སོག་རྫོང་།
༄༅། །རླངས་ལྷ་གཟིགས་ཀྱི་གདུང་རབ་དང་སོག་གི་བར་གྱི་འབྲེལ་བ་ལ་དཔྱད་པའི་རྫོགས་ལྡན་གཞོན་ནུའི་དགའ་སྟོན། །
ཨོཾ་སྭ་སྟི་དེ་ཡང་ལྷ་རིགས་རླངས་ཀྱི་སྐྱེ་རྒྱུད་གྲོལ་ཕུགས་ཞི་ལྟར་ལགས་ཞེ་ན། ཨ་ཉེ་བྱང་ཆུབ་འདྲེ་བཀོལ་གྱི་གསུང་ནས། ལར་གྱིས་ངེད་རང་ལྷ་རིགས་རླངས་ཀྱི་མི་རྒྱུད་རྣམས་ཀྱི་ཡིད་ལ་ཞོག་དང་མཁོ་བར་ཡོང་བ་ཡིན་གསུངས་ནས། ད་རེས་སྐྱེས་པའི་མི་ལ་གྲགས་པའི་གཏམ་དགོས། བྱས་པའི་ཆོས་ལ་གྲུབ་པའི་མཐའ་དགོས། ཆེ་བའི་མི་ལ་མཐོ་བའི་རྟགས་དགོས། བསྒྲུབ་པའི་མཐུ་ལ་གྲུབ་པའི་རྟགས་དགོས། འཐབ་པའི་མི་ལ་དཔའ་བའི་རྟགས་དགོས་གསུངས། ངེད་རང་ལྷ་རིགས་འཕན་པོ་ཆེ་རླངས་ཀྱི་མི་རྒྱུད་འདི། སྐྱེ་ས་མཐོ་བ་གཡུ་ཁྱུང་སྔོན་མོ་དང་འདྲ་བ་ཞིག་ཡིན། གྲོལ་ཕུགས་ཟབ་པ་རྒྱ་མཚོ་ཆེན་པོ་དང་འདྲ་བ་ཞིག་ཡིན། ཐབས་ཀྱིས་ཆེ་བ་རི་བོ་ལ་གངས་ཆགས་པ་དང་འདྲ་བ་ཞིག་ཡིན། རུས་ཀྱིས་བཙུན་པ་མཚོ་ལ་དར་ཆགས་པ་དང་འདྲ་བ་ཞིག་ཡིན། འཐབ་ན་མི་འགུག་པ་རིན་པོ་ཆེའི་རིགས་དང་འདྲ་བ་ཞིག་ཡིན། དཔའ་ལ་བཙུན་པ་སེང་སྟག་གྲུས་མ་དང་འདྲ་བ་ཞིག་ཡིན། འཇིགས་ལ་ངར་ཆེ་བ་ནམ་མཁའི་འབྲུག་དང་འདྲ་བ་ཞིག་ཡིན། བགྲངས་ཀྱིས་མི་ལང་བ་ནམ་མཁའི་སྐར་མ་དང་འདྲ་བ་ཞིག་ཡིན། སླས་ཀྱིས་ཕྱུག་པ་ནམ་མཁའི་ལྷོ་སྤྲིན་དང་འདྲ་བ་ཞིག་ཡིན། རིགས་རྒྱུད་མི་ཆད་པ་རིན་པོ་ཆེ་སྣ་ལྔ་དང་འདྲ་བ་ཞིག་ཡིན། དྭངས་ལ་གསལ་བ་ཤེལ་སྒོང་གཡའ་དག་པ་དང་འདྲ་བ་ཞིག་ཡིན། སྐྱེ་རྒྱུད་ཀྱི་ཡིན་ཚུལ། སྐྱེ་སའི་མཐོང་ཚུལ་ལགས་ཏེ། ལར་གྱིས་གང་གིས་ཀྱང་ལྷ་གཉེན་པོ་དེ་མ་མཆོད་པར་མི་འགོ། ཆོས་ཟབ་མོ་དེ་མ་བསྒྲུབ་པར་མི་གྲུབ། མི་ཆེན་པོ་ལ་མ་གུས་ན་མི་སྐྱོབ། མི་བླུན་པོ་ལ་མ་བཤད་ན་མི་གོ། རྟ་མགྱོགས་པ་ལ་མ་བྲབ་པར་མི་རྒྱུག མཚོན་རྣོན་པོ་དེ་མ་བརྡར་བར་མི་ཆོད། ཆོས་ཟབ་མོ་དེ་མ་ཞུས་པར་མི་གུས། ནོར་བཟང་པོ་དེ་མ་བྱིན་པར་མི་དགའ། ལར་ང་ལྷ་རིགས་འཕན་པོ་ཆེ་རླངས་ཀྱི་མི་རྒྱུད་ལ། གོང་ན་ཡོད་པ་བླ་མ་དཀོན་མཆོག བླ་མཆོད་བདག་གི་འདྲེན་པ་ཡིན། འོག་ན་ཡོད་པ་རྒྱལ་ཁམས་ཀྱི་མི་ཡིན། ལས་ཀྱི་སྐལ་བ་ཡོད་པ་དམ་པའི་ཆོས་ཡིན། རིགས་རྒྱུད་ཁྱད་དུ་འཕགས་པ་ལྷ་ལས་གྲོལ་བ་ཡིན། ད་ཕྱིས་ཀྱང་། རླངས་ཀྱི་མི་རྒྱུད་རྣམས་ཀྱི་ཐུགས་ལ་ཞོག་ཅིག་ནན་ཆགས་མཛོད། པོ་ཏི་བསེ་རུ་འདི་རླངས་ཀྱི་སྡེ་དཔོན། བླ་མ། ཆེན་པོ་རྣམས་ཀྱིས་གཟུང་ནས་ཁྱད་ཆོས་མཛད་ན། རིན་པོ་ཆེའི་རིགས་ཡིན་པས་ཕུན་སུམ་ཚོགས་པ་ཡོང་། དམག་དཔོན་ཡིན་ན། གཡུལ་ལེགས། ཚོང་དཔོན་ཚོང་ལེགས། ཡུལ་དཔོན་བཀྲ་ཤིས། མོས་གུས་བྱས་ནས་སྨོན་ལམ་བཏབ་ན་གང་ཡང་འགྲུབ་བོ། གསུང་ནས། སྟེང་གི་གཟའ་དང་ཟེར་ནི་མ། འབྱུང་བ་རླུང་ནི་དམིགས་སུ་སྲིད། དམིགས་ནི་ཕ་ལ་དམིགས་ནི་མ། དེ་ན་བ་མོ་དཀར་ཙམ་སྲིད། བ་མོ་བཞུ་བ་ཟིལ་པར་སོང་། ཟིལ་པ་འགྲིལ་བ་ཆུ་བོར་སོང་། ཆུ་བོ་ཁ་འོད་སྤྲིན་དུ་ཆགས། ཆུ་བོའི་ཐོག་ཏུ་རྡུལ་དུ་ཆགས། དེ་ལ་ས་ཆེན་ཁད་དེ་ཆགས། ཆུ་བོའི་ལྦུ་བ་འཁྱིལ་བ་དང༌། ས་ཆེན་སྙིང་པོ་འདྲེས་པ་ལ། ལྷ་ཡི་ཐུགས་རྗེ་བྱིན་རླབས་ཀྱིས། སེམས་ཅན་ལ་འགྲོ་བ་རིགས་དྲུག སྐྱེ་བ་རྣམ་པ་བཞི། ལམ་རྒྱུད་ལྔ་ལ་སེམས་ཅན་གྱི་རྒྱལ་པོ་མིའི་སྲིད་ཐབས་ཏེ། རྗེའི་གདུང་རབས། འབངས་ཀྱི་མི་རབས་གཉིས་ཡོད། རྗེའི་གདུང་རབས་ནི། རྒྱལ་པོ་ཤེས་ཅན་ཤེས་ལས་སྐྱེས་ཏེ། ཤེས་དང་གནས་ལས་གྲོལ་བའི་རྒྱལ་རབས་ལ། རྐྱང་དང་ཁུག་པ་རྒྱུད་གསུམ་ལས་ཤེས་པར་བྱའོ།། འབངས་ཀྱི་མི་རབས་ལ་འབྱུང་བ་རྣམ་པ་ལྔའི་སྙིང་པོ་ལས། སྒོ་ང་ཆེན་པོ་གཅིག་ཡོང་བ། ཕྱིའི་སྒོང་ཤུན་ལ། ལྷ་བྲག་དཀར་པོ་ཆགས། ནང་གི་སྒོང་ཆུ་ལ། དུང་མཚོ་དཀར་མོར་འཁྱིལ། བར་གྱི་སྒོ་ངའི་དར་ཆ་ལ། རིགས་དྲུག་སེམས་ཅན་ཀུན་ཏུ་གྲོལ། སྒོ་ང་ཕྲུམ་གྱི་བཅོ་བརྒྱད་ཆགས། སྒོ་ང་བཅོ་བརྒྱད་འབྲིང་བ་དེ། དུང་སྒོང་གཅིག་ཏུ་ཡར་ནས་བྱུང་། དེ་ནི་སྨོན་པའི་མི་བོ་ལུམ་ལུམ་ཡིན། དེ་ལ་རྣམ་ལྔའི་རིག་པ་མེད་པ། བསམ་པའི་སེམས་ཡོད་པས། ལྟ་བའི་མིག་དགོས་བསམ་པ་ལ། ཡེ་ཤེས་ཀྱི་སྤྱན་དོད། དྲི་བཟང་རིག་པའི་ཤངས་དོད། སྒྲ་སྙན་ཚོར་བའི་སྙན་དོད། དུག་ལྔ་གཅོད་པའི་ཚེམས་དོད། རོ་མྱོང་བའི་ལྗགས་དོད། ས་གཞི་འཁོད་པའི་ཕྱག་དོད། རྫུ་འཕྲུལ་བཞུད་པའི་ཞབས་དོད་པས་གང་བསམ་བསམ་ལམ་ལམ་དོད་བྱུང་བས། ཁོང་རང་གིས་མིང་བཏཊ་པ། སྨོན་མི་བསམ་པ། བླུམ་བླུམ་ལམ་ལམ་དུ་བཏགས་སོ། དེར་ཡེ་ནས་སྨོན་པས་ཡེ་སྨོན་རྒྱལ་པོར་བཏགས་སོ། འབུམ་ཚོའི་མེས་པོ་ཡིན་པས། སྟོན་པ་འབུམ་མེ། ཡེ་ནས་སངས་ནས་འབུམ་ཚོའི་གཙོ་ལ་བཞུགས་པས། སངས་པོའི་འབུམ་ཁྲི་ཞེས་སུ་བཏགས་སོ། དེས་ཡུམ་ཆུ་ལྕག་རྒྱལ་མོ་ཁབ་ཏུ་བཞེས་པའི་སྲས་ནི། ལྷ་སྲས་སྤྱི་གཙུག་རྒྱལ་བ་ཞེས་ཀྱང་བྱ། སྲིད་བུ་འདོད་ཙམ་ཞེས་ཀྱང་བྱ། འཕྲུལ་སྲས་དབང་ལྡན་ཞེས་ཀྱང་བྱ། དེས་དུང་ཟ་དངུལ་མོ་ཁབ་ཏུ་བཞེས་པའི་སྲས་ལ་བཀོ་སྲས་སྐྱེས་ཅིག དེའི་སྲས་སྨྲ་མི་རབས་མཆེད་གསུམ་ལགས། དེ་རྣམས་ནི་མི་ལ་ལྷར་མིང་བཏགས་པ་ནི། སྲིད་པ་མི་རབས་མཆེད་དགུ་ནི་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ་ཞིག་ཡིན་པར་འདུག་སྟེ། འདི་རྣམས་ནི་ལྷའི་ཐུགས་ལས་གྲོལ་བའི་སྲས་ཡིན། མཆེད་གསུམ་གྱི་ཆུང་བ་ཕྱིར་རྗེ་སྟག་ཚ་འལ་འོལ་ཡིན། ལྷ་རབས་སྲིད་པའི་ཐ་ཆུང་དེ། རབས་མི་རབས་སྲིད་པའི་མགོ་བོ་ཡིན། དེས་འཚམས་ས་ཁྱད་ཁྱུད་མ་ཁབ་ཏུ་བཞེས་པའི་སྲས་ནི། སྲིད་པ་ལྷ་རབས་མཆེད་བཞི་ཞེས་ཀྱང་བྱ། མགོ་གསུམ་ཚ་ཞེས་ཀྱང་བྱ། དེ་ནས་མི་རྒྱུད་དུ་གྲོལ་བ་ནི། སྲས་འོ་དེ་གུང་རྒྱལ། སྐས་མཁན་པའི་ཡབ་ལྷག་བརྡ་དྲུག ཁྲི་དེ་གསུམ་པོ། ཚ་གྲང་ཤིང་དཀར་པོ་བཞི་ཡིན། ཡབ་ལྷ་བརྡ་དྲུག་གིས་ལྷ་སྲས་མོ་ཁབ་ཏུ་བཞེས་པའི་སྲས། ལྷ་ཚ་མཆེད་སྲས་དགུ་ཡོང་། སྙན་མོ་ཁབ་ཏུ་བཞེས་པ་ལ། སྙན་ཚ་མཆེད་དགུ་ ཡོང༌། རྨུ་ཐང་བཞེས་པ་ལ། རྨུ་ཚ་མཆེད་དགུ་ཡོང༌། ལར་སྲས་ཕོ་སུམ་ཅུ་སོ་ལྔ་ཡོད། དེ་རྣམས་ཀྱི་ཆུང་བ་སྟེ། སྣེ་ཁྲོམ་ལག་ཁྲ་དེས། ལྷ་ལྕམ་དཀར་མོ་བཞེས་པའི་སྲས། ནི་ཕ་རྒྱལ་པོ། དེས་ལུང་ཁ་ཧྲིལ་མོ་ཁབ་ཏུ་བཞེས་པའི་སྲས་རྒྱལ་བུ་མཐིང་གེ་འཐིང་པོ། མཐིང་གཉིས་གསུམ་དུ་ཡོང་། རྒྱལ་པོ་མཐིང་གེས། ལྷ་ལྕམ་དཀར་མོ་ཁབ་ཏུ་བཞེས་པའི་སྲས། བོད་འབྱོང་ལ་བྲངས། རྨུ་ཟ་མཐིང་སྒྲིལ་མ་ཁབ་ཏུ་བཞེས་པའི་སྲས། རྒྱལ་ཁྲི་ལ་ཞམ། དེའི་སྲས་རྒྱལ་པོ་ཆེ་ཆུང་གསུམ་དང་རྒྱུད་བརྒྱད་དུ་ཡོང༌། མཐིང་མོ་ཁབ་ཏུ་བཞེས་པ་ལ། མཐིང་ཕྲུག་ཧོར་སྲིད། ཧོར་ལ་ཨོ་བོའི་ཧོར་རབས་མཆེད་གསུམ་གྱིས། འབྱོང་ལ་བྲམ་གྱི་སྲས། བོར་རྗེ། ཁྲི་རྗེ། ཁྲི་ཐང་པོ་རྗེ། ཁྲི་རྗེ་ཐང་སྙན། བོར་རྗེ་ཁྲི་རྗེ་གཙོ་འདུས། ཁྲི་རྗེ་ཐང་སྙན་གྱི་སྲས། ཨ་ཉེ་མུ་ཟི་ཁྲི་ཏོ་ཆེན་པོ་དེས། སྙན་ཟ་ཤ་མིག་མ་ཁབ་ཏུ་བཞེས་པ་ལས་སྲས་གསུམ་འཁྲུངས་པ་ལ། ཆེ་བ་སྤོས་ཆུ་ལྡོང་། དེ་འོག་སེ་ཁུང་དབྲ། ཆུང་ང་ཨ་ལྕགས་འགྲུ། དམུ་ཟ་ལྷ་མོ་ཁབ་ཏུ་བཞེས་པའི་སྲས། དམུ་ཚ་དགའ། བྲག་སྲིན་གདོང་དམར་མོ་ཁབ་ཏུ་བཞེས་དགོས་ཐུག་པའི་སྲས་དབལ་ཟླ་གཉིས། མི་ཆེན་གོལ་པའི་རྒྱུད་གཞིར་འཁྲུངས་སོ། ། ཆེ་བ་སྤོས་ཆུ་ལྡོང་། ལྡོང་ལ་ང་ཆེ་བཅོ་བརྒྱད། རུས་ཆེན་བཅོ་བརྒྱད། སྨུག་པོ་ལྡོང་གི་ཆེ་དྲུག བཙུན་དྲུག་ཡོད། དེ་འོག་སེ་ཁྱུང་དབྲ། དབྲ་ལ་དཀར་ནག་ཁྲ་གསུམ་ཡོད། དབྲ་དང་པོ་རྒྱུད་ཀྱི་ཆེ་དགུ །ལྷ་དབྲ་སྨུག་པོ་མཆེད་བཅུ། དགུ་འབུམ་དབྲའི་མཆེད་དྲུག་ཡོད། དེ་འོག་ཨ་ལྕགས་འགྲུ །འགྲུ་ལ་བུ་དགུ་བྱུང༌། མི་འགྱུར་ཐར་པའི་གནས་བརྒྱད་ཡོད། དེ་འོག་དམུ་ཚ་དགའ་ལ་དར་མ་མཆེད་བདུན་ཡོད། དེ་འོག་དབལ་ཟླ་གཉིས། ཡུལ་ཆེན་མཚམས་སུ་ཡོད་པས། བོད་མིའུ་གདོང་དྲུག་གི་འཁྲུངས་ལུགས། ད་ལར་གྱིས། བོད་ཀྱི་མིའུ་རུས་དྲུག་ལ། བཤད་ན་མི་ཆེ་བ་དང༌། བཟུང་ནས་བོས་ན་མིང་མི་སྙན་པ་མེད་དེ། སྒོས་སུ་ང་ལྷ་རིགས་འཕན་པོ་ཆེ་རླངས་ཀྱི་སྐྱེ་རྒྱུད་དང༌། གྲོལ་ཐབས་ནི་འདི་ལྟར་ལགས། སྐྱེ་རྒྱུད་ནས་བཤད་ན་འཕངས་མཐོ། གྲོལ་ཕུགས་བཤད་ན་གཏིང་ཟབ། རླངས་དཔལ་གྱི་སེང་གེའི་ཞལ་ནས། ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན། ནགས་ཁུང་གི་སྤྲེའུ་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན།གཡུ་འབྲུག་ཟོལ་མ་འདྲ། ཡབ་མེས་ཀྱི་ཆེ་དགེ་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡལ་བོར་དང་འདྲ་བས། ང་རླངས་ཕྱུག་གི་ཕུགས་ཨྲ་ལ་ཐུག་པས། སྟོད་ཀྱི་ཨ་དཀར་མཆེད་དགུ་ལ། བལ་པོ་དང་བལ་ཡོ་བལ་གཟིགས་གསུམ། མ་སྟོང་བལ་སྟོང་ཅོན་སྟོང་དྲུག མར་པ་དང་། ཞང་ཆུང་སྤུ་རངས་དགུ། སྟོད་ཀྱི་ཨ་དཀར་མཆེད་དགུ་ཡིན། བར་གྱི་ཨ་དཀར་ཁྲ་བོ་མཆེད་དགུ་ལ། སྤྲ་དུ་ཨ་འོ་ཨ་དཀར་ལ། བུ་དང་ཚ་བོ་མ་གཏོགས་པ། ཡང་ཚ་སྟོང་ཚ་ལྔ་བརྒྱ་ཡོད། བུ་སྟག་ལོ་བ་རང་བཅོ་བརྒྱད་ཡོད། སྤྲེལ་ལོ་བ་ལ་བཅུ་དགུ་ཡོད། བྱི་བ་ལོ་པ་བཅོ་བརྒྱད་ཡོད། ཧ་དང་རྐྱང་དང་རླངས་དང་གསུམ། ཤུ་ཀེ་སྐྱེ་ཀེ་ཨེ་ཀེ་དྲུག །དབུ་དང་རྨོག་དང་གཟི་དང་དགུ། བར་གྱི་ཁྲ་བོ་མཆེད་དགུ་ཡིན། ཆེ་དགེ་ཡིག་ཚང་ལ་སོགས་ཞིབ་རྒྱས་སྨོས་པ་ལྟར་ལགས་ཤིང་། དེའི་ནང་ནས་ཀྱང་ལྷ་རིགས་རླངས་ཀྱི་ཕྱུག་ཕུགས་དབྲ་ལ་ཐུག་པས། དང་པོར་སེ་ཁྱུང་དབྲས། བཙན་ཟ་གེལ་ལྡན་མ་ཁབ་ཏུ་བཞེས་པའི་སྲས། དབྲ་ཁྲ་བོ། དེའི་སྲས་ཁྱུང་རུ་དཀར་པོ། དེའི་སྲས་འབུམ་རྗེ་ཤེལ་མིག །དེའི་སྲས་ཨྲ་རྗེ་གཙུག་གསུམ། དེའི་སྲས་མང་སྡོམ་སྟག་བཙན། དེའི་སྲས་ལྷ་རིགས་འཕན་པོ་ཆེ་རླངས། དེའི་སྲས་བྷ་དོ། དེའི་སྲས་སྟོང་དོ། དེའི་སྲས་རླངས་སྲས་རྒོད་ལྡིང་། དེའི་སྲས་སྟོང་དགེ། དེའི་སྲས་སྟོང་ཁྲི། དེའི་སྲས་ཕག་ཚང་། དེའི་སྲས་ལྡང་ར། དེའི་སྲས་གཙུག་གཉེན་ཁོང་རྫོང་། དེའི་སྲས་བཙན་པ་ཟླ་ཤོ། དེའི་སྲས་སྣང་གཉན་ཁོང་སླེབ། དེའི་སྲས་མང་པོ་ཆེ་སྒྲོ་ཁ། དེའི་སྲས་སྟག་པོ་ཆེ་དར་དཔལ་ལེ། དེའི་སྲས་མཚོ་བཟང་ལྷ་གཟིགས། དེའི་སྲས་འཇིག་རྟེན་གྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་པ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དངོས་སུ་གྱུར་པའི་རླངས་ཀྱི་གྲུབ་ཐོབ་ཆེན་པོ་བྱང་ཆུབ་འདྲེ་བཀོལ། ཨ་ཉེ་བྱང་ཆུབ་འདྲེ་བཀོལ་གྱིས། ཡིན་ལུགས་དང་བྱེད་ཚུལ་གསུངས་པ་ལ། རླངས་ཀྱི་སྐྱེས་བུ་རྣམས་ཡི་རངས་དགའ་བར་གྱུར་ཏོ། ད་ལྷ་རིགས་རླངས་ཀྱི་ཆེ་དགེ་ཡིག་ཚང༌། མི་རབས་དཔའ་རབས་ཟུར་ཙམ་ཞིག་ཞུས་ན་ཡང་། གཞི་ཆེ་བ་མི་ཆོས་དང་། རྒྱན་དམ་པ་ལྷ་ཆོས་གཉིས་ལས། མི་ཆོས་ཀྱི་རྣམ་བཞག་གསུངས་པ་ནི། ལྷ་རྒྱུད་མང་སྡོམ་སྟག་བཙན་ནི། ལྷ་རི་གཉེན་པོ་ཅན་དུ་བྱོན། བསངས་དང་མཆོད་པ་གསོལ་བས་ལྷ་རི་གཉེན་པོའི་ངོས་དེ་ན། བུ་མོདཀར་མོ་བཞིན་བཟང་ཞིག སྐུ་ལ་དར་དཀར་ན་བཟའ་གསོལ་བ་ཞིག་བྱུང་བ་དེ་ཆུང་མ་བསུས། དེ་ཡི་མཚམས་སུ་རྒྱ་དམག་བྱུང་བས། སྤྲུལ་པའི་ཡིད་ཀྱིས་ལྷ་གླུ་མི་ཡི་དམག་རྣམས་འགྲེམས་པས། རྒྱ་བོད་སྡང་ཆའི་མཚམ་ལ་ཐུག །རྒྱ་རྣམས་སྐྲག་ནས་ངུ་ཞིང་བྲོས། རྒྱ་དམག་གཡུལ་ཉེས་ཐུར་ལ་སོང་ངོ། དེའི་་མཚམས་སུ། སྨན་བཙུན་མའི་མཛོ་མོ་ལ་དགུ་ལུང་དག་ལ་བྲོས། ལ་དགུ་ཕྲུམས་ཀྱི་ཆགས། ལུང་དགུ་མར་ཁུའི་ཆུ་བོར་འཁྱིལ། མཛོ་མོའི་རྗེས་ལ་ཕྲུམས་ཟགས་པ་དཀར་ཙེར་སོང་བ། གོར་མ་ཤེལ་གྱི་རྒྱུད་དུ་ཆགས། དངལ་དགུ་ལུང་དགུ་ནས་མྱང་ཡུལ་གསེར་མོ་ལྗོངས་ལྡང་ཚབ་ཏུ་ཚའི་ངོས་ལ་མཛོ་མོ་བྲོས་ནས་སོང་། ལ་དགུ་ལུང་དགུ་ནི་བཀང་ལ་དགུ་ལུང་དགུ་ཡིན།
