གྱི་བཟོ་བོས་བཞེངས། ཀླུ་སྒྲུབ་ཀྱི་དུས་ཀླུའི་བཟོ་བོས་བཅོས་པའང་མང་དུ་བྱུང་ངོ༌། །དེ་ལྟར་ལྷ་ཀླུ་གནོད་སྦྱིན་གྱིས་བཅོས་པ་དེ་རྣམས་ནི་བཞེངས་ནས་ལོ་མང་པོར་དངོས་སུ་འཁྲུལ་པ་བསྐྱེད་ནུས་པ་ཡོད་ལ། ཕྱིས་དུས་ཀྱི་དབང་གིས་དེ་ལྟར་མེད་ནའང་བཟོ་ཁྱད་ནི་གཞན་སུས་ཀྱང་མི་ཤེས་པ་ལྟ་བུར་ཡོད། དེ་ནས་ཀྱང་ཡུན་རིང་པོར་བློ་གྲོས་ཀྱི་རྩལ་སྣ་ཚོགས་པས་བཞེངས་པའི་བཟོ་བརྒྱུད་མི་འདྲ་བ་མང་པོ་ཁོ་ན་བྱུང་གི གཅིག་གི་རྗེས་སུ་འབྲང་བའི་སྲོལ་བཙུགས་པ་ནི་མེད་དོ། །ཕྱིས་ཞིག་ན་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་དུས། བཟོ་བོ་བིམྤ་ས་ར་ཞེས་པ་ཞིག་གིས་འབུར་དང་རི་མོའི་བཀོད་པ་ཤིན་ཏུ་ངོ་མཚར་བ་སྔར་གྱི་ལྷས་བཞེངས་པ་དང་མཐུན་པ་བྱས་ཏེ། དེའི་རྗེས་སུ་འབྲངས་པ་དཔག་ཏུ་མེད་པ་བྱུང༌། བཟོ་བོ་དེ་མ་ག་དྷཱར་སྐྱེས་པས་དེའི་ལུགས་འཛིན་པའི་བཟོ་རིགས་ཕྱོགས་གང་དུ་བྱུང་ཡང་དབུས་ཀྱི་བཟོ་བོར་གྲགས་ལ། རྒྱལ་པོ་ངང་ཚུལ་གྱི་དུས། ཡུལ་མ་རུར་སྐྱེས་པ་སྲི་ག་དྷཱ་རི་ཞེས་པ་ལྷ་བཟོ་ཤིན་ཏུ་མཁས་པ་བྱུང་སྟེ། དེས་གནོད་སྦྱིན་གྱིས་བཞེངས་པ་དང་མཐུན་པའི་བྲིས་འབུར་བྱས་ཏེ། དེའི་ལུགས་འཛིན་པ་ལ་ནུབ་རྙིང་གི་ལུགས་ཞེས་གྲགས་སོ། །རྒྱལ་པོ་དེ་ཝ་པཱ་ལ་དང་དཔལ་ལྡན་ཆོས་སྐྱོང་གི་དུས། བ་རེནྡྲེའི་ཡུལ་དུ་དྷི་མཱ་ན་ཞེས་བྱ་བའི་བཟོ་བོ་ཤིན་ཏུ་མཁས་པ་ཞིག་བྱུང༌། དེའི་བུ་བིཏྤཱ་ལོ་ཟེར་བ་བྱུང༌། དེ་གཉིས་ཀྱིས་ཀླུའི་བཟོ་བོས་བཞེངས་པ་དང་མཐུན་པའི་ལུགས་མ། བརྐོས་མ། བྲིས་སྐུ་སོགས་སྣ་ཚོགས་བྱས་ཏེ། ཕ་བུ་གཉིས་ཀྱང་བཟོ་རྒྱུན་མི་འདྲ། བུ་དེས་བྷཾ་ག་ལར་བསྡད་པས་དེ་གཉིས་ཀྱི་རྗེས་འབྲང་ཚོ་ལ་ཕྱོགས་གང་དུ་བཞེངས། བཟོ་བོའི་སྐྱེ་ཡུལ་ཅི་ཡིན་ཡང༌། ལུགས་མ་རྣམས་ལ་ཤར་གྱི་ལྷ་ཞེས་ཟེར། རི་མོ་ནི་ཕ་དེའི་རྗེས་འབྲང་ལ་ཤར་རིས་དང༌། བུའི་རྗེས་འབྲང་གཙོ་བོར་མ་ག་དྷཱར་དར་བས་དབུས་ཀྱི་རི་མོར་ངོས་འཛིན། བལ་པོའི་ཡང་སྔོན་གྱི་བཟོ་རྒྱུན་ནུབ་རྙིང་དང་འདྲ། བར་སྐབས་ཀྱི་བྲིས་དང་ལི་མ་ནི་ཤར་དང་མཐུན་ཤས་ཆེ་བ་བལ་ཡུལ་རང་ལུགས་སུ་སྣང༌། ཕྱིས་ནི་ངེས་པ་མི་སྣང་ངོ༌། ཁ་ཆེར་ཡང་སྔོན་དབུས་དང་ནུབ་རྙིང་གི་རྗེས་སུ་འབྲང༌། ཕྱིས་ཧ་སུ་རཱ་ཛ་ཟེར་བ་ཞིག་གིས་བྲིས་འབུར་གཉིས་ཀའི་སྲོལ་གསར་པ་བཏོད་པའི་ལུགས་ལ་དེང་སང་ཁ་ཆེ་མ་ཟེར། གང་ན་སངས་རྒྱས་ཀྱི་བསྟན་པ་ཡོད་པ་ན་ལྷ་བཟོ་ཡང་མཁས་པར་དར། གང་ན་ཀླ་ཀློས་དབང་བྱེད་པར་ལྷ་བཟོ་ནུབ། གང་མུ་སྟེགས་དར་སར་ལྷ་བཟོ་ཡང་མི་མཁས་པ་དག་དར་བར་ཡོད། དེས་ན་གོང་དུ་སྨོས་པ་དེ་དག་གི་སྲོལ་དེང་སང་ཆེར་མེད། པུ་ཀཾ་དང༌། ལྷོ་ཕྱོགས་ཀྱི་རྒྱུད་དུ་ད་ལྟ་ཡང་སྐུ་གཟུགས་བཞེངས་བ་དར་པོ་ཡོད་ལ། དེ་དག་གི་བཟོ་རྒྱུན་བོད་དུ་སྔར་མ་བྱུང་པར་མངོན། ལྷོ་ཕྱོགས་སུ་ནི་ཛ་ཡ་ཞེས་པ་དང༌། བ་རོ་ཛ་ཡ་དང༌། བི་ཛ་ཡ་ཞེས་པ་རྒྱལ་བ་དང༌། གཞན་ལས་རྒྱལ་བ་དང༌། རྣམ་པར་རྒྱལ་བ་ཞེས་པ་གསུམ་གྱི་རྗེས་སུ་འབྲང་བ་ཤིན་ཏུ་མང་བ་ཡོད་དོ། །སྐུ་གཟུགས་བཞེང་པ་པོ་ཇི་ལྟར་བྱུང་བའི་ཚུལ་ཏེ་བཞི་བཅུ་ཞེ་བཞི་པའོ།། །། ཐ་མར་དགེ་བ་མཇུག གཏམ་གྱི་སྦྱོར་བ་འདི་ལེགས་པར་ཤེས་ན། བོད་ཀྱི་མཁས་པར་གྲགས་པ་ཆེན་པོ་འགའ་ཞིག་གིས་ཀྱང་སྟོན་པའི་གཏད་རབས་བདུན་འདས་མ་ཐག་ནས་ཀླུ་སྒྲུབ་ལ་སོགས་པ་བྱུང་བར་བྱེད་ཅིང༌། རྒྱལ་པོ་མྱ་ངན་མེད་འདས་འཕྲལ་ཙནྡྲའི་རྒྱལ་པོ་བྱུང་ངམ་སེམས་པར་བྱེད་པ་དང༌། ཙནྡྲ་བདུན་དང༌