རྒྱལ་བ་ཐུབ་བསྟན་རྒྱ་མཚོ།

   མི་གཞན་གྱིས་ཁྱེད་ཀྱི་ཤོག་ལྷེ་འདིའམ་དུམ་བུ་འདི་འབྲེལ་དགོས་པའི་བསམ་འཆར་འདུག „ཐུབ་བསྟན་རྒྱ་མཚོ།“!
ཞིབ་ཅིང་ཕྲ་བའི་གླེང་མོལ་ མང་པོ་མཐོང་ཐུབ།

༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་ 1876 – 1933) དགུང་ལོ་གསུམ་ཐོག་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་གིས་གཙུག་ཕུད་བཞེས་ཤིང་མཚན་ལ་རྗེ་བཙུན་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་དབང་ཕྱུག་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་གསོལ། དགུང་ལོ་བཞི་བའི་ས་ཡོས་སྤྱི་ལོ་ ༡༨༧༩ལོར་པོ་ཏཱ་ལའི་གསེར་ཁྲི་ལ་མངའ་གསོལ།

རྒྱལ་དབང་མཆོག་དང་ཅར་སི་བལ་ མ་ཧ་ར་ཇ་ཀུ་མར་ལྷན་དུ་ཀ་ལི་ཀ་ཊར་སྒྲོན་པའི་སྐུ་དཔར་

དགུང་ལོ་ཉི་ཤུར་བོད་འབངས་དཔོན་རིགས་སེར་སྐྱ་ཡོངས་ཀྱིས་རེ་སྐུལ་ལྟར་ཏཱ་ལའི་བླ་མ་ཐུབ་བསྟན་རྒྱ་མཚོས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་ཡོངས་རྫོགས་བཞེས་ཏེ་གྱེས་སྟོན་གཟབ་རྒྱས་སྤེལ།

ཁོང་ནི་ཆབ་སྲིད་མཁས་ཅན་ཞིག་དང་གསར་བརྗེ་བ་ དམག་དོན་ དཔལ་འབྱོར་སོགས་གང་ཅི་ཐད་ཐུགས་རྒྱ་ཡངས་པའི་དབུ་ཁྲིད་ཞིག་ཡིན། དབྱིན་ཇི་དང་ཨུ་རུ་སུའི་རྒྱལ་ཁམས་བར་དུ་གནས་པའི་བོད་ཀྱི་ཉག་ཕྲ་བའི་དུས་སྐབས་སུ་མཛད་པ་རྒྱ་ཆེར་བསྐྱངས། བོད་དུ་ཕྱི་ཡི་རྒྱལ་ཁབ་ཁག་དང་འབྲེལ་བ་བྱས་ནས་ཚན་རིག་ལག་རྩལ་སྤེལ་བ་དང་དམག་དོན་སྦྱོང་བརྡར་བཅས་ཀྱི་བྱ་གཞག་གསར་གཏོད་བྱས། ལྷ་སའི་གྲོང་དུ་ཉེན་སྲུང་དམག་སྒར་གསར་འཛུགས་གནང་སྟེ་སྤྱི་ཚོགས་བདེ་འཇགས་ལ་ཤུགས་སྣོན་གནང༌། སྦྲག་ཁང་དང་ཏར་ཁང་སོགས་གསར་འཛུགས་གནང་སྟེ་འགྲིམ་འགྲུལ་དང་ཆ་འཕྲིན་ལས་ཀ་ལ་ཤུགས་སྣོན་གནང༌། དེ་རྗེས་དངུལ་ཁང་གསར་དུ་བཙུགས་པ་སོགས་བོད་དུ་དེང་དུས་དང་མཐུན་པའི་གསར་བརྗེ་ལས་འགུལ་གང་མང་ཞིག་བཀའ་དྲིན་བསྐྱངས་གནང་།

སྐུ་ན་ཆུང་དུས་ཀྱི་མཛད་པ། རྩོམ་སྒྲིག

རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་ནི། ཡབ་ཀུན་དགའ་རིན་ཆེན་དང༌། ཡུམ་བློ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་བྱི་ སྤྱི་ལོ་1876ལོར་དྭགས་པོ་གླང་མདུན་དུ་སྐུ་འཁྲུངས། ཐོག་མའི་མཚན་ལ་བློ་བཟང་ཐབས་མཁས་རྒྱ་མཚོ་གསོལ། དེའི་ཕྱི་ལོར་རྒྱལ་ཚབ་རྟ་ཚག་ངག་དབང་དཔལ་ལྡན་དང་བཀའ་ཤག་གི་ལས་འཛིན་རྣམས་ཀྱིས་ཆོས་སྐྱོང་གི་ལུང་དང་རྨི་ལྟས་སོགས་ལ་བརྟེན་ནས་གླང་མདུན་ཚང་གི་སྲས་བློ་བཟང་ཐབས་མཁས་རྒྱ་མཚོ་ཏཱ་ལའི་བླ་མའི་ཡང་སྲིད་དུ་ངོས་འཛིན་བྱས་ཤིང་ལྷ་སར་གདན་འདྲེན་ཞུས།

དགུང་ལོ་གསུམ་པའི་ས་སྟག་ སྤྱི་ལོ་1878ལོར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་གིས་གཙུག་ཕུད་བཞེས་ཤིང་མཚན་རྗེ་བཙུན་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་དབང་ཕྱུག་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་ཞེས་གསོལ། དགུང་ལོ་བཞི་པའི་ས་ཡོས་ སྤྱི་ལོ་1879ལོར་པོ་ཏ་ལའི་གསེར་ཁྲི་ལ་མངའ་གསོལ། དགུང་ལོ་བདུན་པ་ཆུ་རྟ་ སྤྱི་ལོ་1882ལོར་པཎ་ཆེན་དང་རྟ་ཚག་རིན་པོ་ཆེ་སོགས་ཀྱི་མདུན་དགེ་ཚུལ་གྱི་སྡོམ་པ་བཞེས།

དགུང་ལོ་བཅུ་གཅིག་པ་མེ་ཁྱི་ སྤྱི་ལོ་1886ལོར་རྒྱལ་ཚབ་རྟ་ཚག་སྐུ་གཤེགས། དེ་མོ་ཧོ་ཐོག་ཐུ་སླར་ཡང་བོད་ཀྱི་སྲིད་ཁྲིར་འཁོད། ཏཱ་ལའི་བླ་མ་མཆོག་ནས་ཡོངས་འཛིན་རྣམ་གཉིས་སོགས་མཁས་པ་དུ་མ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་ཐམས་ཅད་ལ་གསན་སྦྱོང་མཐར་ཕྱིན་པར་གནང༌། དགུང་ལོ་ཉི་ཤུ་པའི་ཤིང་ལུག་ སྤྱི་ལོ་1895ལོར་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་མདུན་དུ་ཡོངས་འཛིན་ཕུར་ལྕོག་བྱམས་པ་རྒྱ་མཚོས་མཁན་སློབ་སྦྲགས་མ་དང༌། ཡོངས་འཛིན་གླིང་སྤྲུལ་བློ་བཟང་ལུང་རྟོགས་འཕྲིན་ལས་ཀྱིས་གསང་སྟོན་པ། སྒྲུབ་ཁང་སྤྲུལ་སྐུས་དུས་བསྒོ་བ་བཅས་མཛད་དེ་རབ་བྱུང་བསྙེན་རྫོགས་ཞུས། ལོ་དེར་བོད་འབངས་དཔོན་རིགས་སེར་སྐྱ་ཡོངས་ཀྱིས་རེ་སྐུལ་ལྟར་ཏཱ་ལའི་བླ་མ་ཐུབ་བསྟན་རྒྱ་མཚོས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་ཡོངས་རྫོགས་བཞེས་ཏེ། དགྱེས་སྟོན་གཟབ་རྒྱས་སྤེལ།

གསང་བའི་རེ་ངན་ཅན་བཟུང་བ། རྩོམ་སྒྲིག

སྐབས་དེར་བོད་ཀྱི་དཔོན་རིགས་རྣམས་དབང་ཆ་རྩོད་པའི་རྙོག་འཛིང་ཆེན་པོ་ཡོད་པར་བརྟེན། དགུང་ལོ་ཉེར་བཞི་པའི་ས་ཕག་ སྤྱི་ལོ་1899ལོར་རྒྱལ་ཚབ་དེ་མོ་ངག་དབང་བློ་བཟང་འཕྲིན་ལས་རབ་རྒྱས་དང༌། ཚ་བོ་ནོར་བུ་ཚེ་རིང་དང་དོན་ལྡན་སོགས་ཀྱིས་བོད་ཀྱི་ཆབ་སྲིད་དབང་ཆ་ཡོངས་རྫོགས་གཟུང་རྒྱུའི་རེ་བས། ཏཱ་ལའི་བླ་མའི་དགུང་སྙིང་མཚན་གསལ་བཀོད་པའི་ལིངྒ་བཅས་པ་དང༌། གནོན་གཏད་ཀྱི་རྫས་སྦྱོར་མང་པོ་ལྷ་སའི་ཕྱོགས་བཞིར་སྦས་ནས་ནད་མུག་མཚོན་གསུམ་སོགས་བཀྲ་མི་ཤིས་པའི་ལྟས་ངན་འབྱུང་རེ་ཡིས་དཔལ་རི་སྤྲུལ་སྐུ་དང་ཉག་སྤྲུལ་སོགས་ལ་མངོན་སྤྱོད་ཀྱི་ཆོ་ག་མང་པོ་བསྒྲུབ་ཏུ་བཅུག་པ་དང༌། དུག་སྦྱོར་གྱིས་ཏཱ་ལའི་བླ་མ་དཀྲོང་རྩིས་བྱས་པ་མཐིལ་བརྟོལ་བྱུང་བས། དེ་དག་ལ་ཁྲིམས་ཆད་འོས་འཚམ་བཅད།

ཆོས་སྲིད་ཀྱི་མཛད་པ། རྩོམ་སྒྲིག

དབྱིན་ཇིས་རྒྱ་གར་ལ་དབང་སྒྱུར་བྱེད་བཞིན་པའི་སྐབས་བལ་ཡུལ་དང་ འབྲུག འབྲས་ལྗོངས་སོགས་ཉེ་འཁོར་རྒྱལ་ཕྲན་ཁག་ཟ་སེམས་ཀྱིས་ཞི་དྲག་གི་ཐབས་ཤེས་རིམ་པར་བྱས་ཤིང། ལྷག་པར་དུ་སྤྱི་ལོ་ 1868 ལོའི་དབྱིན་འབྲུག་དབར་ཆིངས་ཡིག་གི་ནང་དོན་དང།. སྤྱི་ལོ་ 1885 ལོར་དབྱིན་ཇི་དང་རྒྱ་ནག་མན་ཇུ་དབར་བཞག་པའི་ཆིངས་ཡིག་ནང་དབྱིན་ཇི་བ་རྒྱ་ནག་དང་རྒྱ་གར་དུ་ལྟ་སྐོར་འགྲོ་སྐབས་བོད་ནས་འགྲོ་བསྐྱོད་ཆོག་པའི་ཆོད་དོན་བཞག་པ་བཅས་ལ་བོད་གཞུང་གིས་ངོས་ལེན་མ་བྱས་ཤིང་ ས་གནས་རྫོང་གཞིས་ཁག་ལ་ཕྱི་རྒྱལ་མི་གཅིག་ཀྱང་བོད་ནང་གཏོང་མི་ཆོག་པའི་བཀའ་ཁྱབ་གནང།