མྱང་ཡུལ་གསེར་མོ་ལྗོངས་ནི་རེ་མྱོང་ནང་དང་རྟིང་གསེར་ཁ་བཅས་ཡིན་པར་སེམས་སོ། ཡུལ་དཀའ་ནི། ལྡང་དང་། ཤེལ་བྲག་དཀར་པོ་གུང་ལ་རེག་པའི་རྩེ་མོ། ཆུ་མིག་མགོ་མང་གི་མགོ་མོ། ཤེལ་གྱི་ཕ་བོང་གུར་འདྲ་ཅན་དུ། དུང་གི་མཛོ་མོ་དེ་བྲོས་པ་སྨན་བཙུན་མཐོང་། ཉི་མ་ནི་རྒས། མཛོ་མོ་བཞོས། ཕུད་ཀྱིས་དཀོན་མཆོག་མཆོད། མང་སྡོམ་གྱི་སྐྱོབ་ལྷ་མཆོད་ཟེར་ནས་ཡར་ཕུལ། དེ་ལྷག་ཆུ་ལ་བླུགས་ནས། ལུང་པ་འདི་དང་ཡུལ་འདི་ལ་ལྷའི་རྒྱུད་པ་རྒྱུན་མི་ཆད། ལྷ་ཆུ་དཀར་པོ་རྒྱུན་མི་ཆད། མང་ལྡོམ་སྟག་བཙན་དང་ངེད་གཉིས་ཀྱི་མི་རྒྱུད་ལྷ་ལས་སྦྲེལ་བར་ཤོག །རིགས་རྒྱུད་ཁྱད་འཕགས་ཡོང་བར་ཤོག །ཟེར་ནས་སྨོན་ལམ་བཏབ་པ་དང༌། རི་འདི་ལ་ལྷ་རི་དྲག་པོ་དང༌། ལྡང་རྒྱང་རུ་མཚོར་ཐོགས་གསུངས་ནས། མཛོ་མོ་ཁྲིད་ནས་ཁྱིམ་དང་ཡུལ་ལ་བྱོན། དེའི་ཕྱི་ལོ་སྲས་གཅིག་འཁྲུངས་པ་དང་། མང་སྡོམ་སྟག་བཙན་མཉེས་དྲགས་ནས། རླངས་སོ་རླངས་སོ་ལན་གསུམ་རླངས། བྱས་པས་ནི། ལྷ་རིགས་རླངས་ཟེར་བའི་གཏན་ཚིགས། དེ་ནས་བཏགས། སྲས་ཀྱིས་ང་ཡང་རླངས་ཡིན་ཟེར་བ་ལ། རླངས་ཀྱིས། ཁྱོད་ངལ་གསོ་བའི་དུས་ཀྱི་བུ་ཡིན་ཟེར་བས། ངལ་དུ་བཏགས་པ་ཡང་རླངས་ཡིན། ངལ་གསོ་རྒྱུད་ལ་ཡང་རྒྱུད་གསུམ་ལས་གྱེས་སོ། རླངས་སྟོང་ཐོས་མགོ་ནག་ཐམས་ཅད་ཀྱི་དཔོན་བྱས་པས། དཔོན་གྱི་གོང་ས་ཡང་བདག་ལྷ་རིགས་རླངས་ལ་ཡོད་པ་ཡིན། ཡུལ་འཛིན་སྔ་བ་ཡང་གསེར་པས་གསེར་རིས་བཟུང་། གཡུ་པས་གཡུ་རིས་བཟུང༌། རུ་དཔོན་གྱིས་སུམ་ཅུ་པ་རླངས་ཡུལ་གྱིམ་ཤོད་བྲག་ཤེལ་ལེ་རྒྱ་གར་གྱི་ཞོལ། རྟ་ཤོད་ལུང་དམར་བཟུང༌། མི་ཆེ་དགུ་ནི་འབངས་སུ་བཀོལ། འབངས་ཤོག་རུ་བཞི་བྱ་བ་དང་དེ་ནས་སྲིད། ལྷ་གཟིགས་དེ་གསུམ་གྱིས། མདོ་པས་རྒྱ་ཤོད། རྔུ་རྒྱུད། དཀར་རེ་གཉིས་ཀྱི་ཡུལ་བདག་བྱས། གཉན་བྱ་ཞུ་ནག་པོའི་རྒྱུད་པ་དེས། ལྕི་སྟོད་ཀྱི་ལུང་ཆེན་ཕུ་དྲུག་དང་། སྤྱིའི་རས་ས་རྫོང་ཐོག་བཟུང་། སྟོན་ཚང་ཇོ་བོ་སྤུན་བུ་དེས། ནགས་སོག་ཤག་གསུམ་གྱི་དཔོན་བྱས་པས། ཡུལ་འཛིན་སྔ་བ་དང་། འབངས་བཀོལ་སྔ་བ་ཡང་དེ་ལྟར་ཡིན། རླངས་གསེར་པས་གསེར་རིས་བདག གཡུ་པས་གཡུ་རིས་བདག རུ་དཔོན་གྱིས་བྲག་ཤེལ་ལེ་རྒྱ་གར་གྱི་ལྷ་ཞོལ་བདག ལྷ་གཟིགས་དེ་གསུམ་གྱིས། ལྷོ་སྟོད་ཀྱི་ལུང་ཆེན་བཅོ་བརྒྱད་བདག་བྱས་ནས་ཁམས་པའི་སྤྱི་དཔོན་བྱས་པས། འབངས་བཀོལ་མཁས་པ་དང་། ཡུལ་འཛིན་སྔ་བ་ཡང་ལྷ་རིགས་རླངས་ཡིན། འདི་ཡན་ཆད་བྱས་པའི་ཆེ་ལུགས། མི་དཔོན་གྱི་བྱོན་ལུགས། དཔའ་བོའི་སྲིད་ཐབས། རྒྱལ་ཁམས་བཏུལ་ལུགས། ས་ཡི་བཀོད་ལུགས། ཡུལ་གྱི་བཟུང་ལུགས། བྲན་གྱི་བཀོལ་ལུགས། ཆེ་དགེ་ཡིག་ཚང༌། མི་ཆོས་ཀྱི་རྣམ་བཞག་ཟུར་ཙམ་ལགས་པར་གདའ། རྒྱན་དམ་པ་ལྷ་ཆོས་ཀྱི་རྣམ་བཞག་གསུངས་པ་ནི། སྔོན་རྒྱལ་པོ་མེས་དབོན་རྣམ་གསུམ་གྱི་རིང་ལ། རླངས་ཁམས་པ་གོ་ཆ་དང༌། རླངས་ཁམས་པ་བཻ་རོ་ཙ་ན་དང་གཉིས་ཀྱིས། དམ་པའི་ཆོས་བོད་དུ་བསྒྱུར་བས་བོད་མུན་པའི་སྨག་རུམ་དུ་།དམ་པའི་ཆོས་ཀྱི་སྒྲོན་མེ་བཙུགས་པས། བོད་མུན་པའི་གསལ་སྒྲོན་བྱེད་མི་ཡང་ལྷ་རིགས་རླངས་ཡིན། རུ་དཔོན་དཔལ་གྱི་སེང་གེས། རྒྱ་གར་གྱི་ཆོས་ལ་གྲུབ་པ་ཐོབ། རྒྱ་དཀར་ནག་བོད་གསུམ་གྱི་ལྷ་སྲིན་དང། རྒྱལ་ཁམས་བཏུལ་བས་བྱས་པ་ཆེ་བ་དང་ཡིག་ཚང་མང་བ་ཡིན་པས་རུ་དཔོན་ལ་དབོན་ཚང་དང་། སྟག་ཚང་གཉིས་ཡོད། མང་པོ་རྗེ་སྒྲོ་ཁ། དེའི་སྲས་སྟག་པོ་ཆེ་དར་དཔལ་ལེ། དེས་མ་ཕམ་གཡུ་མཚོའི་འགྲམ་དུ། གསེར་གྱི་ཤཱཀྱ་མུ་ནེ་བཞེངས། གཡུའི་སྣང་བ་འོད་ལྡན་ཡོན་དུ་ཕུལ། བྱུ་རུ་བཀྲ་ཤིས་འོད་འབར་ལ་རྒྱན་འཕྲ་བྱས། གྲུབ་ཐོབ་སེང་གེའི་སྤྱན་ལྡན་གདན་དྲངས་ནས་ལྷའི་རབ་གནས་བྱས་པ་ལ། དེའི་ཉིན་དགའ་ཟ་ལྷ་མོ་ལ་སྲས་གཅིག་འཁྲུངས་པས། སེང་གེའི་སྤྱན་གྱི་གསུང་ལས། དེ་རིང་སྲས་འཁྲུངས་པ་ལྷའི་སྤྱན་གྱིས་ཀྱང་གཟིགས། མཚོ་བཟང་འདི་ཡང་རིང་། མཚོ་བཟང་ལྷ་གཟིགས་སུ་ཐོགས། གསུངས་ནས་སྨོན་ལམ་བཏབ། བསངས་མཆོད་བྱས། འབྲིང་པ་གཉའ་བཟང་ལྷ་སྟོན། ཆུང་བ་དཔལ་བཟང་ལྷ་མཁར་དང་མཆེད་གསུམ། མཚོ་བཟང་ལྷ་གཟིགས་ཀྱི་སྲས། བྱང་ཆུབ་འདྲེ་བཀོལ། ༼འདའི་ནི་རླངས་བྱང་ཆུབ་རྡོ་རྗེ་འམ་བྱང་ཆུབ་འདྲེ་བཀོལ་ཡིན་པས་ཁོང་བྱོན་པའི་དུས་སྐབས་སྤྱི་ལོའི་དུས་རབས་དགུ་དང་བཅུ་པའི་བར་ཡིན་ཏེ། མ་དཔེའི་ཚིག་ཟིན་བཞིན་རྩིས་ན་ཁོང་སྤྱི་ལོ་ 968 ལོར་འཁྲུངས་ཏེ་དགུང་ལོ་བརྒྱ་དང་བརྒྱད་བཞུགས་ནས་སྤྱི་ལོ་ 1076 བོད་རབ་བྱུང་དང་པོའི་མེ་འབྲུག་ལོར་གཤེགས་པར་མངོན།༽ རླངས་ཀྱི་གྲུབ་ཐོབ་ཆེན་པོ་ལྷ་གཟིགས་བྱང་ཆུབ་རྡོ་རྗེ། མ་ལ་འཁྲུངས་ནས་ཆོས་ལ་ཞུགས། དགུང་ལོ་བཞི་ཡི་ལོ་ཐོག་ཏུ། གསང་སྔགས་རྙིང་མའི་གྲུབ་པ་ཐོབ། དགུང་ལོ་ལྔ་རུ་བཞེས་པ་ལ། ནམ་མཁའ་ཡངས་པའི་དབྱིངས་རུམ་དུ། འཇའ་ཚོན་སྣ་ལྔའི་ནང་རུམ་ན། སེང་གེ་བརྒྱད་སྣོལ་ཁྲི་སྟེང་ན། ལོ་གསར་ཟླ་བའི་བཅོ་ལྔ་ལ། བཅོམ་ལྡན་ཤཱཀ་ཐུབ་ཞལ་མཐོང་ནས། བཀའ་ནི་གསང་སྔགས་ཆོས་རྣམས་ཞུས། དེ་ཡང་གྲུབ་པ་ཐོབ་པའི་གྲུབ་རྟགས་ཡིན། གུང་ལོ་བརྒྱད་དུ་བཞེས་པའི་ཚེ། སློབ་དཔོན་པདྨར་དངོས་སུ་སྤྲུལ། ནུབ་ཕྱོཊ་ཨོ་རྒྱན་གནས་སུ་བྱོན། དམ་ཅན་ཆོས་སྐྱོང་སྲུང་མ་བསྐོས། སྲིན་པོ་རྣམས་ཀྱི་འདུལ་དཔོན་མཛད། དེ་ནས་དཔྱིད་ཟླའི་ཚེས་བཅུ་ལ། གངས་དཀར་རྒྱལ་པོ་ཏེ་སེར་བྱོན། ཕྱག་ན་རྡོ་རྗེ་དངོས་དང་མཇལ། གྲུབ་པ་ཐོབ་པའི་གྲུབ་རྟགས་ཡིན། ཟླ་བ་དེའི་བཅོ་ལྔ་ལ། རྒྱ་གར་རྡོ་རྗེ་གདོན་དུ་བྱོན། མགོན་པོ་སྤྱན་རས་གཟིགས་དང་མཇལ། གྲུབ་པ་ཐོབ་པའི་གྲུབ་རྟགས་ཡིན། དེར་ཁོང་ཕྱིར་བྱོན་ནས་བལ་ཡུལ་འཕགས་པ་ཤིང་ཀུན་དུ། ཕྱི་མའི་ཚེས་བརྒྱུད་ལ་བྱོན་ནས་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་ཕུལ། གསོལ་བ་བཏབ་ནས། ཏིང་ངེ་འཛིན་གྱི་ངང་ལ་གཟིམས་པ་ལ། ཁོང་གི་མནལ་ལམ་དུ་སྟེང་ཕྱོགས་ལྷའི་ཡུལ་དུ་བྱོན་ནས། བྱམས་པ་མགོན་པོ་ཉིད་དང་མཇལ། མོད་ལ་ལྷའི་བུ་མོས་མཆོད་པ་ཕུལ་བ་རྨིས། ཕྱི་ནང་ཉི་མ་ཤར་བ་དང་། ཁོང་མནལ་སད་པ་དང་། དེར་ཁོང་བཞེངས་པའི་ཐུགས་ལ་ནི། བྱམས་པའི་ཆོས་ལྔ་གནང་བ་ལ་བལ་ཡུལ་བ་ཚོས་ཆོས་ཞུ་ཟེར་བས། ཁོང་གིས་བྱམས་པའི་ཆོས་ལྔའི་ཆོས་གྲྭ་ཆེན་པོ་དེ་བཙུགས་སོ། དེ་ནས་སྤུ་རངས་ལྷ་བར་དུ་བྱོན་པ་ལ། བོད་ཁམས་ཀྱི་བསྟན་མ་བཅུ་གཉིས་ཀྱིས་བསུ་བ་བྱས། གངས་དཀར་བསྟན་མས་ཞུས་ནས། ངེད་བོད་ཁམས་བསྟན་མ་བཅུ་གཉིས་འདི། ཁྱེད་སློབ་དཔོན་གྱི་དམ་ཅན་སྔར་ཡང་ཡིན། ད་འང་ལས་མཁན་བྱེད་པར་ཞུ། ཟེར་ནས་ཞུས། དེའང་གྲུབ་པ་ཐོབ་པའི་རྟགས་ཡིན། དེ་ནས་དབུས་ཀྱི་ལྷ་སར་བྱོན་པ་ལ། མ་མཁའ་འགྲོ་མ་རྣམས་ཀྱིས་བསུ་བ་བྱས་ནས་བཞུགས་པ་ལ། ཡེ་ཤེས་མཁའ་འགྲོ་མ་གསུམ་གྱིས་ཁོང་ལ། ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ་ཞིག་གི་ནང་དུ་དངོས་གྲུབ་དྲངས། ཁོང་ཡང་བྱང་ཕྱོགས་ཐང་ལྷའི་མགུལ་དུ། གནམ་མཚོའི་འགྲམ་དུ་བྱོན་པ་ལ། འཇིག་རྟེན་གྱི་ལྷ་འདྲེ་ཐམས་ཅད་འཚོགས་ནས་ཁོང་ལ་བསུ་བ་བྱས་པ་ལ། ཁོང་གི་དམ་ཅན་དུ་བཀོལ་བ་ལ། ཁོང་དམ་ཅན་རྣམས་ཀྱིས་བསྐོར་ནས་བོད་ཁམས་ཡུལ་གྱི་སོག་ཤོད་ལ་བྱོན་ནས་བཞུགས། གསང་སྔགས་གསར་རྙིང་གི་ཆོས་གྲྭ་བཙུགས་པ་ལ། ཀླུ་རྗེ་རྒྱུལ་བ་ཐོད་དཀར་གྱིས་ཆོས་ཞུས། དམ་ཅན་བྱེད་པར་ཁས་བླངས། ཁྱེད་རང་གི་མི་རྒྱུད་ཡིན་ངེས་ལ་བཀའ་བསྲུང་བ་མིན་པ་གནོད་མི་སྐྱེལ་ཟེར། དེ་ནས་རྟ་ཤོད་ཤེ་ལེ་ཕུ་གསུམ་གྱི་ལྷ་ཁང་གི་ཕུ་ན་འབྲུ་སྟོན་དར་མ་སིདྡྷི་བཞུགས་པའི་སར་བྱོན། གསང་སྔགས་གསར་རྙིང་གི་ཆོས་རྣམས་ལ་ལུང་དང་བཀའ་བཞིན་བསྟན་པ་དར་མ་སིདྡྷཾས་གསུངས་པ་ལ། ཁྱེད་བཀའ་གསར་རྙིང་ཆོས་ལ་གྲུབ་པ་ཐོབ། སངས་རྒྱས་རྣམས་དང་དངོས་སུ་མཇལ། དཀོན་མཆོག་གསུམ་ལ་མཆོད་པ་ཕུལ། ལྷ་འདྲེ་ཐམས་ཅད་བྲན་དུ་བཀོལ། མཚན་ཡང་བྱང་ཆུབ་འདྲེ་བཀོལ་གྱིས། བོད་ཀྱི་ཡུལ་དུ་གྲགས་པ་ཡི། གྲུབ་པ་ཐོབ་པའི་མཚན་དུ་ཡོད། དེ་ནས་ལྷོ་ཕྱོཊ་ཀོང་པོའི་ཡུལ་དུ་དགོངས་པ་ལ། མཁའ་འགྲོ་མའི་ལུང་བསྟན་མཛད་ནས། གྲུབ་པ་ཐོབ་པའི་སྐྱེས་བུ་ཁྱོད། ཁྱོད་ཀྱི་གདུལ་བྱ་ཤར་ན་ཡོད། ཤར་དུ་བྱོན་ན་དངོས་གྲུབ་ཡོང་། ཟེར་ནས་ལུང་བསྟན་མཛད། དེ་ནས་ཁོང་གིས་ཤར་དུ་བྱོན། གེར་འཚོའི་མགུལ་དུ་བྱོན་པ་ལ། གླིང་རྗེ་གེ་སར་གྱིས། སྲིན་གྱི་བེར་ནག་པོ་ཐོག་གདུགས། སྲིན་རལ་ཁྲའོ། སྲིན་རྟ་ནག་པོ་གསུམ་ཕུལ་ནས། མི་འཆི་ཚེའི་དབང་ཞིག་ཞུ། ངས་གདུག་པའི་ལྷ་འདྲེ་འདུལ་བ་ལ། ཁྱེད་ཀྱིས་བདག་གི་ལུས་སྐྱོབ་མཛོད། ཟེར་ནས། ཁོང་གི་ཞལ་ནས། ཁྱོད་འཆི་བའི་དུས་ལ་བབ་པ་ལ། རང་རེས་འབད་ཀྱང་ག་ལ་བརྟེན། བདུད་ཀྱི་བར་ཆད་མི་འབྱུང་བ། རྣལ་འབྱོར་བདག་གིས་སྲུང་མ་བྱེད། ལོ་ནི་བརྒྱད་ཅུ་རྩ་བརྒྱད་བར། སྐྱེས་བུ་ཁྱོད་ཀྱི་ཚེ་ཚད་ཡིན། ཞེས་གསུངས། ༼གླིང་གེ་སར་ནི་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུས་དཔལ་འཁོར་བཙན་རྒྱལ་སྲིད་བསྐྱོངས་རིང་ཡིན་པར་བཞེད་ལ། དུང་དཀར་ཚིག་མཛོད་དུ། ལྕགས་བྱི་ཕྱི་ལོ་1000 འཁུངས་པ་དང་། མེ་ཡོས་ཕྱི་ལོ1087ལོ་འདས། ཞེས་གསལ་བས་ཕར་ཆེར་མཐུན་པར་མངོན།༽ དེར་ཁོང་ལ་སྤོམ་རས་མགོ་བྱས་པའི་མདོ་ཁམས་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས་བསུ་བ་བྱས་ནས། རྒྱ་ནག་རི་བོ་རྩེ་ལྔར་བྱོན། འཕགས་པ་འཇམ་དཔལ་དངོས་དང་མཇལ། མ་མཁའ་འགྲོ་མ་ཡིས་དངོས་གྲུབ་དྲངས། དེ་ཡང་གྲུབ་པ་ཐོབ་པའི་རྟགས་ཡིན། དེ་ཡང་ཐེ་རྒྱའི་ལེ་ཁྱུར་དུ། རྒྱལ་ཐེལ་ཆུ་ཡང་ལེར་བྱོན། རྒྱའི་ཕོ་བྲང་ཐམས་ཅད་བཏུལ། གྲུ་རྟགས་བསྟན་ནས་དེ་ན་བཞུགས། དགོན་པ་མཛད་ནས་སྒྲུབ་ལ་བཞུགས། མ་མཁའ་འགྲོ་མ་རྣམས་ཐམས་ཅད་འདུས། དངོས་གྲུབ་རྒྱུན་ཆད་མེད་པར་ཕུལ། དེ་ནི་བསྒོམས་པའི་གྲུབ་རྟགས་ཡིན། སངས་རྒྱས་ཐམས་ཅད་ཀྱི་སྐུ་ཞལ་མཐོང་ནས། མཉམ་བཞག་ངང་ལ་བཞུགས་པ་ལ། གེ་སར་རྒྱ་ལ་བྱོལ་རྟ་བསྐྱལ་ནས། ཁྱེད་གདན་འདྲེན་པ་ལ་ཡོང་བས། གྲུབ་པ་ཐོབ་པའི་རྣལ་འབྱོར་པ། བོད་ཀྱི་ཡུལ་དུ་འབྱོན་པར་ཞུ། བདག་ལ་ཁྲིམས་ཀྱི་དངུལ་མདུང་ཀེ་རུ་དང༌། ཁྲིམས་ཀྱི་རྔ་བོ་ཆེ་ཟིལ་གནོན་དང་། ཁྲིམས་དར་ནག་པོ་ཟིལ་གནོན་དང་། རྒྱ་ནོར་བསམ་གྱིས་མི་ཁྱབ་པ་འབུལ་རྒྱུ་ཡོད་ཟེར་ནས་ཞུས། དེར་གྲུབ་ཐོབ་ཆེན་པོ་ལ་མཁའ་འགྲོ་མའི་ལུང་བསྟན་བྱུང་ནས། སྟོད་ནུབ་ཕྱོགས་ཨོ་རྒྱན་བྱང་ངོས། སྲིན་པོ་ཕོ་མོ་འདུ་བ་དང༌། ཐང་ཡིག་རིན་ཆེན་སྒྲོན་མེ་དང༌། བསྟན་པ་འགྱོགས་པའི་གླང་པོ་དང་། རྣལ་འབྱོར་ཁྱེད་ལ་མཁོ་བ་ཡི། རླངས་ཀྱི་པོ་ཏི་བསེ་རུ་དང༌། བཀའ་དང་བསྟན་བཅོས་གཏེར་དུ་ཡོད། རྣལ་འབྱོར་བཀའ་དང་གླིང་ཕྲུག་ཐོངས། གཏེར་ཁ་ཆེན་པོ་ཐོན་པར་ཡོད། ཟེར་བའི་མཁའ་འགྲོའི་ལུང་བསྟན་བྱུང་ནས། དེ་ནས་ཁོང་གིས་གླིང་རྗེ་གེ་སར་ལ་བཀའ་གནང་ནས། ནུབ་ཕྱོགས་ཨོ་རྒྱན་བྱང་ངོས་ལ་སྲིན་པོ་ཕོ་མོ་འདུལ་བ་དང་། བྱང་ཕྱོགས་གཡའ་རི་དམར་པོའི་ཞོལ་ཕ་བོང་སྔོན་པོ་སྦལ་པ་འདྲ་བ་ཞིག་གི་འོག་ཏུ་གཏེར་ཁ་ཆེན་པོ་བཀའི་བསྟན་བཅོས་མང་དུ་ཡོད་པ་ཁྱོད་ཀྱིས་ཐོན་པ་ཡོང་བར་ཡོད་པས་དེ་ཐོན་པ་དང་ང་ཡང་བོད་དུ་ཡོང་གསུངས་ནས། ༼འདི་ནི་སོག་རི་གཡག་ལ་ཡིན་པ་གོང་འོག་གཉིས་སྒྲིགས་ན་གསལ་པོ་འདུག།༽ཁོང་ལ་སློབ་དཔོན་པདྨའི་སྐུ་གཅིག་དང་། སྒྲིབ་ཤིང་སྲུང་བ་གཅིག་བཏགས་སོ། དེ་ནས་ཁོང་སོང་ནས་སྲིན་པོ་ཕོ་མོ་བཏུལ། གཏེར་ཁ་ཆེན་པོ་བཏོན། དེར་དཔལ་བཟང་མིག་བམ་འབམ་གྱིས་ཁོང་གི་སྙན་པ་ཚོར་བ་དང༌། གདན་འདྲེན་ལ་སོང་ནས་ཁོང་གི་མདུན་དུ་ཕྱིན་པ་དང་ཞུ་བ་བྱས། རང་གི་ཡུལ་དུ་མི་བཞུགས་ན་མི་ཡི་ཡུལ་དུ་ཅི་ལ་བཞུགས། ངེད་རང་ཡུལ་དུ་འབྱོན་དགོས་ཟེར། གྲུབ་ཐོབ་ཆེན་པོས་གསུངས་པ། ངེད་རང་ཁུ་ཚན་འཕྲད་པ་ལ། འགྲོ་འདུག་གང་བྱེད་གྲོས་སུ་བསྟུན། དོ་ནུབ་རྨི་ལམ་ཞིག་ཀྱང་བལྟ། གསུངས་པ་དང་། དེ་ནུབ་མ་མཁའ་འགྲོ་མས་ལུང་བསྟན་མཛད་ནས། རྣལ་འབྱོར་འབྱོན་པའི་དུས་ལ་བབ། ཁྱེད་ཀྱི་གདུལ་བྱ་སྟོད་དུ་ཡོད། ཁྱེད་ལ་གདུང་རྒྱུད་གསུམ་དུ་ཡོང་། སྟོད་ཀྱི་ས་ཡུལ་བདག་པོ་བྱེད། ཟླ་བ་ཕྱི་མའི་བཅོ་ལྔ་ལ། རྣལ་འབྱོར་སྟོད་ལ་འབྱོན་པ་མཐད། གསུང་ནས་ལུང་བསྟན་པ་དང་། གྲུབ་ཐོབ་ཀྱིས་གསུང་པ། ཟླ་བ་ཕྱི་མའི་གནམ་གང་ལ། ཁྱེད་ཚ་བོ་གང་ཟེར་ཅན་དུ་ཡོང་། ཚ་བོ་ཁྱོང་རང་མགྱོགས་པར་སོང་། གསུངས་པ་ལ། དཔལ་བཟང་གིས་ཞུས་ནས། ཟླ་བ་ཕྱི་མའི་ཉེར་བརྒྱད་ལ་རི་ཤོད་ཡོ་རྒྱང་མདོར་ཡོན་བདག་རྫོང་དང་། ངེས་རང་ལྷ་སྟོན་དཔལ་སྟོན་རྣམས་ཀྱིས་ཀྱང་བསུ་བ་བྱེད། དུས་བཟང་ཡང་ཕྱིའི་གནམ་གང་ལ། གོང་ཆེན་ཐང་དུ་བསུ་བ་བྱ། ཆོས་འབྲེལ་ཡོན་བདག་གང་སྔ་བྱེད་ཟེར་བ་དང༌། དེར་འབྱོན་པའི་ཞལ་བླངས་བྱས་ནས་ཁོ་སོང་། ཁོང་ཡང་ཕྱི་མའི་བཅོ་ལྔ་འབྱོན་ཚེས་མཛད་པ་ལ། རྒྱ་བོད་ཀྱི་ལྷ་འདྲེ་ཐམས་ཅད་འཚོགས་པ་དང་། ཁོང་དམ་ཅན་མ་མགོན་རྣམས་ཀྱིས་བསྐོར་བ་ལ། གྲུབ་ཐོབ་ཀྱི་ཞལ་ནས། ཁྱེད་མགོན་པོ་རྣམས་ཀྱིས་མེ་ཡང་ཕུལ། ལྷ་མོ་རྣམས་ཀྱིས་ཆུ་ཡང་ལོངས། ང་རྣལ་འབྱོར་པ་ཡིས་ཤིང་ཡང་འབུད། དཀར་ནག་གཉིས་ཀྱི་ཇ་ཆུར་བསྐོལ། བོད་ཀྱི་ཡུལ་དུ་འགྲོ་རན་ཡོད། མ་མཁའ་འགྲོ་མ་ཡི་བསུ་བ་ཡོད། རང་རེའི་སྒྲུབ་གནས་བཟུང་བ་དང་། སངས་རྒྱུས་བསྟན་པ་འཛིན་པ་དང་།ཚ་བོ་གཉེན་བཟང་ལྷ་སྟོན་འདི། ཐེལ་ཆུའི་བླ་མར་འཇོག་པ་ཡིན། གསུངས་ནས། གཉན་བཟང་ལ་གསུང་བྱོན་པ་ལ། གཉན་བཟང་ལྷ་སྟོན་གྱིས་ཞུས་པ། ཡུལ་འདི་གཉན་ལྷ་འདྲེ་འདི་གདུག་པ་ཆེ། ཁྱེད་རང་ཟླ་ལ་འགྲོ་ཟེར་བ་ལ། ཁོང་གི་གསུང་ནས། མགོན་པོ་ལྷ་མོ་སྦྲགས་པ་ཡང་། ཚ་བོ་ཁྱེད་ལ་འཇོག་པ་ཡིན། གདམས་ངག་དཔེ་ཡི་པོ་ཏི་ཡང་། ཚ་བོ་ཁྱེད་ལ་འཇོག་པ་ཡིན། ལྷ་ཁང་གསེར་འཕྲུ་བཅས་པ་ཡང་། ཚ་བོ་ཁྱོད་ལ་འཇོག་པ་ཡིན། མཁའ་འགྲོ་མ་ཡི་དངོས་གྲུབ་ཀྱང་། ཚ་བོ་ཁྱོད་ལ་འཇོག་པ་ཡིན། ཐེལ་ཆུའི་ཡོན་བདག་རྒྱ་བོད་ནམས། ཚ་བོ་ཁྱོད་ལ་འཇོག་པ་ཡིན། རྒྱ་ནག་རི་བོ་རྩེ་ལྔ་ན། ཡི་དམ་འཕགས་པ་འཇམ་དཔལ་བཞུགས། ཚ་བོ་ཁྱོད་ཀྱི་ཡི་དམ་གྱིས། རྒྱ་བོད་ཐེལ་ཆུའི་ལྷ་འདྲེ་རྣམས། ཚ་བོ་ཁྱེད་ཀྱི་ཕོ་ཉར་འཇོག སློབ་མ་སུམ་བརྒྱ་བདུན་ཅུ་ཡང་། ཚ་བོ་ཁྱོད་ཀྱི་གྲྭ་པར་འཇོག ཨ་རོག་སྟོན་པས་ཕུལ་བ་ཡི། རྔ་ཆེན་གྲམ་གཞུང་ཁྱེར་ལ་ཤོག ང་འདོ་བ་རླུང་གི་རྟ་ལ་ཞོན། ང་དགོས་པ་བྱུང་ན་མགྱོགས་པར་འགྲོ། གསུངས་ནས། རྔ་གྲམ་པ་གཞུང་རྒྱལ་ལ་ཆིབས་ནས་ནམ་མཁའི་ཁམས་ལ་བྱོན། མཁའ་འགྲོ་མས་ཀྱང་བསུ་བ་བྱས་སོ། གླིང་གི་གླིང་ཡུལ་གོར་མདོར་བྱོན་པ་དང༌། གླིང་གི་རྒྱལ་པོ་གེ་སར་དེས། ཡོལ་གྱི་ཡོལ་སྟོད་དུ་ཕྱག་ཕབ་དང༌། གླིང་རིང་གི་མི་ཚོ་དེར་འབུལ་བ་བྱེད་དུ་བྱུང་། ཁོང་གིས་ཐང་ཡིག་རིན་པོ་ཆེའི་སྒྲོན་མ། བསྟན་པ་འགྱོགས་པའི་གླང་པོ། རླངས་ཀྱི་པོ་ཏི་བསེ་རུ། ཁྲིམས་ཀྱི་རྔ་བོ་ཆེ་ཟིལ་གནོན། ཁྲིམས་ཀྱི་དངུལ་མདུང་ཀེ་རུ། ཁྲིམས་དར་ནག་པོ་དགྲ་འདུལ། སློབ་དཔོན་པདྨའི་ཆོས་སྐོར། དབུ་ཞྭ། ན་བཟའ། ཆགས་འུ་དང་བཅས་པ་རྣམས་དང་། ཆིབས་པ་ཕ་བོང་ག་པ་རྟ་འདྲ་ཕུལ་ནས་ཞུ་བ་བྱས་པ་ལ། ཁྱེད་གྲུབ་པ་ཐོབ་པའི་རྣལ་འབྱོར་པ། སངས་རྒྱས་ཀྱི་བསྟན་པ་འཛིན་པ་དང༌། གདུག་པའི་ལྷ་འདྲེ་འདུལ་བ་དང་། གླིང་གི་མི་ནོར་འཕེལ་བ་དང་། མི་ནད་ཕྱུགས་ནད་གཅོད་པ་དང་། བོད་ཁམས་བདེ་བས་ཐུགས་ལ་ཐོགས། གྲུབ་ཐོབ་འཞུགས་པའི་སྐུ་རིང་ལ། རྒྱུན་ཆད་མེད་པར་མཇལ་བར་ཞུ། མི་རྟག་འདའ་བའི་ཚུལ་སྟོན་ན། བདེ་བའི་གནས་སུ་བདག་ཀྱང་ཁྲིད། ད་རེས་འབུལ་བའི་སྔ་མར་ཞུ། ཟེར་ནས་ཞུས་སོ། སེང་བློན་གྱིས་ཁྲ་བོ་གཡང་ལུགས། ཁྲ་རྒན་གྱིས་ཐོག་རྒྱུགས་དཀར་པོ། ཁྲོ་ཐུང་གིས་ཤང་ལང་ནག་པོ། ལྡོམ་བུའི་དཀར་མོ་རུབ་གདུགས། ཞལ་དཀར་གྱིས་གངས་དཀར་ལྷ་རྩེ། བན་དེས་གཡུལ་དམར་འོད་གསལ། ཤེལ་རིས་གསེར་གྱི་མཆོད་རྟེན་ཕུལ། གླིང་གི་གཙོ་བོ་སུམ་ཅུ། ཐུལ་པ་སུམ་ཅུ། སྟག་ཤར་སུམ་ཅུ། བླ་མཆོད་སུམ་ཅུ། མོ་བཙུན་སུམ་ཅུ་རྣམས་ཀྱིས། མི་རེས་འབུལ་བ་རེ། ཞུ་བ་རེ་བྱས། གྲུབ་ཐོབ་ཆེན་པོའི་ཞལ་ནས། ཁ་བ་ཅན་ལ། གནོད་པའི་འདུལ་དགོས་ཅི་འདྲ་ཡོད། བདག་གིས་བཀའ་དང་དབང་བསྐུར་ན། ཡོན་བདག་ཁྱེད་ཀྱིས་ཐུལ་ནས་ཡོང་། མི་དགེ་སྤོངས་དང་དགེ་བ་ཡོང་། སྙིང་རྗེ་བསྒོམ་ན་བྱམས་སེམས་ཡོང་། བླ་མ་བསྒོམ་ན་བྱིན་རླབས་ཡོང་། ཡི་དམ་བསྒོམ་ན་དངོས་གྲུབ་ཡོང་། སྙིང་རྗེ་སྒོམས་ལ་སྦྱིན་པ་ཐོངས། སྡིག་པ་སྤོངས་ལ་དགེ་བ་གྱིས། བསོད་ནམས་རྒྱུན་ཆད་མེད་པར་ཡོང་། དགེ་སྡིག་ཤན་འབྱེད་ཀྱི་ཆོས་སྐོར་འདི། སྐལ་ལྡན་རྣམས་ཀྱི་ཆོས་སྐལ་ཡིན། གསུང་པའི་བསྟན་ཆོས་གསུངས་ནས། འགྲོ་དགོས་གསུངས་པ་ལ། གླིང་གེ་སར་གྱིས་ཞུས་ནས། ཁ་བ་ཅན་ལ་གནོད་པ་ཀུན། བདག་གིས་ཐུལ་ཡང་མི་ཐུལ་བས། ཁྱོད་སློབ་དཔོན་བཀའ་ལ་མི་བརྩི་བར། སེམས་ཅན་ཀུན་གྱི་སྲོག་བཅད་ན། རྒྱལ་ཁམས་ཙམ་ལ་གནོད་པ་ཡིན། ཤར་ན་དྲི་ཟ་རྒྱལ་པོ་ཡོད། ལྷོ་ན་གཤིན་རྗེ་རྒྱལ་པོ་ཡོད། ནུབ་སྲིན་པོ་གུར་དུམ་ཡོད། བྱང་ན་གནོད་སྦྱིན་ཕོ་མོ་ཡོད། ཕྱོགས་འདི་ཐུལ་ལ་དམ་དུ་ཁོལ། བོད་ཁམས་བདེ་བས་ཐུགས་ལ་ཐོགས། གླིང་གི་ཐང་བརྒྱུད་ཐང་སྟོད་འདི། གྲུབ་ཐོབ་ཁྱེད་ཀྱི་དགོན་པར་འབུལ། གླིང་གི་ས་ཡུལ་གར་བདེ་དེ། གྲུབ་ཐོབ་བཞུགས་པའི་གནས་སུ་འབུལ། ཕ་བོང་ག་པ་རྟ་འདྲ་དེ། ལྷ་འདྲེ་འདུལ་བའི་ཆིབས་པར་འབུལ། ཟེར་བ་ཞུས་པ་དང་། ཁོང་ཡོན་མཆོད་གཉིས། གླིང་གི་ཡུལ་ཐང་བརྒྱད་ཡོལ་དེ་ཡག་ཐང་དང་། ཡུལ་རྣམས་ཀྱི་སྟོད་སྨད་ལ་བྱོན་ནས། ཕ་བོང་ག་པ་རྟ་འདྲའི་རྩར་བཞུགས། དཀོན་མཆོག་ལ་མཆོད་པ་ཕུལ། ཆོས་སྐྱོང་རྣམས་ལ་གཏོར་མ་བྱིན༌། ལྷ་འདྲེ་རྣམས་ལ་དམ་གཏོར་བཏང་། མཁའ་འགྲོ་མ་ལ་དངོས་གྲུབ་ཞུས་པས། མཁའ་འགྲོ་མས་དངོས་གྲུབ་དྲངས། ལུང་བསྟན་མཛད་པ་ལ། རྣལ་འབྱོར་རྒྱལ་པོ་ཁྱི་ཐུལ་ཅན། ཁྱེད་དེ་རུ་མ་བཞུགས་ཤར་དུ་བྱོན། ཤར་དྲི་ཟའི་རྒྱལ་པོ་གདུག་རྩུབ་ཆེ། ཟེར་བའི་ལུང་བསྟན་ནོ། དེ་ནས་སྨད་སྤོམ་རའི་ཡུལ་དུ་བྱོན་ནས། ཁོའི་འཁོར་སུམ་བརྒྱ་དྲུག་ཅུ། སྲིང་ལྕམ་བཞི་བཅུ་ཞེ་ལྔ་རྣམས་ལ་གཏོར་མ་བྱིན། དམ་ཅན་དུ་བཀོལ་ནས་གསུང་བྱོན་པ་ལ། ཁྱེད་རྨ་ཆེན་སྤོམ་རའི་འཁོར་བཅས་ལ། རྣལ་འབྱོར་གཏོར་མ་མུས་སུ་འབུལ། ང་ཡི་རྒྱུད་པ་འཛིན་པ་ཡི། ལས་ཀྱི་སྲུང་མའི་ལས་མཁན་གྱིས། གསུངས་ནས། དམ་ཅན་སྲུང་མ་ལས་མཁན་བྱེད་པར་ཁས་བླངས། དེ་ནས་ཁོང་གིས། གླིང་གི་ཡོན་བདག་ཕོ་མོ་རྣམས་ལ། དངོས་གྲུབ་ཀྱི་གནང་སྦྱིན་བྱས། ཆོས་ཀྱི་དབང་ལུང་མང་དུ་བྱས་ནས་གསུང་བྱོན་ནོ། ང་རྣལ་འབྱོར་བྱང་ཆུབ་འདྲེ་བཀོལ་ངས། གུང་ནས་རིག་པ་ཆོས་ལ་སད། སངས་རྒྱས་བསྟན་པ་དར་བར་བྱས། གནོད་པའི་ལྷ་སྲིན་བཏུལ་ནས་ཡོད། གླིང་གི་མི་ནོར་འཕེལ་བར་ཡོང་། ཁྱེད་ཡོན་བདག་ཚེ་སྲོག་བརྟན་པར་ཡོང་། ད་རྣལ་འབྱོར་པ་ང་རང་རྒྱུད་པ་སྤེལ། གསུངས་ནས་བྱོན། དེར་གེ་སར་གྱིས་ཁོང་ལ་ཞུས་ནས། ཁྱེད་གྲུབ་ཐོབ་གར་འབྱོན་ངའི་ཡུལ་དུ་བཞུགས་པར་ཞུ། དེ་ནས་མི་བཞུགས་འབྱོན་པ་ན། སྒྲུབ་གནས་གར་ཡོད་གསུང་པར་ཞུ། འབུལ་བ་འཁྱེར་ནས་མཇལ་དུ་ཡོང་། དེ་མིན་བདག་ཀྱང་འཁྲིད་པར་ཞུ། གྲུབ་ཐོབ་ཀྱི་གསུང་ནས། ཡོན་བདག་གླིང་རྗེ་དད་པ་ཆེ། མི་རབས་མང་པོའི་གོང་རོལ་ནས། ཚེ་རབས་མང་པོའི་གོང་རོལ་དུ། སྨོན་ལམ་བཏབ་པའི་ཡོན་མཆོད་ཡིན། ང་ཡི་ཕ་ཡུལ་སྟོད་དུ་ཡོད། སྟེང་དག་པ་ལྷ་ཡུལ་ཕྱིན་ཆད་དང༌། འཇིག་རྟེན་ས་ཡལ་གར་བདེ་འདི། རྣལ་འབྱོར་ང་ཡི་ཕ་ཡུལ་ཡིན། སྒྲུབ་གནས་ཁྱད་དུ་འཕགས་པ་དང༌། སངས་རྒྱས་ཞབས་ཀྱིས་བཅགས་པ་རྣམས། རྣལ་འབྱོར་ང་ཡི་ཕ་ཡུལ་ཡིན། སྟོད་ཀྱི་རྒྱ་གར་ཕྱིན་ཆད་དང༌། སྨད་ཀྱི་རྒྱ་ནག་ཡར་བཅད་ཀྱང་། རྣལ་འབྱོར་ང་ཡི་ཕ་ཡུལ་ཡིན། ལྷ་ཁང་གསེར་འཕྲུ་གང་མཚར་དང་། བསྟན་བཅོས་པོ་ཏི་གང་འདུག་རྣམས། རྣལ་འབྱོར་ང་ཡི་ཡི་དམ་ཡིན། བྱང་དང་ལ་སྟོད་བལ་ཡུལ་དང་། མངའ་རིས་དབུས་གཙང་ཞིང་ས་དག