ན་མོ་གུ་རུ་བུདྡྷ་དྷྭ་ཛ་ཡེ།ཀུན་ནས་མཛེས་པའི་ཞལ་དཀྱིལ་ཟླ་ལྟར་རྒྱས། །དགའ་བཞིའི་མཐར་སོན་ལྷན་སྐྱེས་ཡེ་ཤེས་དང་། །ངེས་དོན་སྙིང་པོའི་སྐལ་ལྡན་གྲོལ་མཛད་པའི།།རྗེ་བཙུན་བརྩེ་བ་ཆེན་པོར་གསོལ་བ་འདེབས། །མཚུངས་མེད་གང་གི་སྲས་ཀྱི་ཐུ་བོ་པ། །དྷཱིཿཡིག་ལས་འཁྲུངས་འཇམ་དཔལ་མི་ཡི་ཟོལ།།བསོད་ནམས་ཡེ་ཤེས་ཚོགས་གཉིས་དགེ་མཚན་གྱི། །དཔལ་ལྡན་རྩེ་མོའི་ཞབས་ལ་མགོས་ཕྱག་འཚལ། །བསྐྱེད་པའི་རིམ་པས་ཐ་མལ་རྣམ་རྟོག་འཇོམས།།རྫོགས་པའི་རིམ་པས་རང་བྱུང་ཡེ་ཤེས་བརྙེས། །ནམ་ཡང་བདེ་སྟོང་རོལ་པའི་དུས་འདའ་བའི། །གྲགས་པའི་རྒྱལ་མཚན་འཛིན་ལ་ཀུན་ནས་དད།།བཟོ་གསོ་སྒྲ་དང་ཚད་མ་ནང་དོན་རིག །ཀུན་ལ་གང་གི་བློ་ཡིས་ཐོགས་པ་མེད། །ཟུར་ཕུད་ལྔ་པ་ངུར་སྨྲིག་འཛིན་པའི་ཚུལ།།ས་སྐྱ་པཎ་ཆེན་ཞབས་ལ་ཕྱག་བགྱི་འོ། །གང་ཐུགས་ཟབ་རྒྱས་ཆོས་ཀྱི་ཆུ་གཏེར་ཏེ། །སྲིད་པའི་དཔལ་འབྱོར་འཁོར་ལོས་བསྒྱུར་བ་བཞིན།།རྨད་བྱུང་ཡོན་ཏན་དུ་མའི་མཛོད་འཛིན་པའི། །དཔལ་ལྡན་འཕགས་པར་དྭངས་བའི་ཡིད་ཀྱིས་འདུད།།ཟུང་འཇུག་རྡོ་རྗེ་འཆང་དབང་སྒྱུ་མའི་སྐུ། །ཡོངས་རྫོགས་བསྟན་པའི་མངའ་བདག་ས་སྐྱ་པ། །དབང་པོའི་གྲངས་ལྡན་ཡབ་སྲས་བརྒྱུད་པར་བཅས།།མི་མངོན་དབྱིངས་ནས་བདག་ལ་བརྩེ་བས་དགོངས། །ཀྱེ་མ་ལུང་དུས་བསྟན་པའི་མཇུག་འདིར་སྐྱེས།།འོན་ཀྱང་ལས་འཕྲོ་བཟང་པོའི་བག་ཆགས་སད། །སྐྱོན་མེད་བླ་མ་མཆོག་གི་བརྩེ་བས་བསྐྱངས། །སྐྱེས་སྟོབས་བློ་ཡིས་ཤེས་བྱའི་གནས་ཀུན་རིག།མཁས་པའི་ལས་ལ་འཇིགས་མེད་སྤོབས་པ་ཐོབ། །དེ་ལྟ་མོད་ཀྱི་བདུད་རིགས་བྱིན་བརླབས་ཀྱིས། །ལྷག་བསམ་གཞན་ཕན་མཐུ་བྲལ་ཁོ་བོ་ལ།།མཁྱེན་ཞིང་བརྩེ་ལ་ནུས་པ་གཏེར་མངའ་བ། །བསླུ་མེད་རྣམས་ཀྱིས་རྟག་ཏུ་ཐུགས་རྗེས་གཟིགས།།སྤྱི་དང་བྱེ་བྲག་བསྟན་པ་རིན་ཆེན་འདི། །མཆོག་ཏུ་འཕེལ་བའི་ནུས་པ་སྩལ་དུ་གསོལ། །ནམ་ཡང་ཤེས་བྱའི་མཐའ་ལ་ཐུག་མེད་ཅིང་།།ལེ་ལོ་རྣམ་གཡེང་འགལ་རྐྱེན་ཆེར་མང་བས། །གསུང་རབ་ཕལ་ཆེར་སྦྱོང་འདོད་ཡུལ་དུ་ལུས། །ཕྱིན་ཆད་དེ་ཀུན་མཐར་ཕྱིན་མཛོད་འཛིན་ཤོག།ཐོག་མེད་བག་ཆགས་འཐུག་པོས་གསལ་རིག་འདི། །བདེ་སྟོང་ངང་དུ་ཅུང་ཟད་གནས་མ་ནུས། །ད་ནི་བླ་མའི་ཐུགས་རྗེས་སྣང་སྲིད་འདི།།ལྷན་སྐྱེས་ཡེ་ཤེས་རོལ་པར་འཆར་གྱུར་ཅིག །འཁྲུལ་ཟད་གོང་མ་རྣམས་ཀྱི་ཐུགས་རྗེ་དང་། །བདག་གི་གདུང་ཤུགས་དྲག་པོས་གསོལ་བཏབ་པས།།ཆོས་མཐུན་དོན་རྣམས་འབད་མེད་མཐར་ཕྱིན་ཏེ། །སྙིགས་དུས་བསྟན་པའི་ཉི་མར་བདག་གྱུར་ཅིག །ཅེས་པ་འདི་ཡང་ཤྲཱི་ས་སྐྱ་པ་ཤཱཀྱའི་དགེ་སློང་བྱམས་པ་ངག་དབང་ཀུན་དགའི་མིང་ཅན་གྱིས་དཔལ་ས་སྐྱའི་གནས་མཆོག་བདེ་མཆོག་བླ་མ་བརྒྱུད་པ་བཞུགས་པའི་གཙུག་ལག་ཁང་དུ་ཟབ་དོན་ཉམས་ལེན་གྱི་དཔྱད་རྒྱ་དམ་མུ་ནས་རྗེ་བཙུན་གོང་མ་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པ་དེ་དག་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཡིད་ལ་དྲན་པའི་རྐྱེན་གྱིས་མྱུར་བར་བྲིས་པ་འདིས་སྐྱེ་བ་དང་སྲིད་པ་ཐམས་ཅད་དུ་སྐྱེས་ཆེན་དམ་པ་དེ་དག་གི་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་འཛིན་པར་གྱུར་ཅིག།སརྦ་མངྒལཾ།། །།

ན་མོ་མཉྫུ་གྷོ་ཥ་ཡ། དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་གསུམ་རྣམས།།འགྲོ་བའི་དོན་དུ་རིགས་གསུམ་སྐུར་བསྟན་པའི། །རྣམ་སྤྲུལ་རྒྱུན་ཆད་མེད་པར་བྱོན་པའི་རྒྱུད།།ས་སྐྱའི་གདུང་རབ་རྣམས་ལ་གསོལ་བ་འདེབས། །སྤྱི་རིངས་གཡུ་རིངས་གཡུ་སེ་མ་བཟང་བདུན། །དཔའ་བོ་སྟག་དང་སྟག་པོ་འོད་ཅན་དང་།།གཡའ་སྤངས་སྐྱེས་གཅིག་འཁོན་བར་སྐྱེས་ཉིད་མཚན། །དཔལ་པོ་ཆེ་དང་ཁྲི་མཛེས་ལྷ་ལེགས་ཞབས།།ཚེ་ལྷ་དབང་ཕྱུག་ཀླུ་ཡི་དབང་པོ་དང་། །ཚེ་འཛིན་རྡོ་རྗེ་རིན་ཆེན་འབྲོ་ཚ་བདུན། །ཤེས་རབ་ཡོན་ཏན་ཡོན་ཏན་འབྱུང་གནས་ཞབས།།ཚུལ་ཁྲིམས་རྒྱལ་པོ་གཙུག་ཏོར་ཤེས་རབ་མཚན། །དགེ་སྐྱབས་དགེ་མཐོང་འཁོན་སྟོན་བལ་པོ་དང་།།ཤཱཀྱ་བློ་གྲོས་ཤེས་རབ་ཚུལ་ཁྲིམས་ཞབས། །དཀོན་མཆོག་རྒྱལ་པོ་ས་ཆེན་ཀུན་སྙིང་མཚན། །ཀུན་དགའ་འབར་དང་རྩེ་མོ་གྲགས་པའི་ཞབས།།དཔལ་ཆེན་འོད་པོ་ཆོས་རྗེ་ས་པཎ་དང་། །ཟང་ཚ་བསོད་རྒྱལ་དཔལ་ལྡན་འཕགས་པའི་མཚན། །འགྲོ་མགོན་ཕྱག་ན་སློབ་དཔོན་རིན་རྒྱལ་བ།།སློབ་དཔོན་ཡེ་འབྱུང་དྷརྨཱ་པཱ་ལ་དང་། །རཏྣ་བྷ་དྲ་བདག་ཉིད་ཆེན་པོའི་ཞབས། །བསོད་ནམས་བཟང་པོ་རཏྣ་ཤྲཱི་དང་།།ཏི་ཤྲཱི་ཀུན་བློའི་བར་བྱོན་གདན་ས་ཆེས། །སྤྱི་ལ་དབང་རྒྱུར་གདུང་རབ་རིམ་བྱོན་དང་། །དེ་ནས་མཁས་བཙུན་ཆེན་པོ་ནམ་མཁའ་ལེགས།།ནམ་མཁའ་བཤེས་གཉེན་གུག་ཤྲཱི་ནམ་མཁའ་རྒྱལ། །ཏ་དབེན་ཀུན་རིན་བློ་གྲོས་རྒྱལ་མཚན་ཞབས། །གྲགས་པ་བློ་གྲོས་ཀུན་དགའ་བློ་གྲོས་མཚན།།ཀུན་དགའ་དབང་ཕྱུག་བར་དུ་རིམ་བྱོན་པའི། །བཞི་ཐོག་བླ་བྲང་སྐྱོངས་མཛད་གདུང་རབ་དང་། །དེ་ནས་ཏ་དབེན་ཀུན་དགའ་ཉི་མ་དང་།།འཇམ་དབྱངས་དོན་རྒྱལ་འགྲོ་མགོན་བསོད་ནམས་མཚན། །ཉི་མ་རྒྱལ་མཚན་བླ་ཆེན་ཀུན་རྒྱལ་བ། །འཇམ་དབྱངས་ནམ་རྒྱལ་མཐུ་སྟོབས་དབང་ཕྱུག་དང་།།རྒྱ་གར་ཤེར་བཟང་བློ་གྲོས་རྒྱལ་མཚན་ཞབས། །གྲགས་པ་རྒྱལ་མཚན་བར་དུ་ལེགས་བྱོན་པའི། །བླ་བྲང་རིན་ཆེན་སྒང་པའི་གདུང་རབ་དང་།།གཞན་ཡང་ཏི་ཤྲཱི་ཀུན་དགའ་ལེགས་པ་དང་། །ཏི་ཤྲཱི་ཀུན་རྒྱལ་སློབ་དཔོན་ཆོས་རྒྱལ་མཚན། །ཏ་དབེན་བློ་རྒྱལ་ཐེག་ཆེན་ཆོས་རྗེའི་ཞབས།།དྷརྨ་དྷྭ་ཛ་རྡོ་རྗེ་རིན་ཆེན་དང་། །བསོད་ནམས་བཀྲ་ཤིས་བདེ་ལེགས་བཀྲ་ཤིས་ཞབས། །བསོད་ནམས་རྒྱལ་མཚན་ཤཱཀྱ་སེངྒེ་དང་།།དོན་གྲུབ་རྒྱལ་མཚན་བསམ་གྲུབ་རྒྱལ་མཚན་ཞབས། །ཀུན་བཀྲས་ཀུན་རྒྱལ་ཀུན་དགའ་སྙིང་པོའི་མཚན།།རིན་ཆེན་རྒྱལ་མཚན་ཆོས་ཀྱི་རྒྱལ་མཚན་དང་། །ཀུན་དགའ་ལེགས་པའི་བར་དུ་བྱོན་པ་ཡི། །ལྷ་ཁང་བླ་བྲང་པ་ཡི་གདུང་རབ་དང་།།གཞན་ཡང་སློབ་དཔོན་ཆེན་པོ་ཉི་མ་དཔལ། །ཀུན་དགའ་ལེགས་རྒྱལ་བླ་ཆེན་བསོད་བློ་དང་། །དབང་གི་མཚན་གསོལ་གྲགས་པ་རྒྱལ་མཚན་ཞབས།།སློབ་དཔོན་ཀུན་ལེགས་རྣམ་སྲས་རྒྱལ་མཚན་དབང་། །འཇམ་དབྱངས་ཆོས་རྒྱལ་ཀུན་དགའ་བློ་གྲོས་དང་།།ནམ་མཁའ་ལེགས་པ་ནམ་མཁའ་རྒྱལ་མཚན་ཞབས། །ནམ་མཁའ་རིན་ཆེན་ནམ་མཁའ་བཀྲ་ཤིས་མཚན། །ཀུན་དགའ་བསོད་ནམས་ངག་གི་དབང་ཕྱུག་དང་།།འཇམ་དཔལ་གྲགས་པ་ཚེ་བརྟན་བཀྲ་ཤིས་ཞབས། །ཀུན་དགའ་བསམ་གྲུབ་ཀུན་དགའ་བདེ་ལེགས་དང་། །བསོད་ནམས་ལྷུན་གྲུབ་ཧོར་སོག་བསོད་རྒྱལ་བ།།འཇིག་རྟེན་རྒྱ་ཧོར་དེ་སྲས་རྣམ་པ་གསུམ། །ད་ལྟ་གཞུང་པའི་གདུང་བརྒྱུད་མཆེད་གཉིས་སྟེ།།རྩེ་གདོང་ཕྱོགས་སུ་ཆད་པའི་གདུང་རབ་དང་། །ཀུན་དགའ་བསམ་གྲུབ་གཅུང་པོ་ས་སྐྱ་པའི། །བསྟན་པའི་གསལ་བྱེད་ངག་དབང་ཀུན་རིན་དང་།།བསོད་ནམས་དབང་པོ་གྲགས་པ་བློ་གྲོས་མཚན། །མཐུ་སྟོབས་དབང་ཕྱུག་ཀུན་དགའ་དབང་རྒྱལ་དང་།།ངག་དབང་ཀུན་བསོད་བསོད་ནམས་དབང་ཕྱུག་ཞབས། །ཀུན་དགའ་བཀྲ་ཤིས་མཆེད་གསུམ་ལ་སོགས་པའི། །ད་ལྟ་བྱོན་དང་མ་འོང་སྲས་མཐའི་བར།།འབྱོན་པར་ངེས་པའི་དཔལ་ལྡན་ས་སྐྱ་པའི། །གདུང་རབ་རིམ་པར་བྱོན་པ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།།དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པའི་མཐུས། །བདག་གི་འདི་དང་ཕྱི་མའི་དོན་ཐམས་ཅད། །ཡིད་ལ་རེ་བ་ཇི་བཞིན་ལྷུན་གྲུབ་ཏེ།།བསྟན་པ་རིན་ཆེན་ཕྱོགས་བཅུར་རྒྱས་གྱུར་ཅིག །ཅེས་དཔལ་ལྡན་ས་སྐྱ་པའི་གདུང་རབ་རིན་པོ་ཆེ་རྣམས་ལ་གསོལ་བ་འདེབས་པ་བསམ་པ་ལྷུན་གྲུབ་ཅེས་བྱ་བ་འདི་ཡང་ཆོས་མེད་སྙོམས་ལས་མཁན་ཟ་ཉལ་འཆག་གི་རྣལ་འབྱོར་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་ཕག་ལོ་ཟླ་བ་ལྔའི་དམར་ཆའི་ཚེས་ལ།དཔལ་ས་སྐྱའི་བཞི་ཐོག་བླ་བྲང་གི་འོད་གསལ་སྣང་བར་སྦྱར་བའི་ཡི་གེ་པ་ནི་དཔལ་ལྡན་ཀུན་དགའ་ཚེ་རིང་གིས་བགྱིས་སོ།།འདིས་ཀྱང་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །སརྦ་མངྒ་ལཾ།། །།

ན་མོ་ཨཱ་ནནྡ་གརྦྷ་ཡེ། ཐུགས་རྗེའི་བདག་ཉིད་དེ་ཉིད་རྟོགས་དང་ལེགས་གཟིགས་པ།།གང་དེ་གཉིས་པ་རྒྱལ་མཚན་རྣམས་ལ་གསོལ་བ་འདེབས། །མཛེས་ཤིང་ལེགས་ནས་བརྙེད་ཅིང་ལེགས་ཐོབ་རབ་བསྒོམ་པས།།གྲོལ་ནས་བགྲོད་དེ་ཞི་ཞིང་གསུམ་པར་འགྲོ་བར་ཤོག །ཅེས་པ་འདི་ནི་ས་སྐྱ་པ་ཤཱཀྱའི་བཙུན་པ་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་མྱུར་བར་བསྡེབས་པའོ།།བཤེས་གཉེན་དམ་པ་མཁས་པ་རྣམས་ཀྱིས་དོན་འདི་རྟོགས་པར་འགྱུར་ལ། བླུན་པོས་འབད་ཀྱང་དཀའོ།།བཤེས་གཉེན་མཁས་པ་རྣམས་ཀྱི་ཚིག་འབྲུ་འདི་རྣམས་ལ་འགྲེལ་པ་རེ་མཛོད། མཚུངས་མེད་བླ་མ་རྗེ་བཙུན་ས་སྐྱ་པ་གོང་མ་ལྔ་ལ་ལེགས་པར་བསྟོད་པ་འདི་རྫོགས་སོ།།འདིས་བསྟན་པ་ལ་ཕན་པར་གྱུར་ཅིག ཡི་གེ་པ་ཡང་ང་རང་གིས་བགྱིས་སོ། །སརྦ་མངྒལཾ།། །།

ན་མོ་གུ་རུ་བུདྡྷ་དྷྭ་ཛ་ཡེ། རང་གི་རྩ་བའི་བླ་མ་དང་།ས་སྐྱའི་རྗེ་བཙུན་གོང་མ་ལྔ་དབྱེར་མེད་དུ་བཞུགས་པའི་གདོད་མའི་གནས་ལུགས་ཀྱི་རང་བབས་ལ་ངེས་ཤེས་བསྐྱེད་དེ།རྗེ་བཙུན་བསླུ་མེད་རྣམས་ལ་བློ་ལྷིང་ཁེལ་གྱི་མོས་གུས་དུང་དུང་པ་དང་བཅས་ངག་ཏུ། རྡོ་རྗེ་འཆང་དངོས་ས་སྐྱའི་བླ་ཆེན་རྗེ།།ཡབ་སྲས་གསུམ་དང་ཆོས་རྗེ་ཁུ་དབོན་གཉིས། །མཆོད་སྤྲིན་རྒྱ་མཚོས་མཆོད་ཅིང་གསོལ་བ་འདེབས།།བདག་ཀྱང་ཁྱེད་འདྲར་འགྱུར་བར་བྱིན་གྱིས་རློབས། །ཞེས་ཡིད་རྩེ་གཅིག་པའི་བརྒྱ་སྟོང་ལ་སོགས་པར་གསོལ་བ་བཏབ་པར་བྱའོ།།དེ་ལྟར་བྱས་པས་རྗེ་བཙུན་གོང་མ་རྣམས་ཀྱི་བྱིན་རླབས་ཞུགས་པའི་རྟགས་མངོན་གྱུར་དུ་འགྱུར་བ་ནི་ངེས་པའོ།།ཞེས་པ་འདི་ཡང་ས་སྐྱ་པ་ཐེག་པ་མཆོག་གི་རྣལ་འབྱོར་པ་ངག་དབང་ཀུན་དགའ་བསོད་ནམས་ཀྱི་ལག་ཏུ་སྐྱབས་གནས་བསླུ་མེད་རྣམས་ཀྱི་ཐུགས་རྗེས་རྗེ་བཙུན་གོང་མ་ལྔའི་སྐུ་འདྲ་སོ་སོའི་ཕྱག་ནས་ཞུགས་པ་རྣམས་དང་།ས་སྐྱ་བཀའ་འབུམ་ཚར་དུ་མ་ཞིག་བྱུང་བ་རྣམས་ལ་བལྟ་རྟོག་བགྱིས་ཚེ་གོང་མ་རྣམས་ལ་དད་པའི་སྤུ་ལོང་ཆེ་ཆེར་གཡོས་ནས་བྲིས་པ་འདིས་བདག་ཅག་རྣམས་ཀྱི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག།ཀཱ་ལྱཱ་ན་ཝརྡྷནྟུ།། །།

ན་མོ་གུ་རུ་བཛྲ་དྷ་ར་བུདྡྷ་དྷྭ་ཛ་ཡེ།༼བླ་མ་རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན་ལ་ཕྱག་འཚལ་ལོ།༽སརྦ་དྷརྨྨན་ཏ་ཏྭ་༼ཆོས་རྣམས་ཀུན་གྱི་དེ་ཉིད་གཟིགས།༽པཱ་ཤྱ་ཊ།མནྟྲ་སཱ་ག་ར་ས་ར་གཿ༼གསང་སྔགས་རྒྱ་མཚོའི་ཕ་རོལ་སོན།༽བཛྲ་དྷ་ར་སརྦ་སྭཱ་མི༔༼རྡོ་རྗེ་འཛིན་པ་ཀུན་གྱི་རྗེ།༽ཀིརྟི་དྷྭ་ཛ་ཡ་པྲ་མེ།༼གྲགས་པ་རྒྱལ་མཚན་ལ་ཕྱག་འཚལ།༽ཞེས་གངས་རིའི་ཁྲོད་ཀྱི་རྡོ་རྗེ་འཛིན་པ་ཀུན་གྱི་གཙུག་རྒྱན་རྗེ་བཙུན་རིན་པོ་ཆེ་གྲགས་པའི་ཞབས་ལ་གསོལ་བ་འདེབས་པའི་ཡི་གེ་གཉིས་ཟུང་ལྡན་དུ་བསྡེབས་པ་འདི་ནི་ས་སྐྱ་པ་ཤཱཀྱའི་དགེ་བསྙེན་པཎྜི་ཏ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ཀྱི་གདན་ས་ཆེན་པོའི་ཕྱག་དཔེ་ཁང་རྣམས་ཀྱི་ཁྲོད་ན་བཞུགས་པ་ལེགས་པར་བཏུས་པ་འདིས་བདག་ཅག་དཔོན་སློབ་ཀྱི་འདི་ཕྱིའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག།སརྦ་མངྒལཾ།༼ཐམས་ཅད་བཀྲ་ཤིས། ༽ཀ་ལྱཱ་ན་ཝརྡྷནྟུ།༼བདེ་ལེགས་འཕེལ་བར་གྱུར་ཅིག༽སརྦ་དཱ་ཨོཾ།༼ཐམས་ཅད་བཀྲ་ཤིས།༽

ཨོཾ་སྭསྟི་སིདྡྷྃ། བླ་མ་དང་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།།འཕགས་པའི་གནས་བརྟན་བཅུ་དྲུག་པོ། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་མཆོད། །གསོལ་འདེབས་བདག་ཅག་དཔོན་སློབ་ཀྱི།།འདི་ཕྱིའི་དོན་ཀུན་འགྲུབ་པར་མཛོད། །ཅེས་པ་འདི་ཡང་འཕགས་པ་དགྲ་བཅོམ་པ་བཅུ་དྲུག་ལ་ཤེས་ནས་དད་པ་ཐོབ་པ་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་སྒྲུབ་ཕུག་ཆ་ལུང་རྡོ་རྗེའི་བྲག་རྫོང་དང་ཉེ་བའི་སའི་ཆ་རྡོ་ཁང་ཞེས་བྱ་བའི་ཁང་བརྩེགས་སུ་རང་ལོ་བཅུ་བཞིའི་དུས་དཔལ་ས་སྐྱའི་བདེ་མཆོག་ཕོ་བྲང་དུ་རྡོ་རྗེ་ཕུར་བའི་བསྙེན་པ་བྱས་དུས་ཀྱི་རྨི་ལམ་དྲན་ནས་ཡུད་ཙམ་ཞིག་ལ་བྲིས་པ་འདིས་བདག་ཅག་དཔོན་སློབ་ཀྱི་འདི་ཕྱིའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག།སརྦ་མངྒལཾ།། །།

