རྩམ་པ་ནི་ནས་རྔོས་ནས་ཕྱེ་མ་བཟོས་པའི་བོད་སྐད་ཡིན། སྤྱིར་བོད་མི་རིགས་ཇི་ལྟར་འཚོ་གནས་འཕེལ་རྒྱས་བྱུང་བའི་ངག་རྒྱུན་ལོ་རྒྱུས་ཤིག་སྤྱི་མཚུངས་ཀྱི་ཚུལ་དུ་ཡོད་པ་དེ་ལྟར་ན། གོས་སུ་ཤིང་ལོ་གྱོན་ཞིང་ཟས་སུ་ཤིང་ཏོག་ཟ་བའི་གདོད་མའི་སྤྲ་རིགས་སྤྱི་ཚོགས་དང་འབྲེལ་བའི་ལྷ་སྒྲུང་རང་བཞིན་གྱི་ཤོད་རྒྱུན་མང་པོ་ཞིག་ཡོད་པ་དེ་ལས། ང་ཚོས་ཤེས་ཐུབ་པ་ནི་བོད་མི་རིགས་ཀྱི་བྱུང་རབས་ལོ་རྒྱུས་དང་གནའ་བོའི་གདོད་མའི་དུས་རབས་ཀྱི་འཚོ་བའི་ངལ་རྩོལ་གྱི་རྒྱུན་དང་འགྲོག་སྟེ་སྲོལ་རྒྱུན་ཤེས་རིག་གི་གཞི་རྐང་ཚུགས་ཏེ་དར་སྤེལ་འཕེལ་རྒྱས་བྱུང་བའི་བརྒྱུད་རིམ་དེ་ངང་གིས་རྟོགས་ཐུབ།

བོད་དུ་རྩམ་པ་བྱུང་དུས།

རྩོམ་སྒྲིག

བོད་པའི་རྒྱུན་ཟས་ཞིག་ཡིན། རྩམ་པ་ཞེས་པ་ནི་ནས་དང་སྲན་མ་སོགས་འབྲུ་རིགས་ཆུ་ལ་བཀྲུས་ནས་བརྔོས་ཏེ་བཏགས་པའི་ཕྱེ་མ་ལ་ཟེར་ཞིང་། རྩམ་པར་སྤྱིར་ན་ནས་རྩམ་དང་། སྲན་རྩམ། འདྲེས་སྲན་སོགས་ཡོད། ནས་རྩམ་ལའང་དམངས་རྩམ། བར་རྩམ། མཆོད་རྩམ། ཞིབ་རྩམ་བཅས་ཡོད། ཞིབ་རྩམ་ནི་ཡོས་ལ་གྲུས་﹙ནས་པགས་འབུད་པ་﹚བརྒྱབ་སྟེ་ཆེས་ཞིབ་མོར་བཏགས་པའི་ནས་རྩམ་སྤུས་ལེགས་དང་། དེ་མིན་རྩམ་པ་གཞན་དེ་འདྲའི་དྭངས་དོད་མ་བྱས་པའི་ཅུང་རྩིང་བ་སོགས་ཡོད་པ་རེད། སྲན་རྩམ་ལའང་དེ་བཞིན་དུ་སྲན་ཞིབ་ཅེས་ལྤགས་པ་ཕུད་ནས་ཆེས་ཞིབ་མོར་བཏགས་པའི་སྲན་རྩམ་སྤུས་ལེགས་དང་། སྤྱིར་བཏང་གི་སྲན་ལྤགས་མ་ཕུད་པའི་སྲན་རྩམ་ཁག་གཉིས་ཙམ་ཡོད། རྩམ་པའི་ཁྱད་ཆོས་ནི་གཞིས་ཁྱིམ་ལམ་སོགས་གང་དུའང་ཟས་སྤྱོད་ཆོག་པའི་ཧ་ཅང་སྟབས་བདེ་བའི་བཟའ་ཆས་ཞིག་ཡིན། མི་སོ་སོའི་འདོད་པ་ལྟར་འཐུང་རིགས་ཇ་ཆང་ཕྱུར་ཁུ་སོགས་པག་ཁུར་སྤྱད་ནས་ཚལ་རིགས་དང་མཉམ་དུ་ཟས་སྤྱོད་ཆོག་ལ། ཆ་རྐྱེན་མེད་ན་ཆུ་རྐྱང་པག་རྐྱང་དུ་ཟས་ཀྱང་ཆོགད་དུང་རྩམ་པ་དེ་སྐམ་པོར་འགམ་ནའང་འགྲིག་ལ་ཕྱུར་བ་དང་ཀ་ར། མར་དང་སྣུམ། ཐུད་སོགས་སྦྱར་ནས་མར་ཟན་ཞེས་པ་སོགས་བཟོས་ནས་ཟ་སྤྱོད་བྱས་ཀྱང་ཆོགཡང་གཞི་རྩམ་པར་བརྟེན་ནས་བཟོས་པའི་རྩམ་ཐུག་གམ་འཇམ་ཐུག་དང་ཆང་སྐོལ་དེ་བཞིན་ཕྱུར་རུལ་གྱི་ཐུག་པ་སོགས་མང་པོ་ཡོད། རྩམ་པར་ཇའམ་ཆང་གང་རུང་ཞིག་བླུགས་ནས་སྐྱོ་མའམ་ཇ་འདུར་ཞེས་གར་སླ་རང་འདོད་ལྟར་བྱས་ཏེ་སྤྱོད་རྒྱུ་ཡང་ཡོད། ད་དུང་པག་ལ་ཆང་རྩི་བཏབ་ནས་བརྙལ་རྗེས་ནར་མོའམ་སྐོར་ལེབ་བཟོས་ཏེ་སྐམ་པ་ལ་ཟན་ཆང་ཞེས་མངར་སྐྱུར་ལྡན་པའི་ཁ་ཟས་ལྟོགས་སྐོམས་གཉིས་ཀ་སེལ་ཐུབ་པ་ཞིམ་པོ་ཞིག་ཀྱང་ཡོད།

བོད་ཟས་རྩམ་པའི་རྣམ་དབྱེ།

རྩོམ་སྒྲིག

སྤྱིའི་ཆ་ནས་བརྗོད་ན་རྩམ་པ་ནི་ནས་བརྔོས་མ་ཞིབ་ཏུ་འཐག་པའི་རྩམ་སྐྱ་དང་། དེ་མར་ཆུར་དང་བསྡེབས་ནས་བརྫིས་ཏེ་བཟའ་བའི་ཟས་དེ་ལ་ཟེར་གྱི་ཡོད་མོད། འོན་ཀྱང་རྩམ་པའི་རྒྱུ་ནི་ནས་གཅིག་པུར་མ་ངེས་པར་གྲོ་དང་སྲན་མ་བཅས་ཡོད་པས། ངོ་བོའི་སྒོ་ནས་ནས་རྩམ་དང༌། གྲོ་རྩམ། སྲན་རྩམ་གསུམ་དུ་དབྱེ་ཆོག གཞན་ལས་བཟོའི་ཆ་ནས་དྲུས་བརྒྱབ་ནས་ཞིབ་ཏུ་འཐག་པའི་ནས་རྩམ་ལ་རྩམ་ཞིབ་དང༌། སྲན་མའི་པགས་ཤུན་ཕུད་དེ་ཞིབ་ཚགས་སུ་འཐག་པའི་སྲན་རྩམ་ལ་སྲན་ཞིབ། དེ་མིན་ནས་དང་སྲན་མ་གཉིས་འདྲེས་མར་འཐག་པའི་རྩམ་པ་ལ་སྲན་སྤེན་ཞེས་ཟེར་གྱི་ཡོད།

བོད་ཟས་རྩམ་པ་ལས་སྣོན་བྱེད་སྟངས།

རྩོམ་སྒྲིག

བོད་ཟས་རྩམ་པ་ཐོག་མར་ལས་སྣོན་བྱེད་སྐབས་ནས་སྲན་སོགས་རྩམ་པའི་རྒྱུ་རྣམས་རློན་འཐག་གིས་བཟོ་བ་ཞིག་མ་ཡིན་པར། ངེས་པར་དུ་ནས་སྲན་གྱི་ནང་འདྲེས་པའི་རྡོ་ཧྲུག་དང་རྩྭ་ཡུག་སོགས་གཙང་སེལ་བྱས་རྗེས་སླ་ངའི་ནང་བརྔོས་ཏེ་འཐག་དགོས་པ་ཡིན། ནས་བརྔོས་ཟིན་པ་དེ་ལ་ཡས་ཟེར་གྱི་ཡོད། ནས་སོགས་བརྔོ་སྟངས་ནི་སླ་ངའི་ནང་བྱེ་མ་བླུགས་ཏེ་ཐབ་ཀྱི་མེ་འབར་ཤུགས་ཆེ་ཆུང་རན་ཙམ་དང་བསྟུན་ནས་བརྔོ་དགོས་པ་དང༌། ཡང་ཡུལ་དུས་སོགས་ཀྱི་དབང་གིས་ས་ཆ་ལ་ལར་བྱེ་མ་མེད་པར་སླ་ངའི་ནང་ཐད་ཀར་བརྔོ་སྲོལ་ཡང་ཡོད་པས། དེ་ནི་བྱེ་མའི་ནང་བརྔོས་པ་བཞིན་གྱི་བརྔོ་ཐག་ཆོད་པ་ཞིག་མི་ཡོང་སྟབས་རྩམ་པ་དེ་འདྲའི་ཞིམ་པོ་ཞིག་མིན།
རྩམ་པ་འཐག་སྤྱོད་ཀྱི་ཡོ་ཆས་བོད་ཡུལ་དུ་དར་སྲོལ་སྔ་བ་ནི་རྒྱུ་རྡོ་བ་ལས་གྲུབ་པའི་ཡས་གཏུན་དང་མས་གཏུན་གཉིས་༼འདི་ལ་ལྷ་ས་བས་རང་འཐག་དང་ཨ་མདོའི་ས་ཆ་འགར་ལག་བསྐོར་ཟེར༽ཡིན་ཞིང་།དེ་ནི་བཀོལ་སྤྱོད་ཀྱི་ཐད་ནས་ལག་པས་བསྐོར་ཏེ་འཐག་སྲོལ་ཡོད་པ་དེ་ལ་ལག་འཐག་ཟེར་བ་དང༌། རིམ་བཞིན་ཆུ་ཡིས་བསྐོར་ཏེ་འཐག་སྲོལ་ཞིག་ཀྱང་བྱུང་བ་དེ་ལ་ཆུ་འཐག་ཟེར་གྱི་ཡོད། དེང་སྐབས་ཚན་རིག་དར་རྒྱས་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་བ་དང་བསྟུན་རྩམ་པ་འཐག་པའི་འཕྲུལ་ཆས་བྱུང་སྟེ་བོད་མི་རྣམས་དེ་ལ་བློ་ཁ་ཕྱོགས་བཞིན་ཡོད་ནའང༌། མང་ཚོགས་ཀྱི་ཤོད་སྲོལ་ལ་འཕྲུལ་ཆས་སམ་གློག་གིས་འཐག་པའི་རྩམ་པ་དེ་བོད་རང་གི་ལག་ཤེས་ཀྱི་རྒྱུན་དང་ལྡན་པའི་སྔར་གྱི་ལག་འཐག་དང་ཆུ་འཐག་བྱས་པའི་རྩམ་པ་དང་བསྡུར་ན་བྲོ་བ་ཞིམ་པོ་མིན་པར་བརྗོད་ཀྱིན་ཡོད་པ་དོན་དངོས་ཡིན་ནའང༌། ངལ་རྩོལ་གྱི་ལས་ཚེགས་ལ་གཞིགས་ཏེ་ཕལ་ཆེ་བ་འཕྲུལ་ཆས་ཀྱིས་འཐག་པར་རང་འགུལ་ངང་གིས་ཞུགས་པ་དང་།གཞན་ཡང་ཚོང་རར་བཙོང་འགྲེམས་ཀྱི་རྩམ་པ་ཉོས་ཏེ་སྤྱོད་ཀྱི་ཡོད་པས།དེང་སྐབས་ས་ཆ་རེ་འགའ་ན་མ་གཏོགས་བོད་རང་གི་གནའ་སྲོལ་ལག་འཐག་དང་ཆུ་འཐག་བྱེད་སྲོལ་དེ་རིམ་བཞིན་ཉམས་ཏེ་མེད་པ་ཆགས་བཞིན་ཡོད།