། པཱ་ལ་བདུན་ཏེ་རྒྱལ་པོ་རབས་བཅུ་བཞི་ལ་ས་ར་ཧ་ནས། ཨ་བྷ་ཡཱ་ཀ་རའི་བར་གྱི་སློབ་དཔོན་ཐམས་ཅད་ཀྱང་རྫོགས་པའི་ལུགས་སུ་བྱས་པའི་དུས་བར་ཐག་ཤིན་ཏུ་ཐུང་བ་དང༌། སློབ་དཔོན་རྣམས་ཀྱི་སྔ་ཕྱི་མ་འགྲིགས་དོགས་པ་ཁོང་དུ་བཟུང་ནས་སོ་སོའི་སྐུ་ཚེ་རིང་བར་བཅོས་ཏེ། དུས་བར་ཐག་ཤིན་ཏུ་རིང་བ་ལྟར་ཡང་ཡོད་པའི་ནོར་བ་དེ་དག་རྣམས་གཞི་མེད་དུ་སངས་པར་འགྱུར་བ་ཡིན་ནོ། །གཏམ་འདི་གཞི་གང་ལ་བརྟེན་ནས་བྱས་ཤེ་ན། བོད་དུ་སྦྱར་བའི་ཆོས་འབྱུང་བ་དང་གཏམ་རྒྱུད་ཐོར་བུ་མང་དག་འདུག་མོད་ཀྱང་གོ་རིམ་ཇི་བཞིན་ཚང་བ་འདུག་པ་མ་མཐོང་ཞིང༌། ཡིད་བརྟན་ཐུབ་ངེས་པའི་ལུགས་སུ་བྱས་པ་ཅི་རིགས་ཙམ་མ་གཏོགས་འདིར་མ་བྲིས་སོ། །རྒྱལ་པོ་རཱ་མ་པཱ་ལ་ཡན་ཆད་ཀྱི་ལོ་རྒྱུས་རྣམས་མ་ག་དྷའི་པཎྜི་ཏ་ས་དབང་བཟང་པོ་ཞེས་བྱ་བས་སྦྱར་བ་ཤློ་ཀ་ཉིས་སྟོང་གི་ཚད་དུ་བྱས་པ་ཞིག་མཐོང་ཞིང༌། བླ་མ་པཎྜི་ཏ་འགའ་ལས་ཐོས་ལ། འདིར་དེ་ཉིད་གཞིར་བཞག་པ་ལ་རྒྱལ་རིགས་ཀྱི་པཎྜི་ཏ་དབང་པོས་བྱིན་གྱིས་བྱས་པའི་བུདྡྷཿཔུ་ར་ཎ་ཞེས་བྱ་བ་རྒྱལ་པོ་སེ་ན་བཞི་པ་ཡན་ཆད་ཀྱི་གཏམ་ཆ་ཚང་དུ་ཡོད་པ་ཚིགས་སུ་བཅད་པ་སྟོང་ཉིས་བརྒྱའི་ཚད་དུ་བྱས་པ་ཞིག་སྣང་བ་དང༌། བྲམ་ཟེ་པཎྜི་ཏ་བྷ་ཊཱ་གྷ་ཊིས་བྱས་པའི་སློབ་དཔོན་རབས་ཀྱི་གཏམ་གཞུང་ཚད་སྔ་མ་ཙམ་ཞིག་ཡོད་པ་དེ་གཉིས་ལས་ཀྱང་ལེགས་པར་ཁ་བསྐངས། སོ་སོའི་དུས་བསྒྲིགས་པ་རྣམས་ཕྲན་ཚེགས་མ་གཏོགས་ཕལ་ཆེ་བ་གསུམ་ཀ་མགྲིན་གཅིག་པར་ཡོད་ལ། དེ་དག་ཀྱང་ཉི་འོག་གི་རྒྱལ་ཁམས་སུ་བསྟན་པ་བྱུང་ཚུལ་ཁོ་ན་གཙོ་བོར་བྱས་པར་སྣང་གི