ས་བྱི་སྤྱི་ལོ་ 1888 ལོར་འབྲས་ལྗོངས་དང་བོད་ཀྱི་ས་མཚམས་ལུང་ཐུར་ཁུལ་དུ་དབྱིན་ཇིས་ཚུར་རྒོལ་བྱས་པ་མ་ཟད་ དེ ་རྗེས་ལྕགས་སྟག་སྤྱི་ལོ་ 1890 ལོར་རྒྱ་གར་དང་མན་ཇུ་ཨམ་བན་དབར་ཀ་ལི་ཀ་ཏར་ཆིངས་ཡིག་དོན་ཚན་བརྒྱད་ཅན་ཞིག་དང་། ཤིང་སྦྲུལ་སྤྱི་ལོ་ 1893 ལོར་རྡོར་གླིང་དུ་དབྱིན་ཇི་དང་རྒྱ་ནག་གི་སྐུ་ཚབ་དབར་ཚོང་དོན་སྒྲིག་འཛུགས་ཟེར་བའི་ཆིངས་ཡིག་དོན་ཚན་དགུ་ཅན་བཅས་རིམ་འཇོག་བྱས་པར་བོད་གཞུང་གིས་ངོས་ལེན་ནམ་ཡང་མ་བྱས་པ་སོགས་ལ་བརྟེན། ཤིང་འབྲུག་སྤྱི་ལོ་ 1904 ལོར་ཡཱང་ཧ་སེ་བན་གྱིས་གཙོས་པའི་དབྱིན་དམག་སྟོང་ཕྲག་མང་པོས་འཕྲུལ་མདའ་དང་མེ་སྒྱོགས་སོགས་ཀྱིས་བོད་དམག་རྣམས་ཕམ་ཉེས་ཆེན་པོ་བཏང་སྟེ། ་གཞིས་ཀ་རྩེ་དང་རྒྱལ་རྩེ་སོགས་བཙན་བཟུང་གིས་ལྷ་ས་དང་ཉེ་བའི ་ལྕགས་ཟམ་གྲུ་ཁར་འབྱོར་འཕྲལ། སྐབས་དེའི་སྲིད་སྐྱོང་དགའ་ལྡན་ཁྲི་ཟུར་བློ་བཟང་རྒྱལ་མཚན་གྱིས་གཙོས་པའི་བོད་གཞུང་གི་སྐུ ་ཚབ་ཀྱིས་རྒྱ་བལ་འབྲུག་གསུམ་གྱི་རྒྱལ་ཁབ་སོ་སོའི་སྐུ་ཚབ་དཔང་པོ་བཙུགས་ཏེ་དབྱིན་ཇི་དང་གྲོས་མཐུན་དོན་ཚན་ བཅུ་ཅན་ཞིག་བཞག་པའི་ནང་ བོད་ནང་དབྱིན་ཇིའི་ཚོང་ར་འཛུགས་རྒྱུ་དང་བོད་འབྲས་ས་མཚམས་ཀྱི་རྩོད་རྙོག་སེལ་ཐབས། དབྱིན་གཞུང་ལ་དམག་གི་འགྲོ་གྲོན་གུན་གསབ་སློག་ཆ་སྟེར་རྒྱུ་སོགས་འཁོད་ཡོད།

ཕྱི་ལོ་ 1890 ལོར་གཞུང་ཞབས་བསྐོ་བཞག་སྐབས་མིའི་འཇོན་ནུས་དང་སྤྱི་མོས་དྲང་ཚུགས་སོགས་ཀྱི་ཆ་རྐྱེན་གཙོ་བོར་བཟུང་དགོས་པ་ལས་ སྔར་ལམ་ཕ་གཞིས་རྒྱུན་འཛིན་ཁོ་ནའི་ལམ་དུ་འགྲོ་མི་རུང་བའི་རྒྱས་དཔྱད་དང། གདན་ས་གསུམ་གྱིས་གཙོས་རིས་མེད་དགེ་འདུན་གྱི་སྡེ་རྣམས་ལ་ཁྲིམས་འདོམས་ཚུལ་བཞིན་དགོས་པའི་ལས་སྣེ་ཚོར་བཀའ་བསྒྱུར་དང་ཆོས་སྡེ་སོ་སོར་དཔྱད་ཁྲ་སྩལ། དེ་ནས་བོད་ཀྱི་ཤོག་དངུལ་ཊམ་ལྔ་བཅུ་དང་ ཊམ་ཉེར་ལྔ་སོགས་དང་ ཟངས་ཊམ་བཅུ་སྒོར་དཔར་འགྲེམས་གནང་བ་མ་ཟད་ གསེར་ཊམ་ཡང་པར་འདེབས་མཛད་

དབྱིན་བོད་དམག་འཁྲུག་དང་རྒྱ་སོག་ཡུལ་དུ་ཆིབས་བསྒྱུར་ཚུལ། རྩོམ་སྒྲིག

སྤྱི་ལོ་1904ལོར་བོད་ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་དབྱིན་དམག་བོད་ལ་བཙན་འཛུལ་བྱས་ཏེ་ཆུ་ཤུར་ལྕགས་ཟམ་ཁར་འབྱོར། ཏཱ་ལའི་བླ་མ་སྐུ་འཁོར་ཧྲག་བསྡུས་བཅས་ཉེན་ཁ་གཡོལ་ཆེད་སོག་ཡུལ་དུ་ཆིབས་བསྒྱུར་གནང༌། དེའི་ཕྱི་ལོ་ཤིང་སྦྲུལ་ སྤྱི་ལོ་1905ལོར་སོག་ཡུལ་དུ་ཆོས་འཁོར་བསྐོར་པས་མཚན་སྙན་ཕྱོགས་ཀུན་ཁྱབ། ཟང་ཟིང་གི་འབུལ་བ་རྒྱ་ཆེར་བྱུང༌། སྤྱི་ལོ་1906ལོར་སི་ཁྲོན་ཙུང་ཏུ ་ཀྲོ་ཨེར་ཧྥེང་བོད་ཤར་ཕྱོགས་ཁམས་པའི་ཡུལ་དུ་ཕྱིན་ནས།

