ཤར་ཕྱོགས་པ་

  • ཤར་ཕྱོགས་པ་ནི། སྤྱིར་ང་བཅས་འབྲུག་རྒྱལ་ཁབ་ནང་ལུ་ ཤར་ཕྱོགས་ཀྱི་མི་རིགས་ལུ་ “ཚངས་ལ” ཟེར་བའི་མིང་གི་ཐ་སྙད་བྱུང་ཚུལ་དུམ་གྲ་ཅིག་ཞུ་བ་ཅིན། ཤར་ཕྱོགས་པ་ཚངས་ལ་ཟེར་བའི་ལོ་རྒྱུས་འདི་ ཧེ་མ་མཁས་མཆོག་ཚུ་གིས་ ཀི་དེབ་ནང་ལུ་བཀོད་དེ་ཡོད་པའི་ལོ་རྒྱུས་གོ་རུང་ དཔེ་མཛོད་ཁང་དང་ཡིག་རྙིང་རྒྱལ་རབས་ལ་སོགས་པ་ ག་ཅི་ནང་ལས་ཡང་མཇལ་མ་ཚུགས་ཟེར་ཞུ་ནི། ཨིན་རུང་ མ་མཐོང་ཕྱིར་ན་མེད་པ་མིན།། ཟེར་དོ་བཟུམ་སྦེ་ རང་གིས་མ་མཐོང་ནི་འདི་གིས་ མིན་འདུག་ཟེར་མེན་པར་ ག་དེམ་ཅིག་སྦེ་ཤུལ་མའི་ཞིབ་འཚོལ་པ་ཚུ་གིས་ བདེན་དཔྱད་གནང་ནིའི་དོན་ལུ་ གཡུས་ཁའི་ཕམ་རྒན་ཤོས་ཚུ་གི་རྣ་རྒྱུན་དང་ རང་གི་ཞིབ་དཔྱད་སྙན་ཞུ་དུམ་གྲ་ཅིག་ཞུ་བ་ཅིན། ཚངས་ལ་ཟེར་བའི་ལོ་རྒྱུས་གཉིས་སྦེ་བཤད་སྲོལ་འདུག དེ་ཡང་ ཁ་སྐད་ལུ་གཞི་བཞག་སྟེ་མིང་བཏགས་ཚུལ་དང་ གང་ཟག་ལུ་གཞིར་བཞག་གཉིས་ལས་ དང་པ། ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཀྱི་ ཁ་སྐད་མང་ཤོས་ཅིག་ནང་ སཾ་སྐྲྀ་ཏ་ལེགས་སྦྱར་ལྷའི་སྐད་ཡོདཔ་ལས་ འཇིག་རྟེན་གྱི་མོས་པོ་ནི་ ལྷ་ཚངས་པ་ཨིནམ་ལས་ ལྷ་ཚངས་པའི་ཁ་སྐད་སླབ་ནི་འདི་གིས་ ཤར་ཕྱོགས་པ་ཚངས་ལ་ཟེར་སླབ་ཨིན། ༢.༡ ལྷ་སྲས་གཙང་མའི་གདུང་རིགས་ལས་མཆེད་པའི་ རྒྱུ་མཚན་གྱིས་ གཙང་ལྷའི་སྒྲ་ཉམས་ནས་ ཤར་ཕྱོགས་པ་ཚངས་ལ་ཟེར་སླབ་ཨིན་པའི་ལོ་རྒྱུས་གཉིས་ལས་ ང་གིས་འབད་བ་ཅིན་ ལོ་རྒྱུས་གཉིས་པ་འདི་ ར་ཁུངས་བཟང་དོ་བཟུམ་མཇལཝ་མས། དེ་ཡང་་་་་་་་ ༡༽ གཙང་ལྷའི་སྒྲ་ཉམས་མི་ལུ་ ཚངས་ལ། ༢༽ ཚངས་ཟམ་ཟེར་ ད་ལྟོའི་བར་ན་ཡང་ གཡང་རྩེ་རམ་སྦྱར་དང་ བཀྲིས་སྒང་གི་བར་ན་ཡོདཔ་ལས་ ལྷ་སྲས་གཙང་མའི་ཕེབས་ལམ་གྱི་ཟམ་པ་ལུ་ ཚངས་ཟམ། ༣༽ ཚངས་སྲས་དཔོན་གྱི་བརྒྱུད་པ་ལུ་ ཚངས་ལ་མཁོ་ཆེ་ཟེར་བའི་ཐ་སྙད་ཚུ་ལས་ ཧིང་སང་ས་ཧ་གོ་ཚུགས་པས་ཟེར་ཞུ་ནི། ༣.