ཤེས་རབ་རྒྱལ་མཚན
མཁས་གྲུབ་དམ་པ་མཉམ་མེད་ཤེས་རབ་རྒྱལ་མཚན།
རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་སློབ་དཔོན་སྤྱན་གཅིག་པ་ཆེན་པོའི་རྣམ་ཐར།
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །
བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ།།
ཀུན་མཁྱེན་ཤེས་རབ་དཀྱིལ་འཁོར་ཡོངས་རྫོགས་ཤིང་། །
འཆད་རྩོད་རྩོམ་པའི་ལེགས་བཤད་འོད་སྟོང་ཅན། །
གདུལ་བྱ་བློ་མུན་སེལ་བའི་རྒྱལ་མཚན་འཛིན། །
སྨྲ་བའི་ཉི་མ་བླ་མའི་ཞབས་ལ་འདུད། །
མཁྱེན་ལྡན་ཁྱེད་ཀྱི་ཡོན་ཏན་མ་ལུས་པ། །
བློ་དམན་བདག་གིས་བརྗོད་པར་མི་ནུས་ཀྱང་། །
རང་གཞན་དད་མོས་གུས་པ་བསྐྱེད་པའི་ཕྱིར། །
བདག་གི་ལྷག་བསམ་དག་པས་དགོད་པར་བྱའོ། །
འདིར་མཚན་བརྗོད་པར་དཀའ་བའི་འགྲོ་བའི་མགོན་གཅིག་སེམས་དཔའ་ཆེན་པོ་དེ་ཉིད་ཀྱི་སྐྱེ་བ་སྔ་མ་རྣམས་ཀྱི་མཛད་སྤྱོད་རྨད་དུ་བྱུང་བ་རྣམས། བདག་ཅག་བློ་ཡིས་དཔོག་པར་མི་ནུས་ཤིང་། སྐྱེ་བ་འདི་ལ་འཁྲུངས་པ་ཕན་ཆད་དུ། རྣམ་པར་ཐར་བ་རགས་རིམ་ཙམ་ཞིག་བཤད་པར་བྱ་སྟེ། དེ་ལ་དོན་རྣམ་པ་གཉིས་ཏེ། ཀུན་ལ་གྲགས་པ་ཐུན་མོང་གི་རྣམ་ཐར་རྒྱས་པར་བཤད་པ་དང་། ཐུན་མོང་མ་ཡིན་པ་ནང་གི་རྣམ་ཐར་བསྡུས་ཏེ་བསྟན་པའོ། ། དང་པོ་ལ་ལྔ་སྟེ། སྐྱེ་བ་བཞེས་ཤིང་བསྟན་པ་ལ་ཞུགས་པའི་ཚུལ་དང་། ཞུགས་ནས་ཡོངས་འཛིན་བསྟེན་པ་དང་ཐུགས་བཅུད་ཅི་ལྟར་ལོན་པའི་ཚུལ་དང་། ལོན་ནས་འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་ཅི་ལྟར་བརྙེས་པ་དང་། བརྙེས་ནས་བསྟན་པའི་བྱ་བ་འཛིན་སྐྱོང་སྤེལ་གསུམ་གྱིས་སྒྲུབ་པའི་ཚུལ་དང་། བསྒྲུབས་ནས་འགྲོ་དོན་མཐར་ཕྱིན་པའི་ཚུལ་ལོ། ། དང་པོ་ལ་སྐྱེ་བ་བཞེས་པའི་ཚུལ་དང་། བསྟན་པ་ལ་ཞུགས་པའོ། །
དང་པོ་ནི། མཁས་གྲུབ་དམ་པ་དེ་ཉིད་ཀྱི་སྨོན་ལམ་དབང་གིས་སེམས་ཅན་གྱི་དོན་དུ་སྐྱེ་བ་བཞེས་པའི་ཡུལ་ནི། སྔོན་གྱི་རིག་འཛིན་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ས། ཤར་རྒྱལ་མོ་རོང་རྒྱལ་མོ་དངུལ་ཆུའི་འགྲམ། སྟེགས་ཅོག་ཅེས་བྱ་བ་ཡིན་ནོ། ། རུས་ཆེན་དབྲ། ཡབ་རྒྱུའི་བོན་བཞི་ལ་མཁས་པ། ཀླུ་རྒྱལ་ཞེས་བྱ་བ་དང་། ཡུམ་དད་མོས་གུས་པ་ཆེར་ལྡན་པའི། རིན་ཆེན་སྨན་ཞེས་བྱ་བ་གཉིས་ལ། མེ་ཕོ་སྤྲེལ་ལོར། དུས་ཁྱད་པར་ཅན་དཔྱིད་ར་སྟག་ཟླའི་ཚེས་ལྔ་ལ་སྐུ་འཁྲུངས་སོ། ། དེ་ནས་ཡུམ་གྱིས་བཙའ་རྫི་ཅུང་ཟད་མ་ཆོག་པའི་ལན་གྱིས། སྤྱན་གཅིག་དེ་ལ་ཆུ་ཤིང་གི་ཐུར་མས་ཟུག་ནས། ཕྱིས་ནས་སློབ་དཔོན་སྤྱན་གཅིག་པ་ཆེན་པོ་ཞེས་གྲགས་སོ། ། སྔར་ཡང་དཔོན་རྒྱུད་ཡིན་ལ་སྐུ་མཆེད་གསུམ་ཡོད་པའི་བར་མ་དེ་ཡིན་ནོ། ། ཡབ་ཀྱིས་གཡུང་དྲུང་རྒྱལ་དུ་བཏགས་སོ། ། ཅི་ཞིག་ཡབ་ཀྱིས་ཡི་གེ་སློབ་ཏུ་བཅུག་སྟེ་ཀློག་ལ་མཁས་པར་བྱུང་། ཆུང་ནས་བློ་རྩལ་ཤེས་རབ་དང་ལྡན་ཞིང་རྒྱུའི་བོན་བཞི་ལ་མཁས་པར་སྦྱངས་སོ། །
གཉིས་པ་ནི། དེ་ནས་འཁོར་བ་དེ་དག་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་གཟིགས་ཏེ། མཐའ་ཡས་པའི་སེམས་ཅན་གྱི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། བཤེས་གཉེན་དམ་པ་ཕྱྭ་བླ་གཡུང་དྲུང་རྒྱལ་མཚན་གྱི་དྲུང་དུ་བྱོན་ནས། དང་པོ་བསྙེན་གནས་དགེ་བསྙེན་གྱི་སྡོམ་པ་བླངས་ནས། ཅི་རིག་ཙམ་དུ་ཆང་བཅད་པ་ཙམ་བྱས། དེའི་དུས་སུ་ཁྲོ་ཀློང་རྣམ་གསུམ་དང་། ཡར་མེ་བའི་བཀའ་བརྟེན་རྣམས་དང་། མཛོད་གབ་པ་རྩ་རྒྱུད་གཞུང་ཆེན་རྣམས་དང་། གཞན་ཡང་འཕྲིན་ལས་ལ་སོགས་བློ་འཛིན་མང་དུ་མཛད་དོ། །
གསུམ་པ་ཡོངས་འཛིན་བསྟེན་པ་དང་ཐུགས་བཅུད་ཇི་ལྟར་ལོན་པའི་ཚུལ་ནི། ཕྱྭ་བླ་མ་གཡུང་དྲུང་རྒྱལ་མཚན་གྱི་དྲུང་དུ་ཁྱིམ་པའི་རྟགས་དོར་ནས། རབ་ཏུ་བྱུང་པའི་རྟགས་ལེན་པར་མཛད་དོ། ། གཙང་གཙུག་གི་སྡོམ་པ་ཞུས་ནས་ཚུལ་མིང་ཤེས་རབ་རྒྱལ་མཚན་ཞེས་མཚན་གསོལ་ཞིང་། སྲིད་རྒྱལ་དྲེལ་ནག་གི་སྐོར་རྗེས་གནང་དང་བཅས་པ་ཞུས་སོ། ། དུས་དེ་ནས་བཟུང་སྟེ་ཤ་ཆང་སྒོག་གསུམ་གཏན་དུ་སྤངས་པར་མཛད་ནས། ཕྱི་གཏོར་ནང་གཏོར་མ་ཆག་པར་མཛད་དོ། །བྷེ་དྲང་སྲོང་རིན་ཆེན་རྒྱལ་མཚན་གྱི་དྲུང་དུ་ལུང་མཚན་ཉིད་སྲིད་པའི་མཛོད་ཕུག་འ་ཞའི་དགོངས་དོན་ལྟར་ཚར་གཅིག་གསན། གཞན་ཡང་བཀའ་བརྟེན་གྱི་སྐོར་ཅི་རིགས་པར་ཞུས་སོ། །དེ་ནས་མཁས་གྲུབ་རིན་ཆེན་བློ་གྲོས་ཀྱི་དྲུང་དུ་སྟོད་སྨད་བར་གསུམ་ཀུན་ནས་ལོ་དུ་མའི་ཕྱག་ཕྱིར་འབྲང་ཞིང་། ཕྱི་ནང་གསང་གསུམ་རྒྱུད་ལུང་མང་དུ་གསན། མཚན་ཉིད་སྡེ་ལྔ་ལ། མཛོད་ལ་ལུང་མཚན་ཉིད་སྲིད་པའི་མཛོད་ཕུག་གསལ་རབ་ཀྱི་འགྲེལ་བ་དང་། སྒྲ་འགྲེལ་ལ་སོགས་ཀྱི་འགྲེལ་བཤད་དང་། ཁྱད་པར་གཉོས་དང་འ་ཞའི་དགོངས་དོན་ཅི་ལྟ་བ་བཞིན་དུ་གསན། འབུམ་ལ་ཁམས་བརྒྱད་གཏན་ལ་འབེབས་པའི་བཤད་པ། མཁས་པ་དཔལ་ཆེན་གྱི་དགོངས་དོན་ལྟར་དང་། བསྡུས་པའི་ཚིགས་སུ་བཅད་པ་ལ་སོགས་འབུམ་སྡེ་མང་དུ་གསན། འདུལ་བ་ལ་ཊཱིཀ མངོན་པ་སྡེ་བཞི་མདོ་རྩ་དུང་ཕུར་གསང་ལུང་ལ་སོགས་མང་དུ་གསན་ཅིང་། ཁྱད་པར་འདུལ་བ་སྨད་ལུགས་ཀྱི་འཐོར་བུ་རྣམས་དང་། ཀུན་ལས་བཏུས་པ་དང་མདོར་བསྡུས་ལ་སོགས་འདུལ་བ་མང་དུ་གསན། མདོ་ལའང་འདུས་པ་རིན་པོ་ཆེ་གཟེར་མིག་དཔལ་ཆེན་པོའི་དགོངས་པ་ལྟར་དང་། ཁྱད་པར་འཕྲིན་ལས་བཅོ་བརྒྱད་ཀྱི་བཤད་པ་ལ་སོགས་གཉོས་དང་འ་ཞའི་དགོངས་པ་ལྟར་དང་། གཞན་ཡང་བྱུང་ཁུངས་མདོ་དང་། མདོ་ཕྲན་ཉི་ཤུ་རྩ་གཅིག་ལ་སོགས་མདོ་སྡེ་མང་དུ་གསན། དབུ་ཚད་ཀྱི་སྡེ་ལ་དབུ་མ་བདེན་གཉིས། ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་མེ་ལོང་དགུ་སྐོར། འགྲོ་མགོན་བློ་གྲོས་ཀྱི་ཚད་མ་ཀུན་ལས་བཏུས་པ། གཞོན་རྒྱལ་གྱི་ཚད་མ་རྣམ་འབྱེད་དང་། དབུ་མ་རྩོད་ཟློག་གཏན་ཚིགས་ཐིགས་པ་ལ་སོགས་རྒོལ་བ་སུན་འབྱིན་པའི་ལུང་དང་རིགས་པའི་རྣམ་བཞག་མང་དུ་གསན། དུས་དེ་ཙམ་ནས་བོད་གངས་ཅན་ཁྲོད་འདིར་རང་གཞན་གྱི་མཁས་པ་སུ་ལ་ཡང་། གཞུང་ལུགས་རྣམས་ལ་བཤད་པ་དང་རྩོད་པ་བྱས་པའི་ཚེ་ན། ཉི་མའི་འོད་ཀྱིས་ཟླ་བ་ཟིལ་གནོན་ལྟར་གཞན་གྱི་སྤོབས་པ་གཞོམ་པར་བྱས་སོ། །
གཞན་ཡང་དྲང་དོན་མུན་སེལ་སྒྲོན་མ། ངེས་དོན་ནམ་མཁའ་འཕྲུལ་མཛོད། བྱང་ཆུབ་སྒྲུབ་ཐབས་ཀྱི་ལམ་གྱི་རིམ་པ། མན་ངག་རིན་ཆེན་གཏེར་སྤུངས་ལ་སོགས་མང་དུ་གསན། རྣམ་དག་པད་མ་ཡུམ་གྱི་སྐོར་དང་། གཡུང་དྲུང་རྣམ་དག མཆོད་གཏོར་རྩིས་འགོ་བདུན་པ། སྐུ་གསུང་ཐུགས་ཀྱི་རྟེན་མཆོག་སོ་སོའི་མངའ་དབུལ་རྣམས་ཀྱི་ལག་ལེན་དང་བཅས་པ་གསན། རྣམ་རྒྱལ་གྱི་གཟུངས་སྒྲུབ་བསྟོད་མདོའི་རྒྱུད་དང་དཔལ་མགོན་སོ་སོའི་སྒྲུབ་ཐབས། མུན་སེལ་ལ་སོགས་ལྷག་པའི་ལྷའི་སྒྲུབ་སྐོར་མང་དུ་ཞུས་སོ། ། གསང་སྔགས་ལ་རྩ་རྒྱུད་གསང་བ་བསེན་ཐུབ། ཞི་བ་ཀུན་སྣང་ཁྱབ་པ། ཕྲིན་ལས་གཡུང་དྲུང་ཡོངས་རྫོགས། ཁྲོ་བོ་དབང་ཆེན་བསྙེན་སྒྲུབ། འཕྱོངས་དགུ་དང་བཅས་པ་ཁྱད་པར་དབལ་མོ་ལས་ཐིག་གི་སྐོར་དང་། དེ་ལ་སོགས་པ་རྣམས་ཀྱི་དབང་། གདམས་པ་མ་ལུས་པ་གཉོས་དང་འ་ཞའི་ཕྱག་ལེན་ལྟར་གསན་ཅིང་། རང་ཉིད་ཀྱིས་མཁས་པར་སྦྱངས་སོ། ། རྩོད་ཟློག་ལ་ཞི་བ་ལྟར་དུ་ཨ་གསལ་ཁྲོ་བོ་སྐུ་གསུང་ཐུགས་ཀྱི་སྒྲུབ་པ། དྲག་པོ་སྐུ་རྫོགས། གེ་ཁོད་སྐོར་ལ་གསང་དྲག་ཆེ་ཆུང་མེ་རི་གྱད་ཕུར། བསྐྱེད་མི་དགོས་ཀྱི་གེ་ཁོད་ཐོག་མདའ་སྐོར་དང་། ཙོ་སྒྲུབ་ཐིས་སྒྲུབ་ལ་སོགས། དྲན་པ་གསང་སྒྲུབ། བསྟན་སྲུང་ཡུམ་སྲས་ལ་སོགས་སྐོར་མང་དུ་ཞུས། སེམས་དོན་སྐོར་ལ་གབ་པ་དགུ་སྐོར། སེམས་ཕྲན་སྡེ་དགུ་དང་བཅས་པ། ཞང་ཞུང་སྙན་བརྒྱུད་རྒྱལ་བའི་ཕྱག་ཁྲིད། སྒྲོན་གཟེར་མ་བུ་དང་བཅས་པ། གཅིག་བརྒྱུད་སྐོར་ལ་འོད་གསལ་གཅིག་བརྒྱུད། ཉམས་གཅིག་རྒྱུད། རྩ་རླུང་གཅིག་བརྒྱུད། འཕོ་བ་གཅིག་བརྒྱུད་གེགས་སེལ་ལག་ལེན་དང་བཅས་པ་ཞུས། ཨ་ཁྲིད་རྒྱལ་བའི་ཕྱག་ཁྲིད། རྒྱབ་སྐྱོར་གེགས་སེལ་ལག་ལེན་དང་བཅས་པ། ཞེ་གཅོད་ཏིང་ངེ་འཛིན་ལྔ་ཚོ་ལྔ་འགྱུར་བོག་འདོན་ལྷོ་བྱང་གཉིས་ཀྱི་རྒྱུད་དང་། ཞི་བ་ཉམས་ལེན་ལྔ་སྐོར། དམར་བྱང་ལ་སོགས་སེམས་ཕྱོགས་ཀྱི་བོན་སྡེ་མང་དུ་གསན་ནོ། ། མཁས་གྲུབ་དེ་ཉིད་ཀྱིས་གདམས་ངག་ཐམས་ཅད་ཀྱི་མཛོད་སྒོ་ཕྱེས། མཁའ་འགྲོའི་སྲོག་སྙིང་བཏོན་ནས་གནང་ངོ་། ། གདམས་ངག་ཁྱད་པར་ཅན་གྱི་གསང་དོན་ལྡེ་མིག་ཐམས་ཅད་ལག་ཏུ་གཏད་དོ། ། དབལ་བོན་ཆེན་པོ་མེ་སྟོན་ཀུན་བཟང་རྒྱལ་མཚན་གྱི་དྲུང་དུ། དབལ་ཕུར་ནག་པོའི་སྐོར་ལ། རྒྱུད་འགྲེལ་རྩ་བར་འཆམ་པ་ལུང་དོན་རྒྱས་པའི་སྡེ་དང་། ཕྲིན་ལས་ཉམས་སུ་བླང་བ་ལས་ཐིག་འགྲེལ་ཆུང་གི་སྐོར་དང་། ཐུགས་ཀྱི་བརྣག་པ་དབལ་ཕུར་མན་ངག་གི་སྡེ་ལ་སོགས་ཕུར་ནག་གི་སྐོར་དབང་ལུང་མ་ལུས་པར་གནང་། རྟོགས་ལྡན་ཆེན་པོ་མཐའ་བཞི་བསོད་ནམས་རྒྱལ་མཚན་གྱི་དྲུང་དུ། ཚེ་དབང་གི་སྐོར་གསང་སྒྲུབ། དུར་ཁྲོད་གནས་བརྒྱད། ཕོ་རྒྱུད་མོ་རྒྱུད་ལ་སོགས་སྒྲུབ་སྐོར་དང་བཅས་པ་གསན། སྟག་ལ་མེ་འབར་གྱི་སྤྲུལ་པ་ཉག་རོང་བ་བསོད་ནམས་རྒྱལ་མཚན་གྱི་དྲུང་དུ་སྤུ་གྲི་དམར་ནག་གི་ལག་ལེན་མན་ངག་བཅས་པ་གསན། ཞང་སྟོན་བསོད་ནམས་རྒྱལ་མཚན་གྱི་དྲུང་དུ། བྱམས་མའི་བོན་སྐོར་ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་ལ་སོགས་གཞུང་མ་ལུས་པ་གསན། བློ་གྲོས་ཁྲི་འོད་ཀྱི་དྲུང་དུ། རྣམ་པར་རྒྱལ་བའི་སྒྲུབ་སྐོར་ཆ་ལག་དང་བཅས་པ་གསན། ཕོར་རྩེ་ཡེ་ཤེས་རྒྱལ་མཚན་གྱི་དྲུང་དུ། མི་བདུད་ལ་སོགས་དྲ་བ་དམར་ནག་གི་སྐོར་ལུང་དང་རྗེས་གནང་མ་ལུས་པ་གསན། པ་ཝལ་ཤེས་རབ་རྒྱལ་མཚན་གྱི་དྲུང་དུ། དབལ་གསས་ཁྱུང་ནག་གི་སྐོར་དང་གཞན་ཡང་གཉན་གྱི་སྐོར་ལ། ཁྱུང་ནག་རལ་ཆེན་མཁའ་ལ་རྒྱུ་བའི་སྐོར་དང་། ཨ་མ་དྲེད་དེ་ས་ལ་རྒྱུ་བའི་སྐོར་དང་། གཉན་རྗེ་གོང་སྔོན་བར་སྣང་ལ་རྒྱུ་བའི་སྐོར་ལ་སོགས་གཉན་གྱི་སྐོར་མང་དུ་གསན། རོང་སྟོན་ཤེས་བྱ་ཀུན་མཁྱེན་གྱི་དྲུང་དུ། ཚད་མ་རྣམ་འགྲེལ་ལ་སོགས་བསྟན་བཅོས་མང་དུ་གསན་ཞིང་། ལུགས་དེ་ལ་བརྟེན་ནས་ཆོས་ལ་མཁས་པར་མཛད་དོ། ། བླ་མ་སྣང་ལྡན་པའི་དྲུང་དུ་ཁྱུང་དམར་གྱི་སྐོར་ལས་ཀྱི་ཁ་ཚར་དང་བཅས་པ་གསན། རྟོགས་ལྡན་ཤེས་རབ་བློ་གྲོས་ཀྱི་དྲུང་དུ། བསྟན་སྲུང་པོམ་རའི་སྐོར་ལ། སྙན་བརྒྱུད་དང་གཏེར་ཁ་གཉིས་ཀྱི་ལུང་རྣམས་གསན། དེ་ལ་སོགས་ཏེ་གཞན་ཡང་བཤེས་གཉེན་དམ་པ་མང་པོའི་དྲུང་དུ། ལུང་རེ་རེ་གཉིས་གཉིས་ཙམ་གྱི་མཐའ་བརྟེན་པར་གསན་པ་ནི་ཤིན་ཏུ་མང་སྟེ་བྲི་མ་ནུས་སོ། ། དེ་དག་ལ་འདི་སྐད་ཅེས། ཡོངས་འཛིན་མཁས་གྲུབ་དུ་མའི་རྗེས་བཟུང་ཞིང་། ། ཞབས་ཀྱི་པད་མོ་གུས་པས་རབ་བསྟེན་ནས། ། ཕྱི་ནང་གསང་གསུམ་རྒྱུད་ལུང་མང་དུ་གསན། ། ཐོས་པ་རྒྱ་མཚོ་མི་ལུས་བསམ་ལེགས་འདྲ། ། མང་ཐོས་མཁས་གྲུབ་རྗེ་ལ་གུས་པས་འདུད། །
གསུམ་པ་འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་ཇི་ལྟར་བརྙེས་པའི་ཚུལ་ལ་གསུམ་སྟེ། འཆད་པ་ལྷའི་རྔ་སྒྲས་སློབ་མ་ཅི་ལྟར་བཟུང་བའི་ཚུལ་དང་། རྩོད་པ་སེང་གེའི་ང་རོས་རྒོལ་བ་སུན་འབྱིན་པའི་ཚུལ་དང་། རྩོམ་པ་ཉི་མའི་འོད་ཀྱིས་ལམ་བཟང་གསལ་བར་མཛད་པའི་ཚུལ་ལོ། །དང་པོ་ལ་གཞུང་ལུགས་གང་འཆད་པ་དང་། སློབ་མ་ཇི་ལྟར་བྱུང་པའོ། ། དང་པོ་ནི། སྤྱིར་བདེ་བར་གཤེགས་པའི་གསུང་རབ་བཀའ་དང་བཀའ་ལ་བརྟེན་པའི་བོན་དུ་གྱུར་ཚད། རྗེ་རིན་པོ་ཆེ་ཉིད་ཀྱི་ཐུགས་སུ་མ་ཆུད་པ་མེད་ཀྱང་། འཆད་པ་གཙོ་ཆེ་བ་མཚན་ཉིད་སྡེ་ལྔ་ཡིན་ལ། དེ་ཡང་སྲིད་པའི་མཛོད་ཕུག ཚུལ་ཁྲིམས་དག་པ་འདུལ་བ། ཏིང་འཛིན་དག་པ་མདོ། ཤེས་རབ་དག་པ་འབུམ། གཞལ་བྱ་དབུ་ཚད་རིག་པའི་སྡེ། དེ་ལ་སོགས་གཞུང་ལུགས་བཅུ་ཕྲག་ཙམ་ལ། འཆད་ཉན་གྱི་སྒོ་ནས་གཏན་ལ་ཕབ། སྒྲུབ་པའི་སྐོར་ལ་གསང་སྔགས་ཀྱི་གཞུང་ལུགས་གཉན་པོ་རྣམས་གསང་ཚིག་ཡིན་པས་མང་ཐུན་ལ་སོགས་མི་མཛད་ཅིང་། ཕྱག་བཞེས་རེ་ཙམ་མ་གཏོགས་དོན་དུ་གཉེར་བའི་སློབ་མ་འགའ་དང་འགའ་ཙམ་ལ། གང་ཞུས་པ་དེ་ཉིད་བཀའ་རྒྱ་བཀྲོལ་ནས་ལེགས་པར་འཆད་དོ། ། དེ་ཡང་ཁོག་ཆེ་བ་ཁྲོ་ཕུར་ཞང་གསུམ། དབལ་མོ་ལས་ཐིག་ལ་སོགས་བསྟན་སྲུང་གི་སྐོར་དང་། གཞན་ཡང་གསང་སྔགས་ཀྱི་གཞུང་ལུགས་དང་ཕྱག་བཞེས་དང་། ལས་ཀྱི་ཁ་ཚར་ལ་སོགས་མཐའ་བརྟེན་པར་འཆད་པ་ནི་བསམ་གྱིས་མི་ཁྱབ་ཅིང་བགྲང་བར་མི་ནུས་སོ། །དགོངས་བརྒྱུད་ལ་གབ་པ་དགུ་སྐོར། སྙན་བརྒྱུད། ཨ་ཁྲིད། ཞི་གཅོད། ཉམས་ལེན་ལྔ་སྐོར་དེ་ལ་སོགས་རེས་མོས་ཚུལ་དུ་ཀུན་ལ་འཆད་དོ། ། གཅིག་བརྒྱུད་རྣམས་ནི་གྲུབ་ཆེན་རྣམས་ཀྱིས་གསང་བ་ལྟར་གཅིག་རེ་མ་གཏོགས་པ་སྟབས་ཅིག་ཏུ་མང་པོ་ལ་མི་གནང་བར་ལག་ལེན་འཁྲུལ་མེད་དུ་མཛད་དོ། ། གཞན་ཡང་རྫོགས་ཆེན་གྱི་སྐོར་དང་། དམར་བྱང་ཆེན་མོ་གསང་གཅོད་གནད་ཀྱི་མེ་ལོང་དེ་སོགས་སེམས་ཕྱོགས་ཀྱི་བོན་སྐོར་མང་དུ་འཆད་དོ། ། ཕྱི་ནང་གསང་གསུམ་གྱི་གཞུང་ལུགས་གང་འཆད་ཀྱང་། གཙོ་ཆེ་བ་མཁས་པ་གཉོས་དང་། འགྲོ་མགོན་ཁུ་དབོན། མཉམ་མེད་རྒྱལ་བ་རིན་པོ་ཆེ་ལ་སོགས་མཁས་གྲུབ་རིན་པོ་ཆེ་དེ་རྣམས་ཀྱིས་མཛད་པའི་དགོངས་འགྲེལ་དང་ཕྱག་ལེན་ཅི་ལྟ་བ་བཞིན་དུ་མཛད། བོན་འཆད་པའི་སྒོ་ནས་སློབ་མ་རྣམས་ཀྱི་བློ་སྐྱེད་འདོན་པའི་ཐབས་ལ། རྗེ་རིན་པོ་ཆེ་ཉིད་ལས་ལྷག་པའི་མཁས་པ་གཞན་དུ་ཡོད་པ་ཡང་མ་ཡིན་ཏེ། འཆད་པ་པོ་གཞན་རྣམས་ཀྱིས་ནི་ཚིག་གི་ཕྲེང་བ་ཁོ་ན་བརྒྱུས་ནས་འཆད་ལ། མཁས་པའི་དབང་པོ་འདིས་ནི་གཞུང་ལུགས་གང་འཆད་ཀྱང་། ཐོག་མར་བསྡུས་དོན་དགོས་དོན་གྱི་སྒོ་ནས། དོན་ཚོམ་བཅད་ཅིང་སྐབས་དོན་འདི་ཡིན་ནོ། །ཞེས་གསུངས་ནས་ཚིག་ཉུང་ཞིང་དོན་མང་བ་ལ་བཟུང་། སླ་བ་ཞིག་ཐོག་མར་བསྟན་ནས། དེའི་རྗེས་སུ་ཚིག་གི་འབྲུ་རེ་རེ་ནས་གཉེར་ཞིང་རྣམ་གཞག་མ་འདྲེས་པར་འཆད་དོ། ། དེའི་རྒྱུ་མཚན་གྱིས་སློབ་མ་རྣམས་ཀྱི་བློ་བསྐྱེད་གཞན་ལས་ཆེ་ཞིང་དེའི་སྙན་གྲགས་ལ་བརྟེན་ནས་བློ་གསལ་བའི་དོན་གཉེར་ཅན་རྣམས་མ་བསྡུས་པར་ཡང་། རང་གི་ངང་གིས་འཁོར་དུ་འདུས་ཤིང་འོང་བ་ཡིན་ནོ། །ཞེས་ཐུན་ར་ལ་འཁོད་པའི་སློབ་མ་མཁས་པ་རྣམས་ཀྱི་གསུང་ལས་ཐོས་སོ། །
མདོར་ན་གངས་ཅན་གྱི་མཁས་པ་རྣམས་ཀྱི་ནང་ནས། སློབ་མ་ཕྱི་ནང་གསང་གསུམ་འཛོམས་པའི་བཤེས་གཉེན་དམ་པའི་གྲངས་ནི། རྗེ་དྲུང་རིན་པོ་ཆེ་འདི་ལས་མང་བ་མེད་དོ། །འདིར་སྨྲས་པ།སྔོན་ཚེ་སྐྱེ་བ་གྲངས་མེད་རྣམས་སུ་ཡང་། ། རྒྱལ་བའི་གསུང་རབ་རྣམས་ལ་ལེགས་སྦྱངས་ཤིང་། ། དུས་འདིར་མདོ་རྒྱུད་གསུང་རབ་གང་ལ་ཡང་། ། གཟིགས་པ་ཙམ་གྱིས་ཅི་བཞིན་ལེགས་རྟོགས་ནས། ། སྣང་སྟོང་དབྱེར་མེད་ཆུ་ཟླ་ལྟ་བུའི་ཚུལ། ། ཐར་འདོད་སྐལ་ལྡན་རྣམས་ལ་སྟོན་མཛད་པའི། ། མཁྱེན་རབ་མཚུངས་མེད་བླ་མའི་ཞབས་ལ་འདུད། ། གཉིས་པ་སློབ་མ་ཅི་ལྟར་བྱུང་ཚུལ་ནི། དྲུང་ཉིད་ཀྱི་དངོས་སློབ་ཏུ་གྱུར་བ། འཕྲུལ་ངག་བདེན་པའི་བོན་རྒྱ་མཚོ་ལྟ་བུའི་དབུས་ན་བཞུགས་ནས། འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པའི་བློ་གྲོས་ཅན། རྒྱལ་ཚབ་དམ་པ་རིན་ཆེན་རྒྱལ་མཚན་དང་། མཁས་པའི་བྱ་བ་གསུམ་ལ་ཐོགས་པ་མེད་པའི་བློ་དང་ལྡན་པ་རྒྱལ་རིགས་བྲུ་ཤའི་གདུང་འཛིན་ཆེན་པོ་ཀུན་དགའ་དབང་ལྡན་དང་། ཤེས་རབ་སེང་གེ་གཉིས། ཕྱི་ནང་གསང་གསུམ་གཞུང་ལུགས་མང་དུ་གསན་ནས་ཡུལ་ངེས་མེད་དུ་བཤད་སྒྲུབ་སྤེལ་བར་མཛད་པ། མེ་ཉག་བསོད་ནམས་རྒྱལ་མཚན་དང་དེ་ལ་སོགས་པའི་གྲལ་ཐོག་མཉམ་པ། དུས་རྒྱུན་ཆད་མེད་པར་བསྟན་པའི་བྱ་བ་སྒྲུབ་པའི་སློབ་མ། མཁས་པ་ཆེན་པོ་ཉི་ཤུ་ཙམ་དང་། རྗེ་ཉིད་ཀྱི་དྲུང་དུ་ཕྱི་ནང་གསང་གསུམ་ལ་ལེགས་པར་སྦྱངས་ཤིང་། བསྟན་པ་ལ་ཤིན་ཏུ་ཕན་པའི་སློབ་མ་བརྒྱ་ཕྲག་ཙམ་དང་། སྡོམ་པ་མནོས་ནས་ལུང་རེ་ཙམ་དང་བོན་ཐུན་རེ་ཙམ་ཞུས་པའི་སློབ་མ་སྟོང་ཕྲག་ལས་བརྒལ་བ་རྣམས་སོ། ། དེ་དག་ལས་འཕྲོས་ནས་བསྟན་པ་རིན་པོ་ཆེ་དར་རྒྱས་སུ་མཛད་པའི། བཤད་གྲྭ་ཡང་དགོན་སྡེ་མང་དུ་ཡོད་ཅིང་། དེའི་འཕྲིན་ལས་ལས་ལྷ་སྡེ་མི་སྡེ་ཐམས་ཅད་ཀྱིས། བསྟན་པ་རིན་པོ་ཆེའི་ཞབས་ཏོག་རྒྱ་ཆེན་པོ་བྱས་པའི་སྒོ་ནས། ལྔ་བརྒྱའི་དུས་འདིར་བོན་གྱི་བསྟན་པ་དར་རྒྱས་སུ་མཛད་པས། བཀའ་དྲིན་གཞལ་དུ་མེད་དོ། ། དེ་དག་ལ་འདི་སྐད་ཅེས།བསྟན་པའི་དར་ཆེན་མཁས་གྲུབ་ཆེན་པོས་འཕྱར། ། སྙན་པའི་དུང་ཆེན་སློབ་མ་རྣམས་ཀྱིས་འབུད། ། རྒྱལ་བའི་བསྟན་པ་སྟོད་སྨད་ཀུན་ཏུ་དར། ། སྙིགས་མའི་དུས་འདིར་བོན་གྱི་བསྟན་པ་ལ། ། དཔག་མེད་བཀའ་དྲིན་ཆེ་བ་ངོ་མཚར་ཆེ། །
གཉིས་པ་རྩོད་པ་སེང་གེའི་ང་རོས་རྒོལ་བ་སུན་འབྱིན་པའི་ཚུལ་ནི། སྔ་རྒོལ་དུ་ཁས་བླང་བའི་ཚེ། རང་གི་དམ་བཅའ་བ་ལ་སྒྲུབ་བྱེད་ཡང་དག་པ་འགོད། དེ་ལ་འགལ་བ་དང་མ་གྲུབ་པའི་སྐྱོན་སྤངས་པའི་སྒོ་ནས་ཚེར་མ་འབྱིན། ཕྱི་རྒོལ་དུ་ཁས་ལེན་པའི་ཚེ་གཞན་གྱི་དམ་བཅའ་ལྟར་སྣང་ལ་སུན་འབྱིན་ཡང་དག་པར་བརྗོད་པ་ཡིན་ལ། དེའི་ཚེ་རྒོལ་བ་གཞན་གྱིས་སྤོབས་པ་འཕྲོག་པ་དེའི་ཚེ། སྙེ་ཐང་བདེ་བ་ཅན་དང་། འབྲས་ཡུལ་སྐྱེད་ཚལ་དང་། ར་བ་སྟོད་དང་། ན་ལེནྡྲ་ལ་སོགས་སུ་རྩོད་སྐོར་བྱོན་པས། རྒྱལ་བའི་ཚད་དུ་འཇོག་པ་ཡིན་པས། དེ་ཡང་རྗེ་རིན་པོ་ཆེ་ཉིད་ཀྱིས་ཚད་མ་རྣམ་འབྱེད་ལས་གསུངས་པ་ལྟར། རྩོད་པ་ཁྱད་པར་ཅན་ནི། དགག་སྒྲུབ་གཉིས་ལ་བརྟེན་དགོས་ཤིང་། དགག་སྒྲུབ་ཀྱི་ཚུལ་མི་ཤེས་ན། རྩོད་པ་བབ་ཆོལ་གྱི་ངག་ཏུ་འགྲོ་བས། དགག་སྒྲུབ་ཀྱི་ཚུལ་ལ་མཁས་པའི་སྐྱེས་བུ་རྩོད་པ་ལ་ཉེ་བར་འདུན་པའི་རྒོལ་བ་དེ་ནི། དམ་པའི་གང་ཟག་རྣམས་ཀྱིས་བསྟོད་པར་འོས་ཏེ། གནས་སྐབས་དང་མཐར་ཐུག་གི་བདེ་བ་ཆེན་པོ་འབྱུང་བའི་ལམ་སྟོན་པར་བྱེད་པའི། རྫོགས་པའི་སངས་རྒྱས་རྣམས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་ཅིང་སྐྱོང་བ་དང་སྤེལ་བར་བྱེད་པའི་སྐྱེས་བུ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། དེས་ན་དགག་སྒྲུབ་རྒྱ་ཆེ་བའི་རྣམ་བཞག་རྣམས། རྗེ་ཉིད་ཀྱིས་མཛད་པའི་དགོངས་འགྲེལ་དང་། རིག་པའི་རྣམ་བཞག་རྣམས་སུ་མི་འཇིགས་པའི་སྤོབས་པས་ལེགས་པར་བཤད་པ་རྣམས་སོ། །དེ་དག་ལ་འདི་སྐད་ཅེས། མང་ཐོས་ཟབ་རྒྱས་ལུང་རིགས་སྦྱོར་བ་ཡིས། ། རང་གཞུང་སྒྲུབ་དང་གཞན་གཞུང་སུན་འབྱིན་པའི། ། ཚད་ལྡན་མཁས་པའི་གཞུང་ལུགས་མི་ཉམས་ཕྱིར། ། རིག་པའི་གནས་བརྒྱད་འཕྲོ་བའི་འོད་དཀར་ཅན། ། ངོ་མཚར་ལེགས་བཤད་མདངས་གསལ་དིང་འདིར་ཤར། ། རང་གཞན་ཀུན་ལ་མཁས་པ་ཕལ་ཆེར་དང་། ། ལེགས་པར་རྩོད་ཅིང་རྒྱལ་བའི་སྤོབས་པ་ཐོབ། །
གསུམ་པ་རྩོམ་པ་ཉི་མའི་འོད་ཀྱིས་ལམ་བཟང་གསལ་བར་མཛད་པའི་ཚུལ་ནི། དེ་ཡང་འདི་ལྟར་སྔོན་གྱི་བྲུ་ཞུ་སྤ་རྨེའི་མཁས་པ་རྩོད་པ་དང་བྲལ་བ་རྣམས་ཀྱིས་མཛད་པའི་ལུགས་རྣམ་པར་བཞག་པ་ཁོ་ན་ལྟར་ཡིན་ལ། ཁུངས་ཐུབ་ཀྱི་བརྒྱུད་པ་མེད་པའི་ལུགས་གསར་དུ་བཀོད་པ་མ་ཡིན་ཞིང་། མཁས་པ་གོང་མ་རྣམས་ཀྱིས་གསུང་སྒྲོས་རྣམས་འཐོར་བ་སྡུད་པར་བྱེད་པ། ཟབ་མོ་རྣམ་པར་འབྱེད་པ། འཁྲུགས་པ་གོ་རིམ་དུ་བསྡེབས་པ། རྒྱ་ཆེན་པོ་བསྡུས་པར་བྱེད་པའི་སྒོ་ནས། བློ་གསལ་བ་རྣམས་ཀྱིས་གོ་བདེ་བའི་སླད་དུ་ཕྱི་དང་ནང་དང་གསང་བའི་བོན་ཅི་རིགས་པ་ཙམ་རྩོམ་པར་མཛད་དོ། ། དེ་ཡང་མཛོད་ཀྱི་འགྲེལ་པ་འཕྲུལ་གྱི་སྒྲོན་མེ་ས་བཅད་དང་བཅས་པ། ཁམས་སྡུད་ཀྱི་འགྲེལ་པ་ས་བཅད་དང་བཅས་པ། བྱང་སེམས་གབ་པའི་འགྲེལ་པ་གསལ་བྱེད་ཉི་མའི་དཀྱིལ་འཁོར་ས་བཅད་དང་བཅས་པ། འདུལ་བ་ཆེ་ཆུང་གཉིས་ཀྱི་འགྲེལ་པ་འཕྲུལ་གྱི་སྒྲོན་མེ་འདུལ་བརྒྱུད་མུ་ཏིག་ཕྲེང་བ་དང་བཅས་པ། ཐེག་རིམ་གྱི་འགྲེལ་པ་དོན་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག ས་ལམ་དང་ཚད་མ་གཉིས་ཀྱི་གཞུང་འགྲེལ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་ས་བཅད་དང་བཅས་པ། བདེན་གཉིས་ཀྱི་འགྲེལ་པ་དང་། ཐལ་ཕྲེང་གི་སྐོར་ལ། མཛོད་ས་ལམ་ཚད་མ་ཐེག་རིམ་ཚད་བསྡུས་ལ་སོགས་མང་དུ་མཛད། རྣམ་རྒྱལ་གྱི་ཆོག་ཁྲིགས། གཟུངས་སྒྲུབ་རིན་ཆེན་གཏེར་སྤུངས། ཕྱག་བཞེས་ཉི་མའི་དཀྱིལ་འཁོར། གཟུངས་འདུས་བཀྲ་ཤིས་གཏེར་སྤུངས། ཆོག་ཁྲིགས་རྣམ་པར་རྒྱལ་བའི་རྒྱན་ས་བཅད་དང་བཅས་པ་རྣམས་སོ། ། སྦྱིན་སྲེག་རིན་ཆེན་གཏེར་སྤུངས་མངོན་རྟོགས་དང་བཅས་པ། སྤྱི་སྤུངས་སྐོར་ལ་གསང་སྔགས་ཀྱི་སྤྱི་དོན། གསང་དོན་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ། ཞི་བ་ཡོངས་རྫོགས་ཀྱི་ཆོག་ཁྲིགས། སྨན་གྱི་ཆོག་ཁྲིགས། ཁྲོ་བོ་དབང་ཆེན་གྱི་མངོན་རྟོགས་རྒྱས་འབྲིང་བསྡུས་གསུམ། ཨ་གསལ་གྱི་མངོན་རྟོགས། དབལ་གསས་ཀྱི་མངོན་རྟོགས་བརྒྱུད་བསྐང་དང་བཅས་པ། ཕུར་པའི་མངོན་རྟོགས། ཚོགས་ཀྱི་ཆ་ལག་རིན་པོ་ཆེའི་རྒྱན། བརྒྱུད་བསྐང་དང་བཅས་པ། གཞན་ཡང་ཕུར་པའི་འཆམ་ཡིག