སྤྱི་ལོ་1908ལོ་བར་ལོ་ངོ་གཉིས་ཙམ་རིང་ལ་བོད་མི་ཁྲི་ཚོ་ལྔ་ལྷག་ཙམ་ཧམ་བསད་བྱས་པར་གྲགས། ཐོག་མར་འབའ་བསྟན་གཉིས་དགོན་པའི་ནང་གི་བླ་གྲྭ་ལྔ་བརྒྱ་ཙམ་འདུ་ཁང་ནང་དུ་དུས་གཅིག་ལ་མེ་བསྲེགས་བཏང༌། དེ་ནས་རིམ་བཞིན་འབའ་དང༌། ལི་ཐང༌། སྡེ་རོང༌། ཕྱག་ཕྲེང༌། སྨར་ཁམས། བྲག་གཡབ། ཆབ་མདོ་སོགས་ཀྱི་ས་ཁུལ་དུ། བཙན་ཤེད་ཀྱི་སྒོ་ནས་བོད་མི་རྣམས་ལ་རྒྱ་མིང་འདོགས་པ་དང༌། རྒྱ་ཡིག་སྦྱོང་བཅུག་ཅིང༌། གལ་སྲིད་རྒྱ་མིང་མེད་པ་དང་རྒྱ་ཡིག་མི་སྦྱོང་མཁན་ལ་ཁྲལ་ཆེན་པོ་བཀོད་པ་དང༌། ཆེ་ན་སྲོག་ཆད་བཅད་པ་སོགས་གདུག་རྩུབ་ཆེ་བའི་མནར་གཅོད་མང་པོ་བཏང༌། རྒྱ་མིང་བེད་སྤྱོད་པ་དང་རྒྱ་ཡིག་སྦྱོང་མཁན་ལ་ཁྲལ་མི་བཀོད་པ་སོགས་མི་རིགས་རིགས་འགྱུར་ཐབས་ཤེས་གང་མང་བྱས་པ་མ་ཟད། ས་གནས་སོ་སོའི་དཔོན་རིགས་རྣམས་བསད་ནས་རྒྱ་དཔོན་བསྐོས་པ་ལ་ལོ་རྒྱུས་ཐོག་ཡུལ་དཔོན་རྒྱ་བསྒྱུར་གྱི་ལས་འགུལ་ཞེས་གྲགས། དེའི་རྐྱེན་གྱིས་དེང་དུས་འབའ་ལི་རྒྱལ་གསུམ་སོགས་ཀྱི་ཡུལ་དེ་དག་གི་ཕྱོགས་སུ་བོད་པ་རྒྱ་མིང་ཅན་གྱི་ཁྱིམ་ཚང་མང་པོ་ཡོད་པ་རེད།

སྤྱི་ལོ་1908ལོར་མན་ཇུ་གོང་མས་ཀྲོ་ཨེར་ཧྥེང་ལ་བོད་སྡོད་ཨམ་བན་གྱི་ལས་འགན་བསྐོས་པ་དང༌། བོད་ནས་ཀྲོ་ཨེར་ཧྥེང་བོད་དུ་ཡོང་ན་དེ་བས་ཀྱང་མི་མང་པོའི་སྲོག་ལ་གནོད་པར་དོགས་ནས་མན་ཇུ་གོང་མ་ལ་ཡི་གེ་བཏང་སྟེ། ཀྲོ་ཨེར་ཧྥེང་གིས་ཁམས་ཕྱོགས་སུ་ཁྲིམས་མེད་ལུགས་མེད་ཀྱིས་བསད་གཅོད་འཕྲོག་བཅོམ་བྱས་ཚུལ་དང༌། ལྷ་སར་ཡོང་ན་དགའ་བསུ་མེད་ཚུལ་རྣམས་ཞུས་པར། གོང་མས་དེ་མ་ཐག་ཨམ་བན་གྱི་གོ་གནས་ཕྱིར་འཐེན་བྱས་ཏེ། ཀྲོ་ཨེར་ཧྥེང་ཆབ་མདོ་ནས་ཕྱིར་ཁྲེན་ཏུར་སྐད་བཏང༌། དགུང་ལོ་སོ་གཅིག་པའི་ས་སྤྲེལ་ སྤྱི་ལོ་1908ལོར་ཏཱ་ལའི་བླ་མ་སྐུ་འཁོར་དང་བཅས་པ་རི་བོ་རྩེ་ལྔ་བརྒྱུད་ནས་པེ་ཅིང་དུ་ཕེབས། མན་ཇུ་གོང་མ་འོད་གསལ་དང་མཇལ་འཛོམས་བྱུང༌།

མན་ཇུ་དམག་གི་འཇིག་པ་དང་རྒྱ་གར་དུ་ཆིབས་བསྒྱུར་ཚུལ། རྩོམ་སྒྲིག

 
ཀ་ལི་ཀ་ཏར་དབྱིན་ཇི་སྐུ་ཚབ་ལྷན་དུ།

དགུང་ལོ་སོ་གཉིས་པའི་ས་བྱ་ སྤྱི་ལོ་1909ལོར་སྐུ་འབུམ་བརྒྱུད་ནས་དབུས་སུ་ཕེབས། ལྷ་སར་འབྱོར་ཁར་བོད་བཞུགས་ཨམ་བན་ལྱེན་ཡུས་སྐུ་འཁོར་རྣམས་བསུ་བར་ཕེབས་ཀྱང་གོང་ས་མཆོག་གིས་དགྱེས་ཚུལ་མ་བསྟན་པས་དེ་ཁོང་ཁྲོ་སྐྱེས་ཏེ་ཨུ་རུ་སུའི་མཚོན་ཆ་ཁྱེར་ཡོད་པ་ལ་ཁ་གཡར་ནས་སྔོག་བཤེར་བྱས་པས་སྐུ་ཆས་མང་པོ་བོར་བརླག་སུ་སོང༌། རྒྱལ་དབང་མཆོག་གི་བོད་བཞུགས་ཨམ་བན་ལ་འབྲུ་རིགས་དང་གཟན་ཆས་མཁོ་འདོན་བྱེད་མི་ཆོག་པའི་བཀའ་བོད་ཁམས་ཡོངས་ལ་བསྒྲགས།

ཟི་ཁྲོན ་ནས་ལུའུ་ཅུན་རྒྱ་དམག་ཁྲི་ཕྲག་བརྒལ་བས་ཁམས་ཕྱོགས་སུ་བཙན་འཛུལ་གྱིས་ལྕགས་ཁྱི་སྤྱི་ལོ་ 1910 ལོར་ལྷ་སར་འབྱོར་ནས་ མི་གསོད་ཁྲག་སྦྱོར་དང་་. འཕྲོག་བཅོམ་ཚོད་མེད་བྱས་ཏེ་ཟིང་ཆ་བསླངས་པར་བརྟེན་གོང་ས་མཆོག་གི་སྐུ་སྲོག་ལ་ཉེན་ཁ་ཆེ་བས་ སྐབས་དེར་དགའ་ལྡན་ཁྲི་པ་ཚེ་སྨོན་གླིང་རྒྱལ་ཚབ་ཏུ་བསྐོས་ནས་རྒྱལ་བ་རིན་པོ་ཆེ་སྐུ་འཁོར་རྣམས་་གྲོ་མོ་བརྒྱུད་རྒྱ་གར་དུ་ཡུལ་བྱོལ་དུ་ཕེབས། ཀ་ལོན་སྦུག་ཏུ་བཞུགས་སྐབས་མན་ཇུ་གོང་མའི་སྲིད་གཞུང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཏཱ་ལའི་བླ་མའི་གོ་ས་གནས་དབྱུང་བྱས་ཏེ་ཡང་སྲིད་གསར་དུ་གསེར་བུམ་དཀྲུགས་ནས་བསྐོ་བཞག་བྱ་རྒྱུ་ཞེས་ཁྱབ་བསྒྲགས་བྱས་ཀྱང། དོན་ཐོག་ལ་རྒྱལ་དབང་མཆོག་ནི་བོད་མི་ཐ་དག་གི་ངོས་འཛིན་བྱེད་བཞིན་པའི་དབུ་ཁྲིད་གཅིག་པུ་དེ་ཡིན་པ་དང་ བོད་ཡོངས་རྫོགས་ནི་གཞུང་ས་དགའ་ལྡན་ཕོ་བྲང་གི་སྔར་བཞིན་འཛིན་སྐྱོང་བྱེད་པས་ཆིན་སྲིད་གཞུང་ལ་ཐེ་བྱུས་གང་ཡང་མེད།

དགུང་ལོ་སོ་དྲུག་པའི་ལྕགས་ཕག་ སྤྱི་ལོ་1911ལོར་འབྲུག་པ་རྒྱལ་པོས་ཀམལོན་སྦུག་ཏུ་ཡོད་པའི་ཁམས་ཡངས་ཤིང་བཀོད་པ་ལེགས་པའི་སྤྲོ་མང་ཞིག་ཕུལ་བས་དེར་བོད་དུ་ཕྱིར་ལོག་མ་མཛད་བར་བཞུགས། རྒྱ་ནག་ཏུ་སུན་ཀྲུང་ཧྲན་གྱིས་གསར་བརྗེ་བྱས་ནས་མན་ཇུ་སྲིད་གཞུང་མེད་པར་བྱས།

བོད་ཡུལ་དུ་ཕྱིར་ཕེབས་པ་དང་ཆབ་སྲིད་སྲ་བརྟན་མཛད་ཚུལ། རྩོམ་སྒྲིག

ལྕགས་ཕག་ཕྱི་ལོ་ 1912 ལོར་རྒྱ་ནག་ཏུ་སུན་ཀྲུང་ཧྲན་གྱི་འགོ་འཕྲིད་འོག་རྒྱ་ནག་མི་མང་མན་ཇུའི་དབང་སྒྱུར་མཐར་སྤྲོད་གཏོང་བའི་གོ་སྐབས་དང་བསྟུན་ཏེ་བོད་མི་ཚོས་བོད་ནང་ཡོད་པའི་ཀྲའོ་ཨར་ཕུང་དང་ལུའུ་ཅུན་གྱི་དཔུང་དམག་ལ་ཕར་རྒོལ་གྱིས་ཕྱིར་འབུད་བཏང་སྟེ་. ྋརྒྱལ་དབང་རིན་པོ་ཆེ་སྟོན་འཁོར་ལྷ་སར་ཆིབས་བསྒྱུར་གནང་བ་བཅས་། ཆུ་གླང་སྤྱི་ལོ་ 1913 ལོར་བོད་དང་ཕྱི་སོག་དབར་སོག་པོའི་རྒྱལ་ས་ཨུར་གར་ཏེ། ད་ལྟའི་ཨོ་ལན་བྷྭ་ཐུར་དུ་ཆིངས་ཡིག་བཞག་པ་དང་། བོད་མི་སེར་སྐྱ་ཡོངས་ལ་སྤང་བླང་རྩ་ཚིག་དོན་ཚན་ལྔ་ཅན་དང་སྦྲགས་བོད་རང་སྐྱོང་ངོས་གཙང་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

སྤྱི་ལོ་ 1913 ལོར་སྦྲག་ཟམ་དང་་. ཏར་ཁང་གསར་འཛུགས་གནང་བ་དང་ཆབས་ཅིག་སྦྲག་ འཛིན་ཁ་གང་དང་་. སྐར་ལྔ་. སྐར་ཕྱེད་བརྒྱད་. ཞོ་གང་་. ཊམ་གཅིག ཊམ་གཉིས་སོགས་འདོན་འགྲེམས་དང་་. ཕག་རི་ནས་རྒྱལ་རྩེ་ བརྒྱུད་ལྷ་ས་དང་་. དེ་ནས་ཀོང་པོ་རྒྱ་མདའ་བར་ཡིག་སྐྱེལ་ཏར་གཏོང་གི་ལམ་ཁ་ཚུགས་. ལོ་དེར་རྩིས་དཔོན་ལུང་ཤར ་རྡོ་རྗེ་ཚེ་རྒྱལ་གྱིས་སྣེ་འཁྲིད་པའི་ས་གཏེར་འཚོལ་ཞིབ་དང་་. གློག་ལས་སྦྲག་ཏར་སོགས་ཀྱི་ཤེས་བྱ་སྦྱོང་མི་བོད་ ཕྲུག་བཞི་དབྱིན་ཡུལ་ལོན་ཀྲོན་དུ་སློབ་གཉེར་ལ་ཆེད་གཏོང་གནང།