ཁ་ཆེ་བ་དང༌། ཨུ་རྒྱན་དང༌། ཐོ་གར་དང༌། ལྷོ་ཕྱོགས་དང༌། ཀོ་ཀི་དང༌། གླིང་ཕྲན་སོ་སོར་ཇི་ལྟར་གྱུར་གྱི་ཡི་གེ་ཞིབ་མོ་ནི་མ་མཐོང་ཞིང་མ་ཐོས་པས་བྲི་བར་མ་ནུས་སོ། ། ཕྱིས་བྱུང་གི་གཏམ་ཐོར་བུ་རྣམས་ལ་སྔོན་ཆད་ཡི་གེ་མེད་ཀྱང་གསུང་རྒྱུན་ལས་འབྱུང་བའི་ཡིད་ཆེས་ཅན་ཡིན་ཞིང༌། གཏམ་རྒྱུད་མེ་ཏོག་ཕྲེང་བ་ལས་འབྱུང་བ་རྣམས་ཀྱང་བཀོད་པ་ཡིན་ནོ། ། མཇུག་བྱང་།དེ་ལྟར་རྨད་བྱུང་གཏམ་གྱི་ནོར་བུ་ནི། ། གོ་སླའི་ཚིག་གི་སྲད་བུ་ལ་བརྒྱུས་ནས། ། བློ་གསལ་རྣམས་ཀྱི་མགྲིན་པ་བརྒྱན་པའི་ཕྱིར། ། འཚམ་ཤིང་བདེ་བའི་ཕྲེང་བར་སྤེལ་འདིའོ། ། རྒྱལ་བའི་བསྟན་ལ་བྱ་བ་བྱས་པ་ཡི། ། སྐྱེས་མཆོག་རྣམས་ལ་དད་པ་ཆེར་འཕེལ་ཞིང༌། ། གཞུང་ལུགས་རྣམས་ཀྱང་ཁུངས་ལྡན་མི་ལྡན་གྱི། ། དབྱེ་བ་ཤེས་འགྱུར་འདི་ཡི་དགོས་པ་ཡིན། ། དམ་པའི་ཆོས་ལའང་དད་པ་རྒྱས་འགྱུར་ཞིང༌། ། མཁས་ཤིང་གྲུབ་པའི་བསྟན་པ་འཛིན་རྣམས་ཀྱི། ། མཛད་པའི་འཕྲིན་ལས་བཟང་པོ་གང་ཡིན་པ། ། དེ་དག་ངེས་པར་བྱེད་པའང་འདིའི་དགོས་པ། ། ལམ་དང་གང་ཟག་ལ་དད་ནས། ། དེ་དེའི་ཆོས་ལ་ཞུགས་པ་ན། ། མཐར་ཐུག་སངས་རྒྱས་ཐོབ་པ་ནི། ། ཆེད་དུ་བྱ་བ་ཡིན་པར་བཤད། ། དགེ་བ་འདི་ཡིས་སེམས་ཅན་ཀུན། ། བཟང་པོའི་སྤྱོད་པ་འདིར་ཞུགས་ནས། ། བླ་མེད་སངས་རྒྱས་ཉིད་གྱུར་ཏེ། ། ཡོན་ཏན་ཀུན་གྱིས་བརྒྱན་པར་ཤོག ། མཛད་བྱང་།དཔལ་གྱི་འབྱུང་གནས་དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་འདི་ནི་དོན་གཉེར་འགའ་རེས་བསྐུལ་བ་དང༌། གཞན་ལ་ཕན་པར་ཡང་མཐོང་ནས་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་སུམ་ཅུ་སོ་བཞི་པ་ས་ཕོ་སྤྲེའུ་ཕུར་བུའི་ལོ་ལ་བྲག་སྟོད་ཆོས་ཀྱི་ཕོ་བྲང་དུ་སྦྱར་བའོ། །བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ། ། །