བོད་ཟས་རྩམ་པས་བཟོས་པའི་ཟས་རིགས།

རྩོམ་སྒྲིག

བོད་ཟས་རྩམ་པ་ལས་སྣོན་བྱས་ཏེ་ཟས་རིགས་སྣ་ཚོགས་ཤིག་བཟོ་སྲོལ་ཡོད་པ་སྟེ། དཔེར་ན། སྤགས་དང༌། མར་ཟན། ཟན་ཆང་། སྐྱོ་མ། རྩམ་ཉོག རྩམ་ཐུག རྩམ་ཞུན། ཕྱེ་མར། མར་ཁུ་སོགས་ཡོད།
*སྤགས་ནི། ཆུ་ཁོལ་མ་དང་ཇའི་ནང་དུ་མར་འཕངས་ཤིང་དེའི་སྟེང་ཆུར་བ་དང་རྩམ་པ་བཏབ་སྟེ་བརྫི་བའི་ཟས་ཤིག་སྟེ། དབུས་གཙང་སོགས་སུ་དེ་ལ་སྤགས་ཟེར་བ་དང༌། ཨ་མདོའི་ཁུལ་དུ་རྩམ་པ་ཞེས་བརྗོད་ཀྱི་ཡོད། སྤགས་སམ་རྩམ་པ་བཟོ་སྟངས་སྣ་ཚོགས་ཤིག་ཡོད་པ་སྟེ། དཔེར་ན། རྩམ་པའི་ནང་ཀ་ར་བསྲེས་ཏེ་བརྫི་བའི་ཀར་རྩམ་དང༌། ཞོ་དང་དར་བའི་ནང་བརྫི་བའི་སྐྱུར་རྩམ། མར་མེད་པར་བརྫི་བའི་སྐྱ་རྩམ་བཅས་བཟོས་ནས་བཟའ་བ་དང༌། སྐྱ་རྩམ་ནི་ཕལ་ཆེ་བས་ཙོང་སྒོག་དང་བསིལ་ཕན་སོགས་དང་སྡེབ་ནས་བཟའ་སྲོལ་ཡོད།
*མར་ཟན་ནི། སྤགས་ལེབ་མོར་གླེབ་པ་གཉིས་ཀྱི་བར་དུ་མར་དང༌། བུ་རམ་སོགས་བཅུག་སྟེ་ཁ་སྤྲོད་དུ་ལེབ་མོར་བྱས་ཏེ་སྐམ་བཅུག་པའི་ཟས་རིགས་ཤིག་ལ་ཟེར་ཞིང༌། དེ་ནི་ལས་དོན་སོགས་ཀྱི་ཆེད་ཕྱི་རོལ་རྒྱང་ཐག་རིང་དུ་བསྐྱོད་པའི་ལམ་རྒྱགས་སུ་འཁྱེར་བར་སྟབས་བདེ་བོ་ཞིག་ཡིན་ལ། ཟས་རིགས་དེ་གཙོ་ཆེར་དབུས་གཙང་ཁུལ་དུ་བཀོལ་སྤྱོད་བྱེད་སྲོལ་ཡོད།
*ཟན་ཆང་ནི། རྩམ་པའམ་སྤགས་ལ་ཆང་རྩི་བསྲེས་ཏེ་བསྙལ་བའི་རྗེས་སུ་དབྱིབས་བཟོ་ནར་མོ་དང་སྒོར་ལེབ་སོགས་བཟོས་ཏེ་སྐམ་དུ་བཅུག་པའི་ཟས་རིགས་མངར་སྐྱུར་གྱི་བྲོ་བ་ཞིམ་པོ་ལྡན་པ་ཞིག་སྟེ། ལྟོགས་སྐོམ་གྱི་གདུང་བ་སེལ་ཐུབ་པའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་ཞིག་ཡིན། ཟས་རིགས་དེ་ནི་གཙོ་ཆེ་བ་དབུས་གཙང་ས་ཁུལ་དུ་སྤྱོད་ཁྱབ་ཆེ་བ་ཞིག་ཡིན།
*སྐྱོ་མ་ནི། རྩམ་པས་བཟོས་པའི་བཏུང་བྱའི་རིགས་ཤིག་སྟེ། རྩམ་སྐྱ་དང་ཆུར་བ་༼ཁག་ཅིག་གིས་མར་ཉུང་ཙམ་འཕེན་སྲོལ་ཡོད་༽གཉིས་བསྲེས་སྦྱོར་བྱས་པའི་ནང་ཇ་བླུགས་རྗེས་དཀྲུགས་ཏེ་འཐུང་བའི་གཤེར་ཁུ་ལ་ཟེར་གྱི་ཡོད། དེར་མིང་འདོགས་སྟངས་མི་འདྲ་བ་འགའ་ཡོད་དེ། ཡུལ་ལུང་ལ་ལ་ནས་ཕྱེ་ཁུ་ཟེར་བ་དང༌། ལ་ལ་ནས་སྤྲུགས་ཀ་དང་ཇ་འདུར་སོགས་ཟེར་གྱི་ཡོད།
*རྩམ་ཉོག་ནི། ཆུའི་ནང་དུ་ཤ་འཐག་སྟེ་བཏབ་ཅིང་དེའི་ནང་རྩམ་པ་བླུགས་ཏེ་གཡོས་སྦྱོར་བྱས་པའི་ཟས་རིགས་ཤིག་སྟེ། དཀར་ཡོལ་ནང་བླུགས་རྗེས་དཀྱིལ་དབུས་སུ་མར་བཞག་ནས་དེ་དང་སྡེབ་ནས་ཟོས་ན་བྲོ་བ་དམིགས་བསལ་དང་ལྡན་པ་ཞིག་ཡིན་ལ། སྤྱོད་ཁྱབ་ཀྱི་ཆ་ནས་ཨ་མདོའི་ས་ཁུལ་འགའ་ཞིག་ཏུ་སྤྱོད་ཀྱི་ཡོད།
*རྩམ་ཐུག་ནི། སྔོ་ཚད་སོགས་གཏུབ་སྟེ་ཆུའི་ནང་བཙོས་རྗེས་ནང་དུ་རྩམ་པ་བླུགས་ཤིང་བསྐོལ་ནས་བཏུང་བའི་ཟས་རིགས་ཤིག་སྟེ། ཟས་རིགས་དེ་ནི་བོད་ཡུལ་སྤྱི་ཁྱབ་ཏུ་སྤྱོད་སྲོལ་མེད་པར། མདོ་སྨད་ཀྱི་ས་ཁུལ་འགའ་དང་གཙང་ཁུལ་གྱི་ས་ཆ་འགར་བཀོལ་སྤྱོད་བྱེད་ཀྱིན་ཡོད་ལ། དེར་རྩམ་ཐུག་ཅེས་བརྗོད་ཀྱི་ཡོད།
*རྩམ་ཞུན་ནི། མར་བཞུས་པའི་ནང་རྩམ་པ་དང༌། ཀ་ར་ཕྱེ་མ། ཆུར་བ་སོགས་བསྡེབས་གཅིག་ཏུ་བརྒྱབ་ཏེ། སྡེར་མ་དང་དཀར་ཡོལ་སོགས་སྣོད་གང་རུང་ནང་བླུགས་ཏེ་སྐགས་བཅུག་པའི་ཟས་རིགས་ཤིག་ཡིན་ཞིང༌། ཞུན་ནི་དུས་རྒྱུན་སྤྱོད་པའི་ཁ་ཟས་ཤིག་མིན་པར་ལོ་གསར་དང༌། གཉེན་སྟོན་སོགས་ཀྱི་མཛད་སྒོའི་སྐབས་སྤྱོད་པའི་ཟས་རིགས་དམིགས་བསལ་བ་ཞིག་ཡིན་ལ། ལྷག་པར་དུ་ལོ་གསར་སྐབས་ཀྱི་ཟས་སྣ་ལེགས་ཤོས་ཤིག་ཡིན་པ་མ་ཟད། སྐུ་མགྲོན་ལ་འབུལ་བའི་ལག་སྐྱེས་གལ་ཆེན་ཞིག་ཀྱང་ཡིན། ཨ་མདོའི་ཡུལ་དུ་ཞུན་གྱི་ཐོག་གསེར་ཁ་ཞེས་མར་བཞུས་ཏེ་སྲབ་ཙམ་བླུགས་ཤིང༌། དེའི་སྟེང་ཤིང་ཏོག་དང་བྱུ་རིལ་སོགས་ཀྱི་ཕྲ་རྒྱན་མཛེས་པར་བཀོད་སྲོལ་ཡོད། གཞན་ཞུན་ལ་གྲོ་མ་འཐག་སྟེ་བླུགས་པའི་གྲོ་ཞུན་དང༌། གྲོ་ཕྱེ་ཡིས་བླུགས་པའི་ཕྱེ་ཞུན་བཅས་རིགས་འགའ་ཤས་ཡོད།
*ཕྱེ་མར་ནི། ཇ་སོགས་ཀྱི་བརྫི་ཁུ་མེད་པར་མར་དང་རྩམ་པ་མཉམ་བསྲེས་ཀྱིས་འཕུར་བརྫི་བྱས་པའི་ཟས་རིགས་ཤིག་ལ་ཟེར་ཞིང༌། ཕྱེ་མར་གྱི་ནང་ཀ་ར་བླུགས་ཡོད་མེད་གཉིས་ཀ་ཡོད། དེ་ཡང་ལམ་ཐག་རིང་པོར་འགྲོ་དུས་ལམ་རྒྱགས་སུ་འཁྱེར་བ་ཡིན་ན་རུལ་སྐྱོན་སོགས་མི་ཤོར་བར་སྤྱོད་སྒོ་ཆེ་བའི་ཟས་རིགས་ཤིག་ཡིན་ལ། གྲོད་ཁོག་བཤལ་བའི་སྐབས་སོགས་སུ་མར་ཁུ་བསྐོལ་བའི་ནང་ཕྱེ་མར་བཟོས་ཏེ་ཚ་བོར་ཟོས་ན་ཕན་ཐོགས་ཡོད་པར་བཤད།
*མར་ཁུ་ནི། མར་བཞུས་རྗེས་ནང་དུ་རྩམ་པ་བླུགས་ཏེ་དཀྲུགས་ནས་གཤེར་ཁུའི་ཚུལ་དུ་བཏུང་བའི་ཟས་རིགས་ཤིག་ལ་ཟེར། དེ་ནི་དུས་རྒྱུན་བཀོལ་སྤྱོད་མི་བྱེད་པར་ཆོས་ལུགས་དང་འབྲེལ་བའི་དུས་ཆེན་སོགས་ཀྱི་སྐབས་ཐོག་ས་ཁུལ་ལ་ལར་སྤྱོད་སྲོལ་ཡོད། མདོ་སྨད་ཕྱོགས་ཀྱི་ས་ཆ་འགར་ས་ག་ཟླ་བའི་སྨྱུང་གནས་སྐབས་སུ་ལོ་དེའི་སྨྱུང་གནས་སྦྱིན་བདག་རྣམས་ཀྱིས་ལོ་རྗེས་མའི་སྦྱིན་བདག་རྣམས་བོས་ཏེ། གཞུང་གི་རྒྱུ་དངོས་རྩིས་སྤྲོད་ཀྱིས་མགྲོན་བསུ་བྱེད་སྐབས་ནན་གྱིས་མར་ཁུ་ལྡུད་པའི་ལུགས་སྲོལ་ཞིག་དར་ཡོད།