རྒྱ་གར་སྐད་དུ།ཤྲཱི་ཝན་སངྒུ་རུ་བཛྲ་ཨཱ་ཙརྻ་སིདྡྷི་ཤྭ་ར་མཉྫུ་གྷོ་ཥ་པུ་ཎྱ་ཨིནྡྲ་ཡེ་ན་མཿ བོད་སྐད་དུ།དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་སློབ་དཔོན་གྲུབ་པའི་དབང་ཕྱུག་འཇམ་པའི་དབྱངས་བསོད་ནམས་དབང་པོ་ལ་ཕྱག་འཚལ་ལོ།།འདིར་སྲིད་པ་གསུམ་གྱི་བླ་མ་དཔལ་ས་སྐྱ་པ་ཆེན་པོ་འཇམ་མགོན་གྲུབ་པའི་དཔའ་བོ་དབང་པོའི་མཚན་ཅན་ལ་གསོལ་བ་འདེབས་པ་ཡིད་འཕྲོག་ལྷའི་ལྗོན་ཤིང་ཞེས་བྱ་བ།སྨྲ་བ་རྣམས་ཀྱི་མཆོག་ཐམས་ཅད་མཁྱེན་པ་ལ་གུས་པས་འདུད་པར་བགྱིའོ། །དུས་གསུམ་རྒྱལ་བའི་སྒྱུ་འཕྲུལ་དྲ་བའི་གཟུགས།།མཆོག་དམན་གདུལ་བྱའི་མིག་གི་མེ་ལོང་ལ། །མ་སྒྲིབ་སོ་སོར་འཆར་བ་དངོས་པོའི་གཤིས། །ཁྱབ་བདག་མགོན་པོ་དབང་པོའི་མཚན་ཅན་རྒྱལ།།གང་གི་བཞིན་རས་ཟླ་བ་རྒྱས་པ་ལ། །བྱུ་རུ་དམར་པོའི་མདངས་འོད་འཕྲོ་བ་ཅན། །སྤྱན་གཉིས་ཉི་ཟླའི་དཀྱིལ་འཁོར་གསལ་བ་ལྟར།།གཟི་འོད་རབ་ཏུ་འབར་བ་དེ་ལ་འདུད། །ཁྱོད་སྐུ་པདྨ་རཱ་གའི་ལྷུན་པོ་ལྟར། །གཟེངས་མཐོ་ལྷུན་ཆགས་ཉེ་རིང་གར་བཞུགས་ཀྱང་།།ཀུན་གྱི་མིག་སྔར་སྒྲིབ་མེད་གསལ་ལེ་བ། །ཉི་མ་བྱེ་བའི་གཟི་བརྗིད་ལྡན་དེར་འདུད། །གང་གསུང་སོ་སོའི་དབང་པོ་དང་འཚམས་པར།།འཇམ་ཞིང་སྙན་དང་སྒེག་ཅིང་དཔའ་བའི་ཚིག །སྣ་ཚོགས་གཏམ་གྱིས་ཀུན་གྱི་ཡིད་འཕྲོག་པའི། །དབང་སྡུད་གསུང་གིས་འདོད་པ་འཇོམས་དེར་འདུད།།ཁྱོད་གསུང་འབྲུག་སྟོང་ལྡིར་བའི་སྒྲ་ཇི་ལྟའི། །གཟི་བརྗིད་ལྡན་ཞིང་དྲི་ཟའི་གླུ་དབྱངས་ལྟར།།རབ་སྙན་གསུང་གི་གསང་བ་བསམ་མི་ཁྱབ། །ཉེ་རིང་ཀུན་གྱི་རྣ་བའི་བདུད་རྩིར་འདུད། །གང་གི་ཐུགས་ནི་དུས་གསུམ་རྒྱལ་བའི་ཐུགས།།མི་ཟད་རྒྱན་གྱི་འཁོར་ལོར་རོ་གཅིག་པའི། །འཁོར་འདས་ཀུན་ཁྱབ་རང་རིག་ཡེ་ཤེས་ཆེ། །དབྱེར་མེད་གདོད་མའི་མགོན་པོ་སྟོན་དེར་འདུད།།ཁྱོད་སྐུ་གཞན་ངོར་དམན་ལ་རབ་བརྩེ་ཞིང་། །སྟོབས་ལྡན་དྲེགས་པའི་སྙིང་སྟོབས་ཞུམ་པར་མཛད།།གང་ཐུགས་གཤིས་ལུགས་ཀུན་མཁྱེན་ལས་གཞན་པའི། །སོ་སྐྱེའི་བློ་ཡི་དཔག་པར་དཀའ་དེར་འདུད།།གང་གི་ཡོན་ཏན་མཁྱེན་རབ་འཇམ་པའི་དབྱངས། །བརྩེ་བས་སྐལ་ལྡན་འགྲོ་བ་བུ་བཞིན་སྐྱོང་། །ནུས་པས་རྫུ་འཕྲུལ་བཀོད་པ་བསམ་མི་ཁྱབ།།ཕྱོགས་དུས་ཀུན་དུ་སྟོན་པར་མཛད་དེར་འདུད། །འགའ་ཞིག་མཁས་དང་གྲུབ་པའི་ཡོན་ཏན་གྱིས། །གདུལ་བྱ་འདུལ་ལ་མཆོག་ཏུ་འཛིན་མང་ཡང་།།སྐྱེས་མཆོག་ཁྱོད་ཀྱི་ཞལ་དཀྱིལ་མཐོང་ཙམ་གྱིས། །སྐྱེ་འགྲོ་མ་ལུས་དབང་དུ་སྡུད་དེར་འདུད།།གང་གི་གྲུབ་པའི་མཛད་འཕྲིན་ངོ་མཚར་གྱིས། །གཟུགས་དང་གཟུགས་མེད་ཐམས་ཅད་བྲན་འཁོལ་ཞིང་།།དྲག་ཤུགས་སྤྱོད་པས་མ་རུང་འདུལ་བ་དང་། །སྐལ་ལྡན་རྗེས་འཛིན་འཕྲིན་ལས་མངའ་དེར་འདུད། །སྣ་ཚོགས་གདུལ་བྱའི་ལས་སྣང་ཐ་དད་པས།།མགོན་པོ་ཁྱོད་ཀྱི་འཕྲིན་ལས་འཇུག་ཚུལ་ཡང་། །དེ་དང་འཚམས་པར་སྟོན་པ་ཁོ་བོས་མཐོང་། །དེ་ཕྱིར་སྐྱོན་བྲལ་མཛད་འཕྲིན་སྐྱོང་དེར་འདུད།།མགོན་ཁྱོད་གཟུགས་སྐུ་བསྡུ་བར་མཛད་ཚེ་ཡང་། །ཤབ་སྨད་དགེ་སྡིངས་ཆོས་ཀྱི་ཕོ་བྲང་ཆེར། །འཇའ་འོད་ལ་སོགས་ངོ་མཚར་ལྟས་མང་དང་།།བཅས་ཏེ་དག་པའི་ཞིང་དུ་གཤེགས་དེར་འདུད། །རྒྱལ་བའི་ཡོན་ཏན་རྒྱལ་སྲས་ཀྱིས་བརྗོད་ལྟར།།བདག་ཉིད་ཆེན་པོའི་རྣམ་ཐར་བདག་འདྲ་ཡིས། །བསྐལ་བའི་བར་དུ་རོ་འཛིན་བརྒྱས་བརྗོད་ཀྱང་།།མི་ཟད་གཏེར་ཆེན་ཡོན་ཏན་གཏེར་དེར་འདུད། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྒྱ་མཚོས་མཆོད།།བཅས་རང་ཉེས་པའི་ཚོགས་ཀུན་སོ་སོར་བཤགས། །སྐྱེ་འཕགས་ཀྱིས་བསགས་དགེ་ལ་རྗེས་ཡི་རང་། །སྣ་ཚོགས་སྤྲུལ་སྐུའི་ཆོས་འཁོར་བསྐོར་དུ་གསོལ།།ཀུན་ཀྱང་མྱ་ངན་མི་འདའ་གསོལ་བ་འདེབས། །བདག་གི་དུས་གསུམ་དགེ་བ་ཅི་བསགས་པ། །མཁའ་མཉམ་འགྲོ་བའི་བྱང་ཆུབ་ཐོབ་ཕྱིར་བསྔོ།།དེ་ལྟར་གྲུབ་པ་མཆོག་གི་དེད་དཔོན་ཆེ། །སྐྱབས་གནས་ཀུན་འདུས་ཁྱོད་ལ་གསོལ་བཏབ་པས། །བསོད་ནམས་འདི་ཡི་བདག་ཅག་དཔོན་སློབ་རྣམས།།ཚེ་མཐར་ཕྱིན་ཞིང་བསམ་དོན་ཀུན་འགྲུབ་ཤོག །དེ་ལ་བརྟེན་ནས་དཔལ་ལྡན་ས་སྐྱ་པའི། །བསྟན་པ་ཡར་ངོའི་ཟླ་ལྟར་རབ་འཕེལ་ཞིང་།།དེ་རྒྱུན་བསྐལ་པར་རིགས་བརྒྱུད་དྲི་མེད་ཀྱི། །རྒྱུན་དུ་སྐྱོང་ཞིང་གོང་ནས་གོང་འཕེལ་ཤོག།ཡོད་མེད་ཕྱོགས་ལྷུང་བྲལ་བའི་ལྟ་བ་དང་། །འཛིན་མེད་ཟུང་དུ་འཇུག་པ་བསྒོམ་པའི་རྒྱུན། །ཞེན་མེད་སྒྱུ་མའི་སྤྱོད་པས་ལེགས་སྐྱོང་བའི།།འཁྲུལ་མེད་ས་སྐྱའི་བཞེད་གཞུང་རབ་རྒྱས་ཤོག །བསྟན་དང་བསྟན་འཛིན་བསྟན་སྐྱོང་སྦྱིན་བདག་བཅས།།ཐུགས་མཐུན་ཐུགས་ཀྱི་ཐུགས་བཞེད་ཀུན་འགྲུབ་སྟེ། །བདེ་དང་བདེ་མཆོག་བདེ་དཔལ་ཕུན་ཚོགས་ཀྱིས།།ཀུན་ནས་ཀུན་དུ་ཀུན་ཀྱང་ཁྱབ་གྱུར་ཅིག །ཅེས་སྲིད་པ་གསུམ་གྱི་བླ་མ་དཔལ་ས་སྐྱ་པ་ཆེན་པོ་འཇམ་མགོན་གྲུབ་པའི་དཔའ་བོ་དབང་པོའི་མཚན་ཅན་ལ་གསོལ་བ་འདེབས་པ་ཡིད་འཕྲོག་ལྷའི་ལྗོན་ཤིང་ཞེས་བྱ་བ་འདི་ཡང་རིགས་ལྡན་འཇམ་དབྱངས་ཆེན་པོ་དེ་ཉིད་ཀྱི་སློབ་མའི་ཐ་ཆུང་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་རང་ལོ་ཉེར་དྲུག་པ་ཆུ་ཕོ་ཁྱི་ལོ་དཔལ་ལྡན་ས་སྐྱའི་ལྷ་ཁང་ཆེན་མོར་ལམ་འབྲས་བཤད་པའི་སྐབས་ཤིག་རྨི་ལམ་དུ་འཇམ་མགོན་གྲུབ་པའི་དབང་ཕྱུག་དེ་ཉིད་ལྷ་ཆེན་རྩེའི་མགོན་ཁང་དུ་ཆོས་སྐྱོང་གུར་གྱི་མགོན་པོའི་དཀྱིལ་འཁོར་དུ་མའི་དབང་བསྐུར་རྣམས་དུས་གཅིག་ལ་སྩལ་བའི་སྣང་བ་ཤིན་ཏུ་གསལ་བ་བྱུང་བའི་དུས།འདི་ལྟ་བུའི་གསོལ་འདེབས་ཤིག་རྩོམ་པར་འདོད་ཀྱང་ལེ་ལོའི་དབང་གིས་འགྱང་པ་ལ། དུས་ཕྱིས་རང་ལོ་སོ་གཅིག་ལོན་པ་མེ་མོ་ཡོས་ཀྱི་ལོ་ཟླ་བ་བཅུ་པའི་དམར་ཆའི་ཚེས་ལ་ཤབ་སྒོ་ལྔའི་ཡུལ་ལྗོངས་ཁྱད་པར་ཅན་དགེ་སྡིངས་སྲིན་པོ་ཆོས་རྫོང་ཁམས་གསུམ་ཟིལ་གནོན་དུ་མགོན་ཁང་སྲིད་གསུམ་རྣམ་རྒྱལ་བཞེངས་པའི་རབ་གནས་མངའ་གསོལ་གྲུབ་པའི་ཐོ་རང་གི་ཚེ་རྨི་ལམ་དུ་གྲུབ་མཆོག་དབང་པོའི་མཚན་ཅན་དེ་ཉིད་དང་མཇལ་ཏེ་ཐུགས་གཏིང་ནས་དགྱེས་པའི་མདངས་བསམ་གྱི་མི་ཁྱབ་པ་ཞིག་མཛད་ཅིང་།སྒྲུབ་ཐབས་རྒྱ་མཚོའི་ནང་གི་ཀུ་རུ་ཀུལླེའི་ཐུན་མོང་མ་ཡིན་པའི་མན་ངག་འདི་རྣམས་ཡིན་ནོ་ཞེས་ཟབ་ཆོས་མང་དུ་སྩལ་ཞིང་།།གཞན་ཡང་ཆོས་ཚན་འགའ་ཞིག་གནང་བའི་མུར་གཉིད་སད་པའི་རྐྱེན་གྱི་བརྗེད་ཟིན་ལ། ཡང་རྒྱ་གར་གྱི་གྲུབ་ཆེན་ཨ་བྷ་ཡ་ཀ་ར་དང་རྗེ་ས་ཆེན་དུས་མཚུངས་ཡིན་མིན་གྱི་དོགས་དཔྱོད་སོགས་གནང་བའི་གསལ་སྣང་ཁྱད་པར་ཅན་བྱུང་བའི་རྐྱེན་བྱས།།འཇམ་དབྱངས་ཆོས་ཀྱི་རྒྱལ་པོ་དེ་ཉིད་འདྲ་འདྲི་ཆོས་རྫོང་ཆེན་པོར་མགོན་ཁང་གསར་དུ་བཞེངས་པ་ལ་དགྱེས་པའི་མཚན་མ་སྟོན་པར་མཛད་པའི་ཡིད་ཆེས་ཁྱད་པར་ཅན་རྙེད་ནས།འཇམ་མགོན་རིགས་ཀྱི་བདག་པོ་དབང་པོའི་མཚན་ཅན་དེ་ཉིད་ལ་བཅོས་མ་མ་ཡིན་པའི་དད་པ་རབ་ཏུ་གཡོས་པའི་རྐྱེན་བྱས་དགེ་སྡིངས་ཆོས་ཀྱི་ཕོ་བྲང་དུ་སྦྱར་བ་འདིས་བདག་ཅག་དཔོན་སློབ་ཐམས་ཅད་འཕྲལ་དང་ཡུན་དུ་དགེ་ལེགས་སུ་གྱུར་ཅིགསྨྲས་པ། དེང་སང་ཡོན་ཏན་ལྡན་པའི་བླ་མ་དང་། །དེ་ཉིད་བརྗོད་ནུས་བློ་ལྡན་སློབ་མ་དཀོན། །ཇི་ལྟར་མ་འདས་ཚུལ་བཞིན་བརྗོད་པ་འདི།།དཔྱོད་ལྡན་རྣམས་ཀྱི་ཡིད་རབ་འཕྲོག་བྱེད་ཡིན། །ཞེས་ཀྱང་ཤུགས་འབྱུང་ལས་བྱུང་བའི་ཚིགས་བཅད་དོ།།སརྦ་དཱ་ཨོཾ། མསྟུ་སརྦ་ཝ་ག་ཏཾ། བཀྲ་ཤིས། དགེའོ།། །།

ན་མོ་གུ་རུ་པུཎྱ་ཨིནྡྲ་ཡ།རབ་འབྱམས་རྒྱལ་བའི་མཁྱེན་ཞིང་བརྩེ་བ་ལས། ནུས་མཐུ་གཅིག་བསྡུས་དཔལ་ལྡན་ས་སྐྱ་པའི། །དྲི་མེད་རིགས་སུ་བསམ་བཞིན་སྐུར་བསྟན་པ།།རིགས་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཡོངས་གྲགས་དགེ་སྡིག་བླང་དོར་རྣམ་གཉིས་ལས། །དོར་བྱའི་ཡུལ་དུ་གྱུར་པ་སྡིག་སྒྲིབ་དང་།།སྡུག་བསྔལ་རྩ་བ་འཇིག་རྟེན་པ་ཡི་ཆོས། །ཀུན་སྤང་བླ་མའི༞ ཟས་གཙང་སྲས་ཀྱི་བསྟན་པ་རིན་པོ་ཆེ། །གང་དེའི་སྒོར་ཞུགས་འཆད་རྩོམ་རྩོད་སྒོ་ནས།།སྙིགས་མའི་དུས་འདིར་བསྟན་པ་དྲི་མེད་ཀྱི། །རྟ་བདུན་བླ་མའི༞ རྡོ་རྗེ་འཆང་དངོས་བླ་མ་རྗེས་བཟུང་ཞིང་། །རིམ་གཉིས་ཟབ་མོའི་གདེང་དང་རབ་ལྡན་པས།།བཀའ་སྲུང་དམ་ཅན་རྒྱ་མཚོ་བྲན་དུ་འཁོལ། །ནུས་ལྡན་བླ་མའི༞ ཕྱི་ལྟར་འཆད་རྩོམ་རྩོད་ཀྱི་བསྟན་འཛིན་ཞིང་། །ནང་དུ་འཁོར་འདས་དབྱེར་མེད་དོན་རྟོགས་ནས།།རྟགས་དང་མཚན་མ་ཀུན་གྱི་མངོན་དུ་གྱུར། །གྲུབ་ཆེན་བླ་མའི༞ དེང་སང་འཛམ་གླིང་མཁས་གྲུབ་ཐམས་ཅད་ཀྱིས། །འགྲན་ཟླ་དང་བྲལ་ཀུན་གྱི་སྐྱབས་གཅིག་པུ།།པུཎྱ་ཨིནྡྲ་ཞེས་སུ་འགྲོ་ལ་གྲགས། །འཇིག་བྲལ་བླ་མའི༞ འབྲེལ་ཚད་དོན་ལྡན་ཆུ་འཛིན་འཁྲིགས་པ་ལས། །རྒྱས་ཤིང་ཟབ་པའི་ཆོས་ཀྱི་ཆར་ཕབ་ཏེ།།སྐལ་ལྡན་ཉམས་རྟོག་འབྲས་བུ་སྨིན་མཛད་པའི། །དྲིན་ཅན་བླ་མའི་དེ་ལྟར་འདྲེན་པའི་གཙུག་རྒྱན་ཁྱོད་ཉིད་ལ། །དད་ཤུགས་དྲག་པོས་གསོལ་བ་བཏབ་པའི་མཐུས།།ཡིད་ལ་རེ་བའི་དོན་རྣམས་འབད་མེད་དུ། །ལྷུན་གྱིས་གྲུབ་པར་བྱིན་གྱིས་བརླབས་དུ་གསོལ། །བསྟན་པའི་སྲོག་ཤིང་བདག་སོགས་འགྲོ་བའི་སྐྱབས།།འགྲན་གྱི་དོ་མེད་ཡོངས་འཛིན་དམ་པ་ཁྱེད། །བསྐལ་བརྒྱའི་བར་དུ་ཞབས་པད་བརྟན་པ་དང་། །འཕྲིན་ལས་ཡར་ངོའི་ཟླ་ལྟར་རྒྱས་གྱུར་ཅིག།མགོན་པོ་ཁྱོད་ཀྱི་གསུང་གི་བདུད་རྩིའི་ཚོགས། །དད་ལྡན་བདག་གི་ཡོངས་རྫོགས་ལེགས་ནོས་ནས།།རང་གི་བསྒོམ་དང་གཞན་ལ་སྤེལ་བའི་མཐུས། །དོན་གཉིས་མཐར་ཕྱིན་སྤང་གཉེན་འདྲེ་བར་ཤོག །དེ་ལྟའི་ཡོན་ཏན་མཆོག་དང་མ་ལྡན་བར།།ལུས་ངག་ཡིད་ཀྱི་མི་མཐུན་ཕྱོགས་ལ་སོགས། །བར་དུ་གཅོད་པ་ཀུན་ལས་རྣམ་རྒྱལ་ནས། །བསམ་དོན་མ་ལུས་འབད་མེད་མཐར་ཕྱིན་ཤོག།འཁྲུལ་ཞིག་དམིགས་པ་མེད་པའི་ཐུགས་རྗེ་དང་། །རྒྱུན་ཆད་མེད་པར་གསོལ་བ་བཏབ་པའི་མཐུས། །དུས་འདིར་མ་ཟད་སྐྱེ་བ་ཐམས་ཅད་དུ།།འདྲེན་མཆོག་ཁྱོད་ཀྱིས་རྗེས་སུ་འཛིན་གྱུར་ཅིག །འདི་ལྟ་བུའི་བླ་མ་ལ་གསོལ་བ་འདེབས་པའི་ཡིག་ཆུང་འདི་ནི།ས་སྐྱ་པ་ཤཱཀྱའི་བཙུན་པ་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་དཔལ་ས་སྐྱ་པ་ཆེན་པོ་བྱམས་པ་དཔལ་ངག་དབང་བསོད་ནམས་དབང་པོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་ཡོངས་ལ་གྲགས་པ་དེ་ཉིད་ཀྱི་མཛད་སྤྱོད་རྣམ་ཐར་དང་རང་ལ་ཡང་བཀའ་དྲིན་འཁོར་མེད་ཀྱི་རྒྱུ་མཚན་རྣམས་དྲན་ནས་དད་འདུན་ཆེན་པོའི་ངང་ནས་དབེན་གནས་གླིང་དགའ་བདེ་བ་ཅན་གྱི་དགོན་པར་ཤིན་ཏུ་མྱུར་བར་བྲིས་པའོ།།སརྦ་མངྒལཾ།། །།

རྒྱ་གར་སྐད་དུ། ཤྲཱི་བྷུ་མི་པཎྜུ་ཀ་སིདྡྷི་ཤྭ་ར་མ་ཧཱ་མཻ་ཏྲི་ཤྲཱི་ཝཀ་གིན་དྲ་པུཎྱ་ཨིནྟྲ་ཀིརྟི་དྷྭ་ཛ་ཤྲཱི་བྷ་དྲ་ཡེ་ན་མཿབོད་སྐད་དུ། དཔལ་ས་སྐྱ་པ་གྲུབ་པའི་དབང་ཕྱུག་ཆེན་པོ་བྱམས་པ་དཔལ་ངག་དབང་བསོད་ནམས་དབང་པོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ལ་ཕྱག་འཚལ་ལོ།།བྱམས་པའི་མངའ་བདག་དུས་གསུམ་སངས་རྒྱས་ཀྱིས། །བྱམས་པས་འགྲོ་བ་འདུལ་ཕྱིར་དགེ་སློང་ཚུལ།།བྱམས་པའི་མཚན་འཆང་རྗེ་བཙུན་ས་སྐྱ་པ། །བསོད་ནམས་དབང་པོའི་ཞབས་ལ་གསོལ་བ་འདེབས། །དཔལ་ལྡན་མཐུ་སྟོབས་བསམ་ཡས་སྔགས་འཆང་རྗེ།།དཔལ་གྱི་འབྱུང་གནས་གང་དེའི་ཐུགས་ཀྱི་སྲས། །དཔལ་འབར་འཕྲིན་ལས་དབང་ཕྱུག་ས་སྐྱ་པ། །བསོད་ནམས་དབང་པོའི༞ ངག་དབང་དབྱངས་ཅན་མཁྱེན་པའི་ཆ་ཤས་རྫོགས། །ངག་དབང་ལེགས་བཤད་བསིལ་ཟེར་བྱེ་བའི་གཏེར།།ངག་དབང་ལྷ་དང་དབྱེར་མེད་ས་སྐྱ་པ། །བསོད་ནམས༞ བསོད་ནམས་ཡེ་ཤེས་ཚོགས་གཉིས་མཐར་སོན་ཀྱང་། །བསོད་ནམས་བྱ་བའི་ལས་ལ་རྟག་གཞོལ་ཞིང་།།བསོད་ནམས་འགྲོ་ལ་སྤེལ་མཛད་ས་སྐྱ་པ། །བསོད་ནམས༞ དབང་པོའི་གཞུ་ལྟར་བཀྲ་བའི་མཁྱེན་ཡངས་ཀྱིས། །དབང་པོ་མཆོག་དམན་གདུལ་བྱ་སྐྱོངས་བ་ལ།།དབང་པོའི་མིག་དང་མཚུངས་པའི་ས་སྐྱ་པ། །བསོད་ནམས༞ གྲགས་པའི་མཆོག་གྱུར་གྲུབ་པའི་སྙན་པ་ཡི། །གྲགས་པ་ཐོས་པས་སྐལ་བཟང་བ་སྤུ་གཡོ། །གྲགས་པ་དོན་དང་ལྡན་པའི་ས་སྐྱ་པ།།བསོད་ནམས༞ རྒྱལ་བ་འདས་དང་མ་བྱོན་ད་ལྟར་གྱི།།རྒྱལ་བ་ཞི་ཁྲོ་རབ་འབྱམས་སྤྲུལ་པའི་གཞི། །རྒྱལ་བ་ཀུན་གྱི་ཡབ་གཅིག་ས་སྐྱ་པ། །བསོད་ནམས༞ མཚན་དཔེས་བརྒྱན་པའི་སྐུ་ནི་གཟི་བརྗིད་འབར། །མཚན་ཉིད་ལྡན་པའི་གསུང་མཆོག་ཚངས་པའི་དབྱངས།།མཚན་རྟོག་ཉེར་ཞིའི་ཐུགས་ལྡན་ས་སྐྱ་པ། །བསོད་ནམས༞ དཔལ་ལྡན་སྲིད་ན་ཆེ་བའི་མི་དབང་དང་། །དཔལ་ལྡན་ཆོས་ཀྱི་འབྱོར་པའི་ཡོངས་འཛིན་ཀུན༞ དཔལ་ལྡན་ཁྱོད་ཀྱི་འབངས་གྱུར་ས་སྐྱ་པ། །བསོད་ནམས༞ བཟང་པོའི་རྒྱུན་དང་ལྡན་པའི་ཆུ་གཏེར་བཞིན། །བཟང་པོའི་འཕྲིན་ལས་རྨད་བྱུང་གཏིང་མཐའ་ཡས།།བཟང་པོ་གང་ལ་མངའ་བའི་ས་སྐྱ་པ། །བསོད་ནམས༞ དེ་ལྟར་གྲུབ་མཆོག་དབང་པོའི་མཚན་ཅན་ལ། །གསོལ་བ་བཏབ་པས་བདག་ཅག་དཔོན་སློབ་ཀྱིས།།གཙོ་བྱས་མཁའ་མཉམ་འགྲོ་བའི་སྡིག་སྒྲིབ་དང་། །ཉེས་ལྟུང་མ་ལུས་བྱང་ཞིང་དག་གྱུར་ཅིག །དེ་ལ་བརྟེན་ནས་བདག་སོགས་འཁོར་བཅས་རྣམས།།ཚེ་མཐར་ཕྱིན་ཞིང་བསམ་དོན་ཀུན་འགྲུབ་ཏེ། །བསྟན་པ་རྒྱས་ཤིང་དེ་རྒྱུན་བསྐལ་བའི་བར། །རིགས་བརྒྱུད་རྒྱུན་མི་འཆད་པས་སྐྱོང་གྱུར་ཅིག།ཕྱི་མ་དཔོན་སློབ་ལྷན་ཅིག་དག་པའི་ཞིང་། །བདེ་བ་ཅན་དུ་སྐྱེས་ནས་ས་ལམ་རྣམས། །མཐར་ཕྱིན་གང་འདུལ་སྤྲུལ་པས་སྲིད་མཐའི་བར།།ས་སྐྱའི་རྗེ་བཙུན་བསྟན་པ་རྒྱས་བྱེད་ཤོག །ཅེས་མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་ས་སྐྱ་པ་ཆེན་པོ་ཆེ་གྲུབ་མཆོག་བསོད་ནམས་དབང་པོ་ལ་གསོལ་བ་འདེབས་པ་དོན་གཉིས་ལྷུན་གྲུབ་ཅེས་བྱ་བ་འདི་ཡང་།ཡོངས་འཛིན་དམ་པ་དེ་ཉིད་ཀྱི་རང་ཉིད་ཆུང་ངུའི་དུས་ནས་སྤྱན་གྱི་འབྲས་བུ་ལྟར་འཚོ་བའི་སྐལ་བ་བཟང་པོ་ཅན་ས་སྐྱ་པ་ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་རང་ལོ་ཞེ་གསུམ་དུ་སོན་པ་ན།གཙང་འབྲུག་དུས་གཟིང་གི་ཉེས་མེད་ཀྱི་སེམས་ཅན་མང་པོ་སྡུག་བསྔལ་གྱི་ཉམས་ཐག་པའི་ཚེ། ཕན་ཚུན་ལེགས་སྤེལ་གྱི་འཆིང་ལུགས་བགྱིས་སྐབས།ཡོས་ལོ་ཆོ་འཕྲུལ་ཟླ་བའི་དམར་ཆ་དགའ་བ་གསུམ་པའི་ཚེས་ལ་ལྷོ་བོད་མཚམས་ཀྱི་ཕག་རི་རྣམ་རྒྱལ་དཀར་པོའི་བྱ་འདབས།སྔོན་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་བྱིན་གྱིས་བརླབས་པའི་གནས་ཆེན་བསམ་འགྲུབ་ལྷ་ཁང་ཡངས་སྟེང་དུ་སྦྱར་བ་འདིས་ཀྱང་།བདག་ཅག་དཔོན་སློབ་ཀྱི་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག །ཀ་ལྱཱ་ན་ཝརྡྷནྟུ།།།།

