རྒྱལ་སྲས་གཞིན་ནུ་དོན་འགྲུབ་ཀྱིས་མི་རོ་ཞིག་མཐོང་པ་

རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱིས་ཐེངས་འདིའི་གཟིགས་སྐོར་ཡོངས་སུ་གྲུབ་སྟེ་ཕྱིར་ཕོ་བྲང་དུ་ཕེབས་རྗེས། ད་དུང་ཁོང་གི་ཐུགས་ཡིད་མ་ཚིམས་པར་ཡང་ནས་ཡང་དུ་ཐུགས་བསམ་བཞེས་ཏེ་བཞུགས་པ་ན། ཡང་རྒྱལ་པོ་ཟས་གཙང་མས་རང་གི་སྲས་ལ་བརྗོད་ལས་འདས་པའི་འགྱུར་ལྡོག་བྱུང་བའི་རྣམ་པ་དེ་མཐོང་བས་ཁོང་གི་ཡིད་སེམས་སྡུག་བསྔལ་གྱིས་རབ་ཏུ་ནོན་པར་གྱུར། དེ་ནས་རིང་པོར་མ་སོན་པར་ཡང་བསྐྱར་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱིས་ཡབ་རྒྱལ་པོ་ལ་ཞུས་པ། ང་ལ་གྲོང་ཁྱེར་གྱི་ཡུལ་མི་རྣམས་ཀྱི་སོ་སོའི་འཚོ་བ་སྐྱེལ་སྟངས་ལ་རྒྱུས་མངའ་ཆེ་ཙམ་ཡོང་ཆེད་ཕོ་བྲང་གི་ཕྱི་རོལ་ཏུ་སྐོར་ཞིབ་ལ་འགྲོ་ཆོག་པར་ཞུ། ཞེས་ཆོག་མཆན་ཞུས་པར། ཡབ་རྒྱལ་པོས་ཀྱང་རྒྱལ་སྲས་གྲོང་ཁྱེར་དུ་གཟིགས་སྐོར་ལ་ཕེབས་རྒྱུར་བཀག་སྡོམ་ཅི་ཙམ་བྱས་ཀྱང་ཕན་པ་མེད་པར་གཟིགས་ནས་རྒྱལ་སྲས་ཀྱི་ཐུགས་འདོད་ལྟར་ཆོག་མཆན་གནང་། དེ་ལྟར་ཁོང་གིས་ཐེངས་གསུམ་པའི་གཟིགས་སྐོར་འདིའི་སྐབས་སུ་ཡང་སྔར་བཞིན་ཁྱིམ་ཚང་ཆེན་པོའི་སྲས་ཀྱི་ཆས་སུ་སྤྲས་ཏེ། ཁ་ལོ་སྒྱུར་བ་དང་ལྷན་དུ་སེར་སྐྱའི་གྲོང་ཁྱེར་གྱི་ས་ཕྱོགས་མང་དག་ཅིག་ཏུ་ཞབས་ཐང་ལ་ཕེབས་བཞིན་པ་ན། སྲང་ལམ་གྱི་དཀྱིལ་དུ་མི་ཚོགས་ཤིག་གིས་ངུ་འབོད་བྱེད་ཅིང་། དེ་རྣམས་ཀྱི་ལྟག་རྒྱབ་དེར་མི་བཞིས་ཤིང་ལེབ་ཅིག་གི་ཐོག་སྐམ་ལ་རིད་ཅིང་གཡོ་འགུལ་ཙམ་ཡང་མི་བྱེད་པའི་སྐྱེ་བོ་ཞིག་བསྙལ་ཏེ་ཁུར་ཡོང་བ་མཐོང་ཞིང་། མི་དེ་ནི་བྲག་རྡོ་ཞིག་དང་འདྲ་བར་གྲག་འགུལ་ཅི་ཡང་མེད། དེ་ནས་མི་ཚོགས་དེ་ཐག་རིང་ཙམ་