དེ་རྣམས་ང་ཡི་ཕ་ཡུལ་ཡིན། ལྷོ་སྟོད་ལུང་ཆེན་བཅོ་བརྒྱད་ཀྱང༌། རྣལ་འབྱོར་ང་ཡི་ཕ་ཡུལ་ཡིན། རྟ་འཛག་གསེར་རིས་བཅད་པ། གཡུ་རིས་རི་གྲོ་བཅས་པ། ཅི་པར་ཚེ་གསུམ་ར་ས་བཅས་པ། སྤུ་ལོ་རྔུལ་ཤོད་བཅས་པ། གསེར་འཛིན་གཡུ་གསུམ་ས་ཡུལ་བཅས་པ། བརྒྱད་དངོས་སང་ཟླས་བཅས་པ། ནགས་སོག་ཤག་གིས་བཅས་པ། ཐེལ་ཆུ་གླིང་ཡུལ་བཅས་པ་འདི། རྣལ་འབྱོར་ང་ཡི་ཕ་ཡུལ་ཡིན། ཤ་ཉེ་རུ་ཐོགས་དེ་ན་ཡོད། སྔར་ཡང་ཕ་ཡུལ་ངོ་བོར་འདུག ད་འང་ཕ་ཡུལ་བྱེད་པ་ཡིན། རྣལ་འབྱོར་བྱང་ཆུབ་འདྲེ་བཀོལ་ང་། སངས་རྒྱས་རྒྱུད་འཛིན་སྤེལ་བ་ལ། ལྷོ་ཡི་སྟོད་དུ་སྤེལ་བར་བྱ། རྣལ་འབྱོར་སྒྲུབ་པའི་གནས་ཁང་དེ། མ་ཕམ་གཡུ་མཚོའི་མཎྜལ། ཆུ་བོ་བཞི་འདུས་པའི་མགོ་བོ། སངས་རྒྱས་ཀྱི་ཞབས་ཀྱིས་བཅགས་པའི་སར། དགོན་པ་དང་སྒྲུབ་པ་བྱེད་པ་ཡིན་གསུངས་ནས་བྱོན། གེ་སར་ཡང་ཡུལ་ལ་བྱོན། དེར་གྲུབ་ཐོབ་ཚ་བའི་ཡུལ་དུ་བྱོན་པ་ལ། རོང་བཙན་ཁ་བ་དཀར་པོའི་ཡུལ་གྱི། ཀླུ་བཙན་རྣམས། ཁོང་ཕྱག་ན་རྡོ་རྗེ་དང་། རྟ་མགྲིན་གཉིས་སུ་སྤྲུལ་ནས་དམ་ལ་བཏགས་སོ། ། དེ་ནས་ཁོང་གིས་གནས་དྲུག་སྤྱིའི་ས་ཆར་བྱོན། ཡང་ལེ་ཐེལ་ཆུ་ཡར་བཅད། རྩི་བར་རྩད་མོའི་ལྷ་ཁང་ཚུར་བཅད། འབྲི་བརྒྱ་ཟླ་རྨུ་གསུམ། སྔགས་པའི་གཉན་སྲིད་དུ་མཛད་ནས། སློབ་མར་བཀོལ། མི་ཆེ་དགུ་ནི་འབངས་སུ་བཀོལ། སྲིད་པ་ཕོ་རྒྱུད་མོ་རྒྱུད་ནི་བྲན་དུ་བཀོལ། ནུས་པ་དང་མཐུ་ཆེ་བར་གྲགས་པས། རླངས་སྟོང་སྲས་ཀྱི་རྒྱུད་ཀྱིས་གནས་དྲུག་ཟླ་ངོ་རྣམས་ཀྱིས་ཡུལ་ལྷ་ཁང་དང་བསྟན་བཅོས་རྣམས་ཕུལ་ནས་ཁོང་ཡང་མཉེས་པ་དང༌། རྫང་དང་དཔལ་སྟོམ་གྱིས་གདན་དྲངས་པས་མ་བྱོན་ནས། ཕ་སྤུན་རླངས་གསེར་པ་གཡུ་པ་རུ་དཔོན་གསུམ་གྱིས། རྟ་ཤོད་ཕུ་གསུམ་གྱི་ལྷ་ཁང་། གསེར་རིས་ལྷ་ཁང་། གཡུ་རིས་གནས་གསར། རྟ་ཤོད་ལྷ་ཁང་ཐང་། གན་རྒྱང་ལྷ་ཁང་ཕུལ་ནས་ཁོང་སྤྱིའི་ཡུལ་ལ་བྱོན་ནས། རླངས་བསམ་བར་གྱིས། གྲུབ་ཐོབ་བྱོན་པའི་ཤངས་ལེན་དེ། རླངས་ཁམས་པ་ཐམས་ཅད་འཚོགས་ནས་འབུལ། ད་རེས་འབུལ་བའི་སྔ་མ་ལ། སྤྱི་ཡི་ལུང་པ་ཕོ་དྲུག་དང་། གཉན་པོ་ར་ཛའི་བྲག་མགོ་དང༌། སྤྱི་བར་ཆམ་གསུམ་ས་ཡུལ་རྣམས། ལྷ་ཁང་གསེར་འཕྲུ་གང་འདུག་དང༌། བཀའ་ཡི་བསྟན་བཅོས་གང་སྣང་འབུལ། རླངས་ཀྱི་བུ་ཆུང་གཡུ་སྣ་གང་འདུག་གི། ཐུགས་ཀྱིས་གང་བཞེད་སློབ་མར་འབུལ། ཨ་ཁུ་ཁྱེད་ལ་ཤངས་ལེན་བྱེད་ཟེར་ནས་ཞུས་པས་མཉེས་ནས། ཉི་ཤུ་བརྒྱད་ལ་རེ་ཤོད་ཡོ་ཀྱང་སུམ་མདོར་བྱོན། ཡོན་བདག་རྫོང་གིས་དཀར་ཤོད་གོང་རྗེ་ཐང་། གཟུ་གོམ་མདའ། བྱ་མཆུ། སྤུ་ལེ་སྤར་རུ་རྣམས་ཀྱི་ལྷ་ཁང་ཕུལ་ནས་བླ་མཆོད་དུ་ཞུས་སོ།། དཔལ་བཟང་གིས་ཆོས་ཀྱི་བཀའ་འགྱུར།ནགས་ཤོད་ཀྱི་ས་བཅད་ཕུལ། སྟོམ་རྒྱང་གིས་སོག་ཤོད་མཚལ་ཆེན་ལྷ་ཁང་ཐང་ཕུལ། ༼འདི་ནི་སོག་གི་སྐྱ་ལོའི་མཁར་དམར་ཞེས་པ་དེ་ཡིན་ནམ་བསྙམས་ཏེ་དཔྱད་པ་འཚལ༽ ལྷ་སྟོན་གྱིས་ཡོག་ནག་ལྷ་ཁང་གསེར་ཏོག་དང། རྒྱ་བརྩིགས་མཆོད་རྟེན་ར་བ་དང། ཚོང་འདུས་ཡངས་པའི་གྲུ་བཞི་ཕུལ། སྔར་ཡང་ཁྱེད་རང་ཞབས་ཀྱིས་བཅགས། ད་འང་སྒྲུབ་ཁང་མཛད་པར་ཞུ་ཞུས། ༼ལྷ་སྟོན་དང་ལྷ་གདོན་ལྷ་གདུང་སོགས་འབྲི་ཚུལ་མང་ཡང་། ལྷ་སྟོན་ཚང་གི་མི་རྒྱུད་འདི་ནས་བྱུང་བར་མངོན་ཏེ། ཉི་འོག་ཏུ་འཁོད་པའི་དབུས་གཙང་ཁམས་གསུམ་སྤྱི་དང། ཁྱད་པར་མདོ་ཁམས་སྟོད་སྨད། བྱང་རིགས་ཧོར་ཁག །རེ་དཀར་སོག་གསུམ། ནག་ཤོད་ཁྲི་རྡོ་བཅས་མཐའ་དག་གི་བླ་དཔོན་། ཆོས་སྡེ། རྫོང་གཞིས་གཉེར་ལས་འཛིན་། རྒན་མི་དམངས་མཐའ་དག་ལ་སྤྲིངས་པ། ལྷ་སྟོན་དབང་རྒྱལ་འདི་པ་དབེན་གནས་སོགས་གང་དུ་སྡད་ཀྱང། ཨོ་ཟོབ་དང་དབང་ཤེད་མིན་པའི་འགྲོ་ཕན་གྱི་ཆོས་ཕྱོག་བྱེད་པར། མདུན་མོས་ཀྱི་དད་ལེན་དད་སྟེར་བྱེད་མི་བྱུང་བར་ཁྱོད་གོང་འཁོད་རྣམས་ཀྱི་ཕན་གྲོགས་སུ་གང་འགྱུར་ལས། སྙད་གཙེར་འོས་མིན་དབང་ཤེད་ལོག་པར་འགྲོ་བ་སྤུ་ཙམ་མ་བྱེད་པར་བདེ་བར་ཡི་གེ་འཛིན་ཆུག། ཞེས་གོ་བར་བྱ་བའི་ཡི་གེ་ཆུ་རྟ་ཟླ་ཚེས་ལ་། ཆོས་འཁོར་དཔལ་གྱི་ལྷ་ས་ནས་བྲིས། ཚུལ་མཐུན་སྡོད་མཁས་དང་དད་འབུལ་དད་ལེན་མི་འོས་པ་མ་བྱེད།། ཞེས་པའི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྩལ་བའི་བཀའ་ཤོག་དང་་་བཀའ་ཤག་ཏུ་བཀའ་དྲུང་ལྡུམ་ར་བ་དང། བཀའ་མགྲོན་བདེ་མཁར་གཉིས་ནས་ཚིག་ཞུས་ངེས་འདྲོངས་སོང། ཤིང་ལུག་ཟླ་ཚེས་ལ།། བཀའ་ཐམ་བཅས།༩/༤ཉིན་སྩལ། ལྷ་སྟོན་བླ་མ་སྐལ་བཟང་དབང་ལྡན་ནི། ཡུལ་སོག་རོང་དུ་ལྷ་སྟོན་ཞེས་པའི་རིགས་སུ་སྐུ་བལྟམས། སོག་འཕེལ་རྒྱས་གླིང་པའི་གྲ་པ་མཛད། གྲྭ་སར་ཕེབས་ནས་འབྲས་སྤུངས་སུ་སྒྲིག་ལ་ཞུགས། ཐོས་བསམ་གྱི་སྒྲོ་འདོགས་ཆོད་པར་མཛད་ཅིང་། རྟེན་དགེ་སློང་ཡིན་ཡང་སྔགས་གསར་རྙིང་མང་པོར་གསན་བསམ་མཛད། ཁྱད་པར་དུ་རྡོ་རྗེ་བྲག་སྨིན་གྲོལ་གླིང་སོགས་རྙིང་དགོན་རྣམས་སུ་ཕེབས་ནས་དབང་ལུང་མང་དུ་ཞུས་ཤིང༌། སྔོན་གྱི་སྨོན་ལམ་གྱིས་ཐུགས་རྒྱུད་བསྐུལ་ནས་གཏེར་སྟོན་རིག་འཛིན་ཆེན་པོ་དེ་ཉིད་སེ་ར་བཀྲ་ཤིས་སྟེང་དུ་བཞུགས་པའི་དྲུང་དུ་བྱོན་ནས་མཉེས་པ་གསུམ་གྱི་ཞབས་ཏོག་རྒྱ་ཆེར་བསྒྲུབས། གཏེར་སྟོན་རིན་པོ་ཆེས་ཀྱང་གཏེར་ལུང་གིས་ཟིན་པའི་ཆོས་བདག་ཏུ་ངོས་འཛིན་གནང་ནས་གཏེར་གསར་ཡོངས་རྫོགས་ཀྱི་བཀའ་ལུང་དབང་གསུམ་ཚང་བར་དགྱེས་བཞིན་དུ་སྩལ་བ་གསན། ཁྱད་པར་ཕྱག་རྫོགས་རླུང་ཁྲིད་དང་བཅས་པའི་གདམས་པ་ཐམས་ཅད་མཐའ་རྒྱ་ཆོད་ངེས་མཛད། ཁྲོ་ཕུར་རི་ཁྲོད་བཏབ་ནས་ཉམས་བཞེས་བསྐྱངས་པས་རིག་པ་ཚད་ཕེབས་ཀྱི་ས་ལ་གཤེགས། བཀའི་བདུད་རྩི་བཞེས་པའི་སློབ་མའང༌། རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་ཐེག་མཆོག་བསྟན་འཛིན་དང་། ཉི་སྤྲུལ་རིན་པོ་ཆེ་ཀུན་བཟང་ཐེག་མཆོག་རྒྱ་མཚོ། རྒྱལ་སྲས་ཨོ་རྒྱན་བསྟན་འཛིན། རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་སོགས་བྱོན་ཞིང་། ཁྱད་པར་ཉི་སྤྲུལ་རིན་པོ་ཆེའི་གཏེར་གསར་ཡོངས་རྫོགས་ཀྱི་དབང་ཁྲིད་ལུང་སོགས་གདམས་པ་ཐམས་ཅད་ཆེད་དུ་བཞེས་པས་རང་ལུགས་ཆོས་རྒྱུན་ལ་བཀའ་དྲིན་ཆེ། གཞན་ཡང་ཉམས་ལན་ནུས་པ་དག་ལ་སྒོམ་ཁྲིད་དང༌། སྐྱེ་བོ་ཕོ་མོ་རྣམས་ལའང་བསྙེན་གནས་བསྙུང་གནས་བཟུང་དུ་བཅུག་པ་སོགས་རྣམ་དཀར་གྱི་དགེ་བསྐུལ་ཁོ་ན་མཛད། དངོས་རྫས་ཕྲ་མོ་ཙམ་ཡང་གནས་མིན་དུ་ཟགས་སུ་མི་འཇུག །གསོལ་རས་ཙམ་གནང་ཡང་དེར་བསྟུན་པའི་ཁ་བཏོན་ཕྱག་སྐོར་སོགས་བྱེད་དུ་བཅུག་པ་སོགས་རྒྱུ་འབྲས་ལ་ཞིབ་པའི་ཚད་མཛད། ཐུགས་དམ་གྱི་གཙོ་བོ་ནི་རྫོགས་ཆེན་དང་བློ་སྦྱོང་ཁོ་ན་ལ་རྩལ་བཏོན་ཏེ་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་ཉམས་ལེན་ལ་བརྩོན་པར་མཛད་ནས་དགུང་ལོ་བརྒྱད་ཅུ་གྱ་ལྔ་པ་ལ་གཤེགས་སོ།།
ཁོང་གི་སྐུ་ཡི་མཆོད་སྡོང་དང་། གཏེར་ནས་ཐོན་པའི་དུང་དཀར་གཡས་འཁྱིལ། ཁྲོ་ཕུར་ལུགས་ཀྱི་ཞི་ཁྲོ། ཉི་གྲགས་གཏེར་ཆེན་གྱི་རྣམ་ཐར་རྒྱས་པ་པོ་ཏི་གཅིག་བཅས་ད་ལྟ་སོག་ཤོད་དུ་གནས་མུས་ཡིན། ཉི་གྲགས་ལུགས་བླ་མ་ཡང་ཏིག་གི་གསོལ་འདེབས་བདུད་རྩིའི་སྤྲིན་ཚོགས་སུ། བཤེས་གཉེན་ཆེན་པོ་སྐལ་བཟང་མཚན་ཅན་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཞེས་པ་རྗེ་འདི་ཉིད་དུ་ངེས་ཤིང༌། ལྔ་བཅུ་ང་དགུ་སྔོན་དུ་ལྷ་སྟོན་སྐར་བཟང་དབང་ལྡན་གྱི་རང་རྣམ་པོ་ཏི་གཅིག་རང་དགོན་སོག་ཤོད་དགའ་ལྡན་འཕེལ་རྒྱས་གླིང་དུ་ཡོད་འདུག་ཀྱང་། ལྔ་བཅུ་ང་དགུ་ལོར་རྒྱ་དམར་གུང་ཁྲན་གྱི་བཙན་འཛུལ་གྱི་དམག་འཁྲུག་འོད་སོག་ཙན་དན་དགོན་གྱི་ཐོག་ཏུ་གནམ་སྐྱོགས་ཆེ་ཆུད་དུ་མ་བརྒྱབས་ཏེ་དགོན་འདིའི་རིག་དངོས་ཤུལ་བཞག་སོགས་ལོ་རྒྱུས་སུ་རིན་ཐང་ལྡན་པའི་དངོས་རྫས་སྣ་ཚོགས་དང་སྣོད་བཅུད་གཉིས་ཀར་ཐལ་བའི་ཕུང་པོར་བརྒྱུར་བར་བརྟེན་ཕྱིས་སུ་ཁོང་གིས་རྣམ་ཐར་དེ་རྙེད་སོན་མ་བྱུང་པས་ལོ་རྒྱུས་གྱི་ཕམ་ཁ་དང་གྱོང་གུད་ཀྱི་གནས་སུ་ལས་ཅི་མ་མཆིན། ལྷ་སྟོན་རྣམ་དག །ལྷ་བཙུན་སྔོན་མོ། ལྷ་སྟོན་སྟོབས་བཅུ། ལྷ་སྟོན་པུག་རྡིས། ལྷ་སྟོན་ཞབས་དྲུང་བདུད་འཇོམས་རྡོ་རྗེ། ལྷ་སྟོན་དགེ་བཤེས་རྒྱལ་མཚན་ཕན་བདེ། ལྷ་སྟོན་བསྟན་པ་འབྲུག་གྲགས།༽
ལར་གྱིས་རྒྱ་གར་རྡོ་རྗེ་གདན། མངའ་རིས་ཚུར་བཅད་ཀྱི་ས་ཡུལ་མ་ཕུལ་བ་མེད། རག་ཤིས་ཤག་སོག་ཁལ་ཁབ་དང་སའི་ལིང་ཚེ་བཅད་ནས་ཕུལ། དེ་ནས་བཙུན་མོ་དཀར་ལྡན་མ་ཁབ་ཏུ་བཞེས་པ་ལ། ཆེ་བ་དཔལ་བཟང་ཡུལ་དུ་འཁྲུངས་པ་ལ། གཟུགས་བཟང་བས་ཆེ་བཟང་དཔལ་གྱི་སེང་གེར་བཏགས། འབྲིང་ཁྲོམ་དུ་འཚོགས་པའི་ནང་དུ་སྐྱེས་པས། ཨ་ཁྲོམ་དུ་བཏགས། དེ་འོག་མཚེ་མ་འཁྲུངས་ནས། ཁོང་ཡང་མ་ཕམ་གཡུ་མཚོའི་འགྲམ། ཆུ་བོ་ཞི་འདུས་པའི་མགོ་བོ། སངས་རྒྱས་ཀྱིས་ཞབས་ཀྱིས་བཅགས་པའི་སར་བསྒྲུབ་ཁང་མཛད། མཁའ་འགྲོ་དང་ཡི་དམ་གྱིས་མཆོག་དང་ཐུན་མོང་གི་དངོས་གྲུབ་དྲངས། དགུང་ལོ་བདུན་ཅུ་རྩ་གསུམ་ལོན་པ་ལ། གླིང་རྗེ་གེ་སར་གྱིས་སྔར་འབུལ་བྱས་པ་དང། དའི་འབུལ་བ་སྐྱེལ་བ་ལ་ཡོང་བས། བདག་ལ་རིགས་ཀྱི་རྒྱུད་ཀྱང་མེད། བདག་ཀྱང་ཁྱེད་ལ་དངོས་གྲུབ་ཞུ། ཟས་འཛད་པ་མེད་པའི་དངོས་གྲུབ་ཞུ། ལུས་ངལ་དུབ་མེད་པའི་དངོས་གྲུབ་ཞུ། སེམས་མཉམ་བཞག་མི་སྡུག་པའི་དངོས་གྲུབ་ཞུ། ཁ་མི་སྐོམ་བདུད་རྩིའི་དངོས་གྲུབ་ཞུ། མཚོན་གྱིས་མི་ཆོད་པའི་དངོས་གྲུབ་ཞུ། ཞུས་པས། མཚན་ལྡན་གྱི་ཀ་པཱ་ལ་ལྟག་སྤྲོད། ཟད་མེད་བཅུད་ལེན་གྱི་གདམས་པ། སྐོམ་མེད་ཆུའི་བདུད་རྩི་ཆེད་མེད། ཆོས་མེད་ལུས་ཀྱི་བསྟན་པ། རྟ་མེད་རླུང་གི་རྩོལ་བ། གདམས་ངག་དང་དངོས་གྲུབ་རྟག་ཅིང་ཡོད་པ་གནང་ནས་གེ་སར་ཡང་སོང་།
དེ་ཉིན་བཙུན་མོ་ལ་སྲས་གཅིག་ཁྲུངས་པས། ཁོང་གི་ཚེས་སུ་སྲས་ལ་མིང་རྟག་ཚབ་ཏུ་བཏགས། དེ་ནས་མ་ཕམ་གཡུའི་མཎྜལ་དུ་བཞུགས་དགོངས་པ་ལ། དགུང་ལོ་བརྒྱད་ཅུ་རྩ་བརྒྱད་ཀྱི་ཐོག་ཏུ། མཁའ་འགྲོ་མས་བསུ་བ་བྱེད་པར་འོང་ནས། རྣལ་འབྱོར་པ་བོད་དུ་མི་བཞུག་པ་ན། ཨོ་རྒྱན་ཡུལ་དུ་ཨེ་འབྱོན་ཟེར། ཁོང་གི་གསུང་ནས། ང་རྣལ་འབྱོར་པའི་ཕ་ཡུལ་དེ། མཚོ་མ་ཕམ་གཡུའི་མཎྜལ་ཡིན། ཆུ་བོ་བཞིའི་མགོ་བོ་ཡིན། སངས་རྒྱས་ཞབས་ཀྱིས་བཅགས་པ་ཡིན། ད་དུང་གདུལ་བྱ་བོད་དུ་ཡོད། ང་ལོ་ཚོད་བརྒྱ་དང་བརྒྱད་ཀྱི་བར། འཇིག་རྟེན་འདི་ཡི་གདུལ་བྱ་སྐྱོང་། དེ་ནི་མི་ལོ་ཉི་ཤུ་ཐེམས་པ་ན། ཁྱེད་མཁའ་འགྲོ་མས་ཀྱང་བསུ་བ་གྱིས། ང་རྣལ་འབྱོར་པ་བདེ་བའི་གནས་སུ་འགྲོ། ཨོ་རྒྱན་ཡུལ་དུ་ལམ་གཏོད་ནས། སྒྲུབ་གནས་ཁྱད་དུ་འཕགས་པ་འདི། ཤ་ཉེ་གྲུབ་ཐོབ་ཇི་འདྲས་འཛིན། ཁྱོད་མཁའ་འགྲོ་མས་ཀྱང་ལུང་བསྟན་གྱིས། སྲས་དང་བཙུན་མོ་འཁོར་རྣམས་ལ། དགོས་དོན་ཚིག་གསུམ་ཁ་ཏ་བྱེད། དེ་ནས་མཁའ་འགྲོ་མ་ཡིས་ལུང་བསྟན་ནས། རྟ་ཤོད་རྒྱང་གི་བྲག་ཕུག་ན། རླངས་གྲུབ་ཐོབ་གསེར་པའི་དར་བཟང་དེ། མི་ལོ་སུམ་ཅུ་སྒྲུབ་པ་བྱས། གསང་སྔགས་སྙིང་མའི་གྲུབ་པ་ཐོས། གནམ་ལ་འཕུར་བའི་གྲུབ་རྟགས་བསྟན། ངེད་མཁའ་འགྲོ་མས་ཀྱང་དངོས་གྲུབ་དྲངས། དེས་ཁྱེད་རྣལ་འབྱོར་གནས་ཀྱང་ཨེ་མི་ཟིན། རྒྱ་གར་རྡོ་རྗེ་གདན་ཞོལ་ན། རླངས་ཁ་ཆེ་དགེ་འདུན་བཟང་པོ་དེ། གྲུབ་རྟགས་བཅུ་དང་ཞལ་མཐོང་བདུན། དེ་ཡང་རྣལ་འབྱོར་གནས་འདི་ཟིན། བོད་ཁ་བ་ཅན་གྱི་ཞིང་ཁམས་ན། རླངས་ཀྱི་གྲུབ་ཐོབ་བཅུ་གཅིག་ཡོད། ཁྱེད་རྣལ་འབྱོར་བཞིན་ནི་མ་བྱུང་ཡང་། གནས་མི་སྟོང་པ་ནི་ཡོང་བ་ཡིན། ཁྱེད་རྣལ་འབྱོར་གྱི་ཐུགས་ལ་གང་མངའ་དེ། ང་མཁའ་འགྲོ་མས་ཀྱང་ལུང་བསྟན་བྱེད། གྲུབ་ཐོབ་ཀྱི་དགོངས་པ་ལ། གསེར་པ་དར་མ་བཟང་པོ་ཤ་ཐག་ཉེ། རྡོ་རྗེ་གཞོན་ནུའི་སྒྲུབ་ཐབས་ཀྱི་ཆོས་ཀྱང་བསྟན། དེ་དྲག་པས་ལུང་སྟོན་ཟེར་དགོས་དགོངས་ནས། མཁའ་འགྲོ་མ་རྣམས་ལ་གསུངས་པ། གྲུབ་ཐོབ་གསེར་པ་དར་བཟང་དེ། ལུང་བསྟན་བགྱིད་དང་གནས་འདིར་འཇོག ང་རྣལ་འབྱོར་པ་གདུལ་བྱ་སྐྱོང་དུ་འགྲོ། མདོ་ཁམས་ལྷ་ཡི་ས་ཡུལ་ན། རྣལ་འབྱོར་རྒྱུད་པ་འཛིན་པ་ཡི། བཙུན་མོ་སྲས་བུ་བཞི་འཁྲུངས་ཡོད། དེ་ལ་རྒྱུད་པ་ཅི་འཕེལ་ལྟ། ཚ་བོ་ལྷ་སྟོན་སྙན་བཟང་དེ། ཐིལ་ཆུའི་བླ་མར་བཞག་པ་དེ། ཁོ་ཡི་གདུལ་བྱ་ཨེ་ཆེ་ལྟ། གསུངས་ནས།
དེ་ནས་ཟེར་མ་རླུང་གི་རྟ་ལ་ཆིབས་ནས། ཡུད་ཙམ་ཞིག་ལ་དབུས་སུ་བྱོན། དབུས་ཀྱི་ཇོ་བོ་ལ་བྱིན་རླབས་ཞུས། ཉི་མ་དགོང་ལ་སོག་ལ་བྱོན། སོག་ཤོད་མཚལ་མོ་གླིང་ལ་བྱོན། བྱང་གི་ཨང་ངུ་གོ་ལྷོའི་ཤོད་བརྒྱད་གོང་ཆུ་ལ་བྱོན། སྲས་པོ་གསུམ་ལ་ཉམས་ཚོད་ལྟས། སྤྲུལ་པ་ཅིར་ཡང་སྤྲུལ་གྱིན་བྱོན། ཆེ་བཟང་དཔལ་གྱི་སེང་གེ་དེ། སོག་ཤོད་མེར་གྱི་ཅན་དུ་སྣང་། ༼ཞེས་པ་འདི་ནི། སོག་གི་མེར་ཁ་ཡིན་སྟེ། དེབ་ཐེར་སྔོན་པོ་ལས། ཕག་གྲུ་རྡོ་རྗེ་རྒྱལ་པོ། སོག་མེར་ནག་ཁར་ཕེབས། ཞེས་ཤོག་གྲངས་517ལས་གསལ། ལྷོ་རུང་ཆོས་འབྱང་ལས། དགུང་ལོ་བཅོ་བརྒྱུད་ལུག་གི་ལོ་ཕྱི་ལོ་1127 སྦས་རྡོ་རྗེ་ཆེན་པོ་དང་བསྡེབས་ནས་དབུས་སུ་བྱོན། སོག་ཆུའི་ཁར་བར་ཆོད་བྱུང་བ་ན། རྗེ་བཙུན་མི་གཡོ་བ་དངོས་སུ་གསལ། གསུངས་བ་དེས་མེར་ཁ་ཡིན་པ་ཤེས་སོ།༽ ཁོང་སྟག་ཏུ་སྤྲུལ་ནས་བྱོན་པ་ལ། སྲས་ཀྱིས་སེང་གེར་སྤྲུལ་ནས་བྱོན། ཁོང་སྦྲུལ་དུ་སྤྲུལ་ནས་བྱུང་བ་ལ། སྲས་ཀྱིས་ཁྱུང་དུ་སྤྲུལ་ནས་བྱུང་། ཁོང་ཕྱག་ན་རྡོ་རྗེར་སྤྲུལ་པ་དང་། མོས་གུས་དད་པས་ཕྱག་འཚལ་ནས། དཔལ་ཕྱག་ན་རྡོ་རྗེའི་ཞལ་མཐོང་བ། ཡབ་གྲུབ་ཐོབ་ཀྱི་ཐུགས་རྗེ་ཡིན་པ་འདྲ། ཞུས་པ་དང་། ཁོང་ཡང་ཐུགས་ལ་མཉེས་པ་བྱུང་ནས། ང་ཡང་རྣལ་འབྱོར་རྒོད་པོ་ཡིན། ད་རུང་ལྷ་ལ་སྒྲུབ་པ་གྱིས། གསུངས་པ་དང་། གཉན་པོ་ར་སའི་བྲག་ལ་བྱོན། ཨ་ཁྲོམ་བྲག་གི་ཐོག་ཏུ་བསྡད་འདུག་པ་དང༌། ཁོང་མཉེས་ནས་རྡོ་རྗེ་གཞོན་ནུར་སྤྲུལ་པ་དང་། ཁྲོ་བོ་བཅུས་བསྐོར་བར་སོང་བ་དང་། ཨ་ཁྲོམ་མཉེས་ནས། ཕྱག་དང་གསོལ་བ་བཏབ་ནས། ཚིགས་བཅད་ཀྱི་ཞུ་བ་འདི་ཞུས་སོ། ང་ཡང་གྲུབ་ཐོབ་ཀྱི་རྒྱུད་སྤུན་བཞི་ཡོད། གཉན་པོ་ར་སའི་བྲག་ཐོག་ན། བཀའ་རྙིང་མའི་ཆོས་ལ་གྲུབ་པ་ཐོབ། ཡང་དག་གསང་འདུས་ཐུགས་ལས་གྲོལ། ཉམས་ལེན་བྱས་པས་ལྷ་འདྲེ་ཐུལ། དཔལ་རྡོ་རྗེ་གཞོན་ནུ་དངོས་དང་མཇལ། ཕ་ཡབ་ཀྱི་གྲུབ་མཐའ་འཛིན་པ་ཡིན། མཁའ་འགྲོ་མ་ལ་དངོས་གྲུབ་ཞུས། དམ་ཅན་རྣམས་ལ་གཏོར་མ་བྱིན། ཟེར་བ་ན། ཁོང་མཉེས་ནས་མ་སྤྲུལ་བར་གསུང་བྱོན་པ་ལ། བུ་ཁྱོད་རྙིང་མའི་ཆོས་ལ་མངའ་བརྙེས་ཀྱང་། ད་རུང་སྒྲུབ་པའི་ཆོས་ལ་འབུངས། སྒྲུབ་པ་མཐའ་རུ་འཁྱོལ་བ་ན། ཅི་དགོས་དངོས་གྲུབ་འབྱུང་བ་ཡིན། ཕ་ཡབ་ཀྱི་སྙན་པ་གང་ཡང་མེད། བུ་སྲས་ཀྱི་མིང་མཚན་སྤེལ་བ་ལ། འབྲི་མ་གཉན་ཐོག་ཨ་ཁྲོམ་གྱིས། ས་ཡུལ་འདི་ལ་ཕ་ཡུལ་གྱིས། ལོ་གསུམ་སྒྲུབ་པ་འདི་ན་གྱིས། སྒྲུབ་པ་མཐར་ཕྱིན་རྟོགས་པ་དང་། ང་ཡབ་ཀྱི་གདམས་ངག་སྙིང་པོ་རྣམས། སྲས་བུ་རྣམས་ལ་ངག་ཏུ་བསྟན། གསུངས་པ་དང༌། ཨ་ཁྲོམ་གྱིས་ཕྱག་འཚལ། ཞུ་བ་ཕུལ་བ་ལ། ༼སོག་ཨ་ཁྲོམ་རི་ཁྲོད་ཟེར་བ་འདི་ཨ་ཁྲོམ་སྒྲུབ་པ་བྱས་ནས་ཐོག་པར་མངོན།༽ རང་རེ་རྣལ་འབྱོར་རྒྱུད་པ་ལ། ངས་ཀྱང་རྣལ་འབྱོར་རྒྱུད་པ་སྤེལ། ཆུང་མ་ཁབ་ཏུ་བཞེས་པ་ལ། བུ་སྲས་གཅིག་འཁྲུངས་ནས་ཡོད་པ་དེ། ཕ་ཡབ་ལ་བཤཊ་པའི་ཡོན་ལ་འབུལ། མིང་དང་སྲུང་ཡང་གདཊ་པར་ཞུ། ཟེར་བ་ཞུས་པས། ཡབ་ཀྱང་མཉེས་ནས་ཚ་བོ་ལ་གཟིཊ་པས་མགོ་ཁྲི་འདྲ་བ་ཞིག་འདུག་པས། རང་རེའི་མི་རྒྱུད་རྣམས་ལ་བླ་དཔོན་ཁྲི་ཐོག་ན་བསྡད་ཡོད་པ་ཡང་ཡོང་བ་འདུག གཉེན་པོ་སྔཊ་པ་མཐུ་ཅན་ཡང་ཡོང་བ་འདུག བཙན་པོ་གང་གི་གཉའ་ནོན་པ་ཡང་ཡོང་བ་འདུག ཚ་བོའི་མིང་དང་མཚན་འདོཊ་པ། གཉན་གྱི་ཕོ་ཉ་གྷོ་ཁྲི་གྱིས་གསུངས་ནས་མཚན་དང་སྲུང་བ་བཏགས་ནས། དེ་ནས་མོ་དཀར་ལྡན་དཀར་ཤོད་གོང་ཆེན་དུ་ཡོད་པ་ཁོང་གིས་ཉམས་སད་མཛད་དགོངས་ནས་བྱ་རྒོད་ཅིག་ཏུ་སྤྲུལ་ནས་བྱོན། དེ་ནས་རི་མགོར་ལྡིང་པ་ལ། ཡོན་བདག་རྫང་གིས། བྱ་རྒོད་སྣང་། ཐེད་གཟན་འདྲ་ཡོད་པ་ཨེ་མིན་ཟེར་བ་ལ།། བཙུན་མོས་ཁོང་ཤེས་ནས། ཐེད་དུ་ཡོད་པ་ཡིན་ནོ། བྱ་རྒོད་ང་ལ་ལྡིང་བ་ཡིན། ཟེར་ནས་བྱ་རྒོད་ཅན་དུ་སོང༌། ཕྱག་འཚལ། རྣལ་འབྱོར་གྲུབ་ཐོབ་ཆེན་པོ་ལ། འདབ་ཆགས་སུ་སྤྲུལ་ཡང་བདེ་སྐྱིད་མེད། རི་སྟོང་གི་བྲག་རི་མི་འགྲིམ་ནས། གནས་བདེ་བ་གྲུ་བཞིར་བྱོན། ཟེར་ནས་ཞུས། ཁོང་མ་སྤྲུལ་པར་གསུང་བྱོན་པ། ངའི་བཙུན་མོ་དཀར་ལྡན་ཁྱོད། བུ་གསུམ་པོ་བསྒྲུབ་པ་བྱེད་དུ་ཨེ་བཅུག། སྒྲུབ་པའི་གྲུབ་རྟགས་ཅི་ཐོན། རྟ་ནོར་གྱི་འཕེལ་ཁ་ཨེ་ཆེ། འཁོར་གཡོག་ལ་བྱང་སེམས་ཨེ་ཆེ། ཡོན་བདག་མི་ཁ་ཨེ་དྲོ། ཁྱོད་རང་གིས་ལུས་ཚུལ་ཨེ་སྲུང་། བུ་ལ་བཙུན་མོ་ཨེ་བླངས། དེ་ལ་སྲས་བུ་ཨེ་འཁྲུངས། མིང་སྲུང་ལེགས་པ་ཨེ་བཏགས། གསུངས་པ་དང༌། དཀར་ལྡན་གྱིས་ཞུས་པ། ཁྱེད་རྣལ་འབྱོར་བཀའ་དང་མ་འགལ་བར། ངེད་གཞིས་པས་ཀྱང་འབད་པ་ཏོན་ནས་ཡོད། སྲས་བུ་གཉིས་དང་ཨེ་མ་མཇལ། སྒྲུབ་པ་ཅི་བྱས་དགོངས་ལས་ཆེ། གྲུབ་རྟགས་ཅི་འདུག་ཐུགས་ལ་གསལ། ང་རང་འབབ་པའི་བྱ་བ་ལ། ཆགས་སྤྱད་བུ་ལ་སྲས་བུ་འཁྲུངས། སྲས་ཆེ་བ་སོག་མཚོའི་འགྲམ་ལ་ཡོད། ༼སོག་ཞེས་པའི་ཐ་སྙད་འདིི་ནས་གསལ། གདང་ལའི་རི་རྒྱུད་དུ་ཆགས་པའི་གངས་རི་དང་རྫ་རི་མཚོ་སོགས་གསུམ་ལ་སོག་གི་ཕུ་གསུམ་ཞེས་བསྐལ་བ་ཡེ་ཐོག་ནས་ད་ལྟའི་བར་ས་གནས་དེ་གའི་མི་རྣམས་ཀྱི་འཚོ་བའི་ཁྲོད་དུ་ཐ་སྙད་རྒྱུན་ཆགས་སུ་གནས་མུད་ཡིན། རི་བོ་འདི་ཡི་ཉེ་འབབ་སུ་མཚོ་སོག་པའི་དབྱིབས་འདྲ་བ་ཞིག་ཡོད་པས་དེ་ལ་སོག་མཚོ་ཞེས་ཟེར་ཞིང་། མཚོ་དེའི་མཚོ་རྔ་ནས་བབ་པ་ལས་ཆུ་ཕྲན་སྟོང་ཕྲག་དུ་མ་འདུས་ནས་སོག་ཆུ་ཞེས་པའི་ཆུ་ཀླུང་ཆེ་པོ་དེ་བཞུར་བའི་ཆུ་རྒྱུད་དུ་སོག་རི་གཡག་ལ་སེ་བོའི་རི་འདབས་སུ་ཆགས་པའི་རྫོང་དེ་ལ་སོག་རྫོང་ཞེས་ཡོངས་སུ་གྲགས། ཆུ་བོ་དེ་ཡི་རྒྱུད་དུ་སོག་སྟོད་སྨད་བར་གསུམ་ཆགས་ཤིང་། སོག་གཞུང་། སོག་གི་ཉ་འདྲ་ཅུ་གསུམ། སོག་ཟམ། སོག་མཁར། སོག་རོང་སྨད་རྒྱུད་མཐར་ནག་སོག་སུམ་མདོར་སོག་ཆུ་དང་ནག་ཆུ་མཉམ་དུ་འདྲེས་རྗེས་རྒྱལ་མོ་རྔུལ་ཆུ་ཞེས་ཟེར། རེ་དཀར་སོག་གསུམ་ནི་བོད་རྒྱལ་གནམ་རི་སྲོང་བཙན་བྱོན་པའི་ཡར་སྔོན་སུམ་པའི་ཁོངས་སུ་གཏོགས་ཅིང་། དེའི་སྐབས་སྟོད་མངའ་རིས་སྐོར་གསུམ་ཞང་ཞུང་གི་ཁོངས་དང། བར་དབུས་གཙང་རུ་བཞི་སྤུར་རྒྱལ་བོད་ཀྱི་མངའ་ཁོངས། སྨད་མདོ་ཁམས་སྒང་དྲུག་སུམ་པ་དང། ལྡོང་བཅས་ཀྱི་མངའ་ཁོངས་སུ་གྱུར་ཡོད་པ་ལོ་རྒྱུས་ཁག་ལས་གསལ། དེ་རྗེས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སྟོད་ཞང་ཞུང་ནས་སྨད་རྒྱ་ནག་གི་བར་དབང་བསྒྱུར་སྐབས་བོད་རྒྱལ་ཁབ་ཆེན་པོའི་ཁོངས་སུ་གཏོགས། ད་ལྟའི་ཆར་བོད་ཀྱི་གྲོང་ཁྱེར་ལྷ་སའི་བྱང་རྒྱུད་དུ་ཡོད་པའི་ནག་ཆུ་ས་ཁུལ་གྱི་ཤར་ཕྱགས་སུ་ཆགས་པའི་རྫོང་ཞིག་ཡིན།༽ དེ་འོག་ས་བྲའི་བྲག་ལ་ཡོད། མཚེ་མ་གཡུ་འཛིན་གྱི་གནས་ལ་ཡོད། ཆུང་བ་གེར་ཚིགས་ཀྱི་བྲག་ལ་ཡོད། ཆེ་བ་དཔལ་གྱི་སེང་གེ་ལ། སྲས་བུ་གཉིས་ཀྱང་འཁྱུངས་ནས་ཡོད། དེ་ལ་མིང་དང་སྲུང་འདོགས་མཛོད། འབྲིང་བ་ཨ་ཁྲོམ་སྲས་གཅིག་ཡོད། ཁྱེད་གྲུབ་ཐོབ་དྲུང་དུ་མ་ཕུལ་ན། དེ་ལ་མིང་དང་སྲུང་འདོཊ་མཛོད། ང་དཀར་ལྡན་ལུས་ཀྱང་གཙང་བར་ཡོད། ཁྱེད་རྣལ་འབྱོར་སྟོད་ལ་བྱོན་པ་ཡི། སྐྱོས་མ་སྦྱིན་རྒྱུ་ཅི་ཙམ་ཡོད། གྲུབ་པ་ཁྱད་འཕགས་ཅི་ཙམ་མཛད། གྲུབ་རྟགས་ལྷ་རྣམས་ཞལ་ཨེ་མཐོང༌། ཟེར་ནས་ཞུས་པ་ལ། དེ་ལ་ཁོང་གིས་བསླབ་བྱ་ཞལ་ཏ་མང་དུ་མཛད་ནས། ད་གཟོད་འབྱོན་གསུང་ནས་ཕ་སྤུན་རླངས་ཀྱི་རུ་ཚོ་ལ་བྱོན། དེ་ནས་རྫོང་གི་ཡུལ་ལ་སྲས་ཁྲིད་ནས་བྱོན་ནོ། ཚ་བོ་ཆེ་བའི་རྩར་བྱོན་པ་དང་། ཟབ་པའི་ཆོས་སྐོར་བཅུ་གཉིས་གསུངས་པ་དང་། དཀར་ཤོད་གོང་ཆེན་ཐང་ལ་བྱོན་ནས་བཞུགས་པ་དང་ཡོན་བདག་གླིང་དང་། ཕ་སྤུན་རླངས་དང་། ཚ་བོ་གཉན་བཟང་། ཤ་ཉེ་དར་བཟང་། ཕ་སྤུན་དཔལ་བཟང་། ཡོན་བདག་རྫང་དང་ཚོ་ལ། གསང་སྔགས་བསྟན་བཅོས་མང་དུ་གསུངས་པ་དང༌། ཐང་ཡིག་སྒྲོན་མ། བསྟན་པ་འགྱོགས་པ། སློབ་དཔོན་པད་མའི་ཆོས་སྐོར་བསྟན་བཅོས། བཀའ་གསར་རྙིང་མང་དུ་གཟུ་ལྕང་མདོའི་ལྷ་ཁང་དུ་བྱོན་ནས་གསུངས་སོ། ཆེ་བཟང་དཔལ་གྱིས་ཞུས་པ། མི་ཆོས་ཀྱི་བསླབ་བྱ་འདི་གསུང་བ་གལ་ཆེ་ཞུས་པས། གྲུབ་ཐོབ་ཀྱིས་གསུངས་པ། བཟང་པོ་མི་ཡི་བྱེད་ཚུལ་ལྟོས། མཁས་པ་རང་ཡང་ཨེ་ཡིན་འདུན་མ་ཨེ་མཁས་ལྟོས། ཞེས་ཞལ་གདམས་མང་དུ་གསུངས། ད་ནི་གནས་ཁང་སྤོ་བར་བྱ། གསུངས་ནས། སོག་གི་ཡོག་ནག་ནས་རྒྱལ་ཁམས་ཀུན་ལ་གཟིགས་མོ་ལ་བྱོན། སྦས་འབྲི་རོང་གི་ཆོས་རྒྱུད་དུ་འཇིག་རྟེན་གྱི་མཁའ་འགྲོ་མ་ལ་དམ་གཏོར་བྱིན། མི་རབས་དྲུག་ཅུ་རྩ་གཅིག་བར། བླ་མ་མི་དཔོན་རྒྱུན་མི་ཆད། ལྷ་ཅིག་བསྒྲུབ་ན་སྒྲུབ་ཐག་ཉེ། ངག་ནུས་ཅན་