སྤྱི་ལོ་ 1913 ལོའི་ཟླ་ 1 ཚེས་ 8 ལ་ྋརྒྱལ་དབང་མཆོག་ནས་བོད་རྒྱ་ཁྱབ་ཡོངས་ལ་རྩ་ཚིག་དོན་ཚན་ལྔ་ཅན་ཞིག་ཁྱབ་བསྒྲགས ་མཛད་དེ་བོད་རང་སྐྱོང་ངོས་གཙང་ཡིན་པའི་གནས་བབས་གསལ་འདོན་དང་་. བོད་ཁམས་ཀྱི་རིས་མེད་དགོན་སྡེ་མཆིས་སོ་ཅོག་ གི་མཆོད་རྒྱུན་མི་ཉམས་གོང་འཕེལ་དང། གཙུག་ལག་ཁང་ཉམས་གསོ་གཅེས་སྤྲས་དགེ་འདུན་རྣམས་འདུལ་ཁྲིམས་ནན་སྲུང་ཐོག་མདོ་སྔགས་གཞུང་ལུགས་ལ་སློབ་སྦྱོང་གཟབ་ནན་དགོས་པ་མཁན་པོ་བླ་སྤྲུལ་དང་དགེ་བཤེས་སོགས་ཀྱི་ཤེས་ཡོན་ཞིབ་བཤེར་. བུ་ཚས་ཕ་མར་བཀུར་བསྟི་. གཞུང་གི་སྣེ་མོ་ལས་འཛིན་ཡོངས་ནས་ཁྲལ་བསྡུ་དང་་. ཁྲིམས་གནོན་གྱི་བྱེད་སྒོ་ཅི་མཆིས་དྲང་པོས་གཞུང་ བསྲང་དགོས་པ་ལས་ཆབ་འབངས་སྡུག་མནར་བརྡབ་གསིག་གིས་ཆགས་ཐབས་བྲལ་བ་དང་ལེ་ཐོགས་ཕྲན་བུར་བསྙད་དེ་ས་ཁང་གཞུང་ལེན་སོགས་ཀྱི་བྱ་ངན་དེ་རིགས་མིང་ཙམ་མེད་པ་བཟོ་རྒྱུ་. གཡོག་རིགས་རྒན་རྒོན་ཐ་ཉེས་སུ་གཏོང་མི་ཆོག་པ་ལམ་འཁེལ་རྫོང་ཁག་གི་རྟ་ཁལ་མི་སོགས་ཀྱི་ཁྲལ་རིགས་ཆག་ཡང་གཏོང་བ་. སྤྱི་ས་རི་ཀླུང་བེད་སྤྱོད་མ་བྱས་པར་ལྷག ་པ་ཇི་ཡོད་ལ་བོད་མི་ཁྱིམ་པ་ཉམས་མྱོང་དང་རྩོལ་བ་ཅན་སུས་ཀྱང་ས་ཞིང་འདུལ་བ་དང་་. སྦྱར་བ་དང། ལྕང་མ་སོགས་ཤིང་རིགས་འདེབས་འཛུགས་བྱས་ན་གཞུང་དང་། སྒེར་པ། ཆོས་སྡེ་བཅས་སུས་ཀྱང་བཀག་འགོག་བྱས་མི་ཆོག་པ་སོགས་རྒྱལ་བསྟན་དར་ཞིང་ཆབ་སྲིད་བརྟན་པ་ཡུལ་དང་ཡུལ་མིའི་གནས་སྟངས་ཡར་རྒྱས་གཏོང་ཕྱོགས་སྐོར་བཀོད་ཁྱབ་ཞིབ་ནན་མཛད།

ཁོང་གིས་ཕྱི་ཕྱོགས་ལ་འབྲེལ་བ་བྱས་ནས་ཚན་རིག་གི་ལག་ཤེས་སྤེལ་བ་དང༌། དམག་དོན་སྦྱོང་བརྡར་སོགས་ཀྱི་ཕྱག་ལས་མང་པོ་དབུ་བཙུགས། དགུང་ལོ་སོ་བརྒྱད་ཆུ་གླང་སྤྱི་ལོ་༡༩༡༣ལོར་གཞུང་སྒེར་དགོན་སྡེ་སོགས་ཀྱིས་བདག་ཉར་བྱས་པའི་ས་སྟོང་རྣམས་མི་སུས་བརྐོས་ནས་ས་ཞིང་དུ་བསྒྱུར་ན་རང་མོས་སུ་བེད་སྤྱད་ཆོག་པར་མ་ཟད་ལོ་གསུམ་གྱི་རིང་ལ་ཁྲལ་འཇལ་མི་དགོས་པའི་བཀའ་བསྒྲགས་པ་སོགས་ཞིང་ལས་ལ་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ཤུགས་སྣོན་མཛད།