གར་སྟབས་ཕྱག་རྒྱའི་རིམ་པ་གཟི་བརྗིད་བཀོད་ལེགས། སྲུང་མའི་སྔགས་འཛབ། ཕོ་ཉའི་རྒྱུག་འཛབ། མ་མོ་བརྣག་པའི་སྙིང་འཛབ་ཕྱོགས་གཅིག་ཏུ་བསྒྲིགས་པ་རྣམས་དང་། གེ་ཁོད་གསང་བ་དྲག་ཆེན་གྱི་ཆོག་ཁྲིགས་ཕྱག་བཞེས་དང་བཅས་པ། རིག་འཛིན་འདུས་པའི་ཆོག་ཁྲིགས། ཚེ་དབང་གསང་སྒྲུབ་ཀྱི་ཆོག་ཁྲིགས། ཚེ་དབང་སྦྱིན་སྲེག་གི་མངོན་རྟོགས། དུར་ཁྲོད་གནས་བརྒྱད་ཀྱི་ཆོག་ཁྲིགས་མངོན་རྟོགས་དང་བཅས་པ། དབལ་གསས་ཁྱུང་ནག་གི་ཆོག་ཁྲིགས། ཁྱུང་དམར་གྱི་ཆོག་ཁྲིགས་མངོན་རྟོགས་དང་བཅས་པ། ལས་ཆོག་རིན་ཆེན་ཐེམ་སྐས་གསོ་སྦྱོང་དང་བཅས་པ། དབང་ཁྲིད་ཀྱི་སྐོར་ལ་འགུ་ཡའི་དབང་ཁྲིད། ཨ་གསལ་གྱི་དབང་ཁྲིད་ཐུགས་རྗེ་སྤྲིན་དཔུང་། ཤི་རི་ལོག་གི་དབང་ཁྲིད་བདུད་རྩི་ཀུན་ཐིག ཕུར་པའི་དབང་ཁྲིད་བྱིན་རླབས་ཆར་འབེབ། གེ་ཁོད་དྲན་པ་ཚེ་དབང་ལ་སོགས་ཀྱི་དབང་ཁྲིད་མང་དུ་མཛད། བསྐང་བའི་སྐོར་ལ། མཁྱེན་གསོལ་རྣམ་དག་ཆུ་རྒྱུན། སྤྱི་བསྐང་རིན་ཆེན་གཏེར་སྤུངས། མི་བདུད་ཀྱི་བསྐང་བ་དང་བཀའ་བསྒོ་ངར་དྲག སྒྲ་བླ་མའི་བསྐང་བ། རྒྱལ་པོའི་བསྐང་བ། པོམ་རའི་མཆོད་ཐབས་དང་བཅས་པ། སྲིད་རྒྱལ་དྲེལ་ནག་གི་མངོན་རྟོགས། མདོས་ཀྱི་ཕྱག་བཞེས་དཔེ་རིས་དང་བཅས་པ། མི་བདུད་ཀྱི་མངོན་རྟོགས་མཁྱེན་གསོལ་རྨད་དུ་བྱུང་མ་དང་། བསྟན་སྲུང་དམོད་བཅོལ་དང་བཅས་པ། མངའ་དབུལ་བཀྲ་ཤིས་གཏེར་མཛོད། མུན་སེལ་སྒྲོན་མའི་ཆོག་ཁྲིགས། ཀློང་རྒྱས་ཀྱི་མངོན་རྟོགས། རྩིས་འགོ་བདུན་པའི་མངོན་རྟོགས། སེམས་ཕྱོགས་ཀྱི་སྐོར་ལ། འོད་གསལ་གྱི་ཕྱག་ལེན། ཞི་བ་སྙན་བརྒྱུད་ཨ་ཁྲིད་རྣམས་ལ། བྲུ་རྒྱལ་བ་མན་ཆད་ཀྱི་བརྒྱུད་པའི་གསོལ་འདེབས་ཀྱི་ཚིག་བཤད་དང་། ཞི་གཅོད་ལ་ཏིང་འཛིན་ལྔ་ཚོགས་ཀྱི་ཚིག་བཤད་དང་། དམར་བྱང་གི་ཚིག་བཤད་ཅི་རིགས་རྣམས་སོ། ། བསྟོད་པའི་སྐོར་ལ། ཡུལ་མཆོག་གནས་བཞིའི་བསྟོད་པ་ཚོགས་གཉིས་རྒྱ་མཚོ། མཁའ་འགྲོ་མ་སྤྱི་ཡི་བསྟོད་པ། མུན་སེལ་སྒྲོན་མེའི་བསྟོད་པ་གསོལ་འདེབས་དང་བཅས་པ། བླ་མ་སྤྱིའི་བསྟོད་པ་ཕྲིན་ལས་རྒྱ་མཚོ། འདུལ་ཕྱག་རྒྱས་བསྡུས་གཉིས། བྲུ་བདག་ཉིད་རྗེ་བཙུན་གྱི་བསྟོད་པ་རྒྱལ་བའི་རྒྱལ་ཐེབས། ཁྲོ་ཚང་འབྲུག་ལྷའི་བསྟོད་པ་ཕྲིན་ལས་རྒྱ་མཚོ། སྨོན་ལམ་ལ། བྱང་སེམས་གབ་པའི་སྨོན་ལམ། ས་ལམ་གྱི་སྨོན་ལམ་རིན་ཆེན་ཐེམ་སྐས་རྣམས་སོ། ། གཞན་ཡང་ཀླད་དོན་ནོར་བུའི་རྒྱན་ལ་སོགས་ཅི་རིགས་སུ་ཡོད་པ་རྣམས་སོ། ། བློ་དང་ལྡན་པ་རྣམས་ཀྱིས་སྤྱད་པར་བྱའོ། ། དེ་དག་ལ་འདི་སྐད་ཅེས། བརྩེ་ལྡན་ཁྱེད་ཀྱི་ལེགས་བཤད་ཉི་མའི་འོད། ། འཛམ་གླིང་འདི་རུ་ཤར་བར་གྱུར་ལགས་ཀྱང་། ། འགྲོ་བ་ཕལ་ཆེར་མ་རིག་མུན་པར་འགྱུར། ། དེ་སླད་བློ་ཡི་མུན་པ་སེལ་མཛད་ཅིང་། ། གདུལ་བྱའི་བློ་གྲོས་པད་ཚལ་འབྱེད་པའི་སླད། ། ལེགས་བཤད་འོད་ཀྱིས་སྣང་གསལ་རྒྱས་པར་མཛོད། །