རྗེ་བཙུན་ཡེ་ཤེས་རྒྱ་མཚོ།

རྗེ་བཙུན་ཡེ་ཤེས་རྒྱ་མཚོ་མཆོག་ནི་བོད་རབ་བྱུང་བཅོ་ལྔ་བའི་མེ་སྦྲུལ་ཏེ་སྤྱི་ལོ1917ལོར་མདོ་སྨད་གཅན་ཚའི་རི་རྒན་ནང་དུ་འཁྲུངས། དགུང་ལོ་དོན་དགུ་བ་ཤིང་ཕོ་ཁྱིའི་ལོ་སྟེ་སྤྱི་ལོ1995ལོར་དགོངས་པ་རྫོགས། དམ་པ་འདི་དགུང་ལོ་བཅུ་བདུན་སྟེང་མདོ་སྨ་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་སུ་རྗེ་གསེར་ལག་པ་འཇམ་དབྱངས་རྒྱ་མཚོའི་མདུན་ནས་རབ་ཏུ་བྱུང་། བྱ་མདོ་འབྲོག་རུ་བ་རྗེ་ཚུལ་ཁྲིམས་རྒྱ་མཚོ་དང་ཨ་རིག་སྨྲ་སེང་ཆེན་པོའི་རྣམ་སྤྲུལ་ལུང་རིགས་སྨྲ་བའི་དབང་བོ་ལྷ་སྡེ་རྗེ་ཡེ་ཤེས་རྒྱ་མཚོ་རྣམ་གཉིས་སློབ་དཔོན་དུ་བསྟེན་ནས་ནང་དོན་རིག་པ་དང་སྒྲ་སྙན་ངག་སོགས་ཐ་སྙད་རིག་གནས་ལ་སྦྱངས་པ་དཔྱིས་ཕྱིན་མཛད།

བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཏེ། རྗེ་གུང་ཐང་རིན་པོ་ཆེ་འཇིགས་མེད་བསྟན་པའི་དབང་ཕྱུག་དང་མཉམ་དུ་བསྡུས་གྲྭའི་དམ་བཅའ་བཞག རབ་འབྱམས་གཞུང་བརྒྱ་སྨྲ་བའི་དགེ་བཤེས་བསང་ཁོག་ཐབས་མཁས་ཚང་སོགས་ལས་བློ་རྟགས་ཚད་ཀྱི་གཞུང་རྣམས་ལ་གཞན་དྲིང་མི་འཇོག་པའི་ཤེས་རབ་ཀྱིས་ཡང་དག་པར་དཔྱད་ཅིང་། དགུང་ལོ་ཉེར་དགུའི་སྟེང་བཀྲ་ཤིས་འཁྱིལ་དུ་གུང་ཐང་རིན་པོ་ཆེས་ཁོང་ཉིད་ཟླ་བོར་འདེམས་ནས་བཀའ་རམས་དམ་བཅའ་བཞག་སྟེ་སློབ་གཉེར་གྱི་མཐར་ཕྱིན། དགུང་གྲངས་སོ་གཉིས་པར་འདུལ་བ་དང་མངོན་པ་མཛོད་ལ་གཟིགས་ནས་སློབ་དཔོན་དབྱིག་གཉེན་གྱི་མཛོད་རྩ་དང་རྗེ་བསྟན་པའི་སྒྲོན་མེའི་མཛོད་སྡོམ་གཉིས་ཐུགས་ལ་བྱང་བར་མཛད། རྗེ་བཙུན་གྲགས་པ་རྒྱ་མཚོ་སོགས་མདོ་སྨད་མཁས་དབང་རྣམས་ཀྱི་མདུན་ནས་ཆོས་མངོན་པ་མཛོད་ཀྱི་ཞིབ་ཁྲིད་མནོས་ཏེ། ཡོངས་འཛིན་གྲགས་པ་རིན་པོ་ཆེས། དཔེ་ལ་མ་ལྟོས་པར་མཛོད་རྩ་བའི་ཚིག་འགྲེལ་བློ་ཐོག་ནས་ཤར་ཤར་འགྲོ་བ་མཛོད་ལ་སློབ་གཉེར་བཟང་བོ་ཡོང་བའི་ཚད་ཡིན་ཞེས་ཁོང་ལ་བསྔགས་པའི་མེ་ཏོག་གཏོར། 1951ལོར་རྡོ་རྦིས་དགེ་བཤེས་ཆེན་མོས་ཁོང་ལ་མཛོད་པ་ཡེ་ཤེས་རྒྱ་མཚོ་ཞེས་པའི་མཚན་སྙན་གནང་བས་སྐུ་ཉིད་མཛོད་ལ་མཁས་པའི་སྙན་གྲགས་རྒྱས།