ཤིང་སྟག་སིམ་ལའི་ཆིངས་ཡིག རྩོམ་སྒྲིག

སྤྱི་ལོ་ 1914 ལོར་ྋརྒྱལ་དབང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རྒྱ་ཞི་བདེ་ཡུན་གནས་ཡོང་ཐབས་འཚེ་མེད་ཞི་བའི་ཐབས་ལམ་ཉག་གཅིག་ལ་དགོངས་ཏེ། རྒྱ་ནག་གཞུང་ལ་དབྱིན་ཇི་བར་བཞུགས་ཀྱིས་ཆིངས་དོན་འཇོག་པར་བཀའ་བློན་བཤད་སྒྲ་བ་དཔལ་འབྱོར་རྡོ་རྗེ་དང་། ལས་རོགས་རྒྱ་གར་དབྱིན་གཞུང་གི་དབང་ཚད་ཆ་ཚང་ཡོད་པའི་སྐུ་ཚབ་ཕྱི་འབྲེལ་བློན་ཆེན་མེག་མ་ཧོན་དང་། ལས་རོགས་རྒྱ་ནག་གཞུང་གི་དབང་ཚད་ཆ་ཚང་ཡོད་པའི་སྐུ་ཚབ་ཨེ་ཕེ་ཙན་དང་། ལས་རོགས་བཅས་བོད་རྒྱ་དབྱིན་གསུམ་གྱི་སྐུ་ཚབ་རྣམས་སིམ་ལར་ལྷན་འཛོམས་ཀྱིས་ཆིངས་དོན་བཞག བགྲོ་གླེང་སྐབས་བོད་རྒྱ་གཉིས་བོད་ཀྱི་བདག་དབང་ཐད་རྩོད་གླེང་མང་དུ་བྱུང་མཐར་། དབྱིན་གཞུང་སྐུ་ཚབ་མེག་མ་ཧོན་གྱིས་དགོངས་འཆར་ལྟར་བོད་ཀྱི་བདག་དབང་དང་བོད་རྒྱའི་ས་མཚམས་རྩོད་རྙོག་སྟབས་བདེ་ཡོང་སླད། བོད་ཕྱི་མ་དང་ནང་མ་ཞེས་དུམ་བུ་གཉིས་བཟོ་རྒྱུ་དང་། བོད་ཐོག་རྒྱ་ནག་ལ་མིང་ཙམ་གྱིས་བདག་དབང་ཡོད་ཅེས་ཆིངས་ཡིག་ཟིན་བྲིས་སུ་འཁོད་པར་དབྱིན་བོད་གཉིས་སྐུ་ཚབ་སོ་སོས་མིང་རྟགས་བཀོད་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་མིང་ཐག་བཀོད་མ་ནུས་རྐྱེན་བོད་དབྱིན་གཉིས་དབར་ཆིངས་ཡིག་འཕར་མ་ཞིག་བཞག་སྟེ། ཆིངས་ཡིག་ཟིན་བྲིས་ནང་ཆིངས་ཡིག་ནང་འཁོད་པའི་རྒྱ་ནག་གི་ཐོབ་ཐང་སྐོར་རྩ་མེད་དང་བོད་རང་ས་རང་སྐྱོང་སྐོར་ཞིབ་གསལ་བཀོད་ཡོད།

 
ཤིང་སྟག་སིམ་ལའི་ཆིངས་ཡིག་ནང་དོན་བོད་ཀྱི་ས་ཁྲ་

སྐུ་ཚེ་སྨད་ཀྱི་མཛད་པ་རྒྱ་ཆེན་ཁག རྩོམ་སྒྲིག

སྤྱི་ལོ་ 1914 ལོར་བོད་དམག་བཅོས་སྒྲིག་དང་རྒྱ་བསྐྱེད་མཛད་དེ་བོད་དམག་ཚོར་ཉི་ཧོང་དང་། ཨུ་རུ་སུ། དབྱིན་ཇི། རྒྱ་ལུགས་བཅས་ཀྱི་དམག་རྩལ་སྦྱོར་བརྡར་མཛད། སྤྱི་ལོ་ 1916 ལོར་གྲྭ་ས་ཁག་དང་གཞིས་དགོན་ཁག་ནས་གྲྭ་པ་ལོ་གཞོན་ཤེས་རིག་བཀྲ་བ་དྲག་འདེམས་གྲྭ་ཆག་བསྐྱོན་ཏེ་སྨན་རྩིས་ཁང་གསར་བཛུགས་གནང་ཞིང་། ད་ལྟར་བོད་གཞིས་བྱེས་གཉིས་ཀའི་གྲགས་ཆེ་བའི་སྨན་རྩིས་ཁང་དང་། སྨན་རྩིས་ཀྱི་བསྟན་པ་མི་ཉམས་དར་རྒྱས་སུ་ཡོད་པ་འདི་ཡང་ ྋརྒྱལ་དབང་མཆོག་གི་བཀའ་དྲིན་ཁོ་ན་ལགས་སོ། །

སྤྱི་ལོ་ 1916 ནས་ 1919 ལོའི་བོད་ཟླ་ 8 བར་ལོ་གསུམ་རིང་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ལྗགས་བསྙེན་གྲུབ་པར་མཛད་པ་སོགས་རྒྱུན་དུ་སྔགས་གསར་རྙིང་གི་ཟབ་མོའི་གནད་རྣམས་ཉམས་བཞེས་སུ་བསྟར་གནང་མཛད་ཅིང་། སྤྱི་ལོ་ 1922 ལོར་ནོར་གླིང་གཟིམ་ཆུང་སྤྱན་གསལ་ཕོ་བྲང་གསར་བཞེངས་གནང་། སྤྱི་ལོ་ 1923 ལོར་ལྷ་ས་གྲོང་ཁྱེར་གྱི་བདེ་འཇགས་ཆེད་སྐོར་སྲུང་དམག་སྟེ། པུ་ལི་སིའི་དམག་སྒར་གསར་འཛུགས་དང་། ཇ་ཆུང་རིང་དུ་ཇ་ཤིང་འདེབས་ལས་ཀྱི་ཚོད་ལྟ། རྒྱལ་རྩེར་དབྱིན་ཡིག་སློབ་གྲྭ་བཙུགས་པ་བཅས་མཛད་དོ། །དགུང་ལོ་ཞེ་བརྒྱད་ཆུ་ཕག་སྤྱི་ལོ་ ༡༩༢༣ ལོར་ཇ་སྡོང་འདེབས་འཛུགས་ཀྱི་ཚོད་ལྟ་གནང་སྟེ་ལས་འགོ་དངོས་སུ་བརྩམས། ལྷ་ས་གྲོང་ཁྱེར་དུ་ཉེན་སྲུང་དམག་སྒར་གསར་འཛུགས་གནང་སྟེ་སྤྱི་ཚོགས་བདེ་འཇགས་ལ་ཤུགས་སྣོན་གནང༌།

སྤྱི་ལོ་ 1927 ལོར་རྒྱ་གར་ནས་རླངས་འཁོར་ནང་འདྲེན་དང་རྒྱ་ལམ་གསར་བཟོ་དང་། དངུལ་པར་ཚོན་ཁྲ་ཅན་གྱི་བོད་ཀྱི་ཤོག་དངུལ་བཅས་ཚང་མ་གློག་ཤུགས་ལ་བརྟེན་ནས་སྒྲུབ་ལམ་གསར་གཏོད་མཛད་ཅིང་། རྒྱ་ནག་ནན་ཅིན་དུ་བོད་ཀྱི་དོན་གཅོད་ཁང་བཙུགས་ དེ་བཞིན་རྒྱ་ཁྱབ་རྫོང་གཞིས་སོ་སོར་སློབ་གྲྭ་གསར་འཛུགས་ཀྱིས་ལོ་གཞོན་ཤེས་རིག་བཀྲ་བ་རྣམས་ཡིག་རྩིས་སྦྱོང་དགོས་རྒྱུའི་བཀོད་རྒྱ་གནང་བ་དང་། ཁྲིམས་འགལ་ཉེས་ཅན་ལྕི་བར་དབང་པོ་ཡན་ལག་འབྲེག་གཅོད་བྱེད་རྒྱུན་རྩ་འགོག་དགོས་པ། རི་རྒྱ་ཀླུང་རྒྱ་བསྡམས་ནས་རང་བྱུང་གི་རྩི་ཤིང་དང་སྲོག་ཆགས་སྲུང་སྐྱོབ། ལྷ་བྲིས་དང་རྟེན་བཞེངས། གསེར་དངུལ་ཟངས་ལྕགས། འཇིམ་པ། རྡོ་ཤིང་། ཚེམ་བཟོ་སོགས་དང་ཤིང་དང་བ་སོར་དཀྲུགས་རྐོས། སྣམ་རིགས་རུམ་དང་གྲུམ་རྩེ། ཕྱིང་པ་སོགས་བཀལ་འཐག་གི་ལག་རྩལ་བཟོ་ལས་དང་། སོ་ནམ་དཀར་ཤེ་སོགས་ཐོན་ཁུངས་ལེགས་ཉེས་འགྲན་བསྡུར་དང་། ཡར་ཐོན་རིགས་ལ་མིང་གནས་དང་ཐབ་རྟེན་སོགས་གང་ལ་གང་འོས་ཀྱི་གཟེངས་བསྟོད་བྱ་དགའ་གནང་།

སྦག་དང་སྟག་སེ་རྒྱན་བཙུགས་རྩེད་མོའི་རིགས་མི་ཆོག་པ་དང་། ཉལ་ཐག་དང་། ཤིག་རས། རྡོ་ཐ་སོགས་འཐེན་བཏུང་ཉོ་ཚོང་མི་ཆོག་པའི་རྒྱས་བཅད། རང་རང་དཔལ་འབྱོར་དང་མི་མཐུན་པའི་བུ་ལོན་གཡར་ནས་བུད་མེད་ལ་རྒྱན་ཆ་བཟོས་ཏེ་ཕན་ཚུན་དོན་མེད་འགྲན་པའི་རིགས་ལ་བཀའ་འགོག ལྷ་སའི་བར་སྐོར་ནང་སྟེང་ཤོད་དུ་ས་འགོ་ཆུ་ཡུར་བཟོ་སྐྲུན་སོགས་ཡུལ་ལུང་ཡར་རྒྱས་དང་སྤྱི་འབངས་ཀྱི་བདེ་རྩར་སྨན་པའི་ཐབས་ཤེས་ལུ་གུ་རྒྱུད་དུ་སྤེལ་བར་མཛད། ལྷ་ལྡན་གཙུག་ལག་ཁང་དང་རྒྱས་བཏབ་ར་མོ་ཆེ། རྩེ་ཕོ་བྲང་། འབྲི་གུང་ཞྭ་ལྷ་ཁང་། ཁྲ་འབྲུག་བཀྲ་ཤིས་བྱམས་སྙོམས་གཙུག་ལག་ཁང་། སྤུ་ཧྲེང་ཇོ་ཁང་། བྱང་སྐྲ་བདུན། རུ་ལག་གྲོམ་པ་རྒྱང་། བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་སོགས་གནས་ཁྱད་པར་ཅན་ཇི་སྙེད་ཅིག་ཞིག་གསོ་དང་གསར་སྐྲུན་གང་འོས་བསྐྱངས། བཀའ་འགྱུར་རིན་པོ་ཆེས་དབུས་རིས་མེད་དཔེ་རྒྱུན་དཀོན་པའི་གསུང་འབུམ་མང་པོའི་ཤིང་དཔར་གསར་སྐྲུན་ཐོག་པར་ཤིང་རྙིང་པ་རྣམས་ལ་འབྲུ་བསང་ཉམས་གསོ་གྲུབ་མཐའ་རིས་མེད་ཀྱི་དགེ་འདུན་གྱི་སྡེ་མཆིས་སོ་ཅོག་གི་རང་ལུགས་སྒྲིག་ལམ་ཀུན་སྤྱོད་ལ་དག་ཐེར་ལྷ་རམས་དགེ་བཤེས་རྣམས་རྩོད་རྒྱུགས་བཞེས་ཏེ་ཨང་གནས་ཟིན་རིགས་མ་གཏོགས་རྒྱུད་པའི་བླ་མ་དབུ་མཛད། མཁན་པོ། ཤར་བྱང་གི་ཆོས་རྗེ། དགའ་ལྡན་ཁྲི་པ་སོགས་ལ་རང་བཞིན་གྱིས་ཕེབས་མི་ཆོག་པའི་རྒྱས་བཅད་སོགས་བསྟན་དོན་གྱི་མཛད་འཕྲིན་རླབས་ཆེན་བསྐྱངས། དགུང་ལོ་ང་བརྒྱད་བཞེས་པ་རབ་བྱུང་བཅུ་པའི་ཆུ་བྱ་སྤྱི་ལོ་ 1933 ལོའི་བོད་ཟླ་ 10 པའི་གནམ་གང་ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཏོ། །