ཕྱིན་རྗེས། ཤིང་ལེབ་ཐོག་གི་མི་དེ་བུད་ཤིང་བརྩེགས་པའི་གོང་བུ་ཞིག་ཏུ་བསྐྱོན་ནས་མེ་སྦར་བ་ན། ཕྱོགས་གང་ས་ནས་བུད་ཤིང་འཚིག་པའི་མེ་ལྕེ་གྱེན་དུ་འཕྱུར་བཞིན་འདུག་ནའང་སྐྱེ་བོ་དེ་ལ་ནི་གྲག་འགུལ་ཙམ་ཡང་མེད། དེ་ཙ་ན་རྒྱལ་སྲས་ཀྱིས་ཁ་ལོ་སྒྱུར་བ་ལ་སྨྲས་པ། གནད་དོན་འདི་ཅི་ཞིག་རེད། ཁོང་རྣམས་ཀྱིས་མི་དེ་བུད་ཤིང་བརྩེགས་པའི་སྟེང་བསྙལ་ནས་ཅིའི་ཕྱིར་མེ་ལ་སྦར་བ་རེད། ཅེས་བཀའ་འདྲི་གནང་བར་ཁ་ལོ་སྒྱུར་བས། རྒྱལ་སྲས་རིན་པོ་ཆེ། མི་དེ་ནི་ཤི་ཟིན་པས་ཁོང་གིས་བདེ་སྡུག་གང་ཡང་ཚོར་གྱི་མ་རེད། ཅེས་བཀའ་ལན་ཕུལ་བར། ཡང་རྒྱལ་སྲས་ཀྱིས། ཨོ། ཤི་བ་ཨེ། འཆི་བའི་སྡུག་བསྔལ་ཟེར་བ་དེ་འདི་ཡིན་ནམ། ཁོང་དང་འདྲ་བར་སྐྱེ་བོ་ཐམས་ཅད་ཀྱི་ཐོག་ཏུ་འཆི་བའི་སྡུག་བསྔལ་ཡོང་གི་རེད་དམ།ཞེས་བཀའ་འདྲི་གནང་བར་ཁ་ལོ་སྒྱུར་བས། ལགས་རེད། རྒྱལ་སྲས་རིན་པོ་ཆེ། འཆི་བའི་སྡུག་བསྔལ་དེ་ནི་མི་སུས་ཀྱང་འགོག་ཐབས་མེད་ཅིང་དུས་ཚོད་ལའང་ངེས་པ་མེད་པར་མི་ཚང་མའི་ཐོག་ཏུ་ཡོང་ངེས་རེད། ཅེས་ཞུས་པས་རྒྱལ་སྲས་ནི་ཧ་ལས་ཤིང་ཧང་སང་བར་གྱུར་ཏེ་ཐུགས་སྐྱོ་བའི་སྡུག་བསྔལ་གྱིས་རབ་ཏུ་མནན་ནས་རེ་ཞིག་གསུང་ཡང་མི་འབྱོན་པར་ལུས། དེ་ལྟར་ཁོང་གི་དགོངས་པར། ཐ་ན་རྒྱལ་པོ་དང་རྒྱལ་སྲས་སོགས་མི་སུ་འདྲ་ཞིག་ཡིན་རུང་ཀུན་གྱི་ཐོག་ལ་ལྡོག་མེད་དུ་ཡོང་བར་ངེས་པའི་འཆི་བའི་སྡུག་བསྔལ་དེ་ནི་ཅི་འདྲའི་འཇིགས་སུ་རུང་བ་ལ་ཨང་། དེས་ན་དེ་འགོག་བྱེད་ཀྱི་ཐབས་ལམ་ཞིག་ཅིའི་ཕྱིར་མེད་པ་ཡིན་ནམ་སྙམ་མོ། ། དེ་ནས་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཕྱིར་ཕོ་བྲང་དུ་བྱོན་ནས་རང་ཉིད་ཀྱི་གཟིམ་ཁང་དུ་ཁུ་སིམ་པོའི་ངང་ཉིན་གང་པོར་འཆི་བ་མི་རྟག་པའི་སྐོར་ལ་ཐུགས་བསམ་བཞེས་ནས་བཞུགས་ཤིང་ཆེས་ཡི་མུག་ཅིང་ཐུགས་སེམས་སྐྱོ་བའི་ངང་འདི་ལྟར། སྐྱེ་བོ་སུ་གང་གིས་ཀྱང་འཆི་བའི་སྡུག་བསྔལ་འགོག་པའི་ཐབས་ལམ་ཞིག་རྙེད་མེད་པར་བརྟེན། ཉིན་གཅིག་འཛམ་གླིང་འདིའི་སྐྱེ་བོ་ཚང་མ་ཤི་རྒྱུ་གཏན་འཁེལ་རེད། ཨོ་རེད། འཆི་བའི་སྡུག་བསྔལ་རྩད་ནས་གཅོད་པའི་ཐབས་ལམ་ཞིག་མེད་མི་སྲིད། ཏན་ཏན་འཆི་བ་འགོག་པའི་ཐབས་ལམ་ཞིག་ཡོད་རྒྱུ་རེད། དེས་ན་ངས་འཆི་བ་འགོག་པའི་ཐབས་ལམ་དེ་རྙེད་པར་བྱས་ནས་འཛམ་གླིང་འདིའི་སྐྱེ་འགྲོ་ཀུན་ལ་ཕན་པ་བསྒྲུབ་རྒྱུ་ཡིན་དགོངས་ཤིང་ཞལ་ནས་ཀྱང་དེ་ལྟར་གསུངས་སོ། །

གསལ་འདེབས། སྤྱིར་བོད་རང་གིས་བརྩམས་པ་དང་བསྒྱུར་བའི་སྟོན་པའི་མཛད་རྣམ། སྐྱེས་རབས་སོ་བཞི་དཔག་བསམ་འཁྲི་ཤིང་སོགས་སྔ་ཕྱི་མི་ཉུང་བ་ཞིག་བཞུགས། ཡིན་ནའང་འདི་ནི་དེ་དག་དང་མི་འདྲ་བར་ཚིག་གི་སྡེབ་སྦྱོར་གོ་སླ་ཞིང་། དོན་དུ་རྒྱལ་སྲས་གཞོན་ནུ་དོན་གྲུབ་འགྲོ་བ་ཐུན་མོང་གི་མཐོང་སྣང་ལྟར་དངོས་ཡོད་མི་ཞིག་གི་བྱུང་རབས་ལྟར་བརྗོད་ཡོད། མ་ཟད་ལྷ་སྒྲུང་དང་དག་སྣང་རྐྱང་བས་གྱ་ཚོམ་དུ་མ་འཇུག་པར། ཞིབ་འཚོལ་རྩད་གཅོད་ཀྱི་དངོས་བྱུང་ལོ་རྒྱུས་ལ་གཞི་རྐང་བཙུགས། ཁོང་གིས་བྲན་གཡོག་ལམ་ལུགས་ལ་འགོག་རྒོལ་དང་དམངས་གཙོའི་ལམ་ལུགས་བསླངས་པ། རིགས་རུས་མཆོག་དམན་གྱི་ལྟ་བ་དགག་པ། བུད་མེད་ལ་འདྲ་མཉམ་གྱི་ཐོབ་ཐང་ཡོད་པ། ཕྱི་རོལ་བའི་སྟོན་པ་དང་ཆོས་ལུགས་སོགས་ལ་གུ་ཡངས་དང་གུས་ཞབས་བྱེད་སྟངས། ཁོང་གི་རྗེས་འཇུག་པ་ཚོས་རྫུ་འཕྲུལ་སྟོན་པ་ནི་ངོ་ཚ་དགོས་པའི་གནས་ཤིག་ཡིན་པ་སོགས་གདམས་པ་ཁྱད་པར་ཅན་དུ་མ་ཞིག་ཀྱང་མཛད་རྣམ་འདིའི་ཟུར་དུ་མངོན་ཡོད།