བོད་ཟས་རྩམ་པ་དང་འབྲེལ་བའི་བཅའ་བཟོའི་རིག་གནས་གཞན་འགའ།

རྩོམ་སྒྲིག

བོད་མི་རིགས་ལ་མཚོན་ན་གདོད་མའི་ཆོས་ལུགས་ཀྱི་རྨང་གཞིའི་ཐོག་བོན་ཆོས་དར་བ་དང༌། དེ་ནས་ནང་བསྟན་ཆོས་ལུགས་དར་བ་བཅས་ཀྱི་བརྒྱུད་རིམ་ཁྲོད་ཆོས་ལུགས་ཀྱི་བྱེད་སྒོའི་ཆོ་ག་སྣ་ཚོགས་འདོན་སྒྲུབ་ཉམས་ལེན་བྱེད་སྲོལ་ཡོད་པ་དེ་འབྲེལ། མཆོད་གཏོར་སོགས་བཅའ་བཟོའི་རིག་གནས་ཀྱང་སྣ་ཚོགས་ཤིག་དར་ཁྱབ་བྱུང་ཡོད།
དེ་ལ་ཆོས་ཀྱི་ཆོ་ག་ཕྱག་ལེན་མི་འདྲ་བ་སྣ་ཚོགས་ཤིག་ཡོད་པ་དེ་བཞིན། འདོན་སྒྲུབ་ཀྱི་བཅའ་བཟོའི་མཆོད་གཏོར་སོགས་ཀྱང་འདྲ་མིན་སྣ་ཚོགས་ཤིག་ཡོད་པ་དེ་དག་ཕལ་ཆེ་བ་རྒྱུ་རྩམ་པས་བཟོ་བཞེངས་བྱེད་སྲོལ་ཡོད་མོད། འོན་ཀྱང་རེ་རེ་བཞིན་ངོ་སྤྲོད་བྱེད་རྒྱུ་མང་དོགས་ཀྱིས་འབྲི་བར་མི་ཞུགས་པར། འདིར་དུས་རྒྱུན་བོད་མིའི་སྤྱི་ཚོགས་ཁྲོད་རྩམ་པ་དང་འབྲེལ་ཞིང་དར་སྤྱོད་ཆེ་བའི་རིག་གནས་ཀྱི་སྣང་ཚུལ་འགའ་ངོ་སྤྲོད་རོབ་ཙམ་ཞུ་བ་ལ།
*བསང་རྩམ་ནི། བོད་མི་རིགས་ལ་མཚོན་ན་གདོད་མ་ནས་ཡུལ་ལྷ་གཞི་བདག་གི་ཚོགས་བསྙེན་བཀུར་མཆོད་བསྟོད་ ཀྱིས་བསྟེན་སྲོལ་ཡོད་པ་དེ་བཞིན། ཡུལ་ལྷ་གཞི་བདག་སོགས་ལ་བཀུར་བསྟིས་གསོལ་ཅིང་ཕུལ་མཆོད་ཀྱི་ཟས་སྣ་ཞིག་སྟེ། མིང་ལ་བསང་རྩིའམ་བསང་རྫས་ཟེར་ཞིང་། དེ་ནི་གཙོ་བོ་བོད་ཟས་རྩམ་པ་དང༌། ཇ་ལོ། མར། ནས་སོགས་དཀར་ཟས་འགའ་བསྲེས་སྦྱོར་གྱིས་གྲུབ་པ་ཞིག་ཡིན།
*རིལ་བུ་ནི། དེ་ཡང་ཡུལ་ལྷ་གཞི་བདག་སོགས་ལ་ཕུལ་མཆོད་ཀྱི་བསང་རྫས་གཙོ་བོ་ཤིག་སྟེ། རྩམ་པ་བརྫིས་ཏེ་ཆེ་ཆུང་གཅིག་པའི་རིལ་བུ་བཟོ་བ་དེ་ལ་ཟེར་ཞིང་། བསང་རྩི་གཞན་ལས་རིལ་བུ་ནི་ཕན་ནུས་ཆེ་བ་མ་ཟད། རིལ་བུའི་གྲངས་ཅི་ཙམ་མང་ན་དེ་ཙམ་གྱིས་བྱིན་རླབས་ཡོད་པར་རྩིས་ཏེ། དུས་རྒྱུན་དོན་གནོད་གལ་ཆེན་གྱི་སྐབས་སུ་སྐྱེས་པ་དག་གིས་རྩམ་པས་རིལ་བུ་བཟོས་ཏེ་བསང་མཆོད་བྱེད་སྲོལ་ཡོད། གཞན་རིལ་བུ་ནི་བསང་རྫས་ཁོ་ནར་སྤྱོད་པ་མ་ཡིན་པར་ཆོས་ཀྱི་ཆོ་ག་གཞན་དག་ལའང་བཀོལ་སྤྱོད་བྱ་སྲོལ་ཡོད།
དེང་སྐབས་སྤྱི་ཚོགས་དར་རྒྱས་ཀྱི་དབང་གིས་རིལ་བུ་བཟོ་བར་དཀའ་སྤྱད་རྩོལ་སྒྲུབ་ཀྱི་ལག་བཟོའི་ངལ་བ་བསྟེན་མི་དགོས་པར། འཕྲུལ་ཆས་སོགས་ཀྱིས་བཟོས་པའི་རིལ་བུ་དགོན་པ་དང་ཚོང་ཁང་སོགས་སུ་ཉོ་རྒྱུ་ཡོད་སྟབས་ཕལ་ཆེ་བས་དེ་ལས་ཉོས་ཏེ་མཆོད་ཀྱིན་ཡོད།
*ལྷ་བཤོས་ནི། ནད་གདོན་བགེགས་བར་ཆད་སོགས་སེལ་བའི་ཐབས་སུ་རིམ་གྲོ་སྒྲུབ་སྐབས་མཆོད་བཀུར་བྱེད་སའི་ཡི་དམ་གྱི་ལྷ་དང༌། ཆོས་སྐྱོང་སྲུང་མ། ཡུལ་ལྷ་གཞི་བདག་སོགས་ལྷ་རྣམས་ཀྱི་གཟིགས་དབྱིབས་རྩམ་པས་བཟོས་ཏེ། མཆོད་བསྟོད་བསྙེན་སྒྲུབ་བྱེད་པའི་མཆོད་རྫས་དེ་ལ་ཟེར་ཞིང༌། དུས་རྒྱུན་འཚོ་བའི་ནང་ཁྱིམ་གྱི་རིམ་གྲོ་སྒྲུབ་པ་དང་དགོན་པའི་འདོན་ཆོག་སོགས་ཀྱི་སྐབས་སུ་ལྷ་བཤོས་བཟོ་སྲོལ་ཡོད།
*གྲོ་སོ་ཕྱེ་མར་ནི། བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་རི་མོའི་བྲིས་རྒྱན་མཛེས་པའི་ཤིང་གཞོང་ནང་རྩམ་པ་ཕྱེ་མར་བླུགས་ཤིང༌། དེའི་སྟེང་ཁར་ནས་ཀྱི་སྙེ་མ་དང་རྨ་བྱའི་སྒྲོ་བཅས་བཙུགས་པའི་མཆོད་རྫས་དེ་ལ་ཟེར་ཞིང༌། གྲོ་སོ་ཕྱེ་མར་ནི་བོད་མི་རིགས་ཀྱི་བཀྲ་ཤིས་རྟེན་འབྲེལ་མཚོན་བྱེད་ཅིག་སྟེ། ལོ་གསར་དང༌། གཉེན་སྒྲིག ཁང་གསོལ་སོགས་ཀྱི་དུས་སྟོན་མཛད་སྒོའི་སྐབས་བཀོལ་སྤྱོད་བྱེད་ཀྱིན་ཡོད་ལ། དེ་ནི་གཙོ་ཆེ་བ་དབུས་གཙང་ཁུལ་དུ་དར་ཁྱབ་ཆེ་བ་ཞིག་ཡིན།
*ར་བོ་ནི། བོད་མིའི་བསང་མཆོད་ཀྱི་རྣམ་པ་གཞན་ཞིག་སྟེ། སྔོན་བོད་གདོད་མའི་ཆོས་ལུགས་དར་བའི་སྐབས་ར་མ་གསོན་པོ་དངོས་སུ་མེ་ལ་བསྲེག་ནས་དམར་མཆོད་བྱེད་སྲོལ་ཡོད་ཀྱང༌། ཕྱིས་སུ་ཆོས་ལུགས་ཀྱི་རྣམ་པ་འཕེལ་རྒྱས་བཅོས་སྒྱུར་གྱིས་སྲོག་གཅོད་ཀྱི་ལས་ལ་འཛེམས་དོགས་བྱེད་པའི་བསམ་བློའི་རྨང་གཞི་བྱུང་བ་དང༌། ར་མ་སོགས་དངོས་སུ་དམར་མཆོད་མི་བྱེད་པར་ཚབ་མཚོན་དུ་རྩམ་པས་ར་མའི་གཟུགས་དབྱིབས་བཟོས་ཏེ་བསང་དུ་གཏོང་བའི་སྲོལ་དར། དེ་ནས་བཟུང་བོད་མི་རིགས་ཁྲོད་དུས་རྒྱུན་རྩམ་པས་ར་མའི་གཟུགས་དབྱིབས་བཟོས་ཏེ་དམར་མཆོད་ཀྱི་ཚབ་མཚོན་པར་བྱེད་པའི་སྣང་ཚུལ་དེ་བྱུང་མོད། འོན་ཀྱང་སྔོན་གྱི་གོམས་པ་ལ་ཕྱོགས་པའི་བག་ཆགས་ཀྱི་དབང་གིས། དེང་ནའང་ར་མ་དངོས་སུ་དམར་མཆོད་བྱེད་མཁན་བོད་སྤྱི་ཚོགས་ནང་འགའ་རེ་སྣང༌།

བོད་ཟས་རྩམ་པའི་ཕན་ནུས།

རྩོམ་སྒྲིག

བོད་ཟས་གཙོ་བོ་རྩམ་པ་ནི་བཟའ་བཏུང་དུ་སྤྱད་དེ་ལྟོ་བ་འགྲངས་བྱེད་གཅིག་པུ་མ་ཡིན་པར། དེ་ལ་མིའི་ཁམས་དང་བསྟུན་གཟུགས་གཞིའི་འབྱུང་ཁམས་གསོ་བ་སོགས་ཀྱི་ཕན་ནུས་ཀྱང་མི་དམན་པ་ཞིག་མངོན་སུམ་དུ་ལྡན་ཡོད། བོད་ཟས་རྩམ་པ་ནི་ཟས་རིགས་གཞན་དག་དང་བསྡུར་ན་རོ་བཅུད་ཤིན་ཏུ་ཆེ་སྟབས་བཀྲེས་ལྟོགས་སེལ་བའི་ཡུན་རིང་ཞིང་གཟུགས་གཞི་ལ་འཕྲོད་པ་མ་ཟད། གཞན་འབྱུང་ཁམས་ཀྱི་ནད་རིགས་ཀྱང་མང་པོ་ཞིག་སེལ་བའི་ཕན་ནུས་ཐོན་གྱི་ཡོད། དེ་ལ་བོད་དམངས་ཁྲོད་ངག་རྒྱུན་དུ། ཆམ་ནད་ཕོག་ན་རྩམ་པ་ཟོ་ཞེས་ཆམ་པའི་ནད་སོགས་ཕོག་སྐབས་རྩམ་པ་ཟོས་ན་ཕན་ཐོགས་ཡོད་པའི་ཤོད་སྲོལ་ཡོད། དེ་བཞིན་ལོ་ལོན་རྒན་འཁོགས་སོགས་ལ་རླུང་ནད་བྱུང་བ་ཡིན་ན་རྩམ་ཁུ་བསྐོལ་ཏེ་འཐུང་ན་ཕན་པ་དང༌། དེ་མིན་ཐག་རིང་དུ་སོང་སྟེ་ངལ་དུབ་ཀྱིས་རྐང་ལག་ན་བ་ཡིན་ན་རྩམ་བྱུགས་བརྒྱབ་པས་ཕན་པ་བཅས་ངལ་རྩོལ་མང་ཚོགས་ཁྲོད་དུའང་རྩམ་པ་ལ་བརྟེན་ནས་ནད་བཅོས་བྱེད་ཐབས་སྣ་ཚོགས་ཤིག་ཡོད།
གཞན་གསོ་རིག་སྨན་གཞུང་དུའང་ར་མཉེ་རྩ་བ་སྟོན་དུས་བརྐོས་པ་གཙང་སེལ་གྲིབ་སྐམ་བྱས་པའི་ཕྱེ་མ་རྩམ་པ་དང་བསྲེས་ནས་ཐུག་པ་དང༌། ཟན་ཆང་བསྐོལ་ཏེ་བསྟེན་པས་ཆུ་སེར་གྱི་ནད་དང་རྒས་ཀ་སྲ་བ་ལ་ཕན་ཚུལ་དང༌། དེ་མིན་གག་ལྷོག་གཟེར་གསུམ་སོགས་གཉན་ནད་རིགས་གློ་བུར་དུ་བྱུང་བ་ཡིན་ན་གྲོ་ཕྱེ་དང༌། ནས་ཕྱེ། རྩམ་པ་སོགས་ཕན་ཚུལ། གཞན་སྙིང་ནད་དང་བུད་མེད་ཀྱི་ཆུ་སྐྲངས་ནད་སོགས་ལའང་རྩམ་པ་ཕན་པ་བཅས་བོད་ཟས་རྩམ་པས་བཅོས་ཐུབ་པའི་ནད་རིགས་མང་པོ་ཞིག་ཡོད་པར་བཤད་འདུག་པས། འདིར་དཔེར་མཚོན་གྱི་ཚུལ་དུ་འགའ་ཞིག་ལས་བརྗོད་མེད་པས། ཞིབ་ཏུ་ཤེས་རྟོགས་འདོད་ན་འབྲེལ་ཡོད་སྨན་གཞུང་ཁག་ཏུ་གཟིགས་པར་འཚལ།
མཐའ་དོན་དུ། དེ་ལྟར་སྤྱིར་རང་ཅག་ཁ་བའི་ལྗོངས་སུ་བོད་ཟས་གཙོ་བོ་རྩམ་པས་བཅའ་བཟོའི་ཟས་རིགས་མང་པོ་ཞིག་དང་སྤྱོད་ཁྱབ་ཀྱི་རིག་གནས་ཀྱང་མང་པོ་ཞིག་གནའ་ནས་ད་ལྟའི་བར་བྱུང་ཡོད་པ་དེ་འབྲེལ་དེང་གི་དུས་རབས་འདིར་བོད་མི་རིགས་ཀྱི་ཁ་ཟས་གཙོ་བོ་རྩམ་པ་ནི་མཐོ་སྒང་གི་རི་ལུང་འདི་ལས་ཕར་བརྒལ་གྱིས་ད་ཆ་ནུབ་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཨ་རི་སོགས་སུ་དར་སྤེལ་བྱས་དང་བྱེད་བཞིན་ཡོད། ཁོ་བོས་གོང་དུ་བོད་ཟས་རྩམ་པའི་སྐོར་ནས་གཙོ་ཆེར་འགའ་རགས་རམ་ཙམ་ཞིག་ལས་བརྗོད་མེད་པས། ཞིབ་རྒྱས་སུ་འབྲེལ་ཡོད་ཡིག་ཆ་གཞན་རྣམས་སུ་གཟིགས་རྒྱུ་དང༌། ཁོ་བོས་འགྲེལ་བརྗོད་བྱས་པའི་ཁྲོད་ནོར་ཉེས་ཀྱི་ཆ་མང་པོ་ཞིག་ཡོད་སྲིད་པས། ཐུགས་འགལ་མེད་པར་ཀུན་གྱིས་དགོངས་འཆར་ལྷུག་བརྗོད་གནང་བར་ཞུ།


རྩམ་པ་ནི་བོད་མིའི་སྲོལ་རྒྱུན་གྱི་ཟས་རིགས་ཐུན་མོང་མ་ཡིན་པ་ཞིག་ཡིན་ཏེ་བཟོ་བདེ་བ་དང༌སྤྱོད་བདེ་བ། ཉར་བདེ་བ། འཁྱེར་བདེ་བ་སོགས་ཀྱི་ཁྱད་ཆོས་འཛོམས་ཡོད། བཟའ་རྩམ་ལ་རིགས་མང་སྟེ་ནས་རྩམ་དང༌།  ཡུག་རྩམ། སྲན་རྩམ་སོགས་ ཡོད་དེ་རྒྱུན་ཟས་ནི་ནས་རྩམ་ཡིན་ཞིང༌། ནས་རྩམ་ནི་ཐོག་མར་ནས་སྐམ་དུ་བཅུག་རྗེས། ཆུ་འཁོལ་ཉུང་ཙམ་ཞིག་གི་ནང་དཀྲུགས་ཏེ་རྔོད་སྣོད་ནང་དུ་བརྔོས་ནས་བཏགས་པའི་ཕྱེ་མ་ཡིན་ལ་དྲི་ཞིམ་ཞིང་རོ་བཅུད་ལྡན། ཕྱུར་བ་ལ་ཡང་མངར་ཕྱུར་དང༌། སྔོ་ཕྱུར། སྐྱུར་ཕྱུར། སྐྱ་ཕྱུར་བཅས་ཡོད། མངར་ཕྱུར་ནི་མར་དང་སྤྲིས་མ་མ་བླངས་པར་བསྐོལ་བའི་ཕྱུར་བ་ཡིན་ཞིང༌། སྔོ་ཕྱུར་ནི་དར་བ་ལན་གཅིག་བསྐོལ་ཏེ་བཏོན་པའི་ཕྱུར་བ་རོ་བཅུད་ལེགས་པ་ཞིག་ཡིན། སྐྱུར་ཕྱུར་ནི་འོ་མ་བསྲུབས་རྗེས་དར་བ་ཅུང་རིང་བར་བསྐོལ་བ་ལས་བཏོན་པའི་ཕྱུར་བ་ཡིན་ཞིང༌། སྐྱ་ཕྱུར་ནི་ཕྱུར་ཁུའམ་སྔོ་ཁུ་ཡུན་རིང་བསྐོལ་ཏེ་བསྐམས་ནས་བཏོན་པའི་ཕྱུར་བ་རོ་བཅུད་ཞན་པ་ཞིག་ཡིན་ལ། ལ་ལས་མིང་ལ་ཕྱུར་བའི་ཁཎྜ་ཡང་ཟེར།

     

རྩམ་པ་བཟའ་ཐབས་ལ་མར་ཟན་དང༌། ཟན་ཕྱེ། གཡིས(སྣུམ)རྩམ། ཞག་རྩམ། ཚིལ་རྩམ། ཡུག་རྩམ་བཅས་ཡོད་དེ། མར་ཟན་བརྫི་བྱེད་མར་ཁུའི་ནང་དུ་ཕྱུར་བ་དང་རྩམ་པ་བསྲེས་ནས་བརྫིས་པའི་སྤགས་རིལ་ཞིག་ཡིན། ཟན་ཕྱེ་ནི་མར་དང་ཕྱུར་བ། རྩམ་ཕྱེ་བཅས་བསྲེས་ནས་སྤགས་ཀྱི་ཕྱེ་མ་ལ་ཟེར་ཞིང་འགྲུལ་བཞུད་ཀྱི་སྐབས་སུ་འཁྱེར་བདེ་བ་ཞིག་ཡིན། གཡིས་རྩམ་ནི་འབྲུ་སྣུམ་སྟེ་གཡིས་ཀྱི་ནང་རྩམ་ཕྱེ་བཏབ་ནས་བརྫིས་པའི་སྤགས་རིལ་ཞིག་ཡིན། ཞག་རྩམ་ནི་ནོར་ལུག་གི་ཤ་རུས་གདུས་པའི་ཞག་ནང་དུ་རྩམ་ཕྱེ་བརྫིས་པའི་སྤགས་རིལ་ཞིག་ཡིན། ཚིལ་རྩམ་ནི་ལུག་སོགས་ཀྱི་ཚིལ་བཙོས་པའམ་བཞུས་པའི་ནང་རྩམ་ཕྱེ་དང་བཟའ་ཚྭ་བཏབ་ནས་བརྫིས་པའི་སྤགས་རིལ་ཞིག་ཡིན། ཡུག་རྩམ་ནི་ཡུག་པོ་བརྔོས་ནས་བཏགས་པའི་ཕྱེ་མའི་ནང་ལ་མར་རམ་གཡིས་བླུགས་ནས་བརྫིས་པའི་སྤགས་རིལ་ཞིག་ཡིན། དེ་རིགས་ལ་བྲོ་བ་མི་གཅིག་པ་རེ་རེ་ཡོད་ལ་ནུས་པའང་ཁྱད་པར་བ་རེ་ཡོད་པས་བོད་མིའི་ཟས་རིགས་ཀྱི་གཙོ་བོའི་ཆ་བཟུང་ཡོད་དོ།།

གོང་གསལ་གྱི་རྩམ་པའི་ངོ་སྤྲོད་སེང་རྡོར་དྲ་བ་ལས་བཏུས།

"https://bo.wikipedia.org/w/index.php?title=རྩམ་པ།&oldid=142868"ལས་སླར་རྙེད་སོང།