གྱི་གྲུབ་ཐོབ་ཡོང་། མི་དཔོན་བྱེད་ན་རིགས་བརྒྱུད་བཟང་། བོད་ཁམས་འདུལ་བའི་དཔོན་དུ་ཡོང་། གཙོ་བོ་བྱེད་ན་སྤྱི་དཔོན་བྱེད། འཁོར་གཡོག་རྒྱས་པའི་དཔོན་དུ་ཡོང་། ང་དང་རྒྱུད་རིགས་བཅུ་གསུམ་ན། བོད་ཁམས་འབངས་སུ་འཁོར་བར་ཡོང་། གསུངས་ནས། བུ་ཚ་བོ་རྣམས་ལ་གནང་སྦྱིན་གྱི་བསླབ་བྱ་མཛད་པ་འདི་ལྟར་དུ་གསུངས། རླངས་ཕ་སྤུན་བན་སྔགས་ཀྱི་མི་རྣམས་དང༌། གཉན་སྲིད་བྱས་པའི་སྔགས་སྡེ་རྣམས། དཔལ་བཟང་སྙན་བཟང་ཡོན་བདག་གླིང་། རྫོང་སྟོན་རག་ཤི་ཤུ་ཀེ་ཨྲ་(ཨར)། མ་སྲུ་འཁོར་གཡོག་ལས་བྱེད་ཚ་བོ་རྣམས་ལ་བསླབ་བྱ་བྱེད། བསླབ་བྱ་རྟེན་སོ་ནོར་བུ་བཞིན། རྣལ་འབྱོར་བྱང་ཆུབ་འདྲེ་བཀོལ་ང་། ཆུང་ནས་རིག་པ་ཆོས་ལ་སད། བཀའ་གསར་རྙིང་གི་ཆོས་རྣམས་ཐུགས་ལས་གྲོལ། ཡིད་ཤེས་རབ་ཆེ་བའི་ཚད་དང་ལྡན། ཡིད་ཤེས་རབ་ཆེ་བའི་རིགས་རྒྱུད་འདི། བུ་ཚ་བོ་རྣམས་ལ་ནོར་བུ་བཞིན། ངས་གྲུབ་རྟགས་བཞི་བཅུ་རྩ་བདུན་བསྟན། ལྷ་སྒྲུབ་པ་བྱེད་ན་སྒྲུབ་ཐག་ཉེ། ལྷ་དབང་སྒྲུབ་པའི་སྒྲུབ་ཐབས་འདི། བུ་ཚ་བོ་རྣམས་ལ་ནོར་བུ་བཞིན། ངས་གསོལ་བ་བཏབ་པའི་བྱིན་རླབས་ལ། ལྷ་ཞལ་མཐོང་ཉི་ཤུ་རྩ་བཞི་བྱུང༌། བྱིན་རླབས་རྒྱུན་ཆད་མེད་པ་དང་། ཞལ་མཐོང་རྒྱུན་ཆད་མེད་པ་འདི། བུ་ཚ་བོ་རྣམས་ལ་ནོར་བུ་བཞིན། ངས་རྒྱལ་ཁམས་ལྷ་འདྲེ་བཏུལ་བ་ལ། སློབ་མ་སུམ་སྟོང་བཞི་བརྒྱ་ལ། མཁས་པ་བརྒྱ་དང་བདུན་ཅུ་ཡོད། གྲུབ་ཐོབ་སུམ་བརྒྱ་ཉི་ཤུ་ཡོད། སྒོམ་ཆེན་བརྒྱ་དང་རྩ་བརྒྱད་ཡོད། སྟོན་པ་བརྒྱ་དང་དྲུག་ཅུ་ཡོད། དགེ་བཤེས་ཉིས་བརྒྱ་དྲུག་ཅུ་ཡོད། སྔགས་སྒྲུབ་བརྒྱ་དང་དགུ་བཅུ་ཡོད། བུ་ཚ་བོ་རྣམས་ལ་ནོར་བུ་བཞིན། མི་མཁས་ན་རང་གི་བླ་མར་ཁུར། རང་མཁས་ན་མི་ཡང་སློབ་མར་སྐྱོངས། མཁས་མཉམ་ན་གདམས་ངག་ཞུ་རེས་གྱིས། ལྷ་ཁང་ཆེ་ཆུང་བཅོ་བརྒྱད་དང་། བཀའ་འགྱུར་གསེར་གྱི་རྩིག་པ་འདི། བསྟན་པ་གང་གིས་འཛིན་པ་དང་། སྒྲུབ་པ་གང་གིས་བྱས་ལ་སྦྱིན། རྒྱ་དཀར་ནག་བར་དང་རྒྱལ་ཁམས་ལ། ཡོན་བདག་ཉིས་བརྒྱ་རེ་བདུན་ཡོད། དད་པ་ཅན་ལ་ཉིས་བརྒྱ་ཡོད། ཁྱད་དུ་འཕགས་པའི་གླིང་རྗེ་ཡོད། ཡོན་བདག་དད་པ་མ་ལོག་ན། འབུལ་བ་རྒྱུན་ཆད་མེད་པར་ཡོང་། ཡོན་བདག་འབུལ་བ་ཆད་མེད་འདི། བུ་ཚ་བོ་རྣམས་ལ་ནོར་བུ་བཞིན། སྤྱིར་དུ་ཡོན་བདག་མང་ཡོད་ཀྱང༌། ས་ཡུལ་ཕུལ་བ་བཅུ་དྲུག་ཡོད། མ་ཕམ་གཡུ་ཡི་མཎྜལ་དེ། ཕ་ཡབ་ཀྱི་སྐུའི་འཁྲུངས་ཡུལ་ཡིན། ཡོན་བདག་པ་ཚབ་པ་འདུ་གཉིས། གཙང་གི་མངའ་རིས་སྐོར་གསུམ་ཕུལ། འབྲོ་ཡིས་སྤུ་རངས་ཆབ་སྒོ་ཕུལ། བལ་ཡུལ་ལི་ཡུལ་བྱང་ལ་སྟོད། ཡ་ཚེ་རྒྱལ་པོའི་བློན་པོས་ཕུལ། འབྲོམ་སྟགས་དར་མ་རྒྱལ་པོ་དེས། དབུས་སུམ་རང་གི་གསེར་ཁང་ཁྲ་མོ་ཕུལ། ལྡིང་གི་ཡོན་བདག་དབང་དར་གྱིས། དབུས་དང་གཙང་གི་ས་ཡུལ་ཕུལ། སྔལ་གྱིས་ལྷ་བྱ་གོང་ཆུང་ཕུལ། ཤུ་ཁེས་བྲན་གྱི་སོག་ཆོད་ཕུལ། དཔལ་བཟང་རག་ཤིས་ལྷ་སྲོན་གསུམ། ནགས་སོག་ཤན་གསུམ་ས་བཅད་ཕུལ། རྫོང་གིས་དཀར་ཤོད་རེ་ཡང་ཕུལ། རླངས་གསེར་པས་གསེར་རིས་བརྒྱུད་ལྡན་ཕུལ། གཡུ་པས་གཡུ་རིས་དྲུག་འབྱོར་ཕུལ། རུ་དཔོན་དབང་ཕྱུག་དར་མ་དེས། རྟ་ཤོད་གྱིམ་ཤོད་འཛའ་ཤོད་གསུམ་ཕུལ། ཅོང་ངེ་རྡོ་རྗེས་ཁང་དམར་དང༌། མཁར་ཡ་ཐ་མཐོ་ལ་མ་ཐ་ཡངས། བར་མ་མཐོང་པ་ཉམས་དགའ་གསུམ། འཇི་དང་ཀེ་དང་གཡུ་དང་གསུམ། སྲས་རྩེ་རྒོད་རྒྱལ་གྱིས་སྤྱི་པར་ཆམ་དང་གསུམ། སྤྱི་ཡི་ཕུ་ཕྲུག་རྭ་བ་འདི། བསམ་སྐྱེས་ཀུན་གྱིས་ཕུལ་བ་ཡིན། ཐང་བརྒྱུད་གེར་མདོ་བཅས་པ་དང་། ཁམས་ཀྱི་ས་ཡུལ་གང་བདེ་དེ། ཡོན་བདག་གླིང་གིས་ཕུལ་བ་ཡིན། མཐེབ་ཆུ་ཡང་ལེའི་དགོན་པ་དེ། མ་མཁའ་འགྲོ་མ་ཡིས་ཕུལ་བ་ཡིན། བརྒྱད་སྔོས་ས་ལྟས་བཅས་པ་འདི། འབྲུ་ཡར་བ་ཚོ་བཞིས་ཕུལ་བ་ཡིན། སྤུ་བོ་ཀེ་ཤོད་བཅས་པ་འདི། གུང་པ་རྒྱ་རས་ཕུལ་བ་ཡིན། རིང་པོས་བང་རིམ་ཆུ་རྩལ་ཕུལ། ཚ་བ་རླངས་སྲས་ཆེན་པོ་དེས། གནས་དྲུག་སྤྱི་ཡི་ས་ཡུལ་ཕུལ། འདི་ནོར་ཡོད་པས་ཉོས་པ་མ་ལགས་ཏེ། ང་རྣལ་འབྱོར་པ་ཡི་ས་ཡུལ་ཡིན། འཛིན་ཤེས་ན་ཕུལ་བ་འདི་འདྲ་ཡོད། བུ་ཚ་བོ་རྣམས་ལ་ནོར་བུ་བཞིན། ད་དུང་ཟང་ཟིང་གི་དངོས་པོ་སྦྱིན་པ་དང༌། ས་ཡུལ་གང་འདོད་བསམ་ཚོད་སྨྲོས། འདོད་པ་གང་ཡོད་བསྒྲུབ་པ་ཡིན། གསུངས་པ་དང༌། སྟོན་བཙུན་གྱིས་ཞུས་ནས། ལར་གྱིས་ཡུལ་ལ་ཁྱེད་རང་གང་གསུང་དུ་འདུག་སྟེ། ལྷོ་ལུང་ཆེན་བཅོ་བརྒྱད་འདི་ཆོས་ལ་འང་དཀར། ས་ཆ་ཡང་བཟང་། ཆོས་བྱེད་ཁྲིམས་སྐྱོང་ཅི་བྱེད་ནའང་། སའི་མཐིལ་དང༌། ཡུལ་གྱི་བཅུད་ཡིན་པས། ཁྱེད་རང་གིས་གནང་བར་ཞུ་ཟེར། ཕོ་ཉ་མགོ་ཁྲིས་ཀྱང་། ནོར་དང་ཉེས་བྱིན་པ་ལྷག་ཆད་མེད། ཡུལ་གྲུབ་ཐོབ་བགོས་པ་འགྱོད་པ་མེད། རྒྱལ་ཕམ་བྱུང་ཡང་སེམས་ཀྱིས་ཐེན། ཟེར་བ་ཞུས། མདོ་པ་ཞྭ་ནག་ཅན་གྱིས་ཞུས། ཡུལ་ལ་འཛིན་མི་གང་བྱུང་དེ་ཡུལ་བདག་ཡིན། སྡེ་དཔོན་སྤྱི་ཚིས་ཆེ་བ་ཡུལ་བདག་ཡིན། ཕྱུག་པོ་སྦྱིན་ལ་གང་དྲག་ཉེ་བ་ཡིན། དཔའ་བོ་ས་བདག་འཛིན་པ་བཙན་པ་ཡིན། མ་ཕམ་གཡུ་ཡི་མཎྜལ་དང༌། མངའ་རིས་ལ་སྟོད་ལྷོ་བྱང་དང༌། བལ་ཡུལ་དབུས་གཙང་ཕྱིར་བཅད་དུ། ས་ཡུལ་འབུལ་མི་གང་བྱུང་ཡང་། ཐེལ་ཆུ་གླིང་ཡུལ་གྱི་སྒྲུབ་གནས་འདི། དེ་འཛིན་མི་གང་གིས་བྱུང་བ་ཡིན། ལྷོ་ཡི་ལུང་ཆེན་བཅོ་བརྒྱད་འདི། ངེད་བུ་ཚ་བོ་རྣམས་ཀྱི་འཁྲུངས་ས་ཡིན། དབྱར་འབྲོག་ས་འགྲིམས་ན་འབྲོག་པར་བཟང་། སྟོན་གཡུལ་ཁ་ཞིང་འགྲིམས་ལ་ཞིང་ས་བཟང་། ཡུལ་འདི་ལ་འདིས་བཟུང་ཞལ་ཏ་མཛོད། དེ་ནས་ཁོང་གིས་ནང་ནོར་བྱིན་ཡུལ་བགོས་མཛད་པ་ལ། སོག་ནག་ སོག་དཀར་ཤོད་ནག་དང་། ཡུལ་འཛིན་ཤེས་ན་བཙན་པའི་རྒྱུད་ཡོང་གསུངས་ནས། ལྷ་མོའི་རྟེན་རྨ་བྱ་རྒྱལ་མཚན། ཐོད་པ་ལྟག་སྤྲོད། བུ་ཆུ་གཡང་གཞི། སྲིན་རལ་ཁྲ་བོ། གངས་དཀར་ལྟ་རྩེ། ཕྲ་བོ་གཡང་ལུགས། ཁྲིམས་ཀྱི་དངུལ་མདུང་ཀེ་རུ་རྣམས་དང་ཟས་ནོར་བསམ་གྱིས་མི་ཁྱབ་པ་སྟོན་བཙུན་ལ་གནང་། རྟ་འཛག་གསེར་གསུམ་རེ་ཡང་གསུམ། བརྒྱད་དངོས་ས་གསུམ། སྤུ་བོ་དངུལ་ཤོད་རྣམས་དང་ཐང་ཡིག་སྒྲོན་མ། རླངས་ཀྱི་པོ་ཏི་བསེ་རུ། ཁྲིམས་དར་ནག་པོ་དགྲ་འདུལ། དཀར་པོ་ཐོག་རྒྱུགས། ཁྲིམས་ཀྱི་རྔ་བོ་ཆེ་ཟིལ་གནོན། རལ་གྲི་འཕར་མ་ཡིས་རྒྱུས་ཆོད་རྣམས་དང་། ནོར་བསམ་གྱིས་མི་ཁྱབ་པ། གཡུ་འཛིན་གསེར་གསུམ་གྱི་ཡུལ་མདོ་པ་ལ་གནང་། རྔ་གྲབ་པ་གཡུང་རྒྱལ་ལ། བེར་ནག་པོ་ཐོག་རྡུགས། དར་ནག་པོ་ཆུང་བ། གྲི་ཤང་ལང་རིང་མོ། དབང་གི་གསེར་བར། བསྟན་པ་འགྱོགས་པའི་གླང་པོ། སྤྱི་པར་ཆམ་གསུམ། འཛི་དགེ་གཡུ་གསུམ་ལ་སོང་ངེ་། རྡོ་རྗེ་མཁར་དམར། མཁར་མཐོ་ཡངས། ཉམས་དགའ་དང་གསུམ། ཕྱིའི་གཉེན་པོ་བྲག་ཐོན། ཕོ་ཉ་མགོ་ཁྲི་ལ་གནང་ནས། བུ་གསུམ་ལ་གསུང་དང་གནང་བ་མཛད་པ་ལ། སྟོད་སྨད་ཀྱི་ས་ཡུལ་གང་བདེ་དང༌། སྒྲུབ་གནས་ཁྱད་དུ་འཕགས་པ་འདི། སྲས་བུ་རྣམས་ལ་བྱིན་པ་ཡིན། མཚེ་མ་ལ་གནང་བ་དང༌། མཚན་ལྡན་གྱི་ཀ་པཱ་ལ། མ་རལ་དབང་ཕོད་ཁ་དབང་སྡུད་རྣམས་བྱིན། ། གསེར་གྱི་མཆོད་རྟེན་བང་རིམ་གསུམ་པ། མཚན་ལྡན་ཀ་པཱ་ལ། རྣམ་སྲས་སྟག་ཚབ་ལ་གནང་ནས་གསུང་བྱོན་པ་ལ། བུ་ཚ་བོ་རྣམས་དང་ཡོན་བདག་རྣམས། ཕ་སྤུན་རླངས་དང་འཁོར་གཡོག་ཉོན། ང་རྣལ་འབྱོར་དལ་བའི་ཚིག་གསུམ་གཏམ། ལར་རླངས་ཀྱི་མི་རྒྱུད་ལྷ་ལས་གྲོལ། ཁྱད་དུ་འཕགས་པའི་རྒྱུད་པ་ཡིན། སྒོས་སུ་རྣལ་འབྱོར་འདྲེ་བཀོལ་ངས། སྟོད་སྨད་ལྷ་སྲིན་དམ་ལ་བཏགས། བྱས་པའི་ལག་རྗེས། སྒྲུབ་པའི་བྱས་ལུགས། ལྷ་ལ་མཇལ་ལུགས། ཡོན་བདག་གི་མང་ལུགས། ས་ཡུལ་གྱི་ཕུལ་ལུགས། དཀོན་ཅོག་ལ་མཆོད་ལུགས། དམ་ཅན་ལ་བཀོལ་ལུགས། བུ་སློབ་ཀྱི་བསྐྱངས་ལུགས། དམ་ཆོས་ཀྱི་བཤད་ལུགས་རྣམས་སྔར་འདས་ཀྱི་ངག་ཏུ་གསལ་བ་ཡིན། ང་རྣལ་འབྱོར་པ་ལོ་བརྒྱད་ཀྱི་ནང་དུ་འགྲོ། ཁྱེད་བུ་ཚ་བོ་རྣམས་ཀྱི་བྱ་བ་ལ་ནི། ང་ཡབ་མེས་པད་མའི་ཐུཊ་སྲས་ལ། མ་ཕྱི་མོ་ཡེ་ཤེས་ཀྱི་མཁའ་འགྲོ་ཡིན། བུ་ཚ་བོ་རྣམས་རིཊ་རྒྱུད་ཁྱད་དུ་འཕགས། བླ་མ་བྱས་ན་འགྲོ་དོན་ཡོང་། སྒོམ་ཆེན་བྱས་ན་རྟོགས་ལྡན་ཡོང་། སྟོན་པ་བྱས་ན་ཆོས་མཁས་ཡོང་། དགེ་བཤེས་བྱས་ན་འདྲེན་པ་ཡོང་། སློབ་གཉེར་བྱས་ན་ཤེས་རབ་ཡོང་། བསྟན་པ་འཛིན་པའི་བན་སྐྱོང་ན། གཞི་མ་ཚུལ་ཁྲིམས་བསྲུང་གལ་ཆེ། སྔགས་སྒྲུབ་བྱས་ན་ནུས་པ་ཆེ། སྡེ་དཔོན་བྱས་ན་ཆུན་ཡོད་ཡོང་། གཙོ་བོ་བྱས་ན་བློ་ཡོད་ཡོང་། ཡུལ་དཔོན་བྱས་ན་ནོན་ཡོད་ཡོང་། ཁ་ཆེམས་དལ་བའི་ཚིག་གསུམ་འདི། བུ་ཚ་བོ་རྣམས་ལ་འགྲོ་ཁར་འཇོག །གང་འདོད་ཀྱི་ཆོས་ལུང་མཛད་ནས་ཐམས་ཅད་དགའ་བ་དང༌། སོ་སོ་ལ་སོང་ནས་ཁོང་ཡང་ནག་སོག་སུམ་མདོ་ལ་ལོ་གསུམ་བསྒྲུབས། ར་ས་བྲན་ཐོག་ཏུ་ལོ་གཉིས་བསྒྲུབས། སྲས་དང་ཚ་བོ་རྣམས་ལ་གདམས་ངག །གསང་སྔགས་སྙིང་པོ་བསྟན་ནས། ༼སོག་ཤོད་དུ་རླངས་བྱང་ཆུབ་རྡོ་རྗེ་སྐུ་ཚེ་མཐའ་མར་བུ་རབས་ཚ་རྒྱུད་རྣམས་ལ་གསུང་པའི་བསླབ་བྱ།༽ སོག་གཡོག་ནག་ཏུ་ཡིན་ལུགས་གསུངས་པ་ལ། བུ་ཚ་བོ་བདུན་དང་རྣལ་འབྱོར་བརྒྱད། མ་དཀར་ལྡན་ཡོད་ན་ཉེན་པ་ཡིན། གང་ལ་གང་དགོས་ཚིག་ཅིག་སྨྲ། བླ་མ་བྱང་སེམས་འབྲལ་ཐབས་མེད། སྒོམ་ཆེན་མཉམ་བཞག་འབྲལ་ཐབས་མེད། སྟོན་པ་བཤད་རྩོམ་འབྲལ་ཐབས་མེད། དགེ་བཤེས་ལག་ལེན་འབྲལ་ཐབས་མེད། བན་གསར་བརྩོན་འགྲུས་འབྲལ་ཐབས་མེད། བཙུན་པ་སྡོམ་པ་འབྲལ་ཐབས་མེད། འཚོགས་པའི་ཡོན་བདག་ཕ་སྤུན་དང༌། བུ་སྲས་སློབ་མ་རྣམས་ཀྱང་ལེགས་པར་ཉོ ན། ལར་ལྷ་ཆོས་བྱེད་པའི་ཚུལ་ལུགས་དེ། བླ་མས་འགྲོ་དོན་བྱས་པ་ན། དད་པ་འབུལ་བ་ཞོར་ལ་ཡོང༌། དགེ་བཤེས་ལག་ལེན་ཆོས་མཁས་ན། འདྲེན་སྟོན་འདྲ་བ་ཞོར་ལ་ཡོང་། སྔགས་པ་སྒྲུབ་པ་མཐར་ཕྱིན་ན། ནུས་པ་དངོས་གྲུབ་ཞོར་ལ་ཡོང༌། བན་གསར་སློབ་གཉེར་མཐར་ཕྱིན་ན། ཤེས་པ་མཁས་པ་ཞོར་ལ་ཡོང༌། ཞོར་རྣམས་ཀྱི་ཚིགས་བཅད་འདི། ཁྱེད་སྔགས་པ་རྣམས་ཀྱི་སེམས་ལ་ཞོག མི་ཆོས་མཁོ་བཞག་ཞུ་བ་ལ། ཆེན་པོ་བཀུར་ཤེས་ཆེ་ན་འཁོར་གཡོག་ཤུགས་ལ་ཡོང་། དབང་ཡོད་སྤྱི་ཚིས་ཆེ་ན་གཙོ་བོ་ཤུགས་ལ་ཡོང༌། བཙན་པོས་དམའ་ཤེས་བྱས་ན་མཁས་པ་ཤུགས་ལ་འོང་། སྡེ་པ་ནང་ཡོད་བྱས་ན་གཏན་ཇུས་ཤུགས་ལ་ཡོང་། ཕ་སྤུན་ནང་ཡོད་བྱས་ན་བཙན་པོ་ཤུགས་ལ་ཡོང་། ཕྱུག་པོ་སྦྱིན་ཤེས་བྱས་ན་ཉེ་བ་ཤུགས་ལ་ཡོང་། འཁྲུག་མཁན་ཤུགས་ལ་མཁས་ན་དཔའ་བ་ཤུགས་ལ་འོང་། རྣོན་པོ་འདེབས་ཤེས་བྱས་ན་རྣོ་ཁམ་ཤུགས་ལ་སོང་། མགྱོགས་པ་རྒྱུག་ཤེས་བྱས་ན་གོང་འདེབས་ཤུགས་ལ་ཡོང་། མི་དཔོན་ཟ་འདོད་ཆུང་ན་ཁ་དྲོན་ཤུགས་ལ་ཡོང་། ཕ་ཁུ་སྤྱི་སྐྱོང་ཤེས་ན་རྒན་འཕངས་ཤུགས་ལ་ཡོང་། རྒན་པོ་བཅས་བཅོས་མང་ན་ཤི་འཆི་ཤུགས་ལ་ཡོང་། སྐྱེན་པོ་འཕེན་ཤེས་བྱས་ན་འཇིགས་སྟོབས་ཤུགས་ལ་ཡོང་། དམག་དཔོན་བཤོམས་ལ་མཁས་ན་སྡིག་པ་ཤུགས་ལ་ཡོང་། སྨན་བཙུན་གཙང་སྦྲ་ཆེ་ན་མཛངས་མ་ཤུགས་ལ་ཡོང་། སྨན་བཙུན་ནང་ལས་བཅོལ་ན་མིག་སློབ་ཞོར་ལ་ཡོང༌། བུ་ཆུང་གྲལ་སར་བཞག་ན་གོམ་སྐྱེད་ཞོར་ལ་ཡོང་། ཀུན་ལ་མཁོ་བས་ཡིད་ལ་ཞོག