ན་མོ་གུ་རུ་པུཎྱ་ཨིནྡྲ་ཡེ།འཛམ་གླིང་ཆེ་དགུ་ཀུན་གྱི་གཙུག་ཕུད་ལ། །ཞབས་ཟུང་གསེར་གྱི་འཁོར་ལོ་ངལ་གསོས་པའི། །སྲིད་གསུམ་འགྲོ་བའི་བླ་མ་ས་སྐྱ་པ།།འཇམ་དཔལ་དབང་པོའི་ཞབས་ལ་གསོལ་བ་འདེབས། །མཐུ་སྟོབས་མངའ་བདག་པདྨ་འབྱུང་གནས་ཉིད། །དུས་མཐར་དགེ་སློང་མཆོག་གི་ཚུལ་བཟུང་སྟེ།།མ་རུང་གདུག་པ་འདུལ་བའི་དཔའ་བོ་མཆོག །ཕྱོགས་ལས་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །གང་གི་གྲུབ་པའི་མཚན་མ་ངོ་མཚར་གྱི།།འཛིན་མའི་ཁྱོན་ཀུན་ཡོངས་སུ་ཁྱབ་མཛད་པའི། །སྙན་གྲགས་སྐྱེ་བོ་ཀུན་གྱི་ཁ་ན་རྒྱུ། །འཁྲུལ་ཞིག་དབང་པོའི་ཞབས་ལ་གསོལ་བ་འདེབས།།བདག་དང་མ་གྱུར་སེམས་ཅན་ཐམས་ཅད་ཀྱི། །སྔོན་བསགས་ལས་ངན་དབང་ལས་བྱུང་བ་ཡི། །སོ་སྐྱེ་རང་ལ་རང་དབང་མེད་པའི་མཐུས།།བགྱིས་དང་བགྱིད་འཚལ་བགྱིད་ལ་ཡི་རང་བའི། །ལུས་ཀྱི་ལས་ངན་བསགས་པ་མཐོལ་ལོ་བཤགས། །ངག་གི་ལས་ངན་བསགས་པ་མཐོལ་ལོ་བཤགས།།ཡིད་ཀྱི་ལས་ངན་བསགས་པ་མཐོལ་ལོ་བཤགས། །ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་གྱུར་ཅིག །རྗེ་བཙུན་བསླུ་མེད་རྣམས་ཀྱི་ཐུགས་རྗེ་ཡི།།བདག་ཅག་དཔོན་སློབ་དུས་འདིར་ཚེ་རིང་ཞིང་། །བསམ་དོན་ཐམས་ཅད་ཡིད་བཞིན་འགྲུབ་པ་དང་། །ཕྱི་མ་དག་པའི་ཞིང་དུ་སྐྱེ་བར་ཤོག།ཅེས་པ་འདི་ནི་དཔལ་ས་སྐྱ་པ་ཆེན་པོ་འཇམ་པའི་དབྱངས་དབང་པོའི་མཚན་ཅན་དེ་ཉིད་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་པའི་སྐབས་དེར་དགེ་སྡིངས་ཆོས་ཀྱི་ཕོ་བྲང་གི་འཇམ་དབྱངས་བླ་མའི་སྐུ་གདུང་རིན་པོ་ཆེའི་དྲུང་དུ།ས་སྐྱ་པ་ངག་དབང་ཀུན་དགའི་མིང་ཅན་སླེབ་པའི་ཚེ། དེའི་ཉིན་གང་ཧྲིལ་པོ་འཇའ་འོད་ཀྱི་གུར་ཁང་སྔར་གངས་ཅན་གྱི་ཁྲོད་དུ་བྱུང་མ་སྲིད་ཙམ་སོགས་ངོ་མཚར་ཡིད་ཆེས་ཀྱི་ལྟས་དུ་མ་བྱུང་བའི་རྐྱེན་བྱས་སྐུ་གདུང་གི་དྲུང་དུ་ལམ་ཟབ་བླ་མའི་རྣལ་འབྱོར་དང་།བླ་མ་རིན་འབྱུང་གི་སྒོ་ནས་གསོལ་བ་འདེབས་ཅིང་། ཕྱག་དང་མཎྜལ་གྱི་རྣལ་འབྱོར་བརྒྱ་ཕྲག་དུ་མ་ཉམས་སུ་ལེན་པ་ལ་ནན་ཏན་སྙིང་པོར་བགྱིས་པའི་ཚེ་གསོལ་འདེབས་འདི་ཡང་ཐེག་པ་མཆོག་གི་རྣལ་འབྱོར་པ་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་སྦྱར་བ་འདིའི་འཕྲལ་དང་ཡུན་དུ་བདེ་ལེགས་སུ་གྱུར་ཅིག།མངྒལཾ།། །།

ཤྲཱི་དྷརྨཱ་སྭཱ་མི་བུདྡྷ་རཏྣ་ཤྲཱི་བྷ་དྲ་ནིརྨཱ་ཎ་ཡ་ན་མཿརྒྱལ་བ་གཉིས་པ་རྗེ་བཙུན་ས་སྐྱ་པའི། །སྙིགས་མའི་དུས་འདིར་བསྟན་པའི་གསལ་བྱེད་མཆོག །མཁས་བཙུན་བཟང་པོའི་གཙུག་རྒྱན་མུས་པ་རྗེ།།སངས་རྒྱས་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །གང་སྐུ་མཐོང་བས་ཡིད་འཕྲོག་མཛེས་པའི་སྐུ། །ཐོས་པས་གདུང་སེལ་ཡན་ལག་དྲུག་ཅུའི་གསུང་།།ཇི་ལྟ་ཇི་སྙེད་ཆོས་ཀུན་མཁྱེན་པའི་ཐུགས །འབྲེལ་ཚད་དོན་དང་ལྡན་པ་ཁྱེད་ལ་འདུད། །གྲངས་མེད་ཐོས་པ་རྒྱ་མཚོས་རྒྱུད་ཕྱུག་ཅིང་།།བསམ་པས་ཇི་བཞིན་ངེས་པའི་དོན་གཟིགས་ནས། །ཚུལ་བཞིན་བསྒོམས་པས་འཁོར་འདས་རོ་གཅིག་རྟོགས།།ཕྱོགས་ལས་རྣམ་པར་རྒྱལ་བ་ཁྱོད་ཕྱག་འཚལ། །དྲི་མེད་གཞུང་བརྒྱ་འཆད་ལ་ཐོགས་མེད་པ། །ལེགས་བཤད་རྩོམ་ལ་ཀུན་གྱི་སྙེང་དང་བྲལ།།འགལ་དང་མ་འབྲེལ་སྤྱོད་ལ་མ་རྨོངས་པས། །ཡོངས་འཛིན་ཀུན་གྱི་ཞབས་ཟུང་བསྙེན་ལ་འདུད། །ཐོག་མེད་དུས་ནས་ལས་དཀར་སྤྱད་པའི་མཐུས།།དུས་འདིར་མགོན་པོ་ཁྱོད་ཀྱི་རྣམ་ཐར་ལ། །མི་ཕྱེད་དད་པ་ཐོབ་པའི་སྐལ་ལྡན་རྣམས། །བུ་གཅིག་ལྟ་བུར་སྐྱོང་ལ་གསོལ་བ་འདེབས།།དམ་པ་ཁྱོད་ནི་དང་པོར་རྫོགས་སངས་རྒྱས། །བར་དུ་ས་བཅུའི་བྱང་སེམས་བུདྡྷའི་མཚན། །དུས་འདིར་དུས་གསུམ་མཁྱེན་པའི་བཤེས་གཉེན་ཆེ།།ཀུན་གྱི་འགྲན་ཟླ་བྲལ་ལ་ཀུན་ནས་འདུད། །རབ་མཛེས་བཻཌཱུརྻ་ཡི་འཛིན་མའི་དབུས། །རིན་ཆེན་སྣ་ཚོགས་ལས་གྲུབ་ཁྲི་ཡི་སྟེང་།།ཆུ་སྐྱེས་པདྨོའི་གཉེན་དང་བསིལ་ཟེར་གྱི། །གདན་བཞུགས་ཡོན་ཏན་འབྱུང་གནས་ཁྱོད་ལ་འདུད།།གང་གི་ཕུང་པོ་ལྔ་ནི་རིགས་ལྔ་སྟེ། །དེ་ཀུན་འདུས་པ་དྲུག་པ་རྡོ་རྗེ་འཆང་། །ཁམས་ལྔ་རིག་མ་ཚིགས་རྣམས་ཁྲོ་བོ་བཅུ།།སྐྱེ་མཆེད་བྱང་སེམས་ལྷ་མོའི་ངོ་བོར་འདུད། །ཚོགས་མཆོག་དགེ་འདུན་རང་བཞིན་ཁྱོད་ཀྱི་སྐུ།།གང་གསུང་དམ་ཆོས་ཁྱོད་ཐུགས་རྐང་གཉིས་གཙོ། །ཡོན་ཏན་ནོར་ལྷ་འཕྲིན་ལས་ཆོས་སྐྱོང་སྟེ། །སྐྱབས་གནས་ཀུན་འདུས་ཞབས་ལ་གསོལ་བ་འདེབས།།གདོད་ནས་ལྷུབ་གྲུབ་རྩ་དང་ཡི་གེ་ཁམས། །རླུང་གི་དཀྱིལ་འཁོར་གདན་གསུམ་ཚངས་བ་ལ། །དབང་བཞི་སྩལ་ནས་སྐུ་ལྔ་ཐོབ་མཛད་པའི།།བཀའ་དྲིན་མཉམ་མེད་རྩ་བའི་བླ་མར་འདུད། །རྩེ་གཅིག་གུས་པས་ཡིད་ཀྱི་ཕྱག་འཚལ་ཞིང་། །ཡིད་གཉིས་སྤངས་ཏེ་མཆོད་པ་ཀུན་གྱི་མཆོད།།སྒོ་གསུམ་ཉེས་པའི་ཚོགས་ཀུན་སོ་སོར་བཤགས། །འཕགས་བཞི་སོ་སྐྱེའི་དགེ་ལ་རྗེས་ཡི་རང་། །གནས་ལྔའི་ཆོས་འཁོར་རྟག་ཏུ་བསྐོར་བར་བསྐུལ།།རིགས་དྲུག་འགྲོ་བའི་དོན་དུ་རྟག་བཞུགས་ཞེས། །ནོར་བདུན་ལྡན་པའི་རྗེ་བཙུན་ཁྱོད་ཉིད་ལ།།ཆོས་བརྒྱད་གཡོ་ཟོལ་མིན་པར་གསོལ་བ་འདེབས། །ས་དགུའི་བསྡུས་པའི་མཐའ་ཡས་འགྲོ་བ་རྣམས། །སྟོབས་བཅུ་མངའ་བའི་གོ་འཕང་མ་ཐོབ་བར།རྣམ་འདྲེན་ཁྱོད་ཀྱི་བྱམས་པའི་ཕྱག་ཟུང་གིས། །སྲིད་ཞིའི་རྒུད་པ་ཀུན་ལས་སྐྱབས་དུ་གསོལ།།ཁྱད་པར་བདག་དང་བདག་གི་གདུལ་བྱ་རྣམས། །སྐྱེ་ཞིང་སྐྱེ་བ་ཀུན་དུ་ཆོས་ཀྱི་རྗེ། །ཡོངས་འཛིན་དམ་པ་ཁྱོད་དང་མི་འབྲལ་ཞིང་།།ཟབ་དོན་སྒོམ་ལ་གཅིག་ཏུ་བརྩོན་པར་ཤོག །དེ་ལ་བརྟེན་ནས་ཡུལ་ཆེན་སོ་གཉིས་ཀྱི། །རྩ་དང་དབུ་མའི་མདུད་པ་རྣམ་གྲོལ་ནས།།གནས་དང་ཉེ་གནས་ལ་སོགས་རིམ་བགྲོད་དེ། །ཉེ་བའི་འཐུང་སྤྱོད་རྟོགས་པ་མངོན་གྱུར་ཤོག །དེ་ཚེ་དུས་གསུམ་བདེ་གཤེགས་བཅུད་འདུས་ཀྱི།།དབང་གི་འགྲོས་བཞི་ཐིམ་ནས་རྟེན་བརྟེན་པ། །གནས་གྱུར་སྐུ་ལྔའི་རང་བཞིན་རྡོ་རྗེ་འཆང་།།ཆེ་བ་གསུམ་ལྡན་དེ་ཉིད་མྱུར་ཐོབ་ཤོག །གུས་པས་བསྟོད་ཅིང་སྨོན་ལམ་བཏབ་པ་ལས། །ལས་དཀར་བསགས་པ་གང་དེའི་འགྲོ་དྲུག་ཀུན།།ཀུན་མཁྱེན་ས་སྐྱའི་བཞེད་གཞུང་རྗེས་འགྲོ་ཞིང་། །ཞིང་འདིར་ཕན་བདེའི་འབྱོར་པ་རྒྱས་གྱུར་ཅིག།ཅེས་དྲིན་ཅན་རྩ་བའི་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་སངས་རྒྱས་རྒྱལ་མཚན་ལ་གསོལ་བ་འདེབས་པ་སྨོན་ལམ་དང་བཅས་པའི་ཚིགས་སུ་བཅད་པ་དགོས་འདོད་བསམ་འཕེལ་ཞེས་བྱ་བ་འདི་ནི།རྗེ་དེ་ཉིད་ལ་མི་ཕྱེད་པའི་དད་པ་ཆེན་པོ་དང་ལྡན་པ། ཤྲཱི་ས་སྐྱ་པ་ཤཱཀྱའི་བཙུན་པ་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས།ཨ་ན་ལ་ཞེས་པ་མེ་ཕོ་འབྲུག་གི་ལོ། ཛ་ལ་དཱ་ག་མ༔ ཞེས་པ་སྤྲིན་འབྱུང་གི་ཟླ་བ་དང་པོའི་ཉེར་དགུའི་ཉིན་དཔལ་ས་སྐྱའི་བླ་བྲང་ཕུན་ཚོགས་གླིང་གི་ཐོས་བསམ་འབྲུག་སྒྲ་ཚལ་གྱི་རང་བྱུང་བསམ་གཏན་ཁང་བུར་བྲིས་པའོ།།མངྒལཾ།། །།

རྗེ་བཙུན་སེམས་དཔའ་ཆེན་པོ་ལ་ཕྱག་འཚལ་ལོ།།ཀུན་མཁྱེན་མཁྱེན་པའི་གཏེར་ཆེན་ངག་དབང་ལྷ། །རབ་བརྩེ་བརྩེ་བའི་བདག་ཉིད་འཇིག་རྟེན་མགོན།།མཐུ་སྟོབས་སྟོབས་ལྡན་གསང་བདག་དབང་པོ་ཡི། །རྣམ་སྤྲུལ་སྤྲུལ་པ་དཔལ་ལྡན་ས་སྐྱ་པ། །གང་གི་སྐྱོན་མེད་རིགས་ཀྱི་ཐིག་ལེ་ལས།།ལེགས་འཁྲུངས་ཁྱིམ་པའི་ཚུལ་འཛིན་སེམས་དཔའ་ཆེ། །སྙིགས་དུས་སྐྱེ་བོ་གདུལ་དཀའ་འདུལ་མཛད་པའི།།འཛམ་གླིང་མཛེས་པའི་རྒྱན་མཆོག་དེ་ལ་འདུད། །མགོན་ཁྱོད་དཔག་མེད་ཡོན་ཏན་མཛོད་མངའ་ཡང་།།ངར་འཛིན་དྲེགས་པས་ནམ་ཡང་མ་གོས་པ། །ང་ཉིད་བྷུ་སུ་ཀུ་ཞེས་དམན་ཆ་འཛིན། །འདི་འདྲའི་ངོ་མཚར་མཛད་པ་བསམ་བཞིན་འདུད།།སྤྲུལ་པའི་སྐྱེས་མཆོག་སྔགས་འཆང་ཆོས་ཀྱི་རྗེ། །ངག་གི་དབང་པོ་ཀུན་དགའ་རིན་ཆེན་གྱིས།།ས་སྐྱ་པ་ཡི་བསྟན་པའི་སྲོག་ཤིང་དུ། །མགོན་ཁྱོད་འགྱུར་ཞེས་ལུང་བསྟན་བརྙེས་ལ་འདུད །བོད་ཡུལ་རྡོ་རྗེ་གདན་གྱི་ཆོས་སྲིད་ཀྱི།།དཔལ་འབྱོར་རྒྱས་བྱའི་མཛད་འཕྲིན་མཐའ་དག་ཀྱང་། །དུས་དང་འཚམས་པའི་ཐབས་མཁས་དུ་མ་ཡིས། །བྱམས་པའི་ཐུགས་ཀྱིས་སྐྱོང་བ་དེ་ལ་འདུད།།མདོར་ན་དམུ་རྒོད་འདུལ་དཀའི་སེམས་ཅན་རྣམས། །གང་ལ་གང་འདུལ་ཐབས་ཀྱིས་སྐྱོང་བ་ལ། །སེམས་དཔའ་ཆེན་པོ་ཁྱོད་ཀྱི་མཛད་པའི་ཆ།།གང་ལ་བསམ་ཀྱང་སྙིང་ནས་དད་པས་འདུད། །ཀྱེ་མ་བླ་མ་ཞིང་འདིར་བཞུགས་པའི་དུས། །གཉེན་གྱི་འབྲེལ་པས་མི་ཕྱེད་དད་མ་ཐོབ།།ད་ནི་ཁྱོད་ཀྱི་མཛད་འཕྲིན་གང་བསམ་ཀྱང་། །སྙིང་ནས་སངས་རྒྱས་ཉིད་དུ་ངེས་ཤེས་སྐྱེས། །ཉོན་མོངས་བྱེ་བས་རང་རྒྱུད་དམ་བཅིངས་པའི།།སྐལ་ངན་བདག་ལ་མགོན་ཁྱོད་རབ་བརྩེ་བས། །རྨི་ལམ་ངང་དུ་ཞལ་གྱི་དཀྱིལ་འཁོར་མཆོག །རྒྱུན་ཆད་མེད་པར་བསྟན་པས་སྤྲོ་བ་འཕེལ།།གང་སྐུ་དྲན་པས་མིག་གི་ཆུ་གཡོ་ཞིང་། །གང་གསུང་བསམ་པས་ངེས་ཤེས་ལྷག་པར་རྙེད། །གང་ཐུགས་བྱམས་པའི་རྒྱུན་ལ་ཡིད་ཆགས་པའི།།གང་ལ་གཅིག་ཏུ་དད་པའི་སློབ་བུ་བདག །སྔར་བྱས་སྡིག་རྣམས་འགྱོད་སེམས་དྲག་པོ་ཡི། །སེམས་དཔའ་ཆེན་པོ་ཁྱེད་ཀྱི་སྤྱན་སྔར་བཤགས།།དངོས་འབྱོར་ཡིད་སྤྲུལ་མཆོད་པས་མགོན་ཁྱོད་མཆོད། །འཁོར་འདས་དགེ་བ་ཀུན་ལ་རྗེས་ཡི་རང་།།བརྩེ་ལྡན་ཁྱོད་ཀྱི་ཉམས་དང་རྨི་ལམ་དུ། །རྒྱུན་ཆད་མེད་པར་ཆོས་འཁོར་སྐོར་དུ་གསོལ། །མགོན་ཁྱོད་གང་ལ་གང་འདུལ་སྐུར་སྤྲུལ་པ།།དེ་ཀུན་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བ་འཁོར་གསུམ་ཡོངས་དག་ཤེས་རབ་ཀྱིས། །བདག་གཞན་བྱང་ཆུབ་སྙིང་པོ་ཐོབ་ཕྱིར་བསྔོ།།འདི་ལྟར་བགྱིས་པའི་བསོད་ནམས་དེ་ཡི་མཐུས། །འགྲོ་བའི་བླ་མ་འཛམ་གླིང་མཛེས་པའི་རྒྱན། །ཡོངས་འཛིན་སྔགས་འཆང་བླ་མ་ཁྱོད་ལྟ་བུར།།རིང་པོར་མ་ཐོགས་བདག་ཀྱང་འགྱུར་བར་ཤོག །ཅེས་པ་འདི་ནི་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་ཞབས་པད་སྤྱི་བོའི་གཙུག་ཏུ་བཀོད་པའི་ཟ་ཉལ་འཆག་གི་རྣལ་འབྱོར་པ་ས་སྐྱ་པ་ཤཱཀྱའི་དགེ་སློང་བྱམས་པ་ངག་དབང་ཀུན་དགའི་མིང་ཅན་གྱིས་སྔགས་འཆང་བླ་མ་དེ་ཉིད་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་ལོ་བཞི་ལོན་པ་ལྕགས་ཕོ་སྤྲེལ་ལོ་ཟླ་བ་དང་པོའི་དུས་ཀྱི་ཚེ་སྔགས་འཆང་བླ་མ་དེ་ཉིད་དང་རྨི་ལམ་དུ་སྔ་གོང་ནས་ཡང་ཡང་དུ་མཇལ་བའི་ཚུལ་རྣམས་དྲན་པ་དང་།ལྷག་པར་ལོ་དེ་ཡི་ཟླ་བ་དང་པོའི་དུས་ཀྱང་ཡང་ཡང་མཇལ་བའི་རྐྱེན་བྱས་ནས་གླིང་དགའ་བདེ་བ་ཅན་གྱི་དགོན་པར་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཀྱི་སྙིང་ནས་དྲན་པའི་སྐྱོ་བ་དང་།རྨི་ལམ་དུ་ཡང་ཡང་མཇལ་བའི་དགའ་བ་ཟུང་འབྲེལ་གྱི་ངང་ནས་སྦྱར་བ་འདིའི་སྔགས་འཆང་བླ་མའི་ཐུགས་ཀྱི་བཞེད་པ་ཇི་ལྟ་བ་བཞིན་བདག་གི་འགྲུབ་པར་གྱུར་ཅིག།སརྦ་མངྒལཾ།། །།ཀཱ་ལྱཱ་ན་ཝརྡྷནྟུ།

ན་མོ་བུདྡྷ་དྷྭ་ཛ་ཡ།དུས་གསུམ་སངས་རྒྱས་ངག་དབང་ཀུན་རིན། །གང་གི་ཐུགས་སྲས་རྒྱལ་ཚབ་གཅིག་པུ། སྔགས་འཆང་བླ་མ་གྲགས་པའི་མཚན་ཅན།།གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ཁྱོད་ཀྱི་སྐུ་ཡི་སྲིད་གསུམ་ཟིལ་གནོན། །གསུང་གི་འགྲོ་ཀུན་དྭངས་བའི་དཔལ་བསྐྱེད།།ཐུགས་ནི་བསྟན་འགྲོའི་དོན་ལ་གཅིག་གཞོལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །མངོན་པར་མཐོ་དང་ངེས་པར་ལེགས་པའི།།ཡོན་ཏན་ཀུན་གྱི་གཏེར་དུ་གྱུར་ཀྱང་། །ང་རྒྱལ་དྲེགས་པས་ནམ་ཡང་མ་གོས། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག།དུས་ངན་དབང་གི་འཁོར་གྱི་ལོག་སྒྲུབ། །གང་ལའང་བཟོད་པའི་འཁུར་དང་ལྡན་པས། །ཀུན་གྱི་སེམས་དཔའ་ཆེན་པོར་མཚན་གསོལ།།གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ནང་གི་རྟོགས་པའི་ཡོན་ཏན་སྟོབས་ཀྱིས། །སྣང་སྲིད་མ་ལུས་དབང་དུ་འདུས་པའི།།གྲུབ་ཆེན་སྦས་པའི་རྣལ་འབྱོར་མཆོག་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ཁྱེད་ཀྱི་མ་འོངས་འདི་ལྟར་འགྱུར་ཞེས།།ལུང་བསྟན་ཇི་བཞིན་ཀུན་གྱི་མངོན་གྱུར། །དུས་གསུམ་སྒྲིབ་མེད་གཟིགས་པ་དེ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག།ཐུན་མོང་སྣང་བའི་གཟུགས་སྐུ་བསྡུ་ཚེ། །དག་པའི་འགྲོ་ལ་རྡོ་རྗེ་འཛིན་ཁྱོད། །མཁའ་འགྲོའི་ཚོགས་ཀྱིས་མངོན་སུམ་སྤྱན་དྲངས།།གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །མགོན་ཁྱོད་དང་པོར་བོ་དྷི་ས་ཏྭ། །བར་དུ་འགྲོ་མགོན་བསོད་ནམས་རྒྱལ་མཚན།།དུས་འདིར་འཛམ་གླིང་མཛེས་པའི་རྒྱན་མཆོག །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །དེ་ཕྱིར་ཁྱོད་ཀྱི་ངོ་མཚར་རྣམ་ཐར།།བདག་འདྲས་བསྐལ་པར་བརྗོད་པར་མི་ནུས། །ཚུལ་འདི་བསམ་བཞིན་མི་ཕྱེད་དད་པས། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག།དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པས། །མཁྱེན་བརྩེ་ནུས་ལྡན་སྔགས་འཆང་བླ་མ། །ཁྱོད་ཀྱི་མི་མངོན་ནམ་མཁའི་དབྱིངས་ནས།།རྒྱུན་ཆད་མེད་པར་བྱིན་གྱིས་རློབས་ཤིག །བདག་བློ་བསྟན་འགྲོའི་དོན་ལ་གཞོལ་བར། །སྔགས་འཆང་བླ་མས་བྱིན་གྱིས་རློབས་ཤིག།བསམ་དོན་ཐམས་ཅད་ཡིད་བཞིན་འགྲུབ་པར། །སྔགས་འཆང་བླ་མས་བྱིན་གྱིས་རློབས་ཤིག །སྤྱིར་གྱི་བསྟན་པ་དར་ཞིང་རྒྱས་པར།།སྔགས་འཆང་བླ་མས་བྱིན་གྱིས་རློབས་ཤིག །ཁྱད་པར་ས་སྐྱའི་ཆོས་སྲིད་འཕེལ་བར། །སྔགས་འཆང་བླ་མས་བྱིན་གྱིས་རློབས་ཤིག།མདོར་ན་བདག་ཅག་དཔོན་སློབ་འཁོར་བཅས། ཚེ་འདིར་བསམ་དོན་མཐར་ཕྱིན་འགྲུབ་ཅིང་། །ཕྱི་མ་དག་པའི་ཞིང་དུ་སྐྱེ་བར།།སྔགས་འཆང་བླ་མས་བྱིན་གྱིས་རློབས་ཤིག །ཅེས་པ་འདི་ནི་ལྕགས་སྤྲེའུ་ཟླ་བ་བདུན་པའི་ཚེས་གསུམ་གྱི་ཐོ་རང་རྨི་ལམ་དུ་སྔགས་འཆང་གྲགས་པའི་མཚན་ཅན་དེ་ཉིན་གསལ་བར་བྱོན་ནས་ཞབས་དབུ་དང་བཅས་པ་རང་གི་མགོ་ཐོག་ཏུ་འཇོག་པར་མཛད་དེ།བྱིན་རླབས་བཀའ་བསྒོ་རྒྱས་པར་སྩལ་ཞིང་། གཞན་ཡང་དགྱེས་པའི་མདངས་བསམ་གྱིས་མི་ཁྱབ་པ་ཞིག་མཛད་པ་ལ་རང་གི་ཡང་གུས་པ་ཚད་མེད་པ་དང་བཅས་ཐུགས་རྩ་ནས་མ་བོར་བའི་བསླབ་བྱ་བཀའ་དྲིན་ཆེ་ཞེས་ཞུས་པ་སྙམ་བྱེད་པ་སོགས་གསལ་བར་བྱུང་བའི་རྐྱེན་བྱས་སྔགས་འཆང་བླ་མ་སྦས་པའི་རྣལ་འབྱོར་ཆེན་པོ་དེ་ཉིད་ལ་མི་ཕྱེད་པའི་དད་པ་ཐོབ་པའི་ཟ་ཉལ་འཆག་གི་རྣལ་འབྱོར་པ་ས་སྐྱ་པ་ཤཱཀྱའི་དགེ་སློང་ངག་དབང་ཀུན་དགའི་མིང་ཅན་གྱིས་ལྷ་ཁང་ཆེན་མོའི་ཤར་ལྷོ་རིགས་འཛིན་ཕོ་བྲང་དུ་སྦྱར་བ་འདིས་དཔལ་ས་སྐྱ་པའི་བསྟན་པ་སྡེ་གདུང་བརྒྱུད་དང་བཅས་པ་དར་ཞིང་རྒྱས་ཏེ།བདག་གི་བསམ་དོན་མ་ལུས་པ་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །སརྦ་མངྒལཾ།། །།