༡ ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཀྱི་ ཁ་སྐད་མང་ཤོས་ཅིག་ནང་ སཾ་སྐྲྀ་ཏ་ལེགས་སྦྱར་ལྷའི་སྐད་ཡོདཔ་ཙམ་གྱིས་མི་འཐད་པའི་རྒྱུ་མཚན་ནི། ༡༽ ལྷོ་མཚམས་པའི་ཁ་སྐད་ལུ་ཡང་ ལེགས་སྦྱར་ལྷའི་སྐད་ཡོདཔ་ལས་ ལྷོ་མཚམས་པ་ཡང་ཤར་ཕྱོགསཔ་ཨིནམ་ཐལ་ནི། ༢༽ རྒྱ་གར་གྱི་མངའ་འོག་སྦས་ཡུལ་པདྨ་བཀོད་པ་དང་ མོན་ཏ་ཝང་ཤར་བུམ་དི་ལ་ཚུ་ནང་ཡང་ ཤར་ཕྱོགས་པའི་ཁ་སླབ་མི་ཡོད་རུང་ ཁོང་ཚུ་ལུ་ རྩེང་མི་ཟེར་སླབ་མ་གཏོགས་ ཚངས་ལ་ཟེར་མི་སླབ་དོ་ཡོདཔ་ལས་ ཧིང་སང་ས་ཧ་གོ་ཚུགས་པས་ཟེར་ཞུ་ནི། ད་རེས་ ང་གིས་ རྣམ་རྟོག་གི་ས་བོན་བཟུམ་བཀོད་དེ་ཡོད་མི་ལུ་ བསམ་འཆར་བཀོད་དེ་ བཀའ་དྲིན་བསྐྱང་གནང་། ཤར་ཕྱོགས་ཀྱི་ཕྱོགས་ལ་དབྱེ་ན་ ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད། དེའི་ངོ་སྤྲོད། ༡༽ ཀྲོང་གསར་ཆོས་འཁོར་རབ་བརྟེན་རྩེ་རྫོང་། ༢༽ བུམ་ཐང་བྱ་དཀར་རྫོང་། ༣༽ ལྷུན་རྩེ་རྫོང་། ༤༽ བཀྲིས་ཡང་རྩེ་རྫོང་། ༥༽ མོང་སྒར་རྫོང་། ༦༽ བཀྲིས་སྒང་རྫོང་། ༧༽ གཞལམ་སྒང་རྫོང་། ༨༽ པདྨ་དགའ་འཚལ་རྫོང་། བཅས་བརྒྱད་ཨིན། ( ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཀྱི་ནང་གསེས་དབྱེ་བ་དང་བཅས་པའི་ངོ་སྤྲོད།) ༡༽   བྱ་དཀར་རྫོང་གི་ཆ་འོག་བུམ་ཐང་སྡེ་བཞི། ༢༽   ལྷུན་རྩེ་རྫོང་གི་འོག་ཀུར་སྟོད་མདོ་བཞི། ༣༽   བཀྲ་ཤིས་གཡང་རྩེ་ལུ་གཡང་རྩེ་ཚོ་ལྔ། ༤༽    བཀྲ་ཤིས་སྒང་ལུ་བཀྲ་ཤིས་སྒང་ཚོ་བཅུ། ༥༽   མོང་སྒར་རྫོང་གི་ཆ་འོག་གཞོང་སྒར་ཚོ་བདུན། ༦༽   གཞལམ་སྒང་མཁན་རིགས་རྣམ་གསུམ། ༧༽   པདྨ་དགའ་ཚལ་ལུ་གདུང་བསམ་མདོ་གསུམ། ༨༽   ཀྲོང་གསར་རྫོང་ཁག་མང་སྡེ་ཚོ་བཞི། (ཀྲོང་གསར་ཆོས་འཁོར་རབ་བརྟན་འདི།   །ཤར་ཕྱོགས་རྩིབས་བརྒྱད་ལྟེ་བ་ཨིན།།)