སུམ་པ་ཡེ་ཤེས་དཔལ་འབྱོར་
སུམ་པ་ཡེ་ཤེས་དཔལ་འབྱོར་ནི་མཚོ་སྔོན་པོའི་ལྷོ་ནུབ་རྨ་ཆུའི་འགྲམ་སྔར་ཨོ་རོད་སོག་པོ་གཡས་རུས་ཐོག་མར་དབང་བསྒྱུར་བའི་ཡུལ་ཐོ་ལི་ཞེས་པར་རྗེའུ་དཔོན་གྱི་རིགས་སུ་བྱོན་པའི་ཡབ་རྡོ་རྗེ་བཀྲ་ཤིས་དང་། ཡུམ་ཇུའུན་གྷར་པ་བཀྲ་ཤིས་མཚོ་གཉིས་ལ་སྲས་ལྕམ་སྲིང་བདུན་འཁྲུངས་པའི་བཞི་པ་སྟེ་རབ་བྱུང་བཅུ་གཉིས་པའི་ཤིང་སྤྲེལ༡༧༠༤ལོའི་ཟླ་བ་བརྒྱད་པའི་ཚེས་བཅོ་ལྔའི་སྔ་དྲོ་ཉི་ཤར་གྱི་དུས་སུ་སྐུ་བལྟམས། དགུང་ལོ་གསུམ་ཙམ་སླེབས་དུས་ཡབ་ཀྱིས་པཎ་ཆེན་གསོལ་འདེབས《དགེ་ལེགས་ཡོན་ཏན་མ》བསླབས། མེ་ཕག༡༧༠༧ལོར་སོག་པོ་ཆེ་ཧོར་དགེ་སློང་ཞེས་པར་དགེ་རྒན་བསྟེན་ནས་ལོ་གཉིས་ཀྱི་རིང་ཀློག་བསླབས་ཤིང་ཆོས་སྤྱོད་རྣམས་སྦྱངས། དགུང་ལོ་བདུན་པ་ལྕགས་སྟག༡༧༡༠ལོར་འཇམ་བཞད་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ནས་སུམ་པ་གོང་མའི་སྐུ་སྐྱེ་ཡིན་པར་ངོས་འཛིན་གནང་། དེ་ནས་འཇམ་བཞད་ཀྱི་བཀའ་བཞིན་སྡེ་དཔོན་དང་ཡབ་ཡུམ་གྱིས་ཐར་ཤུལ་ཆོས་སྐྱོང་རྒྱ་མཚོའི་སྐུ་མདུན་བསྐྱལ། དེ་ལ་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་དང་བར་མ་རབ་བྱུང་གི་སྡོམ་པ་མནོས། མཚན་བློ་བཟང་ཆོས་སྐྱོང་ཞེས་གསོལ། མི་རིང་བར་ཕ་ཡུལ་དུ་ཕྱིར་ཕེབས། ལྕགས་ཡོས༡༧༡༡ལོར་སྐུ་འབུམ་དུ་ཆོས་མཇལ་ཕེབས། ཆུ་འབྲུག༡༧༡༢ལོའི་ཟླ་བ་གསུམ་པའི་ཚེས་བརྒྱད་ལ་དགོན་ལུང་གི་སུམ་པ་བླ་བྲང་དུ་གདན་དྲངས། དགོན་ལུང་བྱམས་པ་གླིང་ནི་རྒྱལ་དབང་བཞི་པ་ཡོན་ཏན་རྒྱ་མཚོའི་བཀའ་བཞིན་རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོས་རབ་བྱུང་བཅུ་པའི་ཤིང་འབྲུག༡༦༠༤ལོའི་ཟླ་བ་གསུམ་པའི་ནང་བཏབ་པ་རེད། གནས་དེར་སྔར་ཀརྨ་པ་རོལ་པའི་རྡོ་རྗེ་ཡུན་རིང་བཞུགས་ལ། སྦས་ཡུལ་དཀར་པོའི་ལྗོངས་སུ་རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་སྒྲུབ་ཕུག་ཀྱང་མཇལ་དུ་ཡོད་ཅིང་། དགོན་འདི་མཚོ་སྔོན་པོའི་བྱང་གི་ཕྱོགས་སུ་ཡོད། སློབ་ཆུང་བ་ངག་དབང་བསྟན་འཛིན་དང་བློ་གྲོས་རྒྱ་མཚོ་རྣམ་གཉིས་ཀྱི་མདུན་ལ་རིག་ལམ་ཆེ་འབྲིང་ཆུང་གསུམ་དང་འདུལ་བ་མངོན་པ་གོང་འོག ཕར་ཕྱིན་བཅས་ལ་སྦྱོང་བརྩོན་མཐར་ཕྱིན་མཛད། ཆོས་བཟང་རིན་ཆེན་མདུན་ལམ་རིམ་གྱི་ཁྲིད་དང་སྨོན་སེམས་ཀྱི་སྡོམ་པ་ཞུས། ལྕང་སྐྱ་ངག་དབང་ཆོས་ལྡན་གྱིས་པེ་ཅིན་ཕོ་བྲང་ནས་གོས་བེར་དང་ཞྭ་སྣེ་རིང་བསླབ་བྱ་བཅས་འབྱོར། ཤིང་ལུག༡༧༡༥ལོར་གྲིབ་ནད་ཀྱིས་ཟླ་བ་ཕྱེད་གཉིས་ཙམ་བསྙུངས། མེ་སྤྲེལ༡༧༡༦ལོའི་ཟླ་བ་དྲུག་པའི་ཚེས་བརྒྱད་ལ་སློབ་དཔོན་ཆོས་བཟང་མདུན་དགེ་ཚུལ་གྱི་སྡོམ་པ་བཞེས། རབ་འབྱམས་པ་རྒྱ་ཏིག་བློ་བཟང་དོན་གྲུབ་དང་འདན་མ་དཀའ་བཅུ་མགོ་ཁྲ་ཆོས་གཉིས་ཀྱིས་དབུས་གཙང་དུ་སློབ་གཉེར་འགྲོ་དགོས་པའི་བསྐུལ་མ་བྱས་པ་བཞིན་ཕེབས་མོས་སྐོམ་པ་ཆུ་འདོད་ལྟར་བྱུང་ཡང་སུམ་པ་ཆོས་རྗེ་ཁུ་དབོན་གྱིས་རེ་ཞིག་བཀག ཆུ་ཡོས༡༧༢༣ལོར་དགུང་ལོ་ཉི་ཤུར་དཔའ་རིན་ངག་དབང་བཀྲ་ཤིས་མདུན་དགེ་འདུན་བརྒྱ་ཕྲག་བདུན་ལྷག་དང་ལྷན་དུ་རྒྱུད་སྡེའི་བཞིའི་དབང་ཁྲིད་གསན། དེ་ནས་རིམ་པར་མཚོ་སྔོན་དུ་བཏེག མཚོ་སྔོན་སྟོད་ཕྱོགས་ཀྱི་དཔོན་རྣམས་ནང་འཁྲུགས་ཡོད་པའི་རྐྱེན་གྱིས་དཔོན་བློ་བཟང་བསྟན་འཛིན་གྱིས་དཔོན་བློ་བཟང་བསྟན་འཛིན་གྱིས་མི་སྣ་བཏང་སྟེ་སོ་ལོ་མོའི་བར་དུ་བསྐྱལ། དེ་ནས་སྔོན་བཙུན་པ་ལྔ་ཁྲི་ལྔ་སྟོང་འདུས་པར་གྲགས་པའི་འབྲི་གུང་གདན་ས་མཐིལ་མཇལ། ཧོར་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ལ་བཀྲ་ཤིས་ལྷུན་པོར་པཎ་ཆེན་རིན་པོ་ཆེ་མཇལ་དུ་ཕེབས། ཟླ་བ་དེའི་ཚེས་བཅུ་གཅིག་པར་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་མཁན་སློབ་སྦྲགས་མ་གནང་ཞིང་གསང་སྟོན་ཁ་སྐོང་། དུས་བགོ་བ་སོགས་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། མཚན་ཡེ་ཤེས་དཔལ་འབྱོར་ཞེས་གསོལ། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དང་རྒྱལ་བ་སྐལ་བཟང་རྒྱ་མཚོ་སོགས་མཇལ། ར་སྟོད་དུ་རྟགས་རིགས་བློར་འཛིན་མཛད། དཔལ་ལྡན་འབྲས་སྤུངས་སུ་གྲྭ་ཚང་བཞི་ཡོད་པ་ལས་སྒོ་མང་གྲྭ་ཚང་གི་བསམ་བློ་ཁམས་ཚན་ལ་ཞུགས། གྲྭ་ཚང་གིས་ཆོས་མཛད་བརྐོས། མོག་ཅ་འཇམ་དབྱངས་རྒྱ་མཚོ་བསྟེན་ནས་རིག་པའི་གནས་ཀྱི་གཙོ་བོ་གཞུང་ལུགས་ཆེན་པོ་རྣམས་ལ་སློབ་གཉེར་གནང་། རྒྱུད་སྨད་སློབ་དཔོན་བྱ་ཁྱུང་བ་ནོ་མོན་ཧན་གྱིས་སེ་རའི་དགེ་བཤེས་དུ་མ་དང་མཉམ་དུ་ཡོད་པ་ལ་བྷོ་ངྷི་ཙེའི་ཕྱག་ཕྲེང་བཞི་ཁུག་མཛད་ནས་སུམ་པའི་དབུ་ལ་ཕྱག་འབེབས་གནང་། དྲང་ངེས་རྣམ་འབྱེད་ཡང་དག་མཐའི་སེམས་བསྐྱེད་ཀྱང་བགྲོ་གླེང་རིམ་པར་གནང་ཡང་ཁས་ལེན་མ་ཤོར་བས་ཐུགས་དགྱེས། གྲལ་མགོར་བཞག་ནས་གསོལ་ཞལ་ཞོས་བཀང་བ་གནང་སྟེ་ཕོར་བ་དེའི་ནང་དུ་འཐུང་། ད་ཕྱིན་ཆད་ང་རྒྱལ་མ་བྱེད་གསུངས། མེ་ལུག༡༧༢༧ལོར་དབྱར་ཆོས་སྐབས་སུ་འབྲས་སྤུངས་སྤྱིའི་ཆོས་སུ་རྡོ་བཅལ་ཆེན་མོར་དྲང་ངེས་དབུ་མའི་ཐལ་ཟློག་གི་ཚོགས་ལངས་བྱས། དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་བཞུགས་མོས་བྱུང་ཡང་ཞབས་ཕྱི་པས་བར་ཆད་ཀྱིས་ཕེབས་མ་ཐུབ། སླར་ཡང་ཞབས་ཕྱི་པས་སུམ་པ་ཁུ་དབོན་དང་ཁོང་གཉིས་པར་མི་རིགས་པ་མང་དུ་བྱས་ཀྱང་སྡིག་པ་དག་པའི་མཐུན་རྐྱེན་དུ་གྱུར། དེ་ལ་ཞོན་རྟ་གོན་པ་ལམ་ཆས་བྱིན་ནས་བརྫངས། དེ་ནས་བཟུང་འཚོ་བའི་མཐུན་རྐྱེན་ཧ་ཅང་དཀོན་པོ་གྱུར། ཉིན་མཚན་རྒྱུན་འཁྱོངས་ཀྱིས་སྐྱོ་ངལ་མེད་པར་སློབ་གཉེར་ཤ་སྟག་གནང་། ལྕང་སྐྱ་ངག་དབང་ཆོས་ལྡན་ལ་བདེ་མཆོག་ལུ་ཧི་པ་དང་དྲིལ་བུ་པ་ཀུན་རིག་བཅས་ཀྱི་དབང་གསན། ཤར་རྩེ་མཁན་ཆེན་ནམ་མཁའ་བཟང་པོ་ལ་ལམ་རིམ་ཆེན་མོའི་ཁྲིད་དང་བདེ་ལམ་ཉམས་ཁྲིད་སེམས་བསྐྱེད་འབོགས་ཆོ་གསང་འདུས་འགྲེལ་པ་བཞི་སྦྲགས་ཀྱི་བཤད་པ་དུ་མ་དང་། བཀའ་འགྱུར་བ་དམ་ཆོས་རིན་ཆེན་ལ་རྗེའི་གསུང་འབུམ་གྱི་ལུང་དང་མངའ་རིས་པ་བློ་བཟང་ཡར་འཕེལ་ལ་བ་རི་བརྒྱ་རྩ་མགོན་ཆེན་བཅུ་གསུམ་སོགས་ཀྱི་རྗེས་གནང་དང་། པྲ་ཏི་རིན་ཆེན་དོན་གྲུབ་དང་དེའི་སློབ་མ་སྨོན་ལམ་ལྷུན་གྲུབ་ལ་དབྱངས་ཅན་སྒྲ་མདོ་དང་སྐུ་འབུམ་བསོད་ནམས་རྒྱལ་མཚན་ལ་སུམ་རྟགས་ཀྱི་ཁྲིད།རྒྱུད་སྨད་སློབ་དཔོན་པ་ཙ་གྲགས་པ་ལྷུན་གྲུབ་ལ་ལཉྫ་ཝརྟུ་མཆོད་རྟེན་ཐིག་རྩ་གཟབ་གཤར་འབྲི་ཚུལ་སོགས་ལེགས་པར་སྦྱངས། སོག་པོ་རབ་འབྱམས་པ་ངག་དབང་རྒྱ་མཚོ་ལ་ལྔ་བསྡུས་སོགས་དང་འབྲས་སྤུངས་སྨན་རམས་པ་ལ་ནག་རྩིས་བཅས་གསན། དགུང་ལོ་ཉེར་ལྔར་ཕེབས་པ་ན་གྲོགས་གཉིས་དང་བཅས་ལྡོམ་བུ་པའི་སྤྱོད་པས་བསམ་ཡས། ཟངས་རི་མཁར་དམར། དྭགས་ལ་སྒོམ་པོ། དེ་ཝེ་ཀོ་ཊིའི་སོགས་ལ་གནས་མཇལ་དུ་བྱོན། སླར་ཡང་འབྲས་སྤུངས་སུ་བྱོན་ཚེ་བཀའ་བློན་ཚོས་ཕོ་ལྷ་ཐའི་ཇིའི་སྟེང་དུ་དམོད་བཟློག་བྱེད་པ་དང་ཐུག གཙང་དང་ལ་དྭགས་མངའ་རིས་པའི་དམག་ལྷ་སར་ཉེ་བར་བྱུང་བས། བཀའ་བློན་ཚོས་སེར་འབྲས་ཀྱི་གྲྭ་པ་རྣམས་དམག་ལ་འགྲོ་དགོས་ཞེས་བཀའ་བྱུང་། ཧ་ཅང་ཛ་དྲག་ཆེ་བའི་དུས་དེར་ཁོང་གིས་སྐུ་སྲོག་ལ་མ་སྟོས་པར། ངེད་གྲྭ་པ་རྣམས་ཤུལ་ལམ་རིང་མོ་ནས་བརྒྱུད་དེ་རྒྱལ་བ་ཡབ་སྲས་ཞལ་མཇལ་གསུང་ཐོས་དང་སློབ་གཉེར་དཔྱིས་ཕྱིན་པ་བྱས་ནས་བསླབ་སྡོམ་བསྲུངས་བ་ལས་གཡུལ་འགྱེད་པ་ལྟ་ཞོག་སྲིན་བུ་ཕྲ་མོ་ཚུན་ལའང་སྲོག་གཅོད་བསམ་པ་མེད། འོན་ཀྱང་གོང་ས་ཐམས་ཅད་མཁྱེན་པའི་ཞབས་ཏོག་དང་གྲྭ་པའི་ལ་རྒྱར་མི་གནོད་པ་ཞིག་ངེས་པར་ཡོད་ན་དམག་དཔོན་ལ་ང་རང་འགྲོ་ཆོག་ཞེས་ཁས་བླངས། གཏམ་དེས་སེར་དམག་འགྲོ་རྒྱུ་དེ་བཤོལ་ཐུབ་འདུག ཡིན་ནའང་ལོག་སེམས་འཆང་བའི་མི་རྣམས་ཀྱིས་ཁོང་ལ་དུག་དྲངས་པས་སྙུང་གཞི་དྲག་པོ་བྱུང་། ཝ་ཤུལ་སྨན་པ་བློ་བཟང་དགའ་བ་ཞེས་པར་བསྟེན་ནས་རིམ་གྱིས་དུག་ནང་ལས་གྲོལ། མི་དབང་ཕོ་ལྷ་ཐའི་ཇིའི་ནས་བདག་རྐྱེན་དུ་ཁོང་འབྲས་ཡུལ་སྐྱིད་ཚལ་དགོན་མཁན་པོ་བསྐོས་ནས་བཀའ་ཤོག་དང་ཐམ་ཀ་གནང་། འབྲས་ཡུལ་སྐྱིད་ཚལ་དགོན་དུ་ལོ་གཉིས་ཙམ་བཞུགས་ནས་ཕོ་ལྷ་མི་དབང་ལ་མཁན་པའི་དགོངས་པ་ཞུས། དགོན་ལུང་དུ་དཔེ་ཆ་པོ་ཏི་བཅུ་ཕྲག་ལྔ་ལྷག་དང་གྱོན་པ་ཅ་ལག་རྟེན་གསུམ་ཞལ་འབག་སོགས་རྫོང་བདའ་གནང་། དེ་ལྟར་དབུས་གཙང་དུ་ཕྱིན་པའི་འདུན་མ་ལེགས་པར་གྲུབ་ནས་ལྕགས་ཕག༡༧༣༡ལོའི་ཟླ་བ་གཉིས་པར་རྩ་བའི་ཡོངས་འཛིན་མཁན་ཆེན་ནམ་མཁའ་བཟང་པོ་དང་རྒྱུད་པ་སློབ་དཔོན་ཞྭ་དམར་ཤེས་རབ་རྒྱ་མཚོ་སོགས་ལ་ཐོན་ཕྱག་དང་འདི་ཕྱིའི་སྐྱབས་འཇུག་ཞུས་ཏེ་གྲོགས་མི་བཅུ་བདུན་དང་ལྷན་དུ་ཞབས་རྐྱང་དུ་བྱོན། རྟ་བསུ་ནང་བསུ་སྟོན་གྱི་རིམ་པ་དུ་མས་སྔུན་བསུས་ཏེ་ཟླ་བ་བརྒྱད་པའི་ཚེས་བརྒྱད་ལ་དགོན་ལུང་དུ་ཕེབས། དེར་ལམ་རིམ་ཆེན་མོའི་བཀའ་ཆོས་གསུངས་པ་དང་ལ་མོ་དགོན་དུ་ཉིན་གསུམ་ལ་དམ་བཅའ་བཞག མཆོག་སྤྲུལ་བསྟན་པའི་ཉི་མ་ལ་བཀའ་གདམས་ཐིག་ལེན་བཅུ་དྲུག་སོགས་ཀྱི་དབང་ཕུལ། སློབ་དཔོན་སྨོན་ལམ་དཔལ་འབྱོར་ལ་གསང་འདུས་སོགས་དབང་དུ་མ་ཞུས། དངོས་པོ་ཡོད་དགུ་བླ་མ་རྗེའི་ཞབས་ཏོག་ཏུ་ཕུལ། དེ་ནས་སྐུ་ཡུལ་དུ་ཕེབས་ཏེ་རྒན་གཞོན་ཐམས་ཅད་དགའ་མགུ་ལོངས་སུ་སྤྱོད་པར་བྱས་ཏེ་སླར་ཡང་དགོན་ལུང་རི་ཁྲོད་དུ་ཕྱིར་ཕེབས། དགའ་ལྡན་རིན་ཆེན་གླིང་དུ་སེར་སྐྱ་ལྔ་བརྒྱ་ལྷག་ལ་སྟ་གོན་དང་བཅས་པའི་མི་དྲ་བརྒྱ་རྩའི་དབང་བསྩལ། དཔའ་རིའི་བཀྲ་ཤིས་ཆོས་གླིང་བས་གདན་ཞུས་ལྟར་མགོན་པོ་ཕྱག་དྲུག་པའི་ཞལ་ཐང་བྲིས། ཕྱི་ནང་གསང་བའི་རྟེན་ཚུལ་མཐུན་བསྒྲུབས། སྔགས་རམས་པ་སློབ་དཔོན་འབྱུང་གནས་ལ་སྐུ་ལྔའི་གཏོར་ཆོག ཚེ་དཔག་ལྷ་དགུའི་དབང་། གཅོད་དབང་ནམ་མཁར་སྒོ་འབྱེད་སོགས་དུ་མ་ཞུས་གཅོད་ཀྱི་ཆོ་ག་བྲིས། ཆོས་རྒྱལ་གྱི་གཏོར་ཆེན་འཛུགས་ཕྱག་ལེན་དང་གར་འཆམ་བཅས་ཞྭ་ལུ་པའི་རྩ་ཚིག་ལྟར་གསར་འཛུགས་གནང་། སྐུ་འབུམ་པ་ཤེས་རབ་ཆོས་འབྱོར་དང་སྐུ་འབུམ་རྒྱུད་པའི་མཁན་པོ་བློ་བཟང་ཀུན་དགའ་སོགས་ལ་ས་སྐྱའི་གསེར་ཆོས་སྐོར་དང་གསང་འདུས་རྫོགས་རིམ་བློ་སྦྱོང་དོན་བདུན་མ་སོགས་གསན། སྐུ་འབུམ་ཁྲི་པ་དགེ་འདུན་དོན་གྲུབ་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཞུས། སེར་ལུང་དགོན་པའི་གཡང་ངོས་སུ་རི་ཁྲོད་དགའ་ལྡན་ཆོས་རྫོང་བཏབ། སེར་ལུང་དགོན་དང་ཧོར་བོད་རྒྱ་གསུམ་གྱི་ཡོན་བདག་རྣམས་ལ། རྡོ་རྗེ་ཕྲེང་བའི་དབང་བསྐུར་མཛད་བཀྲ་ཤིས་ཆོས་ལུང་དང་སེར་ལུང་གཉིས་ཀྱི་ཁྲི་པའི་དགོངས་པ་ཞུས། ཁོང་དགུང་ལོ་སོ་གསུམ་ལོན་པ་འབྲུག་ལོར་རྒྱ་ནག་རྒྱལ་པོ་ཆན་ལུང་གི་གདན་ཞུའི་གསེར་ཡིག་པ་འབྱོར། མེ་སྦྲུལ༡༧༣༧ལོའི་ཟླ་བ་དང་པོའི་ཡར་ཚེས་ལ་བླ་མ་ལྔ་དང་གྲྭ་པ་ཉེར་ལྔ་བཅས་དཔོན་གཡོག་སོ་གཅིག་པེ་ཅིན་དུ་ཕེབས། རྒྱལ་པོ་ཆན་ལུང་ལྕང་སྐྱ་རིན་པོ་ཆེ། དགའ་ལྡན་གསེར་ཁྲིའི་སྤྲུལ་སྐུ་རྣམས་མཇལ་ཁ་ཞུས། ས་རྟ༡༧༣༨ལོའི་དཔྱིད་ཀ་ཞབས་མི་བདེ་བ་བྱུང་ནས་དགོངས་པ་ཞུས། ལམ་དུ་རླུང་ལྷགས་ཀྱིས་མནར་བས་གདོང་དང་ལག་པ་ནག་པོར་སོང་བ་ཝང་གི་མས་མཁྱེན་ནས་ཁྱོད་ལ་བྲོ་ནད་ཆེན་པོས་ཟིན་འདུག གནས་སྐབས་རང་ཡུལ་ལོག་ཆོག་ཞེས་བཀའ་ཐོབ། པེ་ཅིང་ནས་ཐོན་རྗེས་ས་འགུལ་ཆེན་པོ་བྱུང་ནས་ཉིང་ཤ་མཁར་ཞིག ས་ལུག༡༧༣༩ལོའི་ཟླ་བ་གཉིས་པའི་ཚེས་གསུམ་ཉིན་དགོན་ལུང་དུ་འབྱོར། ལྕགས་སྤྲེལ༡༧༤༠ལོའི་སྣྲོན་ཟླའི་ནང་ཁོང་གིས་སྦྱིན་བདག་མཛད་ནས་མཆོད་རྟེན་གསེར་རྩི་ཅན་ཁྲུ་གསུམ་པ་དང་དགོན་ལུང་རི་ཁྲོད་དང་ཞྭ་ཁོག་གི་བདེ་སྐྱིད་སྒྲུབ་སྡེ་གཉིས་ཀྱི་འདུ་ཁང་དང་ལྷ་ཁང་དགའ་ལྡན་རྩེ་བཞེངས། མར་ཚར་གི་ལྷ་ཁང་སོགས་ཞིག་གསོས་གནང་། སླར་ཡང་བཀྲ་ཤིས་ཆོས་ལུང་དང་སེར་ལུང་དགོན་གྱི་ཁྲི་པ་བྱས།དགོན་ལུང་གི་འདུ་ཁང་ཞིག་གསོ་དང་། རྒྱལ་བ་བྱམས་པའི་སྐུ་སྨན་འཇིམ་གྱི་འབུར་བཟོ་ཆེན་པོ་དང་མཆོད་རྟེན་འདོམས་བཅུ་གསུམ་པར་རབ་གནས་བཅས་ལེགས་པར་གྲུབ། ཐུའུ་བཀྭན་སྤྲུལ་པའི་སྐུ་ལ་སྐྱབས་འགྲོ་དང་དགེ་བསྙེན་གྱི་སྡོམ་པ་སྔོན་དུ་འགྲོ་བའི་སྒོ་ནས་བར་མ་རབ་བྱུང་བསྒྲུབས། དགུང་ལོ་སོ་དགུ་པ་ཆུ་ཁྱི༡༧༤༢ལོའི་ཟླ་བ་དགུ་པའི་ཚེས་ཉེར་གཉིས་ཉིན་གོང་མའི་བཀའ་བཞིན་པེ་ཅིན་ཕོ་བྲང་དུ་བྱོན། བཅུ་པའི་ཚེས་ལྔ་ལ་གོང་མ་མཇལ། མཆོད་རྟེན་རྩེ་ལྔར་གྲགས་པའི་ལྷ་ཁང་དུ་བཞུགས། ཕྱི་ལོ་ལ་ཆུ་མ་འཕྲོད་པས་ནད་རོ་བསླངས་ནས་ཡུན་རིང་བསྙུངས། ཧོར་ཟླ་བཞི་པའི་ནང་གོང་མས་གཏན་དུ་ཕ་ཡུལ་དུ་ལོག་ཆོག་པའི་དགོངས་ཁྲོལ་གནང་བས་བྱ་རྙི་ལས་ཐར་བ་བཞིན་དགོན་ལུང་དུ་ཡར་བྱོན། པོ་ཤོག་ཐུའི་དགོན་དུ་ལྷ་ཁང་གསར་རྒྱག་མཛད། ནང་རྟེན་རྗེ་ཙོང་ཁ་པ་སོགས་ཀྱི་འཇིམ་སྐུ་གསེར་ཚོན་མ་ལེགས་པར་བཞེངས། དགུང་ལོ་ཞེ་གསུམ་པ། མེ་སྟག༡༧༤༦ལོའི་ཟླ་བ་གསུམ་པའི་ནང་དགོན་ལུང་གི་ཁྲི་པའི་འགན་ཁུར་གནང་། དགའ་ལྡན་ཆོས་འཁོར་གླིང་དུ་སེར་སྐྱ་བདུན་བརྒྱ་ལ་བཅུ་གཅིག་ཞལ་གྱི་དབང་ལུང་བསྩལ། གཞིས་དགོན་དུ་ཆོ་འཕྲུལ་སྨོན་ལམ་གསར་འཛུགས་གནང་། ལྕང་སྐྱའི་བཀའ་ལྟར་དགོན་ལུང་དུ་སྒྲའི་མཚམས་སྦྱོར་ལྔ་པ་སོགས་དང་སུམ་རྟགས་སྙན་དངགས་རྩིས་སྨན་སོགས་ཁྲིད་པའི་གཞི་བཙུགས། དགུང་ལོ་ཞེ་བཞི་པ་རབ་བྱུང་བཅུ་གསུམ་པའི་མེ་ཡོས༡༦༤༧ལོར་དགེ་ལྡན་རྩིས་གསར་མ་བུ་ཕྱི་མོ་ཆོས་འབྱུང་ཡོངས་འདུས་ལྗོན་བཟང་སོགས་བརྩམས། དགའ་ལྡན་བདེ་ཆེན་གླིང་གི་འདུ་ཁང་གསར་བཞེངས་ཀྱི་སྦྱིན་བདག་མཛད། བཤད་སྒྲུབ་དར་རྒྱས་གླིང་གི་ཁྲི་པ་ཟླ་བ་གཅིག་མཛད། འདུས་ཁང་གི་སྟེང་ཤོད་ཞིག་གསོས་གནང་། ཨ་རྐེ་སྨན་རམས་པ་ཉི་མ་རྒྱལ་མཚན་ལ་དཔལ་ལྡན་རྒྱུད་བཞིའི་ལུང་དང་སྔོ་སྨན་ངོས་འཛིན་ཡན་ཆད་ཀྱི་ཁྲིད་ཞིབ་རྒྱས་གསན། ཕྱིས་ཆིང་གིས་རྒྱལ་པོས་གདན་འདྲེན་བྱུང་བས། དེར་རྣམ་གཡེངས་དང་ལེ་ལོ་མེད་པར་ཕྱོགས་སོ་སོ་ནས་བྱོན་པའི་ལྷ་ལྡེ་མི་སྡེ་དུ་མ་ལ་མཚན་ཉིད་བསྡུས་གྲྭ་དང་སྒྲ་གསོ་བ་སྙན་ངག་སྡེབ་སྦྱོར་རྩིས་སོགས་ཀྱིས་ཁྲིད་ངལ་དུབ་ལ་མ་འཛེམས་པར་འདོད་མོས་ལྟར་གནང་། དད་ལྡན་གྱིས་སྟོབས་པའི་དངོས་རྫས་ཀྱིས་དགོན་ལུང་ལྷ་ཁང་གསར་བཞེངས་དང་ཕྱི་ནང་གི་མཚོན་མདངས་ཡོངས་རྫོགས་ཁོང་གིས་བྲིས། དངོས་པོ་ཡོད་དགུ་རྩལ་སྤྲུགས་ཀྱིས་དབུས་སུ་མཆོད་པའི་རྟེན་དུ་བསྐུར། རྡུལ་མཚོན་ལ་བསྟེན་པའི་དུས་འཁོར་ལྷ་མང་གི་དཀྱིལ་འཁོར་བཞེངས། ཁོང་གིས་ཁྲི་པ་ལོ་བཅུ་བྱས་རིང་གྲྭ་ཆུང་ཚུན་ལ་ཆད་ལས་ཆེན་པོ་དང་གནས་དབྱུང་གཏང་བ་སོགས་མཛད་མ་མྱོངས། ཟུར་དུ་གཞན་ནོར་དར་ཁ་གཅིག་ཀྱང་མི་ལེན་པར་དྲངས་པོའི་གཞུང་བསྲངས་སོ། རབ་བྱུང་སྒྲུབ་པ་ཡང་དྲུག་བརྒྱ་ཁ་ལྷག་བྱུང་། ལྕང་སྐྱ་ལ་བདེ་མཆོག་གི་དབང་ཞུས། གསང་མཚན་རོལ་པའི་རྡོ་རྗེ་གསོལ། དགུང་ལོ་དྲུག་ཅུ་རེ་དྲུག་པ་ས་གླང༡༧༦༩ལོར་དབུས་སུ་ཕེབས། གྲྭ་པ་དང་རྒྱུད་པ་གྲྭ་ཚང་མཉམ་ཚོགས་ཀྱི་དབུར་ཕྱིན། ཁྲོམ་པ་ཕོན་ཆེ་བ་ལ་ལམ་རིམ་གྱི་ཁྲིད་ཚེ་དཔག་ལྷ་དགུའི་དབང་གནང་། ཁྱད་པར་ཆོས་གྲྭར་ཚིག་འཕྲི་སྐམ་པོ་མིན་པར་དཀའ་གནད་ཀྱི་དོན་ལ་བགྲོ་གླེང་ཡང་ཡང་མཛད། མཁས་བཙུན་བཟང་པོའི་སྙན་གྲགས་ཀྱིས་ཕྱོགས་ཀུན་ཏུ་ཁྱབ། སླར་ཡང་དགོན་ལུང་དུ་ཕེབས། མདོ་སྔགས་ཀྱི་དབང་ལུང་སྒྲ་དང་སུམ་རྟགས་སྙན་ངག་སྡེབ་སྦྱོར་གསོ་དཔྱད་རྩིས་དཀར་ནག་སོགས་གདུལ་བྱ་རྣམས་ཀྱི་འདོད་མོས་ལྟར་སྐུ་ཚེགས་ལ་མི་གཟིགས་པར་དགུང་ལོ་གྱ་བཞིའི་བར་སློབ་ཁྲིད་གནང་། དགུང་ལོ་གྱ་བཞི་པ་མེ་ལུག་ལོའི་ཟླ་བ་དང་པོའི་ཚེས་བཅོ་བརྒྱད་ནས་བསྙུན་ཚུལ་བསྟན། ས་སྤྲེལ༡༧༨༨ལོའི་ཟླ་དང་པོའི་ཚེས་ཉེར་དྲུག་སྔ་མོར་སྐུའི་བཀོད་པ་བསྡུས། ཁོང་གི་སློབ་མ་ནི་ཐུའུ་བཀྭན་ཆོས་ཀྱི་ཉི་མ་དང་། གྲོ་ཚང་བྲག་རིན་པོ་ཆེ་དང་། པཎྜི་ཏ་ཆོས་རྗེ་བློ་བཟང་ལྷུན་གྲུབ་སོགས་མཁས་བཙུན་བཟང་པོ་མང་དུ་བྱུང་། གསུང་ཆོས་ཀྱང་རྒྱ་དཀར་ནག་བོད་སོག་བཅས་ལ་དམ་ཆོས་ཇི་ལྟར་དར་ཚུལ་དང་། གསོ་རིག སྐར་རྩིས། སྐུ་གཟུགས་ཀྱི་ཆག་ཚད། མཚོ་སྔོན་གྱི་ལོ་རྒྱུས་ཡི་གེའི་བཤད་པ་སོགས་པོ་ཏི་བརྒྱད་དུ་བསྡུས་ཏེ་མཁར་སྔོན་པོ་ཞེས་པའི་ཕོ་བྲང་གི་ཉེར་འདབས་ཆུ་མགོ་སེར་པོའི་དགོན་པར་པར་ཤིང་བཞུགས་ཡོད་འདུག་ཀྱང་ད་ལྟ་བཞུགས་ཡོད་མེད་མ་ངེས་སོ། །