ཁོང་གི་བརྩམས་ཆོས་རྣམས་ཟབ་ཅིང་བརླིང་བས། བོད་ཕྱི་ནང་ལ་གྲགས་ཆེ་བ་ནི་སྟོན་པའི་རྣམ་ཐར་དང་། མཛོད་འགྲེལ། དབུ་ཕར་ཚད་ཀྱི་འགྲེལ་བ། རྒྱུད་བླ་མའི་བསྟན་བཅོས་ཀྱི་བསྡུས་དོན། འགྲེས་རྐང་བརྒྱ་རྩ་བརྒྱད་ཀྱི་རྣམ་བཤད། ད་དུང་ལྷ་སའི་མཁས་དབང་རྣམ་པས་བསྐུལ་ངོར་གསུངས་པའི་ལས་འབྲས་ཀྱི་རྣམ་གཞག་སོགས་ཡོད། དམ་པ་འདི་ཉིད་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཉིན་དེར་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་སྨན་ལུང་གསུང་བཞིན་པ་དང་འཕྲད་དེ། ཁོང་གི་སྐུ་ཚེ་གང་བོར་གངས་ཅན་གསོ་རིག་གི་རྒྱུན་སྤེལ་ནས་མདོ་སྨད་ཀྱི་ལྷ་རྗེ་ཕུལ་དུ་བྱུང་བ་ཞིག་ཏུ་གྱུར་ཏེ་རྒྱལ་ཁབ་ཀྱི་རབ་འབྱམས་སྨན་པའི་གོ་གནས་ཀྱང་ཐོབ་ལ། སྡེ་སེར་སྐྱ་མང་པོར་བརྩེ་གཟིགས་ཀྱིས་མདོ་སྨད་སྐྱེ་འགྲོ་ཀུན་ལ་ཕན་བདེ་བླ་ལྷག་ཏུ་བསྩལ། མཁས་བཙུན་བཟང་གསུམ་གྱི་དམ་པ་འདི་ཉིད་རིགས་གཞུང་གིས་ཕྱུག་ལ་ཞལ་སློབ་ཀྱང་བསིལ་ལྗོངས་ཕྱི་ནང་ལ་ཁྱབ་པས་མདོ་སྨད་ལྗོངས་ཀྱི་ཆོས་རྗེ་དོན་འགྲུབ་རིན་ཆེན་གཉིས་པ་ཞེས་པའི་སྙན་གྲགས་མཐོ། རྗེ་གུང་ཐང་བས་ཁོང་ལ། འདུལ་བ་འབུམ་སྡེར་ཡོན་ཤཱཀྱ་རྣམ་གཉིས་དང་། །ཚད་མའི་གཞུང་ལ་ཕྱོགས་གླང་ཆོས་གྲགས་བཞིན། །མངོན་པའི་སྡེ་ལ་ཐོགས་མེད་སྐུ་མཆེད་དང་། །དབུ་མའི་གཞུང་ལ་ཀླུ་སྒྲུབ་ཡབ་སྲས་ལྟར། །མིང་ཙམ་མིན་པའི་དོན་གྱི་དགེ་བའི་བཤེས། །ཞེས་གདེང་འཇོག་ཆེན་པོ་མཛད་ཡོད། ཁོང་ནི་དྷཱིཿཚ་གཙོས་བཤད་སྒྲུབ་བསྟན་པའི་འདུས་སྡེར་འཆད་རྩོད་རྩོམ་པའི་ལས་དོན་རླབས་ཆེ་བས། འདིས་བསྡུས་པའི་པོ་ཏི་ལྔ་ལས་བརྩམས་ཆོས53ཡོད་ཅིང་། མདོ་སྨད་ཁ་སྒང་ཨོ་བསོའི་ཤིང་པར་ལ་ཡང་པོད་ལྔ་བཞུགས།