རྣལ་འབྱོར་བཅོས་འདུག་མ་བསམ་པར། ཡིད་ལ་ཞོག་དང་མཁོ་བ་ཡིན། ད་ཀུན་ལ་མཁོ་བའི་ཆོས་འགའ་བཤད། བླ་མས་འདུལ་ཁྲིམས་མི་བསྲུངས་པ། འབར་སོག་རིན་གྱིས་ཉོ་བ་ཡིན། དགེ་བཤེས་ཆང་འཐུང་གྲོང་འགྲིམ་པ། ཁ་ལོག་རིན་གྱིས་ཉོ་བ་ཡིན། སྔགས་པས་དམ་ཚིག་མི་བསྲུངས་པ། ནུས་མེད་རིན་གྱིས་ཉོ་བ་ཡིན། བཙན་པོ་རང་ཚོད་མི་ཟིན་པ། ཁ་ཉེན་རིན་གྱིས་ཉོ་བ་ཡིན། ཆེན་པོ་ནང་ཡོད་མི་བྱེད་ན། ཇུས་མེད་རིན་གྱིས་ཉོ་བ་ཡིན། དབང་ཡོད་ང་རྒྱལ་བྱེད་པ་དེ། བློ་ནོར་རིན་གྱིས་ཉོ་བ་ཡིན། ཕ་སྤུན་ནང་ཡོད་མི་བྱེད་པ། བླ་འཚོང་རིན་གྱིས་ཉོ་བ་ཡིན། དཔའ་བོས་འཁྲུག་ཚོད་མ་ཟིན་པ། ཤི་སྨྲས་རིན་གྱིས་ཉོ་བ་ཡིན། མི་དཔོན་སྤྱི་གཏམ་མི་བྱེད་པ། ཤེས་ཆུང་རིན་གྱིས་ཉོ་བ་ཡིན། རྒས་ནས་བཅས་བཅོས་མང་པོ་དེ། བཅོས་པ་རིན་གྱིས་ཉོ་བ་ཡིན། ཆང་འཐུང་ལབ་ལ་དགའ་བ་ན། བཟི་བོ་རིན་གྱིས་ཉོ་བ་ཡིན། དབང་མེད་ལབ་ལ་དགའ་བ་དེ། ཁ་ཚུམ་རིན་གྱིས་ཉོ་བ་ཡིན། ཁ་ཉེན་རྒྱུ་རུ་ཐུང་བ་དེ། བརྡུང་བཏགས་རིན་གྱིས་ཉོ་བ་ཡིན། རྩལ་ཆུང་ཐུར་རྟ་རྒྱུག་པ་དེ། ཆག་གྲུམ་རིན་གྱིས་ཉོ་བ་ཡིན། ཁ་ཉེན་དཔུང་མེད་འཁྲུག་པ་དེ། ཤི་བསད་རིན་གྱིས་ཉོ་བ་ཡིན། ཕྱུག་པོ་སྦྱིན་ལ་མི་དགའ་བ། རྐུ་བྱག་རིན་གྱིས་ཉོ་བ་ཡིན། དཔོན་ངན་གཡོག་ལ་སྡང་བ་དེ། འཁོར་མེད་རིན་གྱིས་ཉོ་བ་ཡིན།། མཛངས་མ་ལུས་ཚུལ་མི་བསྲུངས་པ། ངོ་ཚ་རིན་གྱིས་ཉོ་བ་ཡིན། བུ་ཆུང་བསླབ་བྱ་མི་བྱེད་པ། ལད་མོ་རིན་གྱིས་ཉོ་བ་ཡིན། བུ་མོ་དུས་ལ་མི་བརྫོངས་པ། འཁོར་ག་མོག་མག་པར་ཉོ་བ་ཡིན། གཡོག་པོ་ཁ་ལ་མི་ཉན་པ། དབྱུག་པ་རིན་གྱིས་ཉོ་བ་ཡིན། བཟི་བོ་གྲོང་གསེབ་གྲིམ་པ་དེ། ཁ་མཆུ་རིན་གྱིས་ཉོ་བ་ཡིན། རྣལ་འབྱོར་བཅོས་འདུག་མ་བསམ་པར། ཉོ་བ་འདི་རྣམས་མ་བྱུང་བ། གཞོན་པ་རྣམས་ཀྱི་ཡིད་ལ་ཞོག ད་ལྟ་ཆོས་བྱེད་རྣམས་ལ་དགོས་པ་ཡི། ལྷ་ཆོས་བྱེད་ཚུལ་ཚིག་ཅིག་ཞུ། བླ་མ་ལ་མོས༌གུས་ཚད་མེད་གྱིས། གསོལ་བ་ཐོབ་ལ་དད་མོས་སྒོམས། བྱིན་རླབས་རྒྱུ་ཆད་མེད་པར་འབྱུང་། ཡི་དམ་ལྷ་ལ་སྒྲུབ་པ་ཚད་མེད་ཀྱིས། ཡི་དམ་སྒོམས་པ་གསང་སྙིང་བགྲོངས། དངོས་གྲུབ་རྒྱུན་ཆད་མེད་པར་འབྱུང༌། སེམས་ཅན་ལ་སྙིང་རྗེ་ཚད་མེད་གྱིས། སྦྱིན་པ་ཐོངས་ལ་བྱང་སེམས་གྱིས། སེམས་སྐྱེད་པ་རྒྱུན་ཆད་མེད་པར་ཡོང་། རང་སེམས་ལ་ལྟ་རྟོག་ལེགས་པོ་གྱིས། སེམས་སྡུག་སྤོངས་ལ་རང་སར་ཞོག འོད་གསལ་རྒྱུན་ཆད་མེད་པར་ཡོང་། ཚད་མེད་བཞི་ལྡན་གྱི་དམ་ཆོས་འདི། རང་རེ་རླངས་ཆོས་བྱེད་རྣམས་ཀྱི་ཉམས་ལེན་མཛོད། ཁྱེད་ཡོན་བདག་རྣམས་ཀྱང་འདི་ལ་ཉོན། ལར་བན་དེའི་ཟས་ནོར་གར་ཡིན་ཡང་། ནོར་ཡོད་འདུག་བསམས་ནས་རྐུ་མ་བྱེད། རྗེ་ས་བདག་རྒྱལ་པོའི་དཀོར་ནོར་ཡིན། སྒྲུབ་གནས་ནང་གི་སྔགས་པ་ལ། མཐུ་མེད་བསམ་ནས་འགྲས་མ་འཚོལ། ནག་པོ་བདུད་ཀྱི་སྤུལ་པ་ཡིན། ན་སོ་གཅིག་ན་ཡང་བློ་མི་བདེ། ས་མདོའི་གཙོ་བོ་རེ་རལ་ལ། གོས་ངན་ནོ་བསམས་ནས་ལྕག་མ་རྡེག ཕ་མ་བཟང་པོའི་རྒྱུད་པ་ཡིན། ཐུབ་ཀྱང་གཞན་གྱིས་འབར་བ་ཡིན། ཡུལ་གྱི་ཁྲམ་པ་གཞུང་མེད་ལ། ཁ་བཟང་བཟང་འདྲ་ཡང་དོན་མ་གཏོང་། ཧོར་ཐུབ་མེད་ཀྱི་བྱག་པ་རྟ་འདེད་ཡིན། ཕར་ལ་ཁྱེར་ནས་ཚུར་ལ་ཅི་མི་ཡོང༌། སྨན་གཟུགས་ལེགས་བདག་ཡོད་སྨྲ་མཁས་ཀྱིས། ཁ་འཛུམ་བྱེད་ཀྱང་མཛའ་མ་འཆོལ། ནག་པོ་བདུད་ཀྱིས་བསླུ་བ་ཡིན། སྟབས་ཉེས་གཏམ་ངན་ནོར་ཕུང་ཡོང་། འདི་རྣམས་ཁྱེད་ཡོན་བདག་རྣམས་ཀྱི་སེམས་ལ་ཞོག ད། རླངས་ཀྱི་བླ་མ་རྣམས་ཀྱང་ཆོས་ལ་འབུངས། བླ་མ་ཆོས་མེད་ཤ་གཟུགས་དར་བཏུམས་ཡིན། ལུས་དར་གྱིས་བཏུམས་ཀྱང་དད་མི་མེད། དགེ་བཤེས་ཆོས་མེད་མཚོ་ཁའི་ངང་སེར་འདྲ། ལུས་སེར་ཡང་འདྲེན་སྟོན་བྱེད་མི་མེད། ལ་ཁའི་སྒོམ་ཆེན་ཆོས་མེད་ན། སྤང་ཕུག་གི་འཕྱི་བ་སྒོམ་ཆེན་འདྲ། སྤང་ཕུག་ཉལ་ཡང་སྒོམ་རྒྱུ་མེད། བན་གསར་ཆོས་མེད་ཆུ་རྩ་སྡོང་པོ་འདྲ། ལུས་སེར་པོར་ཡོད་ཀྱང་རྩི་མི་མེད། སྔགས་པ་མཐུ་མེད་གོ་ཁའི་ཕུགས་ཉལ་ཡིན། ནུས་པ་མེད་ནས་རྒྱུ་མི་སེར་བརྡར་ཡིན། ནུས་པ་མེད་པ་ཤུག་པ་ལོ་འཛར་ཡིན། འདི་རྣམས་ཀུན་ཆོས་མེད་པའི་རྩི་ཚུལ་དེ་ལྟར་ཡོང་། ད་ལྟ་ཆོས་དང་མི་ཆོས་ཀྱི་ཡིན་ལུགས་བཤད། མཁས་པ་བཟང་པོ་བཙུན་པ་གསུམ། སྙིང་རྗེ་བྱུང་ན་ངེས་པ་ཡིན། རླངས་བླ་མ་ཞིག་གི་མཛད་ཚུལ་ཡིན། ལྟ་བ་སྤྱོད་པ་སྒོམ་པ་གསུམ། སྒོམ་ཆེན་ཞིག་གི་བྱེད་ཚུལ་ཡིན། སྒོམ་གཞི་ལམ་ཞིག་རྟོགས་ན་ངེས་པ་ཡིན། འཆད་པ་རྩོད་པ་རྩོམ་པ་གསུམ། སྟོན་པ་ཞིག་གི་བྱེད་ཚུལ་ཡིན། སྡེ་ཆོས་གྲྭ་ཞིག་ཚུགས་ན་ངེས་པ་ཡིན། དབྱངས་དང་བཤད་དང་ལག་ལེན་གསུམ། རླངས་དགེ་བཤེས་ཤིག་གི་མཛད་སྤྱོད་ཡིན། བཙུན་པ་མཁྱེན་རྒྱ་ཞིག་ཆེ་ན་ངེས་པ་ཡིན། རིག་པ་འཛིན་པ་བརྩོན་འགྲུས་གསུམ། བན་བཙུན་ཆུང་ཞིག་གི་བྱ་རྒྱུ་ཡིན། ཡིད་ཤེས་རབ་ཅིག་ཆེ་ན་ངེས་པ་ཡིན། གང་ལྟར་ཡིན་ཡང་ཚུལ་ཁྲིམས་སྲུང་བ་གལ་ཆེ། བན་ཆུང་རབ་བྱུང་ཀུན་གྱི་གཞི་མ་ཡིན། སྒྲུབ་པ་ནུས་པ་བསྙེན་པ་གསུམ། རླངས་ཁམས་པ་རྣམས་ཀྱི་ཐུགས་དམ་ཡིན། ལྷ་ཞལ་མཐོང་ཞིག་བྱུང་ན་ངེས་པ་ཡིན། ཤེས་པ་སྦྱིན་པ་སྨྲ་བ་གསུམ། རླངས་སྡེ་དཔོན་ཞིག་གི་མཛད་སྤྱོད་ཡིན། ཚད་སྐུ་བསོད་ཅིག་བྱུང་ན་ངེས་པ་ཡིན། སྤྱི་ཚིས་སྤྱི་དཔོན་སྤྱི་གཏམ་གསུམ། རླངས་གཙོ་བོ་ཞིག་གི་ མཛད་རྒྱུ་ཡིན། ཕྱོགས་རང་འདོད་མེད་ན་ངེས་པ་ཡིན། དཔའ་བ་སྐྱེན་པ་ལུས་རྩལ་གསུམ། སྟག་ཤར་པོ་ཞིག་གི་ལག་ལེན་ཡིན། རྟ་ཞགས་པ་ཞིག་བདེ་ན་ངེས་པ་ཡིན། གཉེན་པ་བདེ་བ་གུས་པ་གསུམ། འཁོར་གཡོག་པོ་རྣམས་ལ་དགོས་པ་ཡིན། ལས་ཅི་བཅོལ་ཡོང་ན་ངེས་པ་ཡིན། ཞིབ་པ་སྤྱོང་པ་མཁས་པ་གསུམ། སྡེ་ཆེན་པོའི་གཉེར་ལ་དགོས་པ་ཡིན། འཁོར་མི་ཁ་ཅིག་དྲོ་ན་ངེས་པ་ཡིན། འཚོ་ཤེས་སྦྱིན་ཤེས་འཁེལ་ཤེས་གསུམ། ནོར་ཕྱུག་པའི་མི་ལ་དགོས་པ་ཡིན། ཀུན་དང་མཐུན་ན་ངེས་པ་ཡིན། ཤེས་གསལ་འོད་བྱུང་འཁོར་བྱམས་གསུམ། ཡུལ་དཔོན་རྣམས་ལ་དགོས་པ་ཡིན། ཡོད་ཟས་ནོར་ཡོད་ན་ངེས་པ་ཡིན། མིས་བཀུར་ལུས་གཙང་རང་མཛངས་གསུམ། སྨན་མོ་བཙུན་དྲག་པའི་བྱེད་ཚུལ་ཡིན། སྦྱིན་འཁོར་གཡོག་ལ་བཟང་ན་ངེས་པ་ཡིན། མདངས་དཀར་ངག་ཉུང་ནང་ཚགས་གསུམ། སྨན་མོ་བཙུན་འབྲིང་གི་བྱེད་ཚུལ་ཡིན། ཡུལ་མི་དགའ་ན་ངེས་པ་ཡིན། བྱད་ལེགས་རྒྱན་བཀྲག་བྱེད་བཟང་གསུམ། བུ་སྲིང་ཞིག་གི་བྱེད་ཚུལ་ཡིན། རྒྱབ་ཕ་མིང་བཟང་ན་ངེས་པ་ཡིན། འདི་རྣམས་བྱེད་སྤྱོད་ཀྱི་གནས་ལུགས་ཡིན། ངེད་རང་རླངས་ཕ་སྤུན་རྣམས་ཀྱིས་ཉམས་སུ་ལོངས། ཡོན་བདག་རྣམས་ཀྱིས་དེ་ལྟར་དགོངས། རྒྱལ་ཁམས་ཀྱི་མི་ལ་འང་དགོས་པ་ཡིན། ད། བླ་མ་རྣམས་ཀྱིས་འགྲོ་དོན་མཛོད། བྱམས་སེམས་རྒྱུན་ཆད་མེད་པར་མཛོད། སྒོམ་ཆེན་རྣམས་ཀྱིས་སྒོམ་སྒྲུབ་གྱིས། མཉམ་བཞག་རྒྱུན་ཆད་མེད་པར་མཛོད། སྟོན་པ་རྣམས་ཀྱིས་ཉན་བཤད་གྱིས། ཆོས་གྲྭ་རྒྱུན་ཆད་མེད་པར་ཚུགས། བན་གསར་རྣམས་ཀྱིས་སློབ་གཉེར་གྱིས། ཉམས་ལེན་རྒྱུན་ཆད་མེད་པར་མཛོད། སྔགས་པ་རྣམས་ཀྱིས་ལྷ་སྒྲུབ་གྱིས། སྔགས་ཏིང་འཛིན་རྒྱུན་ཆད་མེད་པར་མཛོད། རིགས་རྒྱུད་བཟང་ལ་ཞིང་ས་དག ང་ཡང་རྒྱུད་འཛིན་རེ་རེ་ཡོང་གསུངས་ནས། བཀའ་དང་བསྟན་བཅོས་མང་དུ་གསུངས་པ་ལ། བུ་ཚ་བོ་རྣམས་ཀྱིས་ཞུས་པ། ལོ་ལ་བཞུགས་པ་མི་ཡོང་ཡང་། ཟླ་བ་མང་དུ་བཞུགས་པར་ཞུ། ཞུས་པ་ལ། ང་རྣལ་འབྱོར་ད་ཙམ་ཤི་བ་ལ། བཅོས་ཟིན་ཟེར་བ་ཡོང་བ་ཡིན། རྒས་ནས་རྡོག་པ་འཁྱོར་བ་ན། བཅོས་ཟིན་ཟེར་བའི་མི་ཁ་ཡོང་། མི་ལོ་བརྒྱ་དང་རྩ་བརྒྱད་པར། ནག་སོག་གཉིས་ཀྱི་ཁ་བར་ན། ང་བཞིན་གྲུབ་ཐོབ་ཡོང་བ་དེ། ང་འདྲ་ཞབས་ཏོག་མུས་ཀྱིས་གྱིས། བླ་མར་ཁུར་ལ་བཀའ་ཆོས་ཞུས། ང་ནི་ད་དེ་འགྲོ་བར་བྱ། རྟོགས་པ་ཕུལ་དུ་ཕྱིན་པའི་རྣལ་འབྱོར་པ་ཡིན། སྒྲུབ་པ་མཐའ་རུ་ཕྱིན་པའི་རྣལ་འབྱོར་པ་ཡིན། ལྷ་ཞལ་མཐོང་མང་བའི་རྣལ་འབྱོར་པ་ཡིན། ལྷ་སྲིན་བྲན་དུ་བཀོལ་བའི་རྣལ་འབྱོར་པ་ཡིན། སྒོམ་པ་ཏིང་ངེ་འཛིན་དུ་འདུག་པའི་རྣལ་འབྱོར་པ་ཡིན། སློབ་མ་ཡོན་བདག་མང་བའི་རྣལ་འབྱོར་པ་ཡིན། མི་ཆོས་ལྷ་ཆོས་མཁས་པའི་རྣལ་འབྱོར་པ་ཡིན། འཁོར་བ་རྒྱུད་འཛིན་དུ་ཡོད་པའི་རྣལ་འབྱོར་པ་ཡིན། འབྱུང་བ་རྩ་རླུང་དུ་མངའ་བརྙེས་པའི་རྣལ་འབྱོར་པ་ཡིན། ང་རྣལ་འབྱོར་པ་འཇིག་རྟེན་གྱི་ཡུལ་ལ་ལྟད་མོ་ཞིག་བལྟ། གསུངས་ནས། བྱ་རྒྱལ་ཞིག་ཏུ་སྤྲུལ་ནས་བྱོན། ཞག་གཉིས་རེད་པའི་ནང་པར་བྱོན་བྱུང་བས། འཇིག་རྟེན་ཁམས་ཀྱི་ལྟད་མོ་ནི་མཐོང་། ཁྱེད་བུ་ཚ་བོ་རྣམས་ལ་ཁ་ཆེམས་ནི་བཞག མི་ཆོས་ལྷ་ཆོས་ལ་འགྱོད་མེད་ནི་བྱས། ད་སང་དེ་ཉི་མ་ཤར་དྲོས་ལ་མི་རྟག་འཆི་བའི་ཚུལ་ཅིག་སྟོན། གསུངས་པ་ལ། ཆེ་བཟང་དཔལ་གྱི་སེང་གེས་ཞུས་ནས། རྣལ་འབྱོར་འདའ་བའི་ཚུལ་སྟོན་ན། ད་དུང་ཞལ་ཏ་འདི་གྱིས་གསུངས། བུ་ཚ་བོ་རྣམས་ལ་ཐུགས་རྗེས་ཟུངས། ། མི་རྒྱུད་རེ་ལ་འབྱོན་པར་ཞུ། ཞུས་པས། སྔར་གྱི་ཚིག་རྣམས་ཡིད་ལ་བཞག་ན། ཁ་ཏ་དང་བསླབ་བྱ་དེ་ཁ་ཡིན། ལར། ལྷ་ཆོས་ནས་བབས་ནས་སྡིག་ལ་མ་ཞུགས། བན་ནས་བབས་ནས་བོན་ལ་མ་ཞུགས། རི་ཁྲོད་ནས་བབས་ནས་ལུང་ནག་ཏུ་མ་འགྲིམ། བྱ་བ་གང་ལ་ཡང་གྲོས་ཀྱིས་བཞག་པ་ཐོངས་དང་ལྷད་དུ་མེད། ཡིན་ལུགས་ཆད་འཇོག་གི་ཚིག་ཅིག་བཟླ། བུ་ཚ་བོ་རྣམས་ཉམས་སུ་ལེན་པ་འདི་ལྟར་བྱ། ཉམས་སུ་བླངས་ན་ང་ལྟར་ཡོང་། ཉམས་ལེན་གྱིས་ལ་ཡིད་ལ་ཞོག