རྒྱལ་སྲས་གཞོན་ནུ་དོན་འགྲུབ་ཀྱི་གཉེན་སྒྲིག་
རྒྱལ་སྲས་གཞོན་ནུ་དོན་གྲུབ་རིང་པོར་མ་ཐོགས་པར་སློབ་སྦྱོང་རྣམས་མཐར་ཕྱིན། སྤྱི་ཡོངས་ཀྱི་ཆ་ནས་ཞུས་ན་རྒྱལ་སྲས་ཁོང་ལ་སློབ་སྟོན་ཞུ་སའི་ཕུལ་བྱུང་གི་དགེ་བའི་བཤེས་གཉེན་ཡོད་པར་མ་ཟད། རྩེད་མོ་རྩེད་རོགས་ཀྱི་མཆེད་གྲོགས་ཀྱང་ལེགས་པོ་ཡོད། ད་དུང་བཞུགས་སའི་ཕོ་བྲང་དང་བཞེས་རྒྱུའི་ཟ་མ། མནབ་རྒྱུའི་གོས་བཟང་སོགས་གང་ལྟར་ཟས་གོས་གནས་མལ་གང་ཐད་ནས་ཇི་འདྲའི་ཕུན་སུམ་ཚོགས་པ་ཞིག་རེད་ཨང་། དེས་ཀྱང་མི་ཚད་ཁོང་གི་ཡབ་ཆེན་གྱིས་ཁོང་ལ་སྤྲོ་ཁང་མི་འདྲ་བ་གསུམ་སྟེ། གཅིག་ནི་དགུན་དུས་བཞུགས་ས་དང་། གཅིག་ནི་དབྱར་ཁ་བཞུགས་ས། གཅིག་ནི་ཆར་དུས་བཞུགས་སའི་ཆེད་དུ་བསྐྲུན་ཡོད། མ་ཟད་ཁོང་གིས་རྒྱལ་སྲས་ལ་ཡངས་ཤིང་རྒྱ་ཆེ་བའི་སྐྱེད་མོས་ཚལ་ཞིག་དང་རི་དྭགས་རྔོན་སའི་ཁོར་ཡུག་ཅིག་ཀྱང་བསྐྲུན་ཏེ། སྐྱེད་མོས་ཚལ་དེའི་དཀྱིལ་དུ་མེ་ཏོག་ཀུ་མུད་ལྡན་ཞིང་འཁྱུག་རྩལ་ངོམ་པའི་ཉ་མོ་དང་ངང་པ་སོགས་རྩེན་པའི་མཚེའུ་དག་གིས་ཀྱང་ལེགས་པར་བརྒྱན་པར་བྱས་སོ། ། དྲང་སྲོང་ཆེན་པོ་ཉོན་མོངས་མེད (ASITA) དང་ཀཽཎྜི་ཎྱ (KONDANNA) རྣམ་གཉིས་ཡབ་ཟས་གཙང་མའི་ཕོ་བྲང་དུ་བྱོན་ཏེ་རྒྱལ་པོ་ལ་ཞུས་པ། རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱིས་ཉམ་ཐག་ཅིང་ནད་ཀྱིས་གཙེས་པ་དང་། རྒས་ཤིང་འཁོགས་པ། ད་དུང་གྲོངས་ཟིན་པའི་མིའི་ཕུང་བོ་དག་མཐོང་ཞིང་། ལྷག་པར་རབ་ཏུ་བྱུང་བ་སོགས་དང་མཇལ་ཚེ་ཁོང་གིས་མི་འགྱང་བར་ཕོ་བྲང་འདི་བཞག་ནས་རབ་ཏུ་བྱུང་བའི་ཉེན་ཁ་འདུག་ལགས་ཞེས་ཉེན་བརྡ་ཕུལ་བས། རྒྱལ་པོ་ཆེན་པོའི་དགོངས་པར། ད་རྒྱལ་སྲས་ཀྱིས་ན་རྒ་འཆི་བའི་སྡུག་བསྔལ་དག་མཐོང་ན་ཕོ་བྲང་འདི་ཡང་བཞག་སྟེ་རབ་ཏུ་བྱུང་མི་ཡོང་ངམ་སྙམ་ནས་ཐུགས་ཁུར་གནང་། དེར་བརྟེན་ཡབ་རྒྱལ་པོ་ཟས་གཙང་མས་རྒྱལ་སྲས་གཞོན་ནུ་དོན་གྲུབ་ལ་ལོ་ན་གཞོན་པའི་ཞབས་འབྲིང་བ་ཁོ་ན་མཁོ་སྤྲོད་བྱེད་པ་ལས། ནད་ཀྱིས་མནར་བ་དང་ལོ་ན་རྒས་པའི་མི་གཅིག་ཀྱང་ཁོང་གི་མདུན་དུ་འགྲོ་རུ་མ་བཅུག་པར་མ་ཟད། ཐ་ན་རྒྱལ་སྲས་ཀྱི་སྐུ་མདུན་དུ་ན་རྒ་འཆི་བའི་སྡུག་བསྔལ་དང་རབ་ཏུ་བྱུང་བ་སོགས་ཀྱི་སྐོར་ལ་གླེང་མོལ་ཙམ་ཡང་བྱེད་དུ་མ་བཅུག འོན་ཀྱང་། དོན་དངོས་སུ་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཁོང་ལ་མི་ཚེའི་དོན་སྙིང་ཆེ་ཤོས་དེ་ཅི་ཞིག་ཡིན་མིན་སྐོར་ཤེས་འདོད་ཆེན་པོ་ཡོད་སྟབས། ཁོང་གིས་དུས་ནམ་ཡིན་ཡང་ཐུགས་བསམ་བཞེས་བཞིན་སྐྱེ་བོ་གཞན་ལ་བཀའ་འདྲི་ལྷུག་པོར་གནང་གི་ཡོད། ཉིན་གཅིག་ཡབ་རྒྱལ་པོ་ཟས་གཙང་མས་མཁྱེན་དཔྱོད་འབར་བའི་མཁས་དབང་འགའ་ཞིག་ལ་སྨྲས་པ། རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱིས་དུས་ནམ་ཡིན་ཡང་ཐུགས་བསམ་བཞེས་ནས་བཞུགས་ཀྱིན་འདུག་པས། ད་ངས་ཁོང་ལ་དགའ་སྣང་དང་སྤྲོ་བ་འཕེལ་བའི་བྱ་བ་ཅི་ཞིག་བྱས་ན་བཟང་། ཞེས་བཀའ་འདྲི་ཞུས་པར་ཁོང་ཚོས་གསུང་དོན། རྒྱལ་སྲས་ད་ལོ་ནས་དགུང་གྲངས་བཅུ་དྲུག་ལ་སོན་པ་ཡིན་པས། མཛེས་ཤིང་ཡིད་དུ་འོང་བའི་སྲས་མོ་མཛངས་མ་ཞིག་དང་ལྷན་གཉེན་སྒྲིག་བྱེད་དུ་བཅུག་ན་ཐབས་ཇུས་དེ་ནི་མཆོག་ཏུ་གྱུར་པ་ལགས་ཞེས་ཞུས་པར། ཡབ་རྒྱལ་པོས་ཀྱང་མོས་མཐུན་གནང་སྟེ་རྒྱལ་ཕྲན་དེའི་སྲས་མོ་མཛངས་མ་གང་ཡོད་རང་གི་ཕོ་བྲང་དུ་བོས། སྲས་མོ་དེ་དག་ཕོ་བྲང་དུ་འཛོམས་པ་ན་ཡབ་རྒྱལ་པོས་རྒྱལ་སྲས་གཞོན་ནུ་དོན་གྲུབ་ལ་སྨྲས་པ། ད་སྲས་མོ་འདི་དག་གི་ཁྲོད་ནས་ཁྱེད་ལ་འོས་པའི་བཙུན་མོ་ཞིག་འདེམ་རོགས་གྱིས། ཞེས་གསུངས་པར་རྒྱལ་སྲས་ཀྱིས་སྲས་མོ་དེ་ཚོའི་ཁྲོད་ནས་སྐུ་ལུས་ཀྱི་རྣམ་པ་མཛེས་ཤིང་ཡིད་སེམས་བྱམས་བརྩེ་ཡིས་གཏམས་པ་ཞིག་སྟེ། མིང་ལ་གྲགས་འཛིན་མ (YASODHARA) ཞུ་བ་ཞིག་ཡོད་པ་དེར་སྲས་མོ་གཞན་རྣམས་ལ་གནང་བའི་ཕྱག་རྟགས་ལས་ཆེས་རིན་ཐང་ཆེ་བ་ཞིག་གནང་བ་ཡབ་རྒྱལ་པོ་ཟས་གཙང་མས་མཐོང་སྟེ་བསམ་པར། རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱིས་སྲས་མོ་གྲགས་འཛིན་མ་ཁོང་གི་གཏན་གྲོགས་སུ་བདམས་སོང་དགོངས་ཏེ། དགའ་སྤྲོ་དང་བཅས་གཉེན་རྟགས་དེ་ལ་མོས་མཐུན་གནང་ནས་སྲས་མོ་གྲགས་འཛིན་མ་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱི་བཙུན་མོར་ཁབ་ཏུ་བསུས་སོ། །
གསལ་འདེབས། སྤྱིར་བོད་རང་གིས་བརྩམས་པ་དང་བསྒྱུར་བའི་སྟོན་པའི་མཛད་རྣམ། སྐྱེས་རབས་སོ་བཞི་དཔག་བསམ་འཁྲི་ཤིང་སོགས་སྔ་ཕྱི་མི་ཉུང་བ་ཞིག་བཞུགས། ཡིན་ནའང་འདི་ནི་དེ་དག་དང་མི་འདྲ་བར་ཚིག་གི་སྡེབ་སྦྱོར་གོ་སླ་ཞིང་། དོན་དུ་རྒྱལ་སྲས་གཞོན་ནུ་དོན་གྲུབ་འགྲོ་བ་ཐུན་མོང་གི་མཐོང་སྣང་ལྟར་དངོས་ཡོད་མི་ཞིག་གི་བྱུང་རབས་ལྟར་བརྗོད་ཡོད། མ་ཟད་ལྷ་སྒྲུང་དང་དག་སྣང་རྐྱང་བས་གྱ་ཚོམ་དུ་མ་འཇུག་པར། ཞིབ་འཚོལ་རྩད་གཅོད་ཀྱི་དངོས་བྱུང་ལོ་རྒྱུས་ལ་གཞི་རྐང་བཙུགས། ཁོང་གིས་བྲན་གཡོག་ལམ་ལུགས་ལ་འགོག་རྒོལ་དང་དམངས་གཙོའི་ལམ་ལུགས་བསླངས་པ། རིགས་རུས་མཆོག་དམན་གྱི་ལྟ་བ་དགག་པ། བུད་མེད་ལ་འདྲ་མཉམ་གྱི་ཐོབ་ཐང་ཡོད་པ། ཕྱི་རོལ་བའི་སྟོན་པ་དང་ཆོས་ལུགས་སོགས་ལ་གུ་ཡངས་དང་གུས་ཞབས་བྱེད་སྟངས། ཁོང་གི་རྗེས་འཇུག་པ་ཚོས་རྫུ་འཕྲུལ་སྟོན་པ་ནི་ངོ་ཚ་དགོས་པའི་གནས་ཤིག་ཡིན་པ་སོགས་གདམས་པ་ཁྱད་པར་ཅན་དུ་མ་ཞིག་ཀྱང་མཛད་རྣམ་འདིའི་ཟུར་དུ་མངོན་ཡོད།