ན་མོ་གུ་རུ་ཀིརྟི་མ་ཏི་དྷྭ་ཛ་ཤྲཱི་བྷ་དྲ་ཡེ།འདིར་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ལ་གསོལ་བ་འདེབས་པ་བསམ་པ་ལྷུན་གྲུབ་ཞེས་བྱ་བ།བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་ངག་གི་དབང་ཕྱུག་ལ་གུས་པས་ཕྱག་འཚལ་ལོ། །འོག་མིན་ཆེན་པོར་ཟུང་འཇུག་རྡོ་རྗེ་འཆང་།།འཕགས་པའི་ཡུལ་དུ་བོ་དྷི་ས་ཏྭའི་མཚན། །གངས་རིའི་ཁྲོད་འདིར་བསོད་ནམས་རྒྱལ་མཚན་ཞབས། །སྔགས་འཆང་སྔོན་གྱི་སྐྱེས་རབ་གསུམ་ལ་འདུད།།བསྟན་པའི་ཉི་མ་ཀུན་དགའ་རིན་ཆེན་གྱི། །ཐུགས་ཀྱི་སྲས་མཆོག་འཛམ་གླིང་མཛེས་པའི་རྒྱན། །ཀུན་ལ་བརྩེ་ཡང་བདག་ལ་ལྷག་པར་དུ།།མི་མངོན་དབྱིངས་ནས་སྐྱོང་མཛད་ཁྱེད་ལ་འདུད། །ཕྱི་ལྟར་སྔགས་འཆང་གོས་དཀར་ལྕང་ལོ་ཅན། །ནང་ལྟར་རྒྱལ་བ་རབ་འབྱམས་འདུས་པའི་སྐུ།།གསང་བ་རང་སེམས་ལྷན་སྐྱེས་ཡེ་ཤེས་ཆེར། །དབྱེར་མེད་གདོད་མའི་མགོན་པོ་ཁྱེད་ལ་འདུད། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས།།སྙིགས་དུས་འགྲོ་བའི་མགོན་དུ་ལུང་བསྟན་བརྙེས། །དཔལ་ལྡན་ས་སྐྱའི་བསྟན་པའི་སྲོག་ཤིང་མཆོག།སྐྱེ་འགྲོ་ཡོངས་ཀྱི་རྩ་ལག་ཁྱེད་ལ་འདུད། །མགོན་ཁྱོད་ཞིང་གཞན་གཤེགས་པའི་ཚུལ་བསྟན་ཀྱང་།།སྲས་ཀྱི་ཐ་ཆུང་བདག་ལ་ཐུགས་བརྩེ་བས། །རྒྱུན་ཆད་མེད་པར་ཞལ་གྱི་དཀྱིལ་འཁོར་མཆོག །རྨི་ལམ་ངང་དུ་སྟོན་མཛད་ཁྱོད་ལ་འདུད།།ལྷག་པར་བྱི་ལོ་ཟླ་བ་བཅུ་པ་ཡི། །ཚེས་དྲུག་ཐོ་རངས་བཞི་ཐོག་བླ་བྲང་དུ། །གསལ་བར་བྱོན་ནས་ལོངས་སྤྱོད་དངོས་གྲུབ་དང་།།ཕན་པའི་བསླབ་བྱ་སྩོལ་མཛད་ཁྱེད་ལ་འདུད། །དམ་པ་ཁྱོད་ཀྱི་ཞིང་འདིར་བཞུགས་པའི་ཚེ། །བཞུགས་པ་ཙམ་གྱིས་སྣང་སྲིད་དབང་དུ་འདུས།།ཅི་མཛད་བསྟན་དང་འགྲོ་བའི་དོན་འགྱུར་བའི། །སྨོན་ལམ་བཟང་པོ་མཐར་ཕྱིན་ཁྱེད་ལ་འདུད། །དེ་ལྟར་སྔགས་འཆང་བླ་མ་སྤྲུལ་པའི་སྐུ།།མཁྱེན་བརྩེ་ནུས་ལྡན་ཁྱེད་ལ་གསོལ་འདེབས་ཀྱི། །ས་སྐྱའི་བསྟན་པ་རིན་ཆེན་འཕེལ་བ་ཡི། །འགལ་རྐྱེན་མཐའ་དག་རང་ཞིར་མཛད་དུ་གསོལ།།གངས་ཅན་བདེ་སྐྱིད་རྩ་བ་ས་སྐྱ་པའི། །གདུང་བརྒྱུད་དྲི་མེད་རྒྱུན་ཆད་མེད་པ་དང་། །དཔལ་ལྡན་ས་སྐྱའི་ཆོས་སྲིད་དཔལ་འབྱོར་རྣམས།།དབྱར་མཚོ་བཞིན་དུ་རྒྱས་པར་མཛད་དུ་གསོལ། །སྔགས་འཆང་ཐུགས་རྗེའི་གཏེར་ཆེན་ཐུགས་རྗེ་ཡིས།།ས་སྐྱའི་བཀའ་སྲུང་རྣམས་ལ་བཀའ་བསྒོས་ནས། །བདག་གི་བསམ་པའི་དོན་འདི་བསམ་པ་བཞིན། །སྔར་བཞིན་ལྷུན་གྲུབ་འབད་མེད་ལྷུན་གྲུབ་ཤོག།ཅེས་པ་འདི་ཡང་དཔལ་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ལ་བྱི་ལོ་ཟླ་བ་བཅུ་པའི་ཚེས་དྲུག་གི་ཐོ་རང་རྨི་ལམ་དུ་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་དེ་ཉིད་བཞི་ཐོག་བླ་བྲང་གི་རབ་གསལ་ཤར་མ་ན་བཞུགས་ཁྲི་མཐོ་བ་ཞིག་གི་སྟེང་ཞལ་ནུབ་ཏུ་གཟིགས་ནས་བཞུགས་འདུག་པའི་སྐུ་མདུན་ན་རྒྱ་ཇ་སོགས་དངོས་པོ་མང་དུ་འདུག་པ་ལ།ངེད་རང་ལ་སྤྱན་གྱིས་གཟིགས་ནས་དགྱེས་པའི་མདངས་བསམ་གྱིས་མི་ཁྱབ་པ་ཞིག་མཛད་དེ། སྐུ་མདུན་གྱི་དངོས་པོ་རྣམས་ལ།འདི་རྣམས་ལ་ཐོ་རྒྱབ་ཡོད་དོ་གསུངས་ནས་ངེད་རང་ལ་སྩལ་བ་སྙམ་བྱེད་ཅིང་། ལྷག་པར་སེམས་ཐོག་ན་ཡོད་པའི་དོགས་པ་ཤིན་ཏུ་ཆེ་བ་ཞིག་ལ་འདི་ལྟར་གྱིས་ཤིག་པའི་བསླབ་བྱ་ལྷུག་སྩོལ་དུ་གནང་བྱུང་བ་ལ།རྗེས་སུ་ཡི་རང་བའི་ཚིག་མང་དུ་ཞུས་ཤིང་། སླར་ཡང་དུས་རྟག་ཏུ་ཐུགས་བརྩེ་བས་སྐྱོང་བར་ཞལ་གྱིས་བཞེས་པ་སྙམ་བྱེད་པའི་མོད་ལ་གཉིད་སད་བྱུང་བས།ཡབ་རྗེ་ཆོས་ཀྱི་རྒྱལ་པོར་བཅོས་མ་མ་ཡིན་པའི་དད་པ་སྙིང་ཐག་པ་ནས་སྐྱེས་ཏེ། སྔགས་འཆང་བླ་མ་གང་དེའི་སྲས་ཀྱི་ཐ་ཆུང་ཨ་ནནྡས་དཔལ་ས་སྐྱའི་ལྷ་ཆེན་རིགས་འཛིན་ཕོ་བྲང་གི་ཉི་འོད་འཁྱིལ་པར་སྦྱར་བ་འདིས་འཕྲལ་དང་ཡུན་དུ་དགེ་ལེགས་སུ་གྱུར་ཅིག།སརྦ་མངྒ་ལཾ།། །།

རྒྱ་གར་སྐད་དུ།ཤྲཱི་བྷཱུ་མི་པཎྜུ་ཀ་མ་ཧཱ་མནྟྲ་དྷ་ར་ཀིརྟི་མ་ཏི་དྷྭ་ཛ་ཤྲཱི་བྷ་དྲ་ཡེ་ན་མཿ བོད་སྐད་དུ།དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ལ་ཕྱག་འཚལ་ལོ། །སྔགས་འཆང་བསྟན་པའི་ཉི་མ་ཀུན་དགའི་མཚན།།སྔགས་འཆང་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཆེ། །སྔགས་འཆང་ཐུགས་ཀྱི་སྲས་མཆོག་ས་སྐྱ་པ། །གྲགས་པ་བློ་གྲོས་ཞབས་ལ་གསོལ་བ་འདེབས།།གྲགས་པ་གསལ་ལྡན་འཁོན་གྱི་གདུང་རིགས་སུ། །གྲགས་པ་ནམ་མཁའི་མཐའ་ཀླས་ཁྱོད་བྱོན་པས། །གྲགས་པ་སྲིད་མཐར་གསལ་མཛད་ས་སྐྱ་པ།།གྲགས་པ་བློ་གྲོས༞ བློ་གྲོས་རབ་གསལ་ཤེས་བྱ་ཀུན་མཁྱེན་ཞིང་།།བློ་གྲོས་ཟབ་ཅིང་དེས་པས་འགྲོ་བ་འདུལ། །བློ་གྲོས་གཏིང་མཐའ་ཡས་པའི་ས་སྐྱ་པ། །གྲགས་པ་བློ་གྲོས༞ རྒྱལ་བ་རབ་འབྱམས་འདུས་པའི་སྤྱི་གཟུགས་མཆོག །རྒྱལ་སྲས་མང་དུ་སྤེལ་བའི་དགེ་མཚན་གྱི།།རྒྱལ་བ་བསྐྱེད་པའི་ཡབ་གཅིག་ས་སྐྱ་པ། །གྲགས་པ༞ མཚན་དཔེས་སྤྲས་པའི་སྐུ་ནི་ཟླ་རྒྱས་བཞིན། །མཚན་ཉིད་ལྡན་པའི་ཚངས་དབྱངས་གསུང་གིས་མཛེས།།མཚན་འཛིན་སྤངས་པའི་ཐུགས་མངའ་ས་སྐྱ་པ། །གྲགས་པ༞ དཔལ་ལྡན་ཆོས་ཀྱི་འབྱོར་པ་བྱེ་བའི་གཏེར། །དཔལ་ལྡན་ནམ་མཁའ་མཛོད་ལ་དབང་བསྒྱུར་བའི།།དཔལ་ལྡན་སྐྱེ་དགུའི་གཙུག་རྒྱན་ས་སྐྱ་པ། །གྲགས་པ༞ བཟང་པོའི་མཛད་འཕྲིན་ཞི་ཞིང་དུལ་བ་ཡིས། །བཟང་པོའི་ལམ་ལ་འགྲོ་ཀུན་འགོད་པའི་ཐུགས།།བཟང་པོ་གང་ལ་མངའ་བའི་ས་སྐྱ་པ། །གྲགས་པ༞ བསོད་ནམས་རྒྱལ་མཚན་ཞབས་ཀྱི་སྤྲུལ་སྐུ་ཁྱེད།།བསོད་ནམས་རྒྱལ་མཚན་ཞེས་སུའང་མཚན་གསོལ་ཞིང་། །བསོད་ནམས་རྒྱལ་མཚན་སླར་བྱོན་ས་སྐྱ་པ།།གྲགས་པ༞ དེ་ལྟར་ཡབ་རྗེ་སྦས་པའི་སངས་རྒྱས་ལ།།གསོལ་བ་བཏབ་པས་བདག་ཅག་དཔོན་སློབ་ཀྱིས། །བཅས་དང་རང་བཞིན་གྱིས་བསྡུས་སྡིག་སྒྲིབ་དང་།།ཉེས་ལྟུང་མ་ལུས་བྱང་ཞིང་དག་གྱུར་ཅིག །དུས་འདི་ཉིད་དུའང་བདག་དང་སློབ་བུ་རྣམས། །ཚེ་མཐར་ཕྱིན་ཞིང་བསམ་དོན་ཀུན་འགྲུབ་སྟེ།།བསྟན་པ་རྒྱས་ཤིང་དེ་རྒྱུན་བསྐལ་བའི་བར། །རིགས་རྒྱུད་རྒྱུན་མི་འཆད་པས་སྐྱོངས་གྱུར་ཅིག།ཕྱི་མ་བདག་ཅག་སློབ་འཁོར་བཅས་པ་རྣམས། །ལྷན་ཅིག་བདེ་བ་ཅན་གྱི་ཞིང་སྐྱེས་ཏེ། །འོད་དཔག་མེད་པའི་ཞལ་མཐོང་གསུང་ཐོས་ནས།།ས་ལམ་མྱུར་བསྒྲོད་རང་དོན་མཐར་ཕྱིན་ཤོག །སླར་ཡང་གང་ལ་གང་འདུལ་སྤྲུལ་པ་ཡིས། །སྤྱི་དང་བྱེ་བྲག་བསྟན་པ་རྒྱས་བྱེད་ཅིང་།མཐོང་ཐོས་དྲན་རེག་གྱུར་པའི་འགྲོ་བ་རྣམས། །ཀུན་ཀྱང་དག་པའི་ཞིང་དུ་འདྲེན་གྱུར་ཅིག །སྔགས་འཆང་ཡབ་སྲས་ཁྱེད་སྐུ་ཅི་འདྲ་དང་།།སྲས་དང་དབོན་དང་བསྟན་པའི་རྒྱུན་ལ་སོགས། །བདག་ཅག་བརྒྱུད་པར་བཅས་པའང་དེ་འདྲ་བར། །གྱུར་ནས་ས་སྐྱའི་ཆོས་སྲིད་རྒྱས་གྱུར་ཅིག།འཁོར་འདས་སྣང་བ་འགག་མེད་སེམས་ཀྱི་མདངས། །དབྱིངས་རིག་རང་བཞིན་མེད་པ་སེམས་ཀྱི་གཤིས།།ངོས་བཟུང་མེད་ཀྱང་ཉམས་སུ་མྱོང་བའི་རྒྱུན། །ལྷན་སྐྱེས་ཡེ་ཤེས་རོལ་བར་འཆར་གྱུར་ཅིག །བདག་ཅག་སོ་སྐྱེ་རང་སྟོབས་མཐུ་བྲལ་ཡང་།།སྐྱབས་གནས་ཀུན་འདུས་མཁྱེན་བརྩེ་ནུས་ལྡན་གྱིས། །གཞན་སྟོབས་དབང་གི་བདག་དང་གདུལ་བྱ་ཡིས།།འདི་ཕྱིའི་དོན་ཀུན་ཡིད་བཞིན་འགྲུབ་གྱུར་ཅིག །ཅེས་དཔལ་ས་སྐྱ་པ་ཆེན་པོ་ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པ་བློ་གྲོས་ལ་གསོལ་བ་འདེབས་པ་དགོས་འདོད་ཀུན་འབྱུང་གི་ནོར་བུའི་འཕྲེང་མཛེས་ཞེས་བྱ་བ་འདི་ཡང་།རྗེ་བཙུན་བཀའ་དྲིན་ཅན་དེ་ཉིད་ཀྱི་ཆོས་དང་རིགས་ཀྱི་སྲས་སུ་གྱུར་པའི་སྐལ་བ་བཟང་པོ་ཅན་ས་སྐྱ་པ་ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་རང་གི་བགྲང་གཞི་ཞེ་གསུམ་དུ་སོན་པ་ན་གཙང་འབྲུག་དུས་གཟིང་གིས་སེམས་ཅན་ཉེས་མེད་མང་པོ་སྡུག་བསྔལ་གྱི་ཉམས་ཐག་པའི་ཚེ།ཕན་ཚུན་ལེགས་སྤེལ་གྱི་འཆིང་ལུགས་བགྱིས་སྐབས། ལྷོ་བོད་མཚམས་ཀྱི་ཕག་རི་རྣམ་རྒྱལ་དཀར་པོའི་བྱ་འདབས།སྔོན་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོས་བྱིན་གྱིས་བརླབས་པའི་གནས་ཆེན་བསམ་གྲུབ་ལྷ་ཁང་གི་ཡང་སྟེང་དུ་ཡོས་ལོ་ཆོ་འཕྲུལ་ཟླ་བའི་དམར་ཆ་དགའ་བ་གསུམ་པའི་ཚེས་ལ་ལེགས་པར་སྦྱར་བ་འདིས་ཀྱང་།བདག་ཅག་དཔོན་སློབ་རྣམས་ཀྱི་འདི་དང་ཕྱི་མའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག།སརྦ་མངྒ་ལཾ། ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ།། །།

རྒྱ་གར་སྐད་དུ།པ་དེ་ཝ་ཛ་ག་ཏ་ནནྟ་སྱཱ་ཙ་ཏུ་ཌ་མ་ཎི་ནམྤཱི་ཐེ་ཥུ་པཱ་ད་ཡུ་ག་སྱཱ་བི་ཀྲཱི་ཊི་ན་ཡ་ཀ་ཝ་ར་བུདྡྷ་དྷྭ་ཛ་ཡེ་ན་མོ།།བོད་སྐད་དུ། ལྷ་དང་བཅས་པའི་འགྲོ་བ་མཐའ་ཡས་པའི་གཙུག་གི་ནོར་བུའི་ཁྲི་ལ་ཞབས་ཟུང་གི་རྣམ་པར་རྩེན་པའི་འདྲེན་མཆོག་སངས་རྒྱས་རྒྱལ་མཚན་ལ་ཕྱག་འཚལ་ལོ།།ཕུན་ཚོགས་འབྱུང་གནས་སངས་རྒྱས་ཀུན་གྱི་དངོས། །དངོས་གྲུབ་གཏེར་ཆེན་རིན་ཆེན་དབང་གི་རྒྱལ།།རྒྱལ་བའི་བསྟན་འཛིན་མཚན་ལྡན་ཆོས་ཀྱི་རྗེ། །རྗེ་བཙུན་བུདྡྷའི་ཞབས་ལ་གུས་ཕྱག་འཚལ། །ཁམས་གསུམ་འགྲོ་བ་སྲིད་ལས་བསྒྲལ་བའི་ཕྱིར།།དུས་གསུམ་རྒྱལ་བ་དུས་མཐར་མི་ཡི་གཟུགས། །ཐེག་གསུམ་ཟབ་རྒྱས་ཆོས་ཀྱི་མཛོད་འཛིན་པ། །དུས་གསུམ་མཁྱེན་པ་ཁྱོད་ལ་མགོས་ཕྱག་འཚལ།།སྨྲ་མཁས་མཁས་པ་ཀུན་གྱི་རྒྱན་གཅིག་པུ། །རྗེ་བཙུན་བཙུན་པའི་མཆོག་གྱུར་ཡོངས་ཀྱི་སྐྱབས།།སྤྱོད་བཟང་བཟང་པོའི་མཛད་པ་འགྲན་བྲལ་བའི། །ཡོངས་འཛིན་འཛིན་པའི་རྒྱན་གྱུར་ཁྱོད་ཕྱག་འཚལ།།གང་གང་རྟོགས་པར་དཀའ་བ་གསུང་རབ་དོན། །དེ་དེ་མཁས་དང་གྲུབ་པའི་སྲོལ་བཞིན་དུ། །རང་རང་གདུལ་བྱ་རྣམས་ཀྱི་བསམ་པ་ལྟར།།ཡང་ཡང་ཚིམ་པར་མཛད་ལ་མགོས་ཕྱག་འཚལ། །ཀུན་མཁྱེན་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །རབ་བརྩེ་བརྩེ་བའི་བདག་ཉིད་སྤྱན་རས་གཟིགས།།མཐུ་སྟོབས་སྟོབས་ལྡན་གསང་བའི་བདག་དང་མཚུངས། །འདྲེན་མཆོག་མཆོག་གསུམ་ངོ་བོ་ཁྱོད་ཕྱག་འཚལ།།རྒྱལ་བའི་རྒྱལ་སྲས་མཆོག་གྱུར་མགོན་ཁྱོད་ཀྱི། །བུ་སློབ་བུ་ལྟར་བརྩེ་བས་ལེགས་བསྐྱངས་ཏེ།།བདེ་མཆོག་བདེ་བླག་སྩོལ་བའི་བཀའ་དྲིན་ཅན། །མ་ལུས་མ་ལྟར་མཁྱེན་ལ་ཕྱག་འཚལ་ལོ། །མཚན་དཔེའི་རྒྱན་གྱིས་བརྒྱན་པ་རྡོ་རྗེའི་སྐུ།ཆོས་ཀྱི་གསུང་དབྱངས་གསུངས་པ་རྡོ་རྗེའི་གསུང་། །སྙེམས་མའི་བདག་པོ་བདག་ཉིད་རྡོ་རྗེའི་ཐུགས།།ཀུན་གྱིས་བསྟོད་ལ་བསྟོད་ཅིང་མགོས་ཕྱག་འཚལ། །ཡང་དག་བསྟན་ལ་ལྷག་པར་རབ་དད་པ། །བསྐལ་པར་ལས་དཀར་མང་བསགས་གང་དག་རྣམས།ཟག་པ་བག་ཆགས་བཅས་པ་སྤངས་མཛད་པ། །དམ་པ་གང་ལ་བདག་ཕྱག་དྭངས་བས་འཚལ། །ཉིད་ཀྱི་རིམ་གཉིས་ཏིང་འཛིན་ཇི་བཞིན་རིག།ངེས་ལེགས་བདེ་ཆེན་ཡེ་ཤེས་དགེ་ལེགས་སྤེལ། །དུས་ཀུན་རྒྱུན་དུ་སྐུ་གསུམ་ལྷུན་དུ་གྲུབ།།དཀོན་མཆོག་ངོ་བོ་མགོན་པོ་ཁྱོད་བསྟོད་དོ། །དེ་ལྟར་བསྟོད་པས་དད་ལྡན་སློབ་བུ་བདག །ད་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར།།དུས་གསུམ་གཟིགས་པ་ཁྱེད་དང་མི་འབྲལ་ཞིང་། །དོན་གཉིས་ལྷུན་གྲུབ་བསྟན་པ་འཕེལ་བར་ཤོག །ངན་སོང་གསུམ་སོགས་འཁོར་བའི་སྡུག་བསྔལ་ལ།།ངེས་འབྱུང་དྲག་པོས་དབེན་པའི་གནས་རྣམས་སུ། །ངོ་མཚར་དྲི་མེད་ལམ་ལ་རབ་བརྩོན་པས། །ངེས་ལེགས་འབྲས་བུའི་ཉམས་རྟོག་གོང་འཕེལ་ཤོག།ཡང་ཡང་སྙིང་ནས་གསོལ་བ་བཏབ་པའི་མཐུས། །ཡེ་ནས་ལྷུན་གྲུབ་སྐུ་ལྔ་རྡོ་རྗེ་འཆང་། །ཡོངས་གྲགས་དེ་ཉིད་མྱུར་དུ་མངོན་གྱུར་ཏེ།།ཡང་དག་ལམ་གྱི་འགྲོ་ཀུན་སྒྲོལ་བར་ཤོག །ཅེས་འཁོར་ལོའི་མགོན་པོ་རྒྱལ་བ་མུས་པ་ཆེན་པོ་བུདྡྷའི་མཚན་ཅན་ལ་གསོལ་བ་འདེབས་པ་ངོ་མཚར་ཨུཏྤ་ལའི་ཕྲེང་བ་ཞེས་བྱ་བ་འདི་ནི།ཡོངས་སུ་འཛིན་པ་ཆེན་པོ་དེ་ཉིད་ཀྱི་ཐུགས་རྗེའི་སྤྱན་རས་གྱི་བུ་གཅིག་པ་ལྟར་འཚོ་བ་ཤྲཱི་ས་སྐྱ་པ་ཤཱཀྱའི་དགེ་སློང་བྱམས་པ་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས།མེ་མོ་སྦྲུལ་གྱི་ལོ་གྲོ་བཞིན་གྱི་ཟླ་བའི་དཀར་ཕྱོགས་བཟང་པོ་གསུམ་པའི་ཚེས་ལ་ལེགས་པར་སྦྱར་བ་འདིས་ཤུ་བྷཾ་༼་དགུ་ཐམས་ཅད་བདེ་ལེགས་སུ་གྱུར་ཅིག༽སྟུ་སརྦ་ཛ་ག་ཏཾ། སྨྲས་པ། འབྲེལ་ཚད་དོན་ལྡན་བླ་མས་རྗེས་བཟུང་ནས། །རྩེ་གཅིག་འདུན་པས་གསོལ་བ་འདེབས་པ་འདི།།སྔོན་བྱོན་སྐྱེས་ཆེན་དམ་པ་ཀུན་གྱི་སྲོལ། །དེང་དུས་ཁོ་བོའི་སྤྱོད་ཡུལ་ལས་གཞན་གང་། །མངྒལཾ།།།།

རྒྱ་གར་སྐད་དུ། བྷཊྚ་ར་ཀ་སངྒུ་རུ་དྷརྨཱ་སྭ་མི་བཛྲ་ཨ་ཙརྻ་མཧཱ་གུ་ཎ་རཏྣ་ཀ་ར༔བུདྡྷ་དྷྭ་ཛ་ཡེ་ན་མ༔ བོད་སྐད་དུ། རྗེ་བཙུན་བླ་མ་དམ་པ་ཆོས་ཀྱི་རྗེ་རྡོ་རྗེ་སློབ་དཔོན་ཆེན་པོ་ཡོན་ཏན་རིན་ཆེན་འབྱུང་གནས་སངས་རྒྱས་རྒྱལ་མཚན་ལ་ཕྱག་འཚལ་ལོ།།དུས་གསུམ་སངས་རྒྱས་སྤྲུལ་པའི་སྐུ་མཆོག །ཐེག་གསུམ་བསྟན་པའི་རྒྱལ་མཚན་ལེགས་འཛིན། །མཆོག་གསུམ་ངོ་བོ་དཔལ་ལྡན་བླ་མར།།སྒོ་གསུམ་གུས་པས་གསོལ་བ་འདེབས་སོ། །གང་སྐུ་ཀུན་ཁྱབ་ཚུལ་ཁྲིམས་དྲི་ལྡན། །གང་གསུང་སྒྲིབ་གཉིས་སེལ་བའི་སྟོབས་མངའ།གང་ཐུགས་བདེ་སྟོང་ཆེན་པོའི་རོལ་པ། །གང་གིས་འགྲན་མེད་གསོལ་བ་འདེབས་སོ། །མགོན་ཁྱོད་དང་པོར་ཀུན་མཁྱེན་སངས་རྒྱས།།བར་དུ་འཇམ་དབྱངས་བུདྡྷ་རཏྣ། །དུས་འདིར་སངས་རྒྱས་བསྟན་པའི་རྒྱལ་མཚན། །མཆོག་ཏུ་འཛིན་ལ་གསོལ་བ་འདེབས་སོ།།གྲངས་མེད་ཐོས་པས་ཐུགས་རྒྱུད་ལེགས་བལྟམས། །བསམ་པས་ཇི་བཞིན་ངེས་པའི་དོན་གཟིགས། །ཚུལ་བཞིན་བསྒོམས་པས་དངོས་འཛིན་རྩད་གཅོད།།ཕྱོགས་ལས་རྣམ་རྒྱལ་གསོལ་བ་འདེབས་སོ། །ཁྱོད་ཀྱི་མཁྱེན་པ་ནམ་མཁའ་ལྟར་ཡངས། །བརྩེ་བས་དམིགས་མེད་འགྲོ་བ་ཡོངས་ཁྱབ།།ནུས་པས་ཉོན་མོངས་ཡེ་ཤེས་བསྒྱུར་མཛད། །མཁྱེན་བརྩེ་ནུས་ལྡན་གསོལ་བ་འདེབས་སོ། །གཞུང་བརྒྱ་འཆད་ལ་ཐོགས་མེད་བློ་རྒྱས།།ལུང་རིགས་འགལ་འབྲེལ་རྩོད་ལ་རབ་མཁས། །སྡེབས་ལེགས་རྩོམ་པའི་དེད་དཔོན་ཆེན་པོར། །ཀུན་གྱིས་འཛིན་ལ་གསོལ་བ་འདེབས་སོ།།གདོད་ནས་ལྷུན་གྲུབ་དཀྱིལ་འཁོར་བཞི་ལ། །དབང་བཞི་སྩལ་ནས་ལམ་བཞི་བསྒོམས་པས། །སྐུ་བཞིའི་འབྲས་བུ་ཐོབ་པར་མཛད་པའི།།རྩ་བའི་བླ་མར་གསོལ་བ་འདེབས་སོ། །རིགས་ལྔའི་རང་བཞིན་ཡུམ་ལྔའི་བདག་ཉིད །ཁྲོ་བོ་བྱང་སེམས་ལྷ་མོ་ཀུན་འདུས།།གདན་གསུམ་ཚང་བའི་ངོ་བོ་ཁྱོད་ལ། །མི་ཕྱེད་དད་པས་གསོལ་བ་འདེབས་སོ། །སྐུ་གསུང་ཐུགས་རྣམས་དཀོན་མཆོག་གསུམ་དངོས།།ཡོན་ཏན་ནོར་ལྷ་འཕྲིན་ལས་ཆོས་སྐྱོང་། སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ། །ཁྱོད་ལ་སྙིང་ནས་གསོལ་བ་འདེབས་སོ།།རབ་འབྱམས་རྒྱལ་བ་ཀུན་གྱི་འདུས་སྐུ། །རབ་བསགས་སྐལ་ལྡན་ཡོངས་ཀྱི་བླ་མ། །རབ་མང་ཐབས་མཁས་འགྲོ་བ་སྐྱོང་ལ།།རབ་ཏུ་གུས་པས་གསོལ་བ་འདེབས་སོ། །དེ་དུས་གངས་ཅན་ཁྲོད་འདིར་མཁས་བཙུན། །བཟང་གསུམ་ལྡན་པའི་འདྲེན་པ་ང་ཞེས།།དྲེགས་པའི་སྒྲ་སྐད་འབྱིན་པ་ཀུན་གྱི། །གཙུག་རྒྱན་གཅིག་པུར་གསོལ་བ་འདེབས་སོ། །དེ་ལྟར་རྡོ་རྗེ་འཆང་ཆེན་ཁྱོད་ལ།།གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས། །ཡིད་ལ་རེ་བའི་བསམ་དོན་འདི་དག །འབད་མེད་འགྲུབ་པར་བྱིན་གྱིས་རློབས་ཤིག།འདིར་སྣང་གྲགས་བདེའི་ཟར་ཟིར་དག་ལ། ཞེན་པ་ཆོད་དེ་ཐོས་བསམ་སྒོམ་དང་། །འཆད་རྩོད་རྩོམ་པས་བདེ་གཤེགས་བསྟན་པ།།ཡར་ངོའི་ཟླ་ལྟར་འཕེལ་བར་མཛོད་ཅིག །ཡོངས་འཛིན་ཁྱེད་ཀྱི་གསུང་གི་བདུད་རྩི། །ཐུན་མོང་ཐུན་མོང་མིན་པའི་ཐེག་པའི།།སྤྱི་དང་བྱེ་བྲག་ཉམས་ལེན་ཐམས་ཅད། །ཇི་བཞིན་རྒྱུད་ལ་འབྱོར་བར་མཛོད་ཅིག །ཁྱད་པར་བླ་མེད་རྡོ་རྗེ་ཐེག་པའི།།རིམ་གཉིས་དོན་ལ་གཅིག་ཏུ་གཞོལ་བས། །ཡུལ་ཆེན་སོ་གཉིས་རྩ་མདུད་གྲོལ་ཏེ། །ཡེ་ཤེས་ཆེན་པོ་ཐོབ་པར་མཛོད་ཅིག།དེའི་ཚེ་བདེ་གཤེགས་བཅུད་འདུས་དབང་གིས། །འགྲོས་བཞི་ཐིམ་ནས་རྟེན་དང་བརྟེན་པ། །གནས་གྱུར་སྐུ་ལྔ་རྡོ་རྗེ་འཆང་ཆེན།།གསུམ་ལྡན་དེ་ཉིད་མངོན་གྱུར་མཛོད་ཅིག །མདོར་ན་ཤ་ཁྲག་གདོས་བཅས་ལུས་འདི། །འཇའ་ལུས་རྡོ་རྗེའི་སྐུ་མཆོག་འགྲུབ་ཅིང་།།རང་སེམས་དབྱིངས་རིག་རོ་གཅིག་གྱུར་ནས། །ཚེ་འདིར་གྲུབ་མཐའ་སྙེག་པར་མཛོད་ཅིག །གལ་ཏེ་སྔོན་བསགས་ལས་ངན་དབང་གིས།།ཀྱེ་ཧུད་ལུས་སེམས་འབྲལ་བར་གྱུར་ཀྱང་། །དུས་མིན་འཆི་བའི་བདུད་ལས་རྒྱལ་ཏེ། །དོན་གཉིས་འབད་མེད་མཐར་ཕྱིན་མཛོད་ཅིག།འཆི་ཚེ་འདུ་འཛིའི་གཡེངས་བ་མེད་པའི། །རྒྱལ་བས་བསྔགས་པའི་ཡང་དབེན་དམ་པར། །དུས་རྣམས་རྟག་ཏུ་ཟབ་དོན་བསྒོམ་ལ།།རྩེ་གཅིག་སྐྱོ་ངལ་མེད་པར་མཛོད་ཅིག །དུས་དེར་བླ་མ་ལྷག་པའི་ལྷ་ཡི། །ཞལ་གཟིགས་ལུང་བསྟན་བྱིན་གྱིས་བརླབས་ནས།།དཔའ་བོ་མཁའ་འགྲོའི་བསུ་བ་ལ་སོགས། །དག་སྣང་འབའ་ཞིག་འཆར་བར་མཛོད་ཅིག །ཅི་སྟེ་དེ་འདྲའི་སྐལ་བ་མེད་ཀྱང་།།འཆི་བའི་དབུགས་ཉིད་བརྩེགས་པའི་རྐྱེན་གྱིས། །ལས་རླུང་ནང་ལོག་ཁྱབ་བྱེད་གཙོ་བོར། །རྒྱུས་ཚེ་བྱེ་བ་ཕྲག་ཕྱེད་བཞི་ཡི།།རྩ་ཕྲན་ཉིད་ཀྱི་རླུང་དང་བྱང་སེམས། །སྟོང་ཕྲག་བདུན་ཅུའི་རྩ་ཡི་འཕྲོགས་པས། །དབུགས་རྒོད་རྩ་མདུད་གྲོལ་བའི་ཟུག་གཟེར།།བྱུང་ཚེ་རང་ངོ་ཤེས་པར་མཛོད་ཅིག །སྟོང་ཕྲག་བདུན་ཅུའི་རྩ་ཡི་སྟོབས་ཀྱང་། །འཁོར་ལོ་འབྲེལ་བའི་བརྒྱ་དང་ཉི་ཤུའི།།འཕྲོགས་ཤིང་དེ་ཡང་ཡུལ་ཆེན་ཉི་ཤུ། །རྩ་བཞི་རྩ་དང་སྙིང་ཁའི་ཕྱོགས་ཀྱི། །རྩ་འདབ་བརྒྱད་ཀྱིས་འཕྲོགས་པའི་དབང་གིས།།རླུང་རྣམས་ཡན་ལག་དག་ལ་ལྷུང་བས། །སོར་མོ་རེའང་ལྕི་ཡོར་བྱེད་ཚེ། །རྟེན་འབྲེལ་དེ་དག་ཤེས་པར་མཛོད་ཅིག།སུམ་ཅུ་རྩ་གཉིས་རྩ་ཡི་སྟོབས་ཀྱང་། །རོ་རྐྱང་གིས་འཕྲོགས་ཤིན་ཏུ་དབུགས་རྒོད། །དེ་གཉིས་སྟོབས་ཀྱང་དབུ་མས་འཕྲོགས་ཏེ།།ས་ཆུ་མེ་རླུང་རིམ་བཞིན་ཐིམ་པའི། །རྟགས་སུ་དབང་པོའི་སྒོ་རྣམས་གཤེར་ཞིང་། །ཁ་སྣ་སྐམ་དང་སྐྱགས་བུ་མང་བྱུང་།།ཟུག་གཟེར་དྲག་པོ་བྱུང་བའི་དུས་དེར། །རིམ་བཞིན་རང་ངོ་ཤེས་པར་མཛོད་ཅིག །རླུང་ཉིད་རྣམ་པར་ཤེས་ལ་ཐིམ་ཚེ།།སྣང་མཆེད་ཐོབ་དང་འོད་གསལ་རྣམ་བཞི། །དེ་དག་རིམ་བཞིན་ཤར་བའི་དུས་སུ། །དེ་དེར་རང་ངོ་ཤེས་པར་མཛོད་ཅིག།དུ་བ་འཚུབ་དང་ཟླ་བ་ཤར་འདྲའི། །སྣང་བའི་ཕྱི་ནང་རྟགས་གཉིས་ཤར་ཏེ། །འདོད་ཆགས་རྟོག་པ་བཞི་བཅུ་འགགས་ནས།།དེ་རྗེས་མེ་ཁྱེར་ཉི་མ་ཤར་འདྲའི། །མཆེད་པའི་ཕྱི་ནང་རྟགས་གཉིས་ཤར་ཚེ། །ཞེ་སྡང་རྟོག་པ་སུམ་ཅུ་འགག་ཅིང་།།དེ་ནས་ནང་རྟགས་མར་མེ་འབར་དང་། །ཕྱི་རྟགས་ནག་ལམ་སྒྲ་གཅན་ལྟ་བུའི། །ཐོབ་པའི་རྟགས་གཉིས་ཤར་བའི་དུས་དེར།།གཏི་མུག་རྟོག་པ་བདུན་དག་འགགས་ཏེ། །དེར་རྗེས་འོད་གསལ་ཆེན་པོ་ཤར་ཚེ། །སྐྱ་རང་ཤར་དང་ནམ་མཁའ་སྤྲིན་བྲལ།།ལྟ་བུའི་དུས་དེར་འོད་གསལ་མ་བུ། །གཅིག་ཏུ་འདྲེས་ནས་གྲུབ་མཐའ་སྙོག་པའམ། །དཔེ་ཡི་ཡེ་ཤེས་སྐྱེ་བར་མཛོད་ཅིག།དེར་ཡང་འབྲས་བུའི་སྐལ་བ་མེད་ན། དམྱལ་བ་དུད་འགྲོ་འདོད་ཁམས་ཡི་དྭགས། །གནོད་སྦྱིན་མི་དང་མིའམ་ཅི་དང་།གཟུགས་ཁམས་གཟུགས་མེད་ལྷ་ཡི་སྐྱེ་སྒོ། །བཤང་གཅི་ལྟོ་བ་ཁ་དང་སྣ་བུག །མིག་དང་རྣ་བ་མཛོད་སྤུ་སྤྱི་གཙུག།སྒོ་རྣམས་དག་ནས་ཐ་མལ་ངང་ནས། །འཕོས་པ་མིན་པ་ཚངས་པའི་ལམ་ནས། །བླ་མ་ལྷག་པའི་ལྷ་ཡི་ཐུགས་ཀར།།འཕོས་ནས་དབྱེར་མེད་རོ་གཅིག་གྱུར་ཏེ། །རིག་པ་འཛིན་པའི་གོ་འཕང་ལ་སོགས། །སྐད་ཅིག་ཉིད་ལ་ཐོབ་པར་མཛོད་ཅིག།གལ་ཏེ་རྣམ་ཤེས་བར་དོར་འཁྱམ་ཚེ། །ཤི་བར་མ་ཤེས་གཉེན་གྲོགས་དག་དང་། །འགྲོགས་པར་བསམ་ཡང་ལན་མེད་ཡིད་ཆད།།དེ་ཚེ་ཆགས་སྡང་ཆོད་པར་མཛོད་ཅིག །ཕྱེད་དང་བཞི་ཡི་ཕྱི་མ་ཕན་ཆད། །རང་ཉིད་ཤི་བ་ཡིན་པར་ཤེས་ཏེ།།ཡི་མུག་མགོན་དང་སྐྱབས་གནས་འཚོལ་དུས། །རང་རིག་སྐྱབས་སུ་ཤེས་པར་མཛོད་ཅིག །གདོས་བཅས་དང་བྲལ་དབང་པོ་ཀུན་ཚངས།།ལྷ་དང་བླ་མ་བྱིན་རླབས་ཅན་སོགས། །མ་གཏོགས་ཀུན་ལ་ཐོགས་མེད་བགྲོད་ཅིང་། །བསམ་པ་ཙམ་གྱིས་སྟོང་གསུམ་སྐོར་སོགས།།དབང་མེད་བྱ་སྒྲོ་རླུང་ཁྱེར་ལྟ་བུའི། །དུས་དེར་ཀུན་ཀྱང་སྒྱུ་མར་ཤེས་ཤིང་། །རང་སེམས་རང་དབང་ཐོབ་པར་མཛོད་ཅིག།འབྱུང་བཞིའི་རླུང་རྣམས་འཁྲུགས་པའི་རྐྱེན་གྱིས། །རི་བོ་གྲུམ་དང་རྒྱ་མཚོ་རབ་འཆོལ། །ནགས་ཚལ་བསྲེག་དང་དུས་མཐའི་རླུང་ཆེན།།ལང་པ་ལྟ་བུའི་སྒྲ་བཞིན་བྱུང་ཚེ། །སོ་སོར་རང་ངོ་ཤེས་པར་མཛོད་ཅིག །ཁ་དོག་ལྔ་ལྡན་འོད་ཟེར་འཁྲུག་ཅིང་།།འོད་དང་ཐིག་ལེ་ཐིག་ཕྲན་ཚོགས་ལས། འཇིགས་པའི་ཁྲོ་ཚོགས་རྒྱོབ་སོད་སྒྲ་དབྱངས། སྒྲོག་ཅིང་ཉོན་མོངས་དུག་གསུམ་དབང་གིས།།དཀར་དམར་ནག་པའི་གཅོང་གཡང་ཆེ་ལ། །རང་ཉིད་ལྷུང་སྙམ་རབ་ཏུ་འཇིགས་ཤིང་། །གནས་དང་རྟེན་དང་གྲོགས་དང་ཁ་ཟས།།སྤྱོད་ལམ་རྣམ་ཤེས་ཡིད་ཡུལ་རྣམས་ལ། །ངེས་པ་མེད་པའི་རྟགས་རྣམས་ཤར་ཚེ། །འཁྲུལ་སྣང་དྲན་པས་ཟིན་པར་མཛོད་ཅིག།དུས་དེར་དམྱལ་བ་ཡི་དྭགས་དུད་འགྲོ། །ལྷ་དང་ལྷ་མིན་མི་རྣམས་དག་ཏུ། སྐྱེ་བའི་སྔ་ལྟས་འོད་ལམ་ཁ་དོག།ནག་སེར་དཀར་དམར་ལྗང་དང་སྣ་ཚོགས། །སྣང་བ་ཤར་ཚེ་རང་སྒོ་ཤེས་ཤིང་། །ཁང་བཟང་ནགས་ཚལ་རིན་ཆེན་གཞལ་ཡས།།ཕོ་མོ་སྦྱོར་དང་རྒྱ་མཚོ་ཆེན་པོ། །ངང་པ་རྟ་གླང་ཕོ་མོས་བརྒྱན་དང་། །སྡོང་དུམ་འཕྱར་བག་ལོ་མའི་སྤྱིལ་པོ།།ས་ཕུག་ལ་སོགས་དེ་དག་མཐོང་ནས། །གནས་དེར་འབྲོས་པའི་སྣང་བ་ཤར་ཚེ། །སྐྱེས་གནས་ངན་པར་ཤེས་པར་མཛོད་ཅིག།ཉི་ཟླ་མི་གསལ་མུན་པའི་གནས་སུ། །དེ་ལྟའི་འཁྲུལ་སྣང་སྣ་ཚོགས་ཤར་ཚེ། །འཇིགས་ཤིང་སྐྱོ་བའི་སྙིང་རླུང་ལང་དུས།།དེ་ཚེ་ཕྱི་དང་ནང་དང་གསང་བ། །མཐར་ཐུག་སྟོན་མཛད་མགོན་ཁྱོད་དྲན་ཏེ། །དེ་ལ་བརྟེན་ནས་ལམ་དང་ལྟ་བ།།གསང་བའི་མིང་རྣམས་དྲན་པའི་མོད་ལ། །མ་དག་སྣང་བའི་འཁྲུལ་སྣང་དེ་ཀུན། །ལྷག་པའི་ལྷ་ཡི་རོལ་པར་ཤར་ཏེ།།སྣང་སེམས་ཐམས་ཅད་རོ་གཅིག་གྱུར་ནས། །བླ་མ་ལྷ་ཡི་ལུང་བསྟན་བྱིན་རླབས། །ཐོབ་ནས་བརྟན་པ་ཟིན་པར་མཛོད་ཅིག།མདོར་ན་བདག་གི་དལ་འབྱོར་ལན་གཅིག །ཐོབ་པའི་དུས་འདིར་རྡོ་རྗེ་ཐེག་པའི། །དྲི་མེད་ལམ་ལ་རབ་ཏུ་བརྩོན་ཞིང་།།གེགས་མེད་རྒྱུད་ལ་འབྱོར་བར་མཛོད་ཅིག །དེ་ལ་བརྟེན་པའི་ཚེ་འདིའི་འཆི་ཁའམ། །བར་དོར་དོན་གྱི་འབྲས་བུ་སྨིན་ནས།།ཕྱིན་ཆད་ལས་དང་ཉོན་མོངས་དབང་གིས། །སྐྱེ་སྒོ་ངན་པ་ཆོད་པར་མཛོད་ཅིག །དེ་ལྟའི་ཡོན་ཏན་མ་ལྡན་བར་དུ།།རང་ཉིད་ནམ་འཆི་གར་སྐྱེ་མེད་པའི། །བླུན་པོ་བདག་ལ་ལྟོས་བཅས་ཐམས་ཅད། །འདྲེན་པའི་གཙུག་རྒྱན་ཁྱོད་ཀྱི་དྲོངས་ཤིག།མི་ཕྱེད་དད་ལྡན་སློབ་བུ་བདག་ཅག །བྱང་ཆུབ་བར་དུ་རྡོ་རྗེ་འཆང་ཆེན། །ཡོངས་འཛིན་འབྲེལ་ཚད་དོན་ལྡན་ཁྱོད་དང་།།སྐད་ཅིག་འབྲལ་བ་མེད་པར་མཛོད་ཅིག །ཅེས་པའི་གསོལ་འདེབས་སྨོན་ལམ་དང་བཅས་པའི་ཚིགས་སུ་བཅད་པ་འདི་ནི།རིགས་ཐམས་ཅད་དང་དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག་དྲུག་པ་རྡོ་རྗེ་སེམས་དཔའ་དང་དབྱེར་མ་མཆིས་པ་རྗེ་བཙུན་མུས་པ་ཆེན་པོ་སངས་རྒྱས་རྒྱལ་མཚན་ཞེས་ཡོངས་ལ་གྲགས་པའི་འབྲེལ་ཚད་དོན་དང་ལྡན་ངེས་པའི་དེ་ཉིད་ལ་མི་ཕྱེད་པའི་དད་པ་ཐོབ་པ་ཤྲཱི་ས་སྐྱ་པ་ཤཱཀྱའི་བཙུན་པ་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས།ཨ་ན་ལའི་ལོ། ཤ་ར་དའི་དུས་ཀྱི། རྒོད་མ་ཅན་གྱི་ཟླ་བའི་བཟང་པོ་གསུམ་པའི་ཚེས་ལ། དཔལ་ས་སྐྱའི་བླ་བྲང་ཕུན་ཚོགས་གླིང་གི་ཐོས་བསམ་འབྲུག་སྒྲ་ཚལ་གྱི་རང་བྱུང་བསམ་གཏན་ཁང་བུར་སྦྱར་བའོ།།འདིས་རང་གཞན་ལ་མཆོག་ཏུ་ཕན་པར་གྱུར་ཅིག །སརྦ་མངྒལཾ།། །།ཀ་ལྱཱ་ན་ཝརྡྷནྟུ།

རྒྱ་གར་སྐད་དུ། བྷཊྚ་ར་ཀ་སངྒུ་རུ་དྷརྨཱ་སྭ་མི་བཛྲ་ཨ་ཙརྻ་མཧཱ་གུ་ཎ་རཏྣ་ཀ་ར༔བུདྡྷ་དྷྭ་ཛ་ཡེ་ན་མ༔ བོད་སྐད་དུ། རྗེ་བཙུན་བླ་མ་དམ་པ་ཆོས་ཀྱི་རྗེ་རྡོ་རྗེ་སློབ་དཔོན་ཆེན་པོ་ཡོན་ཏན་རིན་ཆེན་འབྱུང་གནས་སངས་རྒྱས་རྒྱལ་མཚན་ལ་ཕྱག་འཚལ་ལོ།།དུས་གསུམ་སངས་རྒྱས་སྤྲུལ་པའི་སྐུ་མཆོག །ཐེག་གསུམ་བསྟན་པའི་རྒྱལ་མཚན་ལེགས་འཛིན། །མཆོག་གསུམ་ངོ་བོ་དཔལ་ལྡན་བླ་མར།།སྒོ་གསུམ་གུས་པས་གསོལ་བ་འདེབས་སོ། །གང་སྐུ་ཀུན་ཁྱབ་ཚུལ་ཁྲིམས་དྲི་ལྡན། །གང་གསུང་སྒྲིབ་གཉིས་སེལ་བའི་སྟོབས་མངའ།གང་ཐུགས་བདེ་སྟོང་ཆེན་པོའི་རོལ་པ། །གང་གིས་འགྲན་མེད་གསོལ་བ་འདེབས་སོ། །མགོན་ཁྱོད་དང་པོར་ཀུན་མཁྱེན་སངས་རྒྱས།།བར་དུ་འཇམ་དབྱངས་བུདྡྷ་རཏྣ། །དུས་འདིར་སངས་རྒྱས་བསྟན་པའི་རྒྱལ་མཚན། །མཆོག་ཏུ་འཛིན་ལ་གསོལ་བ་འདེབས་སོ།།གྲངས་མེད་ཐོས་པས་ཐུགས་རྒྱུད་ལེགས་བལྟམས། །བསམ་པས་ཇི་བཞིན་ངེས་པའི་དོན་གཟིགས། །ཚུལ་བཞིན་བསྒོམས་པས་དངོས་འཛིན་རྩད་གཅོད།།ཕྱོགས་ལས་རྣམ་རྒྱལ་གསོལ་བ་འདེབས་སོ། །ཁྱོད་ཀྱི་མཁྱེན་པ་ནམ་མཁའ་ལྟར་ཡངས། །བརྩེ་བས་དམིགས་མེད་འགྲོ་བ་ཡོངས་ཁྱབ།།ནུས་པས་ཉོན་མོངས་ཡེ་ཤེས་བསྒྱུར་མཛད། །མཁྱེན་བརྩེ་ནུས་ལྡན་གསོལ་བ་འདེབས་སོ། །གཞུང་བརྒྱ་འཆད་ལ་ཐོགས་མེད་བློ་རྒྱས།།ལུང་རིགས་འགལ་འབྲེལ་རྩོད་ལ་རབ་མཁས། །སྡེབས་ལེགས་རྩོམ་པའི་དེད་དཔོན་ཆེན་པོར། །ཀུན་གྱིས་འཛིན་ལ་གསོལ་བ་འདེབས་སོ།།གདོད་ནས་ལྷུན་གྲུབ་དཀྱིལ་འཁོར་བཞི་ལ། །དབང་བཞི་སྩལ་ནས་ལམ་བཞི་བསྒོམས་པས། །སྐུ་བཞིའི་འབྲས་བུ་ཐོབ་པར་མཛད་པའི།།རྩ་བའི་བླ་མར་གསོལ་བ་འདེབས་སོ། །རིགས་ལྔའི་རང་བཞིན་ཡུམ་ལྔའི་བདག་ཉིད །ཁྲོ་བོ་བྱང་སེམས་ལྷ་མོ་ཀུན་འདུས།།གདན་གསུམ་ཚང་བའི་ངོ་བོ་ཁྱོད་ལ། །མི་ཕྱེད་དད་པས་གསོལ་བ་འདེབས་སོ། །སྐུ་གསུང་ཐུགས་རྣམས་དཀོན་མཆོག་གསུམ་དངོས།།ཡོན་ཏན་ནོར་ལྷ་འཕྲིན་ལས་ཆོས་སྐྱོང་། སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ། །ཁྱོད་ལ་སྙིང་ནས་གསོལ་བ་འདེབས་སོ།།རབ་འབྱམས་རྒྱལ་བ་ཀུན་གྱི་འདུས་སྐུ། །རབ་བསགས་སྐལ་ལྡན་ཡོངས་ཀྱི་བླ་མ། །རབ་མང་ཐབས་མཁས་འགྲོ་བ་སྐྱོང་ལ།།རབ་ཏུ་གུས་པས་གསོལ་བ་འདེབས་སོ། །དེ་དུས་གངས་ཅན་ཁྲོད་འདིར་མཁས་བཙུན། །བཟང་གསུམ་ལྡན་པའི་འདྲེན་པ་ང་ཞེས།།དྲེགས་པའི་སྒྲ་སྐད་འབྱིན་པ་ཀུན་གྱི། །གཙུག་རྒྱན་གཅིག་པུར་གསོལ་བ་འདེབས་སོ། །དེ་ལྟར་རྡོ་རྗེ་འཆང་ཆེན་ཁྱོད་ལ།།གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས། །ཡིད་ལ་རེ་བའི་བསམ་དོན་འདི་དག །འབད་མེད་འགྲུབ་པར་བྱིན་གྱིས་རློབས་ཤིག།འདིར་སྣང་གྲགས་བདེའི་ཟར་ཟིར་དག་ལ། ཞེན་པ་ཆོད་དེ་ཐོས་བསམ་སྒོམ་དང་། །འཆད་རྩོད་རྩོམ་པས་བདེ་གཤེགས་བསྟན་པ།།ཡར་ངོའི་ཟླ་ལྟར་འཕེལ་བར་མཛོད་ཅིག །ཡོངས་འཛིན་ཁྱེད་ཀྱི་གསུང་གི་བདུད་རྩི། །ཐུན་མོང་ཐུན་མོང་མིན་པའི་ཐེག་པའི།།སྤྱི་དང་བྱེ་བྲག་ཉམས་ལེན་ཐམས་ཅད། །ཇི་བཞིན་རྒྱུད་ལ་འབྱོར་བར་མཛོད་ཅིག །ཁྱད་པར་བླ་མེད་རྡོ་རྗེ་ཐེག་པའི།།རིམ་གཉིས་དོན་ལ་གཅིག་ཏུ་གཞོལ་བས། །ཡུལ་ཆེན་སོ་གཉིས་རྩ་མདུད་གྲོལ་ཏེ། །ཡེ་ཤེས་ཆེན་པོ་ཐོབ་པར་མཛོད་ཅིག།དེའི་ཚེ་བདེ་གཤེགས་བཅུད་འདུས་དབང་གིས། །འགྲོས་བཞི་ཐིམ་ནས་རྟེན་དང་བརྟེན་པ། །གནས་གྱུར་སྐུ་ལྔ་རྡོ་རྗེ་འཆང་ཆེན།།གསུམ་ལྡན་དེ་ཉིད་མངོན་གྱུར་མཛོད་ཅིག །མདོར་ན་ཤ་ཁྲག་གདོས་བཅས་ལུས་འདི། །འཇའ་ལུས་རྡོ་རྗེའི་སྐུ་མཆོག་འགྲུབ་ཅིང་།།རང་སེམས་དབྱིངས་རིག་རོ་གཅིག་གྱུར་ནས། །ཚེ་འདིར་གྲུབ་མཐའ་སྙེག་པར་མཛོད་ཅིག །གལ་ཏེ་སྔོན་བསགས་ལས་ངན་དབང་གིས།།ཀྱེ་ཧུད་ལུས་སེམས་འབྲལ་བར་གྱུར་ཀྱང་། །དུས་མིན་འཆི་བའི་བདུད་ལས་རྒྱལ་ཏེ། །དོན་གཉིས་འབད་མེད་མཐར་ཕྱིན་མཛོད་ཅིག།འཆི་ཚེ་འདུ་འཛིའི་གཡེངས་བ་མེད་པའི། །རྒྱལ་བས་བསྔགས་པའི་ཡང་དབེན་དམ་པར། །དུས་རྣམས་རྟག་ཏུ་ཟབ་དོན་བསྒོམ་ལ།།རྩེ་གཅིག་སྐྱོ་ངལ་མེད་པར་མཛོད་ཅིག །དུས་དེར་བླ་མ་ལྷག་པའི་ལྷ་ཡི། །ཞལ་གཟིགས་ལུང་བསྟན་བྱིན་གྱིས་བརླབས་ནས།།དཔའ་བོ་མཁའ་འགྲོའི་བསུ་བ་ལ་སོགས། །དག་སྣང་འབའ་ཞིག་འཆར་བར་མཛོད་ཅིག །ཅི་སྟེ་དེ་འདྲའི་སྐལ་བ་མེད་ཀྱང་།།འཆི་བའི་དབུགས་ཉིད་བརྩེགས་པའི་རྐྱེན་གྱིས། །ལས་རླུང་ནང་ལོག་ཁྱབ་བྱེད་གཙོ་བོར། །རྒྱུས་ཚེ་བྱེ་བ་ཕྲག་ཕྱེད་བཞི་ཡི།།རྩ་ཕྲན་ཉིད་ཀྱི་རླུང་དང་བྱང་སེམས། །སྟོང་ཕྲག་བདུན་ཅུའི་རྩ་ཡི་འཕྲོགས་པས། །དབུགས་རྒོད་རྩ་མདུད་གྲོལ་བའི་ཟུག་གཟེར།།བྱུང་ཚེ་རང་ངོ་ཤེས་པར་མཛོད་ཅིག །སྟོང་ཕྲག་བདུན་ཅུའི་རྩ་ཡི་སྟོབས་ཀྱང་། །འཁོར་ལོ་འབྲེལ་བའི་བརྒྱ་དང་ཉི་ཤུའི།།འཕྲོགས་ཤིང་དེ་ཡང་ཡུལ་ཆེན་ཉི་ཤུ། །རྩ་བཞི་རྩ་དང་སྙིང་ཁའི་ཕྱོགས་ཀྱི། །རྩ་འདབ་བརྒྱད་ཀྱིས་འཕྲོགས་པའི་དབང་གིས།།རླུང་རྣམས་ཡན་ལག་དག་ལ་ལྷུང་བས། །སོར་མོ་རེའང་ལྕི་ཡོར་བྱེད་ཚེ། །རྟེན་འབྲེལ་དེ་དག་ཤེས་པར་མཛོད་ཅིག།སུམ་ཅུ་རྩ་གཉིས་རྩ་ཡི་སྟོབས་ཀྱང་། །རོ་རྐྱང་གིས་འཕྲོགས་ཤིན་ཏུ་དབུགས་རྒོད། །དེ་གཉིས་སྟོབས་ཀྱང་དབུ་མས་འཕྲོགས་ཏེ།།ས་ཆུ་མེ་རླུང་རིམ་བཞིན་ཐིམ་པའི། །རྟགས་སུ་དབང་པོའི་སྒོ་རྣམས་གཤེར་ཞིང་། །ཁ་སྣ་སྐམ་དང་སྐྱགས་བུ་མང་བྱུང་།།ཟུག་གཟེར་དྲག་པོ་བྱུང་བའི་དུས་དེར། །རིམ་བཞིན་རང་ངོ་ཤེས་པར་མཛོད་ཅིག །རླུང་ཉིད་རྣམ་པར་ཤེས་ལ་ཐིམ་ཚེ།།སྣང་མཆེད་ཐོབ་དང་འོད་གསལ་རྣམ་བཞི། །དེ་དག་རིམ་བཞིན་ཤར་བའི་དུས་སུ། །དེ་དེར་རང་ངོ་ཤེས་པར་མཛོད་ཅིག།དུ་བ་འཚུབ་དང་ཟླ་བ་ཤར་འདྲའི། །སྣང་བའི་ཕྱི་ནང་རྟགས་གཉིས་ཤར་ཏེ། །འདོད་ཆགས་རྟོག་པ་བཞི་བཅུ་འགགས་ནས།།དེ་རྗེས་མེ་ཁྱེར་ཉི་མ་ཤར་འདྲའི། །མཆེད་པའི་ཕྱི་ནང་རྟགས་གཉིས་ཤར་ཚེ། །ཞེ་སྡང་རྟོག་པ་སུམ་ཅུ་འགག་ཅིང་།།དེ་ནས་ནང་རྟགས་མར་མེ་འབར་དང་། །ཕྱི་རྟགས་ནག་ལམ་སྒྲ་གཅན་ལྟ་བུའི། །ཐོབ་པའི་རྟགས་གཉིས་ཤར་བའི་དུས་དེར།།གཏི་མུག་རྟོག་པ་བདུན་དག་འགགས་ཏེ། །དེར་རྗེས་འོད་གསལ་ཆེན་པོ་ཤར་ཚེ། །སྐྱ་རང་ཤར་དང་ནམ་མཁའ་སྤྲིན་བྲལ།།ལྟ་བུའི་དུས་དེར་འོད་གསལ་མ་བུ། །གཅིག་ཏུ་འདྲེས་ནས་གྲུབ་མཐའ་སྙོག་པའམ། །དཔེ་ཡི་ཡེ་ཤེས་སྐྱེ་བར་མཛོད་ཅིག།དེར་ཡང་འབྲས་བུའི་སྐལ་བ་མེད་ན། དམྱལ་བ་དུད་འགྲོ་འདོད་ཁམས་ཡི་དྭགས། །གནོད་སྦྱིན་མི་དང་མིའམ་ཅི་དང་།གཟུགས་ཁམས་གཟུགས་མེད་ལྷ་ཡི་སྐྱེ་སྒོ། །བཤང་གཅི་ལྟོ་བ་ཁ་དང་སྣ་བུག །མིག་དང་རྣ་བ་མཛོད་སྤུ་སྤྱི་གཙུག།སྒོ་རྣམས་དག་ནས་ཐ་མལ་ངང་ནས། །འཕོས་པ་མིན་པ་ཚངས་པའི་ལམ་ནས། །བླ་མ་ལྷག་པའི་ལྷ་ཡི་ཐུགས་ཀར།།འཕོས་ནས་དབྱེར་མེད་རོ་གཅིག་གྱུར་ཏེ། །རིག་པ་འཛིན་པའི་གོ་འཕང་ལ་སོགས། །སྐད་ཅིག་ཉིད་ལ་ཐོབ་པར་མཛོད་ཅིག།གལ་ཏེ་རྣམ་ཤེས་བར་དོར་འཁྱམ་ཚེ། །ཤི་བར་མ་ཤེས་གཉེན་གྲོགས་དག་དང་། །འགྲོགས་པར་བསམ་ཡང་ལན་མེད་ཡིད་ཆད།།དེ་ཚེ་ཆགས་སྡང་ཆོད་པར་མཛོད་ཅིག །ཕྱེད་དང་བཞི་ཡི་ཕྱི་མ་ཕན་ཆད། །རང་ཉིད་ཤི་བ་ཡིན་པར་ཤེས་ཏེ།།ཡི་མུག་མགོན་དང་སྐྱབས་གནས་འཚོལ་དུས། །རང་རིག་སྐྱབས་སུ་ཤེས་པར་མཛོད་ཅིག །གདོས་བཅས་དང་བྲལ་དབང་པོ་ཀུན་ཚངས།།ལྷ་དང་བླ་མ་བྱིན་རླབས་ཅན་སོགས། །མ་གཏོགས་ཀུན་ལ་ཐོགས་མེད་བགྲོད་ཅིང་། །བསམ་པ་ཙམ་གྱིས་སྟོང་གསུམ་སྐོར་སོགས།།དབང་མེད་བྱ་སྒྲོ་རླུང་ཁྱེར་ལྟ་བུའི། །དུས་དེར་ཀུན་ཀྱང་སྒྱུ་མར་ཤེས་ཤིང་། །རང་སེམས་རང་དབང་ཐོབ་པར་མཛོད་ཅིག།འབྱུང་བཞིའི་རླུང་རྣམས་འཁྲུགས་པའི་རྐྱེན་གྱིས། །རི་བོ་གྲུམ་དང་རྒྱ་མཚོ་རབ་འཆོལ། །ནགས་ཚལ་བསྲེག་དང་དུས་མཐའི་རླུང་ཆེན།།ལང་པ་ལྟ་བུའི་སྒྲ་བཞིན་བྱུང་ཚེ། །སོ་སོར་རང་ངོ་ཤེས་པར་མཛོད་ཅིག །ཁ་དོག་ལྔ་ལྡན་འོད་ཟེར་འཁྲུག་ཅིང་།།འོད་དང་ཐིག་ལེ་ཐིག་ཕྲན་ཚོགས་ལས། འཇིགས་པའི་ཁྲོ་ཚོགས་རྒྱོབ་སོད་སྒྲ་དབྱངས། སྒྲོག་ཅིང་ཉོན་མོངས་དུག་གསུམ་དབང་གིས།།དཀར་དམར་ནག་པའི་གཅོང་གཡང་ཆེ་ལ། །རང་ཉིད་ལྷུང་སྙམ་རབ་ཏུ་འཇིགས་ཤིང་། །གནས་དང་རྟེན་དང་གྲོགས་དང་ཁ་ཟས།།སྤྱོད་ལམ་རྣམ་ཤེས་ཡིད་ཡུལ་རྣམས་ལ། །ངེས་པ་མེད་པའི་རྟགས་རྣམས་ཤར་ཚེ། །འཁྲུལ་སྣང་དྲན་པས་ཟིན་པར་མཛོད་ཅིག།དུས་དེར་དམྱལ་བ་ཡི་དྭགས་དུད་འགྲོ། །ལྷ་དང་ལྷ་མིན་མི་རྣམས་དག་ཏུ། སྐྱེ་བའི་སྔ་ལྟས་འོད་ལམ་ཁ་དོག།ནག་སེར་དཀར་དམར་ལྗང་དང་སྣ་ཚོགས། །སྣང་བ་ཤར་ཚེ་རང་སྒོ་ཤེས་ཤིང་། །ཁང་བཟང་ནགས་ཚལ་རིན་ཆེན་གཞལ་ཡས།།ཕོ་མོ་སྦྱོར་དང་རྒྱ་མཚོ་ཆེན་པོ། །ངང་པ་རྟ་གླང་ཕོ་མོས་བརྒྱན་དང་། །སྡོང་དུམ་འཕྱར་བག་ལོ་མའི་སྤྱིལ་པོ།།ས་ཕུག་ལ་སོགས་དེ་དག་མཐོང་ནས། །གནས་དེར་འབྲོས་པའི་སྣང་བ་ཤར་ཚེ། །སྐྱེས་གནས་ངན་པར་ཤེས་པར་མཛོད་ཅིག།ཉི་ཟླ་མི་གསལ་མུན་པའི་གནས་སུ། །དེ་ལྟའི་འཁྲུལ་སྣང་སྣ་ཚོགས་ཤར་ཚེ། །འཇིགས་ཤིང་སྐྱོ་བའི་སྙིང་རླུང་ལང་དུས།།དེ་ཚེ་ཕྱི་དང་ནང་དང་གསང་བ། །མཐར་ཐུག་སྟོན་མཛད་མགོན་ཁྱོད་དྲན་ཏེ། །དེ་ལ་བརྟེན་ནས་ལམ་དང་ལྟ་བ།།གསང་བའི་མིང་རྣམས་དྲན་པའི་མོད་ལ། །མ་དག་སྣང་བའི་འཁྲུལ་སྣང་དེ་ཀུན། །ལྷག་པའི་ལྷ་ཡི་རོལ་པར་ཤར་ཏེ།།སྣང་སེམས་ཐམས་ཅད་རོ་གཅིག་གྱུར་ནས། །བླ་མ་ལྷ་ཡི་ལུང་བསྟན་བྱིན་རླབས། །ཐོབ་ནས་བརྟན་པ་ཟིན་པར་མཛོད་ཅིག།མདོར་ན་བདག་གི་དལ་འབྱོར་ལན་གཅིག །ཐོབ་པའི་དུས་འདིར་རྡོ་རྗེ་ཐེག་པའི། །དྲི་མེད་ལམ་ལ་རབ་ཏུ་བརྩོན་ཞིང་།།གེགས་མེད་རྒྱུད་ལ་འབྱོར་བར་མཛོད་ཅིག །དེ་ལ་བརྟེན་པའི་ཚེ་འདིའི་འཆི་ཁའམ། །བར་དོར་དོན་གྱི་འབྲས་བུ་སྨིན་ནས།།ཕྱིན་ཆད་ལས་དང་ཉོན་མོངས་དབང་གིས། །སྐྱེ་སྒོ་ངན་པ་ཆོད་པར་མཛོད་ཅིག །དེ་ལྟའི་ཡོན་ཏན་མ་ལྡན་བར་དུ།།རང་ཉིད་ནམ་འཆི་གར་སྐྱེ་མེད་པའི། །བླུན་པོ་བདག་ལ་ལྟོས་བཅས་ཐམས་ཅད། །འདྲེན་པའི་གཙུག་རྒྱན་ཁྱོད་ཀྱི་དྲོངས་ཤིག།མི་ཕྱེད་དད་ལྡན་སློབ་བུ་བདག་ཅག །བྱང་ཆུབ་བར་དུ་རྡོ་རྗེ་འཆང་ཆེན། །ཡོངས་འཛིན་འབྲེལ་ཚད་དོན་ལྡན་ཁྱོད་དང་།།སྐད་ཅིག་འབྲལ་བ་མེད་པར་མཛོད་ཅིག །ཅེས་པའི་གསོལ་འདེབས་སྨོན་ལམ་དང་བཅས་པའི་ཚིགས་སུ་བཅད་པ་འདི་ནི།རིགས་ཐམས་ཅད་དང་དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག་དྲུག་པ་རྡོ་རྗེ་སེམས་དཔའ་དང་དབྱེར་མ་མཆིས་པ་རྗེ་བཙུན་མུས་པ་ཆེན་པོ་སངས་རྒྱས་རྒྱལ་མཚན་ཞེས་ཡོངས་ལ་གྲགས་པའི་འབྲེལ་ཚད་དོན་དང་ལྡན་ངེས་པའི་དེ་ཉིད་ལ་མི་ཕྱེད་པའི་དད་པ་ཐོབ་པ་ཤྲཱི་ས་སྐྱ་པ་ཤཱཀྱའི་བཙུན་པ་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས།ཨ་ན་ལའི་ལོ། ཤ་ར་དའི་དུས་ཀྱི། རྒོད་མ་ཅན་གྱི་ཟླ་བའི་བཟང་པོ་གསུམ་པའི་ཚེས་ལ། དཔལ་ས་སྐྱའི་བླ་བྲང་ཕུན་ཚོགས་གླིང་གི་ཐོས་བསམ་འབྲུག་སྒྲ་ཚལ་གྱི་རང་བྱུང་བསམ་གཏན་ཁང་བུར་སྦྱར་བའོ།།འདིས་རང་གཞན་ལ་མཆོག་ཏུ་ཕན་པར་གྱུར་ཅིག །སརྦ་མངྒལཾ།། །།ཀ་ལྱཱ་ན་ཝརྡྷནྟུ།

ན་མོ་མཉྫུ་གྷོ་ཥ་ཡ། དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་གསུམ་རྣམས།།འགྲོ་བའི་དོན་དུ་རིགས་གསུམ་སྐུར་བསྟན་པའི། །རྣམ་སྤྲུལ་རྒྱུན་ཆད་མེད་པར་བྱོན་པའི་རྒྱུད།།ས་སྐྱའི་གདུང་རབ་རྣམས་ལ་གསོལ་བ་འདེབས། །སྤྱི་རིངས་གཡུ་རིངས་གཡུ་སེ་མ་བཟང་བདུན། །དཔའ་བོ་སྟག་དང་སྟག་པོ་འོད་ཅན་དང་།།གཡའ་སྤངས་སྐྱེས་གཅིག་འཁོན་བར་སྐྱེས་ཉིད་མཚན། །དཔལ་པོ་ཆེ་དང་ཁྲི་མཛེས་ལྷ་ལེགས་ཞབས།།ཚེ་ལྷ་དབང་ཕྱུག་ཀླུ་ཡི་དབང་པོ་དང་། །ཚེ་འཛིན་རྡོ་རྗེ་རིན་ཆེན་འབྲོ་ཚ་བདུན། །ཤེས་རབ་ཡོན་ཏན་ཡོན་ཏན་འབྱུང་གནས་ཞབས།།ཚུལ་ཁྲིམས་རྒྱལ་པོ་གཙུག་ཏོར་ཤེས་རབ་མཚན། །དགེ་སྐྱབས་དགེ་མཐོང་འཁོན་སྟོན་བལ་པོ་དང་།།ཤཱཀྱ་བློ་གྲོས་ཤེས་རབ་ཚུལ་ཁྲིམས་ཞབས། །དཀོན་མཆོག་རྒྱལ་པོ་ས་ཆེན་ཀུན་སྙིང་མཚན། །ཀུན་དགའ་འབར་དང་རྩེ་མོ་གྲགས་པའི་ཞབས།།དཔལ་ཆེན་འོད་པོ་ཆོས་རྗེ་ས་པཎ་དང་། །ཟང་ཚ་བསོད་རྒྱལ་དཔལ་ལྡན་འཕགས་པའི་མཚན། །འགྲོ་མགོན་ཕྱག་ན་སློབ་དཔོན་རིན་རྒྱལ་བ།།སློབ་དཔོན་ཡེ་འབྱུང་དྷརྨཱ་པཱ་ལ་དང་། །རཏྣ་བྷ་དྲ་བདག་ཉིད་ཆེན་པོའི་ཞབས། །བསོད་ནམས་བཟང་པོ་རཏྣ་ཤྲཱི་དང་།།ཏི་ཤྲཱི་ཀུན་བློའི་བར་བྱོན་གདན་ས་ཆེས། །སྤྱི་ལ་དབང་རྒྱུར་གདུང་རབ་རིམ་བྱོན་དང་། །དེ་ནས་མཁས་བཙུན་ཆེན་པོ་ནམ་མཁའ་ལེགས།།ནམ་མཁའ་བཤེས་གཉེན་གུག་ཤྲཱི་ནམ་མཁའ་རྒྱལ། །ཏ་དབེན་ཀུན་རིན་བློ་གྲོས་རྒྱལ་མཚན་ཞབས། །གྲགས་པ་བློ་གྲོས་ཀུན་དགའ་བློ་གྲོས་མཚན།།ཀུན་དགའ་དབང་ཕྱུག་བར་དུ་རིམ་བྱོན་པའི། །བཞི་ཐོག་བླ་བྲང་སྐྱོངས་མཛད་གདུང་རབ་དང་། །དེ་ནས་ཏ་དབེན་ཀུན་དགའ་ཉི་མ་དང་།།འཇམ་དབྱངས་དོན་རྒྱལ་འགྲོ་མགོན་བསོད་ནམས་མཚན། །ཉི་མ་རྒྱལ་མཚན་བླ་ཆེན་ཀུན་རྒྱལ་བ། །འཇམ་དབྱངས་ནམ་རྒྱལ་མཐུ་སྟོབས་དབང་ཕྱུག་དང་།།རྒྱ་གར་ཤེར་བཟང་བློ་གྲོས་རྒྱལ་མཚན་ཞབས། །གྲགས་པ་རྒྱལ་མཚན་བར་དུ་ལེགས་བྱོན་པའི། །བླ་བྲང་རིན་ཆེན་སྒང་པའི་གདུང་རབ་དང་།།གཞན་ཡང་ཏི་ཤྲཱི་ཀུན་དགའ་ལེགས་པ་དང་། །ཏི་ཤྲཱི་ཀུན་རྒྱལ་སློབ་དཔོན་ཆོས་རྒྱལ་མཚན། །ཏ་དབེན་བློ་རྒྱལ་ཐེག་ཆེན་ཆོས་རྗེའི་ཞབས།།དྷརྨ་དྷྭ་ཛ་རྡོ་རྗེ་རིན་ཆེན་དང་། །བསོད་ནམས་བཀྲ་ཤིས་བདེ་ལེགས་བཀྲ་ཤིས་ཞབས། །བསོད་ནམས་རྒྱལ་མཚན་ཤཱཀྱ་སེངྒེ་དང་།།དོན་གྲུབ་རྒྱལ་མཚན་བསམ་གྲུབ་རྒྱལ་མཚན་ཞབས། །ཀུན་བཀྲས་ཀུན་རྒྱལ་ཀུན་དགའ་སྙིང་པོའི་མཚན།།རིན་ཆེན་རྒྱལ་མཚན་ཆོས་ཀྱི་རྒྱལ་མཚན་དང་། །ཀུན་དགའ་ལེགས་པའི་བར་དུ་བྱོན་པ་ཡི། །ལྷ་ཁང་བླ་བྲང་པ་ཡི་གདུང་རབ་དང་།།གཞན་ཡང་སློབ་དཔོན་ཆེན་པོ་ཉི་མ་དཔལ། །ཀུན་དགའ་ལེགས་རྒྱལ་བླ་ཆེན་བསོད་བློ་དང་། །དབང་གི་མཚན་གསོལ་གྲགས་པ་རྒྱལ་མཚན་ཞབས།།སློབ་དཔོན་ཀུན་ལེགས་རྣམ་སྲས་རྒྱལ་མཚན་དབང་། །འཇམ་དབྱངས་ཆོས་རྒྱལ་ཀུན་དགའ་བློ་གྲོས་དང་།།ནམ་མཁའ་ལེགས་པ་ནམ་མཁའ་རྒྱལ་མཚན་ཞབས། །ནམ་མཁའ་རིན་ཆེན་ནམ་མཁའ་བཀྲ་ཤིས་མཚན། །ཀུན་དགའ་བསོད་ནམས་ངག་གི་དབང་ཕྱུག་དང་།།འཇམ་དཔལ་གྲགས་པ་ཚེ་བརྟན་བཀྲ་ཤིས་ཞབས། །ཀུན་དགའ་བསམ་གྲུབ་ཀུན་དགའ་བདེ་ལེགས་དང་། །བསོད་ནམས་ལྷུན་གྲུབ་ཧོར་སོག་བསོད་རྒྱལ་བ།།འཇིག་རྟེན་རྒྱ་ཧོར་དེ་སྲས་རྣམ་པ་གསུམ། །ད་ལྟ་གཞུང་པའི་གདུང་བརྒྱུད་མཆེད་གཉིས་སྟེ།།རྩེ་གདོང་ཕྱོགས་སུ་ཆད་པའི་གདུང་རབ་དང་། །ཀུན་དགའ་བསམ་གྲུབ་གཅུང་པོ་ས་སྐྱ་པའི། །བསྟན་པའི་གསལ་བྱེད་ངག་དབང་ཀུན་རིན་དང་།།བསོད་ནམས་དབང་པོ་གྲགས་པ་བློ་གྲོས་མཚན། །མཐུ་སྟོབས་དབང་ཕྱུག་ཀུན་དགའ་དབང་རྒྱལ་དང་།།ངག་དབང་ཀུན་བསོད་བསོད་ནམས་དབང་ཕྱུག་ཞབས། །ཀུན་དགའ་བཀྲ་ཤིས་མཆེད་གསུམ་ལ་སོགས་པའི། །ད་ལྟ་བྱོན་དང་མ་འོང་སྲས་མཐའི་བར།།འབྱོན་པར་ངེས་པའི་དཔལ་ལྡན་ས་སྐྱ་པའི། །གདུང་རབ་རིམ་པར་བྱོན་པ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།།དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པའི་མཐུས། །བདག་གི་འདི་དང་ཕྱི་མའི་དོན་ཐམས་ཅད། །ཡིད་ལ་རེ་བ་ཇི་བཞིན་ལྷུན་གྲུབ་ཏེ།།བསྟན་པ་རིན་ཆེན་ཕྱོགས་བཅུར་རྒྱས་གྱུར་ཅིག །ཅེས་དཔལ་ལྡན་ས་སྐྱ་པའི་གདུང་རབ་རིན་པོ་ཆེ་རྣམས་ལ་གསོལ་བ་འདེབས་པ་བསམ་པ་ལྷུན་གྲུབ་ཅེས་བྱ་བ་འདི་ཡང་ཆོས་མེད་སྙོམས་ལས་མཁན་ཟ་ཉལ་འཆག་གི་རྣལ་འབྱོར་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་ཕག་ལོ་ཟླ་བ་ལྔའི་དམར་ཆའི་ཚེས་ལ།དཔལ་ས་སྐྱའི་བཞི་ཐོག་བླ་བྲང་གི་འོད་གསལ་སྣང་བར་སྦྱར་བའི་ཡི་གེ་པ་ནི་དཔལ་ལྡན་ཀུན་དགའ་ཚེ་རིང་གིས་བགྱིས་སོ།།འདིས་ཀྱང་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །སརྦ་མངྒ་ལཾ།། །།

ན་མོ་བུདྡྷ་དྷྭ་ཛ་ཡེ། སངས་རྒྱས་ཀུན་གྱི་མཁྱེན་བརྩེ་གཅིག་བསྡུས་ནས།།བསྟན་པའི་རྒྱལ་མཚན་འཛིན་མཛད་ཀུན་གྱི་གཙོ། །བདག་གི་འདི་ཕྱི་བར་དོའི་སྐྱབས་གཅིག་པུ།།རྗེ་བཙུན་མུས་པའི་ཞབས་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་སངས་རྒྱས་རྒྱལ་མཚན་པ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ།།གསོལ་བ་འདེབས་སོ་འགྲོ་ཀུན་རྗེས་སུ་ཟུང་། །གསོལ་བ་འདེབས་སོ་དོན་གཉིས་མཐར་ཕྱིན་སྩོལ།།ཅེས་པ་འདི་ཡང་དཔལ་ས་སྐྱ་པ་ཤཱཀྱའི་བཙུན་པ་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་ཤིན་ཏུ་མྱུར་བར་བྲིས་པའོ།།སརྦ་མངྒལཾ།། །།

ན་མོ་གུ་རུ་བཛྲ་དྷ་ར་བུདྡྷ་དྷྭ་ཛ་ཡེ་ན་མཿསྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རྒྱལ་བ་མུས་པ་ཆེན་པོ་ལ་གསོལ་བ་འདེབས་པ་བྱིན་རླབས་མྱུར་དུ་འགུགས་པའི་ཕོ་ཉ་ཞེས་བྱ་བ་རྗེ་བཙུན་གཅིག་ཆོག་རྒྱལ་པོ་ཕྱག་འཚལ་ལོ།།རྗེ་འོག་མིན་གནས་སུ་རྡོ་རྗེ་འཆང་། །གནས་འཕགས་པའི་ཡུལ་དུ་ཟས་གཙང་སྲས །ལྗོངས་གངས་རིའི་ཁྲོད་འདིར་མུས་པ་ཆེ།།རྗེ་བཙུན་སངས་རྒྱས་རྒྱལ་མཚན་ལ་གསོལ་བ་འདེབས། །ཐུགས་ངེས་འབྱུང་ཚུལ་ཁྲིམས་རྣམ་དག་པས།།དགག་སྒྲུབ་གནང་གསུམ་ལ་མཁས་ཤིང་གཞོལ། །ཚུལ་ཁྲིམས་དྲི་བསུང་གིས་ཕྱོགས་ཀུན་ཁྱབ། །རྗེ་འདུལ་བ་པ་ཆེན་པོ་ལ་གསོལ་བ་འདེབས།།ཐེག་ཆེན་སེམས་བསྐྱེད་ཀྱིས་རྒྱུད་བལྟམས་པས། །གཞན་གནོད་ཀྱི་བསམ་པ་དུག་བཞིན་སྤངས། །ཕར་ཕྱིན་དང་དབུ་མའི་གཞུང་ཀུན་མཁྱེན།།རྗེ་ཀ་དམྦ་ཆེན་པོ་ལ་གསོལ་བ་འདེབས། །སྤྲོས་བྲལ་གྱི་ལྟ་བའི་ཕུ་ཐག་ཆོད། །མི་ཕོད་ཐོག་བརྫིས་ཀྱི་རྣལ་འབྱོར་གྱིས།།འབྱུང་པོ་སྟོབས་ལྡན་ཀུན་དམ་ལ་བཏགས། །རྗེ་གཅོད་ཡུལ་བ་ཆེན་པོ་ལ་གསོལ་བ་འདེབས། །བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་རྣམས་ལ།།ཐོས་བསམ་ཉམས་ལེན་ཀུན་མཐར་ཕྱིན་པས། །ཚེ་འདས་ཀྱི་བྱང་བུ་དངོས་སུ་འགུལ། །རྗེ་ཡོ་ག་བ་ཆེན་པོ་ལ་གསོལ་བ་འདེབས།།བསྐྱེད་རྫོགས་ཀྱི་གསལ་སྣང་བདེ་དྲོད་འབར། །གསང་སྔགས་ཀྱི་བཟླས་བརྗོད་ཕ་མཐར་སོན། མཁའ་སྤྱོད་དུ་འཕོ་བས་མངོན་སུམ་གཤེགས།།རྗེ་བདེ་མཆོག་པ་ཆེན་པོ་ལ་གསོལ་བ་འདེབས། །ཐུན་བཞི་ཡི་ལམ་ལ་བྱང་ཆུབ་པས། །སྒྲུབ་ཁང་ལྷ་དགུའི་གཞས་ཡས་སུ་གཟིགས།ཡེ་ཤེས་ཀྱི་འཇུག་ལྡོག་ཁོར་མོ་ཡུག །རྗེ་ལམ་འབྲས་པ་ཆེན་པོ་ལ་གསོལ་བ་འདེབས། །རིགས་བརྒྱ་དང་རིགས་གཅིག་གི་རྣལ་འབྱོར་འབྱོངས།།རྡོར་བཟླས་དང་དབེན་གསུམ་མཐའ་རུ་ཕྱིན། །སྒྱུ་ལུས་དང་འོད་གསལ་ཟུང་འཇུག་བརྙེས། །རྗེ་གསང་འདུས་པ་ཆེན་པོ་ལ་གསོལ་བ་འདེབས།།སྔོན་བྱོན་གྱི་གྲུབ་ཆེན་བུདྡྷ་༼ཤྲཱི།༽བཞིན། །བདེ་ཀྱེ་ཡི་ལམ་ལ་རབ་གཞོལ་བས། །སྦྱོར་དྲུག་གི་ཉམས་རྟགས་ཐམས་ཅད་རྫོགས།།རྗེ་དུས་འཁོར་བ་ཆེན་པོ་ལ་གསོལ་བ་འདེབས། །རྨི་ལམ་གྱི་རྣལ་འབྱོར་ངང་ཉིད་ནས། །བླ་མ་དང་དག་པའི་ཞིང་ཀུན་མཇལ།།མཚོན་བྱེད་ཀྱི་དཔེ་ཡི་ཡེ་ཤེས་བརྙེས། །རྗེ་ནེ་གུ་བ་ཆེན་པོ་ལ་གསོལ་བ་འདེབས། །སྣང་གྲག་རིག་གསུམ་གྱི་ཆོས་འདི་ཀུན།།ལྷ་སྔགས་ཡེ་ཤེས་སུ་རྟག་གཟིགས་པས། །བཀའ་སྲུང་ཆོས་སྐྱོང་རྣམས་བྲན་བཞིན་འཁོལ། །རྗེ་མཐུ་རྩལ་གྱི་མངའ་བདག་ལ་གསོལ་བ་འདེབས།།ཕ་བླ་མ་བསྐྱངས་པའི་གཅེས་ཕྲུག་བདག །ཕ་བླ་མས་དྲན་པའི་སྐད་ཅིག་ལ། །ཕ་བླ་མར་གདུང་དབྱངས་གསོལ་འདེབས་ཐལ།།ཕ་བླ་མས་མི་མངོན་དབྱིངས་ནས་གཟིགས། །རྗེ་ཁྱེད་ལ་གཅིག་ཏུ་ཡིད་གཏད་པའི། །མི་བདག་དང་བདག་ལ་ལྟོས་བཅས་རྣམས།།དུས་འདི་ལ་ཚེ་རིང་ནད་མེད་ཅིང་། །ཡིད་བསམ་དོན་འགྲུབ་པར་བྱིན་གྱིས་རློབས། །མི་བདག་གིས་སྤེལ་བའི་བསྟན་པའི་རྒྱུན།།འདི་རིགས་བརྒྱུད་གཙང་མས་རྟག་སྐྱོང་ཞིང་། །བདག་དཔོན་སློབ་ཕྱི་མར་ལྷན་ཅིག་པར། །ཞིང་བདེ་བ་ཅན་དུ་སྐྱེ་བར་ཤོག།རྗེ་སྐྱབས་གནས་ཐམས་ཅད་འདུས་པའི་དངོས། །མགོན་ཁྱེད་ལ་རྟག་ཏུ་གསོལ་འདེབས་ཀྱིས། །བདག་སློབ་མར་བཅས་པའི་འགྲོ་བ་རྣམས།།ཚེ་འདི་ཕྱིའི་དོན་ཀུན་འགྲུབ་པར་མཛོད། །ཅེས་རྒྱལ་བ་མུས་པ་ཆེན་པོ་ལ་གསོལ་བ་འདེབས་པ་བྱིན་རླབས་མྱུར་དུ་འགུགས་པའི་ཕོ་ཉ་ཞེས་བྱ་བ་འདི་ཡང་རྗེ་བླ་མ་དུས་གསུམ་སྒྲིབ་མེད་དུ་གཟིགས་པ་དེ་ཉིད་ཀྱི་ཐུགས་རྗེའི་སྤྱན་རས་ཀྱིས་བུ་གཅིག་པ་ལྟར་འཚོ་བ་ཤྲཱི་ས་སྐྱ་པ་ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་རང་ལོ་སོ་དགུ་ལོན་པ་ཤིང་ཕག་ཟླ་བ་བཅུ་པའི་དཀར་པོའི་ཕྱོགས་ཀྱི་ཐོ་རངས་ཀྱི་ཆ་ཞིག་རྗེ་བླ་མའི་ཡོན་ཏན་དྲན་པའི་མོད་ལ་ཐོལ་བྱུང་དུ་གསོལ་བ་བཏབ་པའི་ཡི་གེ་པ་ནི་གསོ་བ་རིག་པ་དང་ཡི་གེའི་འདུ་བྱེད་ལ་མཁས་པ་གདོང་དགའ་བ་བསམ་པ་དོན་ཆེན་གྱིས་བགྱིས་སོ།།འདི་སྦྱར་དགེ་བས་ཁྱབ་བདག་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པའི་དཔལ་ལྡན་བླ་མ་དམ་པ་དེ་ཉིད་ཀྱི་ཐུགས་བརྩེ་བ་ཆེན་པོས་སྐད་ཅིག་ཀྱང་འབྲལ་བ་མེད་པར་བདག་ཅག་དཔོན་སློབ་རྣམས་རྗེས་སུ་བཟུང་ནས་འདི་ཕྱིའི་དོན་ཐམས་ཅད་ཡིད་ལ་རེ་བ་བཞིན་འབད་མེད་ལྷུན་གྲུབ་དུ་འབྱུང་བར་གྱུར་ཅིག།ཀ་ལྱཱ་ན་ཝརྟུ་ཤུ་བྷྃ།། །།

རྒྱ་གར་སྐད་དུ།སརྦ་བི་ཛྙཱ་ན་ལོ་ཀ་ཙཀྵུ་ཙཀྲི་ནཱ་ཐཱ་བུདྡྷ་དྷྭ་ཛ་སྱ་བནྡྷ་ནི་ཀཱ་རོ་མི། བོད་སྐད་དུ། ཐམས་ཅད་རྣམ་པར་མཁྱེན་པའི་འཇིག་རྟེན་གྱི་མིག་འཁོར་ལོའི་མགོན་པོ་སངས་རྒྱས་རྒྱལ་མཚན་ལ་གུས་པས་ཕྱག་བགྱིའོ།།ཐོས་བསམ་སྒོམ་པའི་བྱ་བ་མཐར་ཕྱིན་ཏེ། །མཁས་བཙུན་བཟང་པོའི་ཡོན་ཏན་ཀུན་ལྡན་པ། །འབྲེལ་ཚད་དོན་དང་ལྡན་ངེས་བུདྡྷའི་མཚན།།དག་པའི་ཞིང་ནས་བདག་ལ་དགོངས་སུ་གསོལ། །ཀྱེ་མ་ཀྱེ་ཧུད་རྗེ་བཙུན་མུས་པ་རྗེ། །བསྙུན་བྲལ་སྤྲུལ་སྐུ་སྙུང་བའི་ཚུལ་བསྟན་ནས།།འཕོ་མེད་ཐུགས་རྗེ་འཕོ་བའི་ངང་ཚུལ་གྱི། །དུས་ཀྱི་ངེས་པ་དང་བཅས་དུས་མཐར་བཞུགས། །ཀྱེ་ཧུད་འཇིག་རྟེན་སྟོང་སོ་ཆོས་ཀྱི་རྗེ།།ཡིན་བཞིན་ནོར་བུ་བརྙེད་ནས་གློ་བུར་སྟོར། །དད་ཅན་སྐྱེ་བོ་ཐམས་ཅད་མིག་དང་བྲལ། །དེ་རིང་འཇིག་རྟེན་ཐམས་ཅད་མུན་པར་སོང་།རིགས་གཟུགས་ཕུན་ཚོགས་ཚུལ་ཁྲིམས་ལུས་ཟུང་རྒྱས། །འཆད་རྩོད་རྩོམ་པའི་བྱ་བ་ཀུན་མཁྱེན་པའི།།མང་ཐོས་གང་དེ་ལོ་འགའ་མི་བཞུགས་པ། །བསྟན་པའི་བྱ་བ་བཤོལ་ནས་གང་དུ་གཤེགས། །བགྲང་ཡས་བློ་གསལ་རྒྱུ་སྐར་ཕྲེང་བ་ཡིས།།འཁོར་ཡུག་མཛེས་པའི་ཀུན་གསལ་ཆོས་ཀྱི་གྲྭར། །གཞུང་བརྒྱ་འཆད་པའི་སྣང་བ་མི་སྩོལ་བར། །ཐམས་ཅད་མཁྱེན་པའི་ཟླ་བ་ཅི་སླད་གཤེགས།།ཡང་དག་ལུང་གི་རྟ་བདུན་དང་འགྲོགས་ནས། །རིག་པའི་འོད་ཟེར་བྱེ་བ་རབ་བཀྱེ་ནས། །ལོག་ལྟའི་མུན་པ་སྟུག་པོ་དཔྱིས་འབྱིན་པའི།།བསྙེངས་བྲལ་བསྟན་པའི་ཉི་མ་ནུབ་རིར་ཡོལ། །མཐའ་ཡས་འགྲོ་ལ་བུ་གཅིག་ལྟར་དགོངས་ཤིང་། །བྱམས་དང་སྙིང་རྗེས་གཞན་དབང་གྱུར་པ་ཁྱོད།།ད་དུང་འགྲོ་བའི་དོན་མང་མ་རྫོགས་ན །མགོན་མེ་བདག་ཅག་འདོར་བ་འདི་ཕོད་དམ། །ཁྱོད་ཀྱིས་སྔོན་ཆད་འགྲོ་འདི་བདེ་བར་བསྐྱངས།།ད་ནི་ཁྱོད་དང་བྲལ་བའི་མྱ་ངན་གྱི། །ཟུག་རྔུ་དྲག་པོའི་ལུས་སེམས་སྡུག་བསྔལ་བའི། །འཁུར་འདི་ཐར་འདོད་རྣམས་ཀྱི་སྟེང་དུ་ལྷུང་།།སྣང་བ་ལྷ་དང་འཁོར་ལོའི་རྣམ་རོལ་ཏེ། །དེ་ཡང་བདེ་སྟོང་མཆོག་གི་རང་བཞིན་ཞེས། །མགོན་པོ་ཁྱེད་ཀྱིས་བདག་ལ་བཀའ་སྩལ་ནས།།ཉམས་ཐག་སྡུག་བསྔལ་འདི་འདྲ་ཅི་སླད་སྩོལ། །ཀུན་གྱི་མིག་ལ་བདུད་རྩི་སྩོལ་མཁས་པའི། །གྲངས་མེད་བསོད་ནམས་ཕུང་པོ་འདུས་པའི་དངོས།།ཡིད་འཕྲོག་རྡོ་རྗེའི་སྐུ་ཡང་གཞན་ཡིན་ན། །སྐྱེ་བོ་བདེན་པའི་ཡིད་བརྟན་སུ་ལ་བགྱི། །དད་པས་ཁྱོད་ཀྱི་ཞབས་དྲུང་གནས་བྱས་ནས།།འཛུམ་ཞལ་ཡང་ཡང་བལྟ་བས་མ་ངོམ་པ། །ད་ནི་ཡུད་ཙམ་མཐོང་བའི་སྐབས་བྲལ་བའི། །བདག་གི་མིག་གི་བསོད་ནམས་གང་དུ་སོང་།།རྒྱུད་ལུང་མན་ངག་ཕྱོགས་རེའི་སྣང་བ་ཅན། །བཤེས་གཉེན་རྒྱུ་སྐར་འཆར་ནུབ་མང་ན་ཡང་། །ཡོངས་རྫོགས་བསྟན་པའི་གླིང་བཞི་གསལ་ནུས་པའི།།སྨྲ་བའི་ཉི་མ་ནུབ་པོ་ཆོས་ཀྱི་རྗེ། །རྒྱ་ཆེན་ཆོས་ཀྱི་མཛད་པས་ཐུགས་དྲངས་ནས། །ཡང་ཡང་ཕྱག་གི་ཟུར་ཕུད་ལ་བཀོད་པའི།།སྡེ་སྣོད་གསུམ་དང་རྒྱུད་སྡེ་རིན་ཆེན་བཞི། །གླེགས་བམ་ཚོགས་རྣམས་གྲོགས་མེད་སྐྱོ་བ་འཕེལ།ཟབ་དོན་བླ་མའི་ཞལ་ལ་རག་ལས་པའི། །རྒྱུད་གསུམ་མན་ངག་དང་བཅས་སུ་ཡི་འབྱེད། །བདེ་གསང་རྒྱུད་སྡེའི་ཟབ་གནད་སུ་ལ་འདྲི།།ཐེག་དམན་ཐེག་ཆེན་གཞུང་དོན་གང་ནས་བཙལ། །ཆོས་མིན་སྤྱོད་པས་ནམ་ཡང་མ་གོས་པ། །འདི་ནི་བདག་ཅག་ལྷ་ཡི་བླ་མ་ཞེས།།ལྷ་བུ་རྣམས་ཀྱི་མེ་ཏོག་གིས་བསུས་ཏེ། །སྣུམ་གཙང་ལྷ་ཡི་ལམ་ནས་ཡུད་ཀྱི་གཤེགས། །ཕན་བདེའི་འབྱུང་གནས་ཐུབ་བསྟན་ཉམས་དུས་འདིར།།ཆོས་ཀྱི་ཆབ་སྲིད་སྐྱོང་བར་མི་མཛད་པར། །འཇའ་འོད་ཤིང་རྟ་ཆིབས་ནས་ཁྱེད་གཤེགས་པ། །འདི་བས་དོན་ཆེ་གཞན་ཞིག་གཟིགས་ལགས་སམ།།བགྲངས་ཡས་ཡོན་ཏན་དུ་མས་མཛེས་པའི་སྐུ། །འདི་ཕྱིར་ཕན་པའི་བསླབ་བྱ་སྟོན་པའི་གསུང་། །མཐོ་དམན་ཀུན་ལ་བརྩེ་བའི་ཐུགས་མངའ་ཁྱོད།།ད་ནི་དྲན་པ་ཙམ་གྱི་ཡུལ་དུ་གྱུར། །དེ་ཕྱིར་སྐལ་ངན་བདག་ལ་ཚེ་འདི་རུ། །སྔར་བཞིན་དངོས་སུ་མཇལ་བའི་སྐལ་མེད་ཀྱང་།།ཉམས་དང་རྨི་ལམ་ལ་སོགས་དག་སྣང་ལ། །འདྲེན་མཆོག་ཁྱེད་ཀྱི་ཞལ་དཀྱིལ་བསྟན་དུ་གསོལ། །ཕྱི་ནང་བར་ཆད་ཐམས་ཅད་བསལ་དུ་གསོལ།།ཉམས་དང་རྟོགས་པའི་ཡོན་ཏན་བསྐྱེད་དུ་གསོལ། །བསམ་དོན་མཐར་ཕྱིན་བསྟན་པ་འཕེལ་བ་དང་། །འཆི་ཚེ་མཁའ་སྤྱོད་གནས་སུ་དྲང་དུ་གསོལ།།བདག་ལ་སྙིང་ནས་དད་པའི་སློབ་བུ་རྣམས། །འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ། །ཆོས་མེད་བདག་འདྲའི་སྐྱོབས་པར་མ་ནུས་པས།།མཁྱེན་བརྩེ་ནུས་ལྡན་ཁྱེད་ཀྱིས་སྐྱབས་སུ་གསོལ། །མདོར་ན་བདག་དང་བདག་གི་གདུལ་བྱ་ཡི། །གཙོ་བྱས་ཕ་མར་གྱུར་པའི་སེམས་ཅན་རྣམས།།ནམ་ཞིག་ཚེ་འདིའི་སྣང་བ་ནུབ་མ་ཐག །རྗེ་བཙུན་ཁྱོད་ཀྱི་དྲུང་དུ་སྐྱེ་བར་ཤོག །ཅེས་བླ་མ་རྒྱང་འབོད་ཀྱི་ཚིགས་སུ་བཅད་པ་སྙིང་གི་གདུང་དབྱངས་ཞེས་བྱ་བ་འདི་ནི་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་རྗེ་བཙུན་མུས་པ་ཆེན་པོ་སངས་རྒྱས་རྒྱལ་མཚན་ཞེས་སྙན་པའི་གྲགས་པས་འཛིན་མའི་ཁྱོན་ཡོངས་སུ་ཁྱབ་པ་དེ་ཉིད་ཀྱི་ཐུགས་རྗེའི་སྤྱན་རས་ཀྱི་བུ་གཅིག་པ་ལྟར་འཚོ་བའི་སྐལ་བ་བཟང་པོ་ཅན་ཤྲཱི་ས་སྐྱ་པ་ཤཱཀྱའི་དགེ་སློང་བྱམས་པ་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་སྔོན་བྱོན་པའི་མཁས་པ་ཆེན་པོ་དག་གི་གསུང་རབ་ལས་ལེགས་བཤད་ཀྱི་ཆ་བླང་ལ་ཚིག་རིང་འགའ་ཞིག་བཅོས་ཤིང་ཁ་སྐོངས་ཅུང་ཟད་དང་བཅས་ཏེ།རྗེ་བཙུན་བླ་མ་དམ་པ་དེ་ཉིད་ས་ཕོ་རྟ་ལོ་ཟླ་བ་ལྔ་པའི་ཚེས་ཉེར་གཅིག་གི་ནམ་ལངས་ཙམ་ལ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བར་མཛད་དེ།སྒྲ་དང་། འོད་དང་། མེ་ཏོག་གི་ཆར་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མ་དང་བཅས་འདའ་ཁ་མ་ཟབ་མོ་གསལ་འདེབས་པར་མཛད་ནས་དབུ་གཙུག་ཚང་པའི་བུ་ག་ནས་མཁའ་སྤྱོད་ཆེན་པོ་འོག་མིན་དུ་ཐོགས་པ་མེད་པར་གཤེགས་པའི་ཚུལ་བསྟན་པ་ནས་བཟུང་ཞག་༼ཟླ་ཤེལ་དབང་གི༽གྲངས་བརྒྱ་ཕྲག་གཉིས་དོན་པ་མགོ་ཟླ་བའི་ཡར་ཚེས་བཅུ་གཅིག་སྔོན་སློབ་དཔོན་རིན་པོ་ཆེ་དཔལ་ལྡན་རྩེ་མོ་ཞབས་ཉིད་དག་པ་མཁའ་སྤྱོད་དུ་གཤེགས་པའི་དུས་དྲན་གྱི་མཆོད་པ་འབུལ་བའི་ཉིན་དཔལ་ས་སྐྱའི་གནས་མཆོག་ཆུ་མིག་རྫིང་ཁའི་བླ་བྲང་བདེ་མཆོག་ཕོ་བྲང་གི་གཙུག་ལག་ཁང་ཆེན་པོར་ལེགས་པར་བསྡེབས་པ་འདིའི་བདག་གི་རྒྱུད་ལ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་གྱུར་པ་རྗེ་བཙུན་མུས་པ་ཆེན་པོ་སངས་རྒྱས་རྒྱལ་མཚན་ཀྱི་བྱིན་རླབས་འཇུག་པར་གྱུར་ཅིག།མངྒལཾ།། །།

ན་མོ་གུ་རུ་བུདྡྷ་དྷྭ་ཛ་ཡེ།དུས་གསུམ་སྒྲིབ་མེད་དུ་གཟིགས་པའི་རྒྱལ་བ་མུས་པ་ཆེན་པོ་རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན་དེ་ཉིད་དགུང་ལོ་དོན་གསུམ་བཞེས་ཤིང་།བདག་རང་ལོ་བཅོ་བརྒྱད་ལོན་པའི་དུས་གླིང་དགའ་བདེ་བ་ཅན་གྱི་ཆོས་གྲྭ་ཟུར་དུ་ཟབ་རྒྱས་ཆོས་ཀྱི་བཀའ་དྲིན་མུ་མཐའ་མེད་པ་ཞིག་སྩལ་བའི་དུས་སུ་ཆོས་གཤའ་མ་བྱེད་པ་ལ་དཀའ་སྤྱད་དང་།བློ་ཐག་ནང་ནས་ཆོད་པ་དགོས་ཚུལ་རྒྱས་པར་གསུངས་པའི་འཕྲོས་ལ། སྔོན་གྱི་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་འདི་བཞིན་མཛད་པ་ཡིན་ཞེས་ཁ་རག་སྒོམ་ཆུང་པ་དང་།པོ་ཏོ་བའི་རྣམ་ཐར་འདི་ལྟར་ཡང་གསུངས་ཏེ། སྔོན་གྱི་དུས་སུ་སློབ་དཔོན་རིན་ཆེན་གསལ་བ་དང་།གཙང་ཁ་རག་བསྒོམ་ཆུང་གཉིས་མཆེད་གྲོགས་ཡིན་པ་ལ། དུས་ནམ་ཞིག་འཕན་ཡུལ་བྲག་རྒྱབ་ཏུ་དགོན་པ་ཡ་ཚད་མ་ཚད་ལ་དགེ་སྦྱོར་བྱེད་ཀྱི་ཡོད་པ་ལས་ཁ་རག་སྒོམ་ཆུང་གིས་མཚམས་བཅད་ནས་བསྒོམ་པས།དགེ་བཤེས་པོ་ཏོ་པའི་ཐུགས་ལ། ཐོས་པ་ཙམ་མ་བྱས་པའི་སྒོམ་འདི་མ་ལེགས་ཏེ། ང་ལ་ཆོས་ཅིག་ཉན་ནས་བསྒོམ་ན་ནོར་དུ་འགྲོ་བས་སྙམ་པ་དང་།ཁོང་རང་གི་གྲྭ་པ་རྣམས་ལ་ཡང་ཆོས་གསུངས་རེས་ཀྱི་ལུང་པའི་ཕུ་ཡ་གི་ན་སྒོམ་ཆེན་རྨོངས་པ་ཅིག་ཡོད་ཅེས་ཟུར་ཟ་དང་བཀའ་བཀྱོན་ཀྱི་རྣམ་པ་དུས་རྒྱུན་དུ་མཛད་པ་ལ།དུས་ནམ་ཞིག་ན་ཁོང་གཉིས་ཆོས་སྟོན་ཅིག་ལ་འཚོགས་པས། དགེ་བཤེས་རིན་ཆེན་གསལ་གྱིས་ཅོ་འདྲི་ཐབས་སུ།ཁ་རག་པ་ལ་ཁྱེད་ཀྱིས་དེ་ཙམ་བསྒོམ་པས་ཉམས་རྟོགས་ཅི་སྐྱེས། ཐུགས་ལ་ཅི་ཤར་དྲིས་པས་ཁ་རག་པ་ན་རེ།བདག་གིས་དལ་འབྱོར་རྙེད་པར་དཀའ་བ་དང་འཆི་བ་མི་རྟག་པ་བསྒོམ་པས་ཚེ་འདི་ལ་བློ་ལྡོག་དགོས་པར་གོ་ལགས།ལས་རྒྱུ་འབྲས་ལ་ཡིད་ཆེས་པར་བསྒོམ་པས་འདོད་ཡོད་ལ་བློ་ལྡོག་དགོས་པར་གོ་ལགས། གང་དུ་སྐྱེས་ཀྱང་སྐྱིད་མེད་པར་བསྒོམ་པས་འཁོར་བ་མཐའ་དག་ལ་བློ་ལྡོག་དགོས་པར་གོ་ལགས།བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་སེམས་བསྐྱེད་བསྒོམ་པས་རང་གཅིག་པུའི་བདེ་བ་དང་ཐར་པ་ལ་བློ་ལྡོག་དགོས་པར་གོ་ལགས།ཆོས་ཐམས་ཅད་རང་བཞིན་སྐྱེ་བ་མེད་པར་བསྒོམ་པས་གཟུང་འཛིན་གཉིས་ལ་བློ་ལྡོག་དགོས་པར་གོ་ལགས།ཞེས་གསུངས་པས། དགེ་བཤེས་ཐུགས་མཉེས་ནས་སྔར་མ་གུས་པ་ལ་འགྱོད་པ་སྐྱེས་བཟོད་གསོལ་བྱས་སྟེ།ད་ང་ལ་ཁྱེད་རང་གི་ཐུགས་ལ་དགོངས་པའི་གདམས་ངག་ཡི་གེའི་རིགས་སུ་བྲིས་པ་ཅིག་ཞུ་འཚལ་གསུངས་པས།ཁ་རག་བཞེངས་ནས་དགོན་པར་བཞུད་པ་དང་། དཔོན་སློབ་རྣམས་དགོན་པའི་ས་ཡུལ་དེར་ཉེ་བར་ཕེབས་པའི་ཚེ།དེའི་མཐའ་སྐོར་གྱི་རྩྭ་རྣམས་ཉལ་ཕྱོགས་ཐིབས་སེ་བ་དང་བཅས་མི་སོགས་ཀྱི་རྒྱུ་འགྲུལ་བྱུང་བའི་རྗེས་གཏན་ནས་མི་འདུག་པ་པོ་ཏོ་བས་གཟིགས་པས་འཇིགས་ཆུམ་པ་ཞིག་བྱུང་ཞིང་།དེ་ནས་རིམ་པར་བྱོན་པས་སྒྲུབ་ཁང་གི་ཕྱོགས་བཞིར་ཐོ་བཞི་བརྩིགས་ནས། ཤར་གྱི་ཐོ་ལ། ཉམས་ཆུང་བདག་ལ་རྐྱེན་ངན་གནོད་པ་མང་།།བརྟན་པ་ཐོབ་ནས་བྱང་ཆུབ་གྲོགས་སུ་འཆར། །ནགས་ཀྱི་མེ་དང་མེ་སྟག་ཇི་བཞིན་དུ། །གཅིག་པུར་སྡོད་པ་ཁོ་བོའི་དབྱར་དམ་ཡིན།།ལྷོར། འཆི་བདག་བདུད་ནི་མི་སྡོད་ཚུར་ཚུར་འོང་། །དེ་ལ་ཐར་བའི་ཐབས་ནི་གཅིག་ཀྱང་མེད། །ད་ལྟ་གཉིད་དང་ལེ་ལོའི་དབང་སོང་ནས།།ཅི་འདྲའི་དུས་ཤིག་བདག་ལ་ནམ་འོང་ན། །ནུབ་ཏུ། ཚེ་འདིའི་ལྟོ་རྒྱབ་ཇི་ལྟར་བྱས་ཀྱང་ཕྱིད།།ཤི་ནས་འབྲས་བུ་བྱང་ཆུབ་བཙལ་ཐབས་མེད། །དགྲ་ཟིན་སྡེ་རིགས་ཀུན་ལ་མ་ཆགས་པར། །བསོད་ནམས་ཆེན་པོ་མྱུར་དུ་བསགས་པ་གཅེས།།བྱང་གི་ཐོ་ལ། ཚེ་འདི་ལོང་མེད་ཐ་སྙད་ཐུག་པ་མེད །དེ་ཕྱིར་དམ་པའི་དགོངས་པ་ལོངས་མཛོད་ལ།།འདུ་འཛི་སྤངས་པའི་དགོན་པ་ཉམས་དགའ་དེར། །བསེ་རུ་ལྟ་བུར་གཅིག་པུར་གནས་པར་བྱ། །སྒོའི་ཡ་ཐེམ་ལ།སོ་ནམ་མ་བྱས་ཡོ་བྱད་མ་བསགས་ཀྱང་། །ཆོས་པ་འཁྱགས་སམ་ལྟོགས་ནས་ཤི་བ་དག །སུས་ཀྱང་མཐོང་ཞིང་ཐོས་པ་ཅང་ཡོད་དམ།།ཕྱིན་ཆད་དུ་ཡང་མཐོང་ཞིང་ཐོས་མི་འགྱུར། །མ་ཐེམ་ལ། སྙིང་རིང་བཀའ་བློ་མི་བདེ་རང་འདོད་ཆེ།།ཟག་པ་འཕེལ་བའི་འཁོར་གཡོག་མེད་ན་ལེགས། །ང་ཡི་ཉེ་གནས་ཤེས་རབ་བརྩོན་འགྲུས་ཡིན། །དགོས་པའི་དོན་རྣམས་བསྒྲུབ་ལ་སྐྱོ་ངལ་མེད།།ཅེས་པ་འདུག་པས་ཤིན་ཏུ་མཉེས། དེ་ནས་ནང་དུ་བྱོན་པས་རྣ་བ་ལ་སོགས་རི་དགས་ཀྱི་ཚོགས་མང་དུ་འདུག་པ་ལ།དེ་རྣམས་ཁ་རག་པའི་སྐུ་ལ་ལྕེས་ལྡག་ཅིང་གུས་འདུད་བྱེད་པ་དང་། པོ་ཏོ་བ་ལ་འཇིགས་སྣང་གིས་བྲོས་འགྲོ་བ་གཟིགས་པས།དེའི་རྒྱུ་མཚན་དྲིས་པ་ན། ཁ་རག་པས་བདག་གི་སྐྱེ་བ་ལྔ་བརྒྱར་ཤ་མ་ཟོས་པ་དང་། བྱམས་སྙིང་རྗེ་འདྲ་བསྒོམ་པས་ཡིན་གསུངས་བ་ལ།པོ་ཏོ་བའི་གསུང་གིས་བྱམས་སྙིང་རྗེ་ཙམ་བདག་གིས་ཀྱང་བསྒོམ་བློ་བྱས་པ་ཡིན་ཏེ་ཞེས་གསུངས་ཤིང་ཐུགས་ཞུམ་པར་གྱུར།།དེ་ནས་ཁ་རག་པའི་གསུང་ལས། དེ་རིང་དགེ་བའི་བཤེས་གཉེན་པོ་ཏོ་བ་བྱོན་པས་ལྟོ་སྐྱིད་ཅིག་བྱེད་པ་ཡིན་ཟེར་ནས་ཟན་ཆང་པར་བའི་སྦུགས་སུ་བཅུག་པས་ཡས་སུ་མི་སྙུགམས་སུ་མི་སྙུག་པ་ཞིག་དང་། ལོ་མའི་དུམ་བུ་ཉུང་ཟད་ཅིག་བཞེས། རྒྱུན་པར་གཙོ་ཆེར་དཀའ་ཐུབ་ལ་བཞུགས་པ་ཡིན་པར་གདའ།།དེ་ནས་ཁ་རག་པས་ཨང་ཡིག་བདུན་ཅུ་མ་སོགས་ཀྱི་གདམས་པ་གནང་ཏེ། དགེ་བའི་བཤེས་གཉེན་པོ་ཏོ་བ་ཁོང་རང་གི་དགོན་པར་བྱོན།དེ་ཕྱིན་ཆད་ཆོས་གནང་རེས་བཞིན་དགོན་པ་ཡ་གི་ན་བསྒོམ་ཆེན་བཟང་པོ་ངེད་ཀྱི་ཆོས་བཤད་པ་འདི་ཐམས་ཅད་ཁོང་གིས་ཉམས་སུ་བླངས་པ་ཞིག་ཡོད་པ་ཡིན་གསུངས་བསྟོད་བཀུར་བསྔགས་གསུམ་ཁོ་ན་མཛད་པ་ཞིག་བྱུང་བར་གདའ།ཞེས་པ་འདི་ནི་བདག་གི་བླ་མ་འབྲེལ་ཚད་དོན་དང་ལྡན་ངེས་པའི་ཡོངས་འཛིན་དམ་པ་རྗེ་བཙུན་མུས་པ་ཆེན་པོ་སངས་རྒྱས་རྒྱལ་མཚན་དེ་ཉིད་ཀྱི་གསུང་ལས་ཡང་ཡང་དུ་བྱོན་པ་རང་གི་བློ་ལ་ཇི་ལྟར་ཟིན་པ་བཞིན།རྗེ་དེ་ཉིད་ཀྱི་སྤྱན་རས་ཀྱི་བུ་གཅིག་པ་ལྟར་འཚོ་བའི་སྐལ་བ་བཟང་པོ་ཅན་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་དཔལ་ས་སྐྱའི་བཞི་ཐོག་བླ་བྲང་གི་འོད་གསལ་སྣང་བར་སུག་བྲིས་བགྱིས་པའི་ཡི་གེ་པ་ནི་རབ་འབྱམས་སྨྲ་བ་རྒྱ་མཚོའི་མཐའ་ཅན་གྱིས་བགྱིས་སོ།།།།འདིས་འཕྲལ་དང་ཡུན་དུ་དགེ་ལེགས་སུ་གྱུར་ཅིག །

བླ་མ་རྣམས་དང་གཉིས་སུ་མེད་པའི་རྗེ་བཙུན་ཨུཏྤལ་སྔོ་ལྡན་ལ་ཕྱག་འཚལ་ལོ།།བཟླས་བརྗོད་བྱེ་བའི་ཕ་མཐར་སོན། །ས་སྐྱོང་ཀུན་གྱི་ཞབས་ལ་གཏུགས། །གང་གི་མཚན་གྲགས་བསྟན་པའི་རྒྱན།།བསོད་ནམས་དབང་པོའི་ཞབས་ལ་འདུད། །ས་སྐྱའི་སྡེ་དང་བསྟན་པའི་ཁུར། །ངལ་བ་ལྷུར་བཞེས་སེམས་དཔའ་ཆེ།།ཅི་མཛད་བསྟན་འགྲོའི་དོན་འགྱུར་བའི། །གྲགས་པ་བློ་གྲོས་ཞབས་ལ་འདུད། །རང་གཞན་དོན་གཉིས་མཐར་ཕྱིན་ནས།།ད་ལྟ་མཁའ་སྤྱོད་གནས་ན་བཞུགས། །དུས་གསུམ་སྒྲིབ་མེད་གཟིགས་པ་ཡི། །རྗེ་བཙུན་མུས་པའི་ཞབས་ལ་འདུད།།སྐྱེས་བུ་དམ་པའི་རིགས་སུ་འཁྲུངས། །གསན་པ་རྒྱ་མཚོའི་མཛོད་དང་ལྡན། །རྒྱལ་བའི་སྲས་པོ་སྤྱན་སྔ་བ།།ཀུན་དགའ་དོན་གྲུབ་ཞབས་ལ་འདུད། །གཅིག་ཏུ་བསྒྲུབ་ལ་བརྩོན་མཛད་པའི། །ངང་ནས་གཞན་དོན་ལྷུན་གྱི་གྲུབ།།བཙུན་ཞིང་བཟང་པོའི་ཡོན་ཏན་ལྡན། །སྦྱིན་པ་གྲགས་པའི་ཞབས་ལ་འདུད། །གསན་པ་བྱེ་བའི་ཐུགས་རྒྱུད་གཏམས།།ཟབ་བཞེས་འབུམ་སྡེའི་ནོར་གྱིས་ཕྱུག །སྙན་བརྒྱུད་བསྟན་པའི་རྩ་ལག་མཆོག །དབང་ཕྱུག་རབ་བརྟན་ཞབས་ལ་འདུད།།ཤེས་བྱ་མ་ལུས་ཐམས་ཅད་མཁྱེན། །རྒྱུན་དུ་ཏིང་འཛིན་སྒྲུབ་ལ་གཞོལ། །དེང་སང་བསྟན་འཛིན་ཀུན་གྱི་རྒྱན།།ངག་དབང་ཆོས་གྲགས་ཞབས་ལ་འདུད། །གཞན་ཡང་ཞལ་མཇལ་གསུམ་ཐོས་ཤིང་། །ཟབ་མོའི་ཆོས་ཀྱི་འབྲེལ་བ་ཡི།།ཡོངས་སུ་གྲགས་མིན་བཀའ་དྲིན་ཅན། །བླ་མ་རྣམས་ཀྱི་ཞབས་ལ་འདུད། །ཁྱེད་རྣམས་ཐ་མལ་སྐུར་མཐོང་བ།།རང་སེམས་གདོད་མའི་སངས་རྒྱས་འདི། །གློ་བུར་དྲི་མས་སྒྲིབ་ཕྱིར་ཏེ། །དེ་ཕྱིར་ལོག་ལྟ་ཅི་བགྱིས་བཤགས།།ཡོངས་འཛིན་དམ་པ་ཁྱེད་རྣམས་ཀྱི། །རྗེས་འབྲངས་སློབ་བུའི་ཐ་ཆུང་བདག །གཞོན་ནུའི་དུས་ཀྱི་བསམ་པ་ལ།།རབ་བྱུང་བསྙེན་རྫོགས་ཐོས་བསམ་དག །ངོམས་མེད་སྤྱད་དེ་གངས་ཁྲོད་འདིར། །མི་ཚེ་འཆད་ཉན་སྒྲུབ་པ་ལ།།དྲིལ་ནས་སྤྱི་དང་བྱེ་བྲག་གིས། །བསྟན་པའི་རྒྱལ་མཚན་གཟུང་སྙམ་པའི། །སེམས་བསྐྱེད་མི་དམན་ཙམ་མཆིས་ཀྱང་།།རང་གི་སྔོན་བསགས་ལས་ཀྱི་མཐུས། །ད་ནི་དཔལ་ལྡན་ས་སྐྱ་ཡིས། །ལུགས་གཉིས་འཁུར་གྱིས་ལུས་སེམས་མནར།།འདི་འདྲ་བེའུའི་ཕྲག་པ་རུ། །གླང་ཆེན་འཁུར་པོ་ལྷུང་བ་ལྟར། །བླ་མ་གོང་མ་སངས་རྒྱས་ཀྱི།།མཛད་འཕྲིན་བདག་འདྲ་སོ་སྐྱེ་ཡི། །སྐྱོང་ཞེས་ཁྱོངས་བར་འདོད་པ་མཚར། །འོན་ཀྱང་སྐྱབས་གནས་ཀུན་འདུས་པའི།།རྩ་བའི་བླ་མ་ཁྱེད་རྣམས་ཀྱི། །རེ་སྨོན་འདི་རྣམས་འགྲུབ་པར་མཛོད། །བསྟན་པ་འཕེལ་ཞིང་གནས་པའི་ཕྱིར།།བདག་ཅག་དཔོན་སློབ་ཚེ་རིང་ཞིང་། །བསམ་པའི་དོན་ཀུན་འགྲུབ་པ་དང་། །དེ་རྒྱུན་ཇི་སྲིད་བསྐལ་པའི་བར།།རིགས་བརྒྱུད་དྲི་མ་མེད་པ་ཡི། །རྒྱུན་ཆད་མེད་པར་ལེགས་བསྐྱངས་སྟེ། །འཕྲལ་དང་ཡུན་གྱི་འདོད་པའི་དོན།།ཀུན་ཀྱང་འབད་མེད་ལྷུན་གྲུབ་མཛོད། །བདག་ཅག་དཔོན་སློབ་གདུལ་བྱར་བཅས། །ཕྱི་མ་ལྷན་ཅིག་ཞིང་གི་མཆོག།བདེ་བ་ཅན་དུ་ལེགས་སྐྱེས་ནས། །སླར་ཡང་སྤྲུལ་པས་བསྟན་འཛིན་མཛོད། །ཅེས་རང་གི་རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་འཆི་མེད་དབང་པོའི་རྔ་སྒྲ་ཞེས་བྱ་བ་འདི་ཡང་།འཇམ་མགོན་གྲུབ་པའི་འཁོར་ལོ་བསྒྱུར་བ་པདྨའི་རྣམ་འཕྲུལ་འཇམ་པའི་དབྱངས་བསོད་ནམས་དབང་པོ་དང་།རྒྱལ་སྲས་ཞི་བ་འཚོའི་རྣམ་པར་སྤྲུལ་པ་ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པ་བློ་གྲོས།དུས་གསུམ་རྒྱལ་བ་ཀུན་གྱི་སྤྲོ་བསྡུའི་བྱེད་པོ་རྗེ་བཙུན་མུས་ཆེན་འཁོར་ལོ་སྡོམ་པ་སངས་རྒྱས་རྒྱལ་མཚན།སྤྲུལ་པའི་སྐུ་སྤྱན་སྔ་རིན་པོ་ཆེ་ཀུན་དགའ་དོན་གྲུབ། བསྒྲུབ་པའི་རྒྱལ་མཚན་འཛིན་པའི་རྗེ་ནགས་དགོན་པ་ཆེན་པོ་སྦྱིན་པ་གྲགས་པ།སྙན་བརྒྱུད་གདམ་པའི་གཏེར་ཆེན་ཆོས་ཀྱི་རྗེ་དབང་ཕྱུག་རབ་བརྟན། མདོ་སྔགས་བསྟན་པའི་མངའ་བདག་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་ཀྱི་གྲགས་པ་ལ་སོགས་ཏེ་ཡོངས་འཛིན་བསླུ་མེད་དམ་པ་དུ་མའི་ཞབས་སེན་རིན་པོ་ཆེ་དབང་གི་རྒྱལ་པོ་སྤྱི་བོའི་རྒྱན་དུ་བཀོད་པའི་ས་སྐྱ་པ་ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ཀྱིས།དཔལ་ས་སྐྱའི་བཞི་ཐོག་བླ་བྲང་གི་འོད་གསལ་སྣང་བར་སྦྱར་བ་འདིས། །བདག་ཅག་དཔོན་སློབ་ཀྱི་འདི་ཕྱིའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག།ཅེས་པའི་ཡི་གེ་པ་ནི་རབ་འབྱམས་སྨྲ་བ་དགེ་སློང་རྡོ་རྗེ་འཛིན་པ་བསམ་གཏན་རྒྱ་མཚོས་མགྱོགས་པར་བགྱིས་སོ།།སརྦ་མངྒལཾ།། །།ཀལྱཱ་ན་ཝརྡྷནྟུ། སརྦ་དཱ་ཨོཾ།

ན་མོ་གུ་རུ་བུདྡྷ་དྷྭ་ཛ་ཡེ།འཇམ་དབྱངས་མཆེད་དང་རྒྱལ་བ་མུས་པ་ཆེ། །སྤྱན་སྔ་རིན་ཆེན་ནགས་དགོན་སྦྱིན་པ་གྲགས། །དབང་ཕྱུག་རབ་བརྟན་ངག་དབང་ཆོས་གྲགས་ལ།།གསོལ་བ་འདེབས་སོ་དོན་གཉིས་མཐར་ཕྱིན་སྩོལ། །ཞེས་རང་གི་རྩ་བའི་བླ་མ་བཀའ་དྲིན་ཅན་རྣམས་ལ་གསོལ་བ་འདེབས་པ་བསམ་པ་ལྷུན་གྲུབ་ཅེས་བྱ་བ་འདི་ཡང་།ས་སྐྱ་པ་སྔགས་འཆང་ཆོས་མེད་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་རང་ཉིད་ཀྱི་རྒྱུན་པའི་ཁ་འདོན་གྱི་སླད་དུ་སུག་བྲིས་བགྱིས་པ་འདི་ཕྱིའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག སརྦ་མངྒལཾ།། །།

རང་ལ་བཀའ་དྲིན་ཆེ་བའི་བླ་མ་ལ་གསོལ་བ་འདེབས་པ་དངོས་གྲུབ་མཆོག་སྩོལ་བཞུགས།༣༤ན་མོ་གུ་རུ་ས་པ་རི་ཝཱ་ར་ན་མཿ བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འགྲོ་བའི་བླ་མ་རྗེ་བཙུན་ཆོས་ཀྱི་རྗེ།།བསྟན་པའི་བདག་པོ་མཁས་གྲུབ་ཡོངས་ཀྱི་མགོན། །རྒྱལ་བའི་བསྟན་པ་ཉིན་ལྟར་འབྱེད་མཁས་པའི།།བཀའ་དྲིན་མཉམ་མེད་བླ་མའི་ཞབས་ལ་འདུད། །ཀུན་ནས་མཛེས་པའི་གསེར་གྱི་ཁྲི་སྟེང་དུ། །དྲི་མེད་རབ་མཛེས་སྣ་ཚོགས་རྡོ་རྗེའི་དབུས།།བདག་སོགས་འགྲོ་བ་ཀུན་ཀྱི་སྐྱབས་གཅིག་པུ། །བཀའ་དྲིན་མཉམ་མེད་བླ་མའི་ཞབས་ལ་འདུད། །དྲི་མེད་ལྷ་ཡི་རིགས་འཁྲུངས་མཛེས་པའི་སྐུ།།དྲི་མེད་ཚངས་དབྱངས་འབྲུག་སྒྲ་སྒྲོག་པའི་གསུང་། །དྲི་མེད་ཐུགས་ཀྱི་བདག་སོགས་འགྲོ་བ་སྐྱོང་།།བཀའ་དྲིན་མཉམ་མེད་བླ་མའི་ཞབས་ལ་འདུད། །འགྲོ་བའི་བླ་མ་རྗེ་བཙུན་ཁྱོད་ཉིད་ལ། །བདག་སོགས་སྙིང་ནས་དད་པའི་འགྲོ་བ་རྣམས།།མྱུར་དུ་སངས་རྒྱས་འབྲས་བུ་ཐོབ་མཛད་པའི། །བཀའ་དྲིན་མཉམ་མེད་བླ་མའི་ཞབས་ལ་འདུད། །དོན་མེད་འཁོར་བར་འཁྱམས་པའི་རྒྱུར་གྱུར་པའི།།འཇིག་རྟེན་ཕྱོགས་ལ་སྙིང་པོ་མེད་གཟིགས་ནས། །འཁྲུལ་ཞིག་སྤྱོད་པས་སྐལ་ལྡན་དྭངས་བ་འདྲེན།།བཀའ་དྲིན་མཉམ་མེད་བླ་མའི་ཞབས་ལ་འདུད། །དེ་ལྟར་འགྲོ་མགོན་འཇམ་དབྱངས་བླ་མ་ལ། །སྙིང་ནས་དྲན་པའི་ཡིད་ཀྱིས་གསོལ་བཏབ་པས།།གཡེལ་བ་མེད་པར་ཐུགས་རྗེས་བཟུང་ནས་ཀྱང་། །མྱུར་དུ་རྣམ་མཁྱེན་འབྲས་བུ་ཐོབ་པར་ཤོག །སྔར་བཞིན་ཉིན་རེ་བཞིན་དུ་རྗེ་བཙུན་གྱི།།སྐུ་མཆོག་མཐོང་དང་གསུང་གི་བདུད་རྩི་ཡིས། །སྒྲིབ་པ་ཀུན་སྦྱངས་ཚོགས་མཆོག་རྫོགས་པ་སོགས།།ལེགས་པའི་ཡོན་ཏན་གོང་ནས་གོང་འཕེལ་རྣམས། །རེ་ཞིག་བར་དུ་འབྱུང་བར་མི་ནུས་ཀྱང་། །རྗེ་བཙུན་རྩ་བརྒྱུད་བླ་མའི་ཐུགས་རྗེ་དང་།།དཀར་ཕྱོགས་རྒྱལ་ཞིང་ནག་ཕྱོགས་ཕམ་པའི་མཐུས། །སླར་ཡང་དཔལ་ལྡན་ས་སྐྱའི་གནས་མཆོག་འདིར།།མྱུར་དུ་མཇལ་ཞིང་ཆོས་འཁོར་བསྐོར་བ་དང་། །བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས།།འགྲོ་བའི་བླ་མ་རྗེ་བཙུན་ཉིད་ལ་སོགས། །རྒྱལ་བའི་བསྟན་པ་འཛིན་པའི་སྐྱེས་བུ་རྣམས། །སྐུ་ཚེ་རིང་ཞིང་འཕྲིན་ལས་རྒྱལ་པའི་མཐུས།།རྒྱལ་བསྟན་ཡར་ངོའི་ཟླ་ལྟར་འཕེལ་གྱུར་ནས། །འཇིག་རྟེན་ཁམས་ཀྱི་འགྲོ་བ་མ་ལུས་རྣམས། །བདེ་སྐྱིད་འཕེལ་ཞིང་ཆོས་ལ་སྤྱོད་པར་ཤོག།ཅེས་པ་འདི་ནི་འཁོན་གྱི་རིགས་ཅན་ཤཱཀྱའི་བཙུན་པ་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས།རང་ལ་བཀའ་དྲིན་ཆེ་བའི་བླ་མ་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་འདི་ཉིད་རྗེ་བླ་མ་དེ་ཉིད་མདོ་ཁམས་སྨད་ཀྱི་ཕྱོགས་ལ་གདུལ་བྱར་བྱོན་དུས་ཡང་དང་ཡང་དུ་བླ་མ་ཉིད་དྲན་པའི་རྐྱེན་བྱས་ཏེ་ལེགས་པར་སྦྱར་བའོ།།ཡི་གེ་པ་ནི་ཀུན་དགའ་དོན་གྲུབ་ཀྱིས་བགྱིས་སོ། །འདི་ལ་ཉེས་པའི་ཚོགས་མཆིས་ན་བླ་མ་དཀོན་མཆོག་གི་བཟོད་པར་མཛད་དུ་གསོལ།།མངྒ་ལཾ།། །།

གདོད་མའི་བླ་མ་ལ་གསོལ་འདེབས་ཀྱི་ཡི་གེ་དད་པའི་མེ་ཏོག་བཞུགས།རྗེ་རང་རིག་བླ་མའི་ཞབས་ལ་འདུད། །གང་ཤར་ཚད་ལེགས་པའི་མཆོད་པ་འབུལ། །ཤིས་སྐྱེ་བ་མེད་པའི་བརྟན་བཞུགས་འབུལ།།གདོད་སྤྲོས་དང་བྲལ་བའི་བསྟོད་པ་འབུལ། །དོན་ཟུང་འཇུག་ངང་དུ་འབྲལ་མེད་བཟུང་། །ཞེས་པ་འདི་ནི་རྗེ་བླ་མ་མུས་པའི་དྲིན་ལས་ལེགས་པར་རྟོགས་པ་ས་སྐྱ་པ་ཨ་ནནྡའི་མིང་ཅན་གྱིས་དྲན་གསོའི་ཚུལ་དུ་བསམ་རྩེ་བྲང་ཆེན་ཡང་སྟེང་དུ་བྲིས་པའོ།།འདིར་སྨྲས་པ། ཀྱེ་མ་ལུང་དུས་བསྟན་པའི་མཇུག་འདི་ལ། །མཚན་ལྡན་བླ་མ་རིན་ཆེན་གསེར་ལས་དཀོན།།བསྟན་པ་བསམ་པའི་སྐྱེ་བོ་ཉིན་སྐར་ཙམ། དེ་ལའང་མི་མཐུན་ཕྱོགས་ཀྱི་རྒྱུན་དུ་གོས། འདི་ལ་བསམ་གྱིན་ཁོ་བོ་མཆི་མ་དཀུ།།ཐོག་མེད་དུས་ནས་མི་དགེ་སྤྱད་པའི་མཐུས། མཚམས་མེད་ལས་ངན་བསགས་པའི་སྐྱེས་བུ་དག །མགུ་བའི་ཐབས་ལ་འབད་དགོས་པའི།།དུས་ངན་འདི་ལ་སྐྱེ་ང་སྐྱོ་བ་ལ། །རྟག་ཏུ་དུག་ཆུའི་མྱོས་པའི་ངག་ཟག་རྣམས། །ཡང་དག་སེམས་ལྡན་རྣམས་ལ་རབ་འཚེ་བའི།།ངན་པས་སྤྱོད་པའི་སེམས་ཀྱིས་འགྱུར་བའི་ཚུལ། །འདི་འདྲ་བསམ་གྱིན་ཡང་ཡང་ཡིད་མུག་འཕེལ།།འོན་ཀྱང་ཡོངས་འཛིན་མཆོག་གི་བཀའ་དྲིན་ལས། །གདམས་པ་རྒྱ་མཚོའི་བཅུད་ཀྱི་རྒྱུད་གཏམས་པའི།།སྣ་ཚོགས་རྐྱེན་ངན་དྲག་པོ་གང་བྱུང་ཡང་། །ཧ་ཅང་ངལ་བར་འགྱུར་བའི་སྐབས་མ་མཆིས། །སརྦ་མངྒ་ལཾ།།།།