ལྷ་ཆོས་ཚད་འཇོག་གི་ཚིག་ཡོད་པ། ཤོག་གྲིལ་གསེར་ཡིག་ནང་ན་ཡོད། མི་ཆོས་ཚད་འཇོག་འདི་ལྟར་ཡིན། གཞིག་པ་སྔོན་ལ་གཏོང་བ་སྤྱང་པོའི་ཚད། ཐལ་ནས་འགྱོད་པ་སྐྱེས་པ་གླེན་པའི་ཚད། ཆེ་ནས་མི་བཀུར་ཆེ་ན་ཆེན་པོའི་ཚད། མཁས་པས་ཤེས་ལ་འདྲི་བ་མཁས་པའི་ཚད། ཕྱུག་པོ་ཆོས་ལ་གཏོང་བ་ཕྱུག་པོའི་ཚད། སྡེ་དཔོན་ཀུན་དང་མཐུན་པ་དཔོན་རྗེའི་ཚད། གཙོ་བོ་རང་འདོད་མི་ཆེ་གཙོ་བོའི་ཚད། བཙན་པོ་སྦྱིན་ལ་དྲག་པ་བཙན་པོའི་ཚད། དཔའ་སྐྱེན་འཁྲུག་ཚོད་མཁས་ན་དཔའ་བོའི་ཚད། རྩལ་བདུན་ལུས་ལ་ཚང་བ་གཞོན་པའི་ཚད། ཚད་འདི་རྣམས་རང་ལ་ཡོད་པར་གྱིས། ཚད་འདི་རྣམས་ལ་བརྩོན་འགྲུས་སྐྱེད་པ་དང་། སྔར་བཤད་པའི་ཚིག་རྣམས་ཉམས་བླངས་ན། ང་རྣལ་འབྱོར་པ་བསྡད་ཀྱང་དེ་ལས་བསླབ་རྒྱུ་མེད། ངས་སྔར་བཟླས་ཚིག་ལ་མ་རྩིས་ན། འདི་རུ་བསྡད་ཀྱང་སྣང་བ་འཁྲུག་པའི་རྒྱུ། ལས་བྱེད་ཚུལ་འདུན་མ་མི་ལ་སྤྱོད། ནག་མོ་གཡོག་ངན་གྱི་ཕྲ་མ་མ་ཉན་པར། ནང་ཡོད་གྱིས་ལ་གཏན་བྱུས་བྱ་བ་འབུངས། རྣལ་བྱོར་འགྲོ་བ་དེ་ཡིས་བཟློག་རྒྱུ་མིན། ཚ་བོ་རྣམས་ཀྱི་རྒྱུད་དུ་རྣལ་འབྱོར་རྟིང་དུ་འོངས་ནས་རྒྱལ་ཁམས་སྐྱོང་བ་ཡིན། གསུངས་ནས། (ཕྱི་ལོ་1076) མེ་ཕོ་འབྲུག་གི་ལོ་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་ལ་འདས་པ་ལ། ནམ་མཁའི་ཁམས་ནས་ནས་འཇའ་ཚོན། རོལ་མོའི་སྒྲ་དང་མཁའ་འགྲོའི་བསུ་བ་ཡོང་། ལྷ་འདྲེ་དམ་ཅན་རྣམས་ཀྱང་འགྱོད་པ་དང་ངུ་འབོད་བྱེད་ཀྱི་འདུག དེ་ནས་ཞལ་ཏ་མཛད་ནས། ཚེས་བཅོ་ལྔ་ལ་སྤུར་བཞུ་གསུངས་པ་ལ། སྟེང་ནམ་མཁའི་ཁམས་ལ་གྲུབ་ཐོབ་རྒྱ་མཚོས་བསྐོར་ནས། སློབ་དཔོན་པད་མ་མཁའ་འགྲོ་མས་བསུས་ནས་དུད་པ་རྣམས་ཡར་སོང་བ་ལ། འཇའ་ཚོན་དུ་སོང་། ཁོང་ནམ་མཁའ་ལ་བཞུད་པ་མངོན་སུམ་དུ་མཐོང་། དེ་ཡང་དཀར་ལྡན་མས་མྱ་ངན་དང་སྨྲེ་ངག་ཀྱང་མང་པོ་བཟླས་པ། སངས་རྒྱས་བསྟན་པ་མི་འཛིན་པར། རྣལ་འབྱོར་པ་ཆེན་པོ་གར་འབྱོན་ན། བུ་སློབ་ཆོས་ཀྱིས་མི་སྐྱོངས་པར། རྣལ་འབྱོར་ཆེན་པོ་གར་འབྱོན་ན། འཇིག་རྟེན་ལྷ་སྲིན་མི་འདུལ་བར། རྣལ་འབྱོར་ཆེན་པོ་གར་འབྱོན་ན། ཕ་སྤུན་སྤྱི་སེམས་མི་བྱེད་པར། རྣལ་འབྱོར་ཆེན་པོ་གར་འབྱོན་ན། མཁའ་འགྲོའི་དངོས་གྲུབ་མི་གསོལ་བར། རྣལ་འབྱོར་ཆེན་པོ་གར་འབྱོན་ན། གཡོག་འཁོར་ལ་བྱང་སེམས་མི་མཛད་པར། རྣལ་འབྱོར་ཆེན་པོ་གར་འབྱོན་ན། ང་དཀར་ལྡན་ལ་ཞལ་ཏ་མི་མཛད་པར། རྣལ་འབྱོར་ཆེན་པོ་གར་འབྱོན་ན། བུ་ཚ་བོ་རྣམས་ལ་ཞལ་ཏ་མི་མཛད་པར། རྣལ་འབྱོར་ཆེན་པོ་གར་འབྱོན་ན། ང་དཀར་ལྡན་ཡང་མྱུར་དུ་འཆི་བར་འདུག བུ་ཚ་བོ་རྣམས་ཀྱང་རྣལ་འབྱོར་གསུང་བཞིན་སྒྲུབས། འཁོར་གཡོག་པོ་ལ་སྣ་གཞུང་བྱམས་སེམས་གྱིས། ཟེར་ནས། ཁོང་འདས་པའི་ཕྱི་ལོའི་ཟླ་དུས་ཀྱི་ཚེས་ལྔ་ལ་མི་རྟག་པར་སོང་ནས། མ་མཁའ་འགྲོ་མས་བསུ་བ་བྱས་ནས་སོང་། སྲས་ཚ་བོ་རྣམས་ཀྱིས་ཀྱང་རྣལ་འབྱོར་གྱི་གསུང་བཞིན་བསྒྲུབས་ནས། ནང་བཟང་བྱས་ནས་ཀྱང་མི་ཆོས་གཞི་དང་། ལྷ་ཆོས་རྒྱན་གཉིས་ཀྱིས་བསྟན་པ་བཟུང་ནས། ཁམས་པའི་རྒྱལ་ཁམས་ཡུལ་གང་དྲག་གི་བདག་པོ་བྱས། ལྷོ་སྟོད་ལུང་ཆེན་བཅོ་བརྒྱད་སྒོས་སུ་བདག །མི་རིགས་ཆེ་དགུ་ཐམས་ཅད་འབངས་སུ་བཀོལ། སྟོད་སྨད་བསྟན་པ་འཛིན་པ་ཡི། བཙུན་མོ་དཀར་ལྡན་མ་ཁབ་ཏུ་བཞེས་པའི་སྲས། ཆེ་བཟང་དཔལ་གྱི་སེང་གེ། དེ་འོག་གཉན་ཐོག་ཨ་ཁྲོམ། དེ་འོག་མཚེ་མ། ཆུང་པ་སྟག་ཚབ་ངར་བ་རྒྱུད་མེད། ཆེ་བཟང་དཔལ་གྱི་སེང་གེའི་སྲས། སྟོན་བཙུན་ཞྭ་ནག་ཅན། མདོ་པ་ཞྭ་ནག་ཅན། སྟོན་བཙུན་གྱི་སྲས། རླངས་ཆེན་པོ་བོ་དྷི། དེའི་སྲས་གཞོན་ནུ་སེང་གེ། དེའི་སྲས་འཇམ་དཔལ་འོད་ཟེར། དེའི་སྲས་ཇོ་དཔོན་དཔལ་ཡག་ཚ། བན་ཚ། ༼བན་ཚ་རྒན་པོ་དང་བན་ཚ་རྣམས་འདི་ནས་བྱུང་བར་གསལ།༽རླངས་ཧོར་ཚ་སྲས་རྣམས་ཡིན། ༼ཧོར་རུ་རྒན་པོ་དང་ཧོར་སྡེ་རྒན་པོ་གཉིས་འདི་ནས་བྱུང་མིན་དཔྱད།༽ མདོ་པ་ཞྭ་ནག་ཅན་དཔལ་གྱི་བློ་གྲོས་ཀྱི་སྲས། ཡོན་ཏན་གྲགས། དེའི་སྲས་དཔོན་གྲགས། དེའི་སྲས་ཡེ་རྡོར། སྟོན་བཙུན། བསོད་ནམས་སེང་གེ། ཡེ་རྡོར་སྲས། དཔོན་དབང་ཕྱུག་སེང་གེ། དེའི་སྲས་སྤྱི་དཔོན། མདོ་པ་མཁན་ཆེན། རླངས་གཡུ་སྤྲིན་སྐྱ་དང་མཆེད་གསུམ། གཡུ་སྤྲིན་སྐྱའི་སྲས་དཀོན་རྡོར། དེའི་སྲས་རྡོར་འབྱུང་། དེའི་སྲས་ལྷ་གཟིགས། སྤྱན་མངའ་བ། སྤྱི་དཔོན་གྱི་སྲས་དཔོན་ཆོས་གྲགས། དེའི་སྲས་དཔོན་མགོན། བྲག་མགོ་བ། ཀླུ་རྒྱལ་གྲགས་དང་མཆེད་གསུམ་ལགས་པས་ལྷ་གཟིགས་མདོ་པའི་རྒྱུད་ལགས། རློག་ཆུང་གིས་བྲན་གོང་ཟ་དཔལ་འདྲེན་ཁབ་ཏུ་བཞེས་པ་ལ། རླངས་ཐང་ཐོ་དང༌། ༼ད་ལྟ་སོག་ཤོད་དུ་རླངས་ཐོ་ཟེར་བའི་མི་རྒྱུད་འདི་ནས་བྱུང་བར་མངོན།༽ རླངས་སྲས་རྒོད་ལྡིང་གི་སྲིད་ཐབས་ནི། རྒོད་ལྡིང་གིས་ཡེ་ཟ་རྒྱལ་ནེ་མ་ཁབ་ཏུ་བཞེས་པའི་སྲས། སྟོང་གེ །དེའི་སྲས། སྟོང་ཁྲི་དང་། སྟོང་ཁྲམ་གཉིས། སྟོང་ཁྲིའི་སྲས། གེ་ཚངས། ༼གེ་བ་ཚང་གི་མི་རྒྱུད་འདི་ནས་བྱུང་། གེ་བ་རྒན་པོ་སོགས་ཤིང་ཏུ་མང་། གེ་བ་ཚང་སོག་མཁར་བློ་གྲོས། གེ་བ་ཚང་སྤྱི་མཐུན་ངག་དབང་ཐར་པ། སོག་མཁར་དུ། འབོ་དོལ་གཉིས་ཀྱི་ཕྱག་བཏབ། གེ་དམར་གཉིས་ཀྱི་ས་བཟུང་། ཟེས་གསོལ་ཡོད་པ་བཞིན། རླངས་ལྷ་གཟིགས་འབོ་ལོ་དང་དོར་ཚང་གཉིས་ཀྱིས་ཐོག་མར་ཕྱག་བཏབ། གྲུབ་ཐོབ་ཆེན་པོ་དོར་ཚང་དབོན་པོ། (རྙིང་མའི་ཆོས་འབྱུང་570ལས།) དོར་ཚང་ཕྲིན་ལས་རྡོ་རྗེ་ནི། ཉི་གྲགས་གཏེར་ཆེན་གྱི་ཞལ་སློབ་རྡོ་རྗེའི་མིང་ཅན་བརྒྱད་ཡོད་པའི་གྲས་ཡིན། གཏེར་ཆེན་གྱིས་ཞབས་ཕྱིར་སྐུ་སྲོག་གཏོང་བ་ལ་ཡང་སྙིང་སྟོབས་དང་ལྡན་ཞིང་ཞུམ་པ་མེད་པ་ཞིག་ཡིན་ལ་པདྨ་དྲག་པོ་ལ་ཡི་དམ་དུ་མཛད་པས་མངོན་རྟགས་གསལ་ཞིང་། རྒྱལ་སྲས་རིན་པོ་ཆེ་ཨོ་རྒྱན་བསྟན་འཛིན་གྱིས་རྗེ་འདི་དྲག་པོ་དབུ་དགུ་པར་མངོན་སུམ་གཟིགས་པ་ཡིན་སྐད། དོར་ཚང་མཁན་པོ་འཇིག་མེད་གྲགས་པ། གེ་བ་ཚང་དང་དམར་རུ་ལྷ་གཟིགས་གཉིན་ནས་རིམ་བཞིན་སོག་སྟོད་སྨད་དུ་ས་བཟུང་བའི་མི་རྒྱུད་རིམ་པར་འཕེལ་བས། ལྷ་གཟིགས་གྲུབ་དབང་འཕགས་ཤུག་རིན་པོ་ཆེ། ལྷ་གཟིགས་དགེ་བཤེས་ངག་དབང་ནོར་བུ། ལྷ་གཟིགས་དགེ་བཤེས་བསྟན་འཛིན་ཆོས་ལྡན།༽ རླངས་ཀྱི་པོ་ཏི་བསེ་རུ་ཆེ་དགེ་ཡིག་ཚང་དང་མི་རྒྱུད་གྲོལ་ཐབས་དང་བཅས་པ་འདིའི་གཏེར་འདོན་ནི། རླངས་སྤོས་རམ་དཔལ་གསུམ་གྱིས་སྲས་ཀྱི་ཁུངས་ཐོད་ནས། མཁའ་འགྲོ་མའི་ལུང་བསྟན་དང་། བྱང་ཆུབ་འདྲེ་བཀོལ་གྱི་བཀའ་བྱུང་ནས། ནུབ་ཕྱོགས་གཡག་རི་དམར་པོའི་ཞོལ། ཕ་བོང་སྔོན་པོ་སྦལ་པ་འདྲ་བ་ཅིག་གི་འོག་ཏུ་ཐང་ཡིག་སྒྲོན་མ། བསྟན་པ་འགྱོགས་པའི་གླང་པོ། རླངས་ཀྱི་པོ་ཏི་བསེ་རུ། ཀ་ཤགས་ཁུག་མའི་སྐོར། རྗེའི་ཀ་ཏ་ཁྲ་བོ། སློབ་དཔོན་པད་མའི་དབུ་ཞྭ་ན་བཟའ། ཕྱགས་གའུ། ཕྱག་དཔེ་བཀའི་བསྟན་བཅོས་རྣམས་བཏོན་ནས་བརྒྱ་འབུལ་བཅུ་གསུམ་གྱི་མགོ་ལ། པོ་ཏི་བསེ་རུ་བྱང་ཆུབ་འདྲེ་བཀོལ་གྱིས་མདོ་པ་ཞྭ་ནག་ཅན་ལ་གནང་བ་བཞིན་གྱི་མགོ་ལ་བྱིན། མདོ་པ་ཞྭ་ནག་ཅན་གྱིས། ཡོན་ཏན་གྲགས་ལ་གན་རྒྱུང་གི་གནས་སུ་བཞག་ནས། ཕོགས་ཀྱི་ཆེ་བ་ལ་ཡི་དམ་གྱིས་གསུངས་ནས་བྱིན། དེ་ནས་སྲས་དཔོན་གྲགས་ཀྱིས། གན་རྒྱང་གི་སྡེ་དཔོན་ལ་གསེར་གྱི་མཆོད་རྟེན། དངུལ་གྱི་མཎྜལ། རྟ་སེར་པོ་སྟག་འཐབ་དང་། གུར་མའི་བེར་ཆེན། སྟག་གཅིག་དང་བྱིན་ཏེ། དཀར་ཤོད་གཟུ་རྫོང་མདོ་ན་གདན་དྲངས་ནས། གནས་ཀྱི་གཏོད་གཉེར་གྱི་མགོ་ལ་སྟོན་ཅིང་གཞན་ལ་མི་སྤེལ་ཏེ། ལྷ་གཟིགས་མདོ་པའི་ཁྱད་ཆོས་བྱས་ནས། པོ་ཏི་བསེ་རུ་ཆེ་ཆུང་གསུམ་དུ་བྱས་ཏེ། དཔོན་དབང་ཕྱུག་སེང་གེ་ལ་གཏད། གཉེར་གྱི་མགོ་ལ་བཏད། དེས་མདོ་པ་མཁན་ཆེན་ལ་ལྷོ་སྟོད་ཀྱི་ལྷ་ཁང་གནས་གཞི་བན་དེ་རྣམས་ཀྱི་དཔོན་མཛད་པ་ལ་གཏད། མཁན་ཆེན་པས་རྡོར་འབྱུང་ལ། ལས་ཀའི་ཞལ་གསོས་ལ་བྱིན། དེས་ལྷ་གཟིཊ་སྤྱན་སྔ་བ་ས་སྐྱ་ནས་བྱོན་པའི་ཤངས་ལེན་ཆད་ཇ་ལ་ཕུལ། དེ་ནས་མདོ་པ་ཆེ་རྒྱུད། དེ་ནས་ལྷོ་པ་དགེ་བཤེས། དེ་ནས་ཤེས་རབ་རིན་ཆེན་ལས་རྒྱུད་པ་ལགས་སོ།། འཆི་བ་མེད་པའི་ལམ་ལས་ལེགས་འོངས་ལྷ་རིགས་རླངས་ཀྱི་པད་དཀར་ཚལ། །མཁས་གྲུབ་ར་ཡིག་གཉིས་པའི་ཚོགས་འདུ་ངོ་མཚར་འཕུར་ལྡིང་རོལ་གར་ཅན། །གསང་ཆེན་ཐེག་པའི་ཟེའུ་འབྲུ་རབ་ལྡེམ་དངོས་གྲུབ་སྦྲང་རྩིའི་ཟ་མ་ཏོག །ལོ་རྒྱུས་མྱངས་ན་ཞིམ་པའི་རོ་བཅུད་སྐབས་གསུམ་བདག་པོའི་བདུད་རྩི་བཞིན། །མདོ་ཁམས་ཡུལ་གྱི་ཟླ་བའི་མ་མ་ལས། །ལྷ་གཟིགས་གདུང་གི་མངོན་མཐོའི་བསིལ་ཟེར་ཅན། །གངས་ཅན་ལེགས་བྲིས་ལམ་དུ་འཕགས་པའི་ཚེ། །སྐལ་བཟང་སྐྱེ་རྒུའི་ས་སྨོས་འདོད་པ་འཇོ། ། ཞེས་༸རྒྱལ་མཆོག་ལྔ་པས་གསུངས་སོ། བོད་དུ་ཧོར་དམག་ཐོག་མ་ ༡༢༠༥ ལོར་ཧོར་ཐེ་མུ་ཀྲེན་གྱི་མི་ཉག་ལ་དམག་དྲངས། ༡༢༠༩ ལོར་སླར་ཡང་དམག་དྲངས་ཏེ་མི་ཉག་ཧོར་གྱི་མངའ་འོག་རྒྱལ་ཕྲན་ཏུ་གྱུར། ༡༢༢༦ ལོར་མི་ཉག་ནང་ངོ་ལོག་བྱུང་བརྟེན་། སླར་ཡང་ཧོར་ཇིང་གིར་སེ་ཁན་གྱིས་དམག་དྲངས་ནས་ ༡༢༢༧ ལོར་མི་ཉག་རྒྱལ་རབས་ཡོངས་སུ་འཇུག་བསྒྲིལ། ཀན་སུ་ཕྱོགས་ཀྱི་རྒྱལ་པོ་གོ་དན་གྱིས་ ༡༢༤༠ ལོར་དམག་དཔོན་ལི་ཅི་དང་དོར་ཏའི་འགོ་འཁྲིད་འོག་ཧོར་དམག་བོད་དུ་གཏོང་འགོ་ཚུགས་ཧོར་དམག་གིས་མདོ་སྟོད་སོག་ཆུ་ཁར་བོད་མང་པོ་བསད་ནས་ར་སྒྲེང་རྒྱལ་ལྷ་ཁང་སོགས་མེར་བསྲེགས་ར་སྒྲེང་དུ་དགེ་འདུན་ལྔ་བརྒྱ་བཀྲོངས་པ་སོགས་ལོ་རྒྱུས་ཚད་ལྡ་དག་ལས་གསལ་བ་བཞིན། ཧོར་དམག་གིས་བོད་དུ་བཙན་འཛུལ་བྱེད་པ་ཐོག་མ་དེ་འདི་ནས་ཡིན་འདུག་པས་སོག་ཞེས་པའི་མིང་འདི་ཧོར་སོག་པོ་ལས་བྱུང་བ་མིན་ནམ་མཉམ་པའི་དོག་པ་ཡོད་ཚོད་འདུག་པས་དེ་དག་ནི་ཚིག་གི་གཡམ་རྒྱུག་ཙམ་མ་ཡིན་པར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་ཞེབ་དཔྱད་བྱས་ན་སོག་འདི་གདོད་མ་ནས་ཡོད་པར་རླངས་ཀྱི་པོ་ཏི་བསེ་རུ་གཙོས་པའི་ལོ་རྒྱུས་རྙིང་པ་དག་ལས་མངོན་གསལ་ཡིན། །
___________________________བོད་རྒྱ་ལོ་ ༢༡༤༧ ས་ག་ཟླ་བའི་ཚེས་ ༡༥ ཉིན།
ལོ་རྒྱུས།
རྩོམ་སྒྲིགསོག་རྫོང་རེ་དཀར་སོག་གསུམ་གྱི་ལོ་རྒྱུས། ལོ་རྒྱུས་ཀྱི་ཡིག་ཚང་མ་སྔོག་པར་འོལ་ཚོད་ཤོད་མཁན་ཁག་གཅིག་གིས། སོག་པོའི་མི་རིགས་ལས་ཆད་ཚུལ་དང་། སེང་ལྕམ་འབྲུག་མོའི་འཁྲུངས་ཡུལ་ཡིན་སྐོར་སོགས་བྱིས་སྒྲུང་འདྲ་བོ་མང་པོ་ཞིག་གིས་ལོ་རྒྱུས་ཀྱི་དོན་དངོས་ཀྱི་ཞལ་རས་སྒྲིབ་བཞིན་ཡོད། དེ་ཡང་བོད་རྒྱལ་མ་བྱུང་བའི་སྔོན་མ་སང་སྤུན་དགུ་དུས་ནས་རེ་དཀར་སོག་གསུམ་གྱི་ཡུལ་སྡེ་འདི་ཡོད་སྐོར་འཁོད་པའི་ཡིག་ཆ་ཞིག་ཁོ་བོས་མཐོང་མྱོང་ཡོད་ཀྱང་། བསྐྱར་དུ་ལྟ་ཀློག་བྱེད་པའི་གོ་སྐབས་མ་ཤར་བས་འོལ་ཚོད་ཀྱིས་ལོ་རྒྱུས་ལ་ནག་ཐིག་འབེབས་འདོད་མེད། རེ་དཀར་སོག་གསུམ་གྱི་ས་ཡུལ་འདི་བོད་རྒྱལ་གནམ་རི་སྲོང་བཙན་བྱོན་པའི་ཡར་སྔོན་སུམ་པའི་ཁོངས་སུ་གཏོགས་ཅིང་། དེའི་སྐབས་སྟོད་མངའ་རིས་སྐོར་གསུམ་ཞང་ཞུང་གི་ཁོངས་དང་། བར་དབུས་གཙང་རུ་བཞི་སྤུར་རྒྱལ་བོད་ཀྱི་མངའ་ཁོངས། སྨད་མདོ་ཁམས་སྒང་དྲུག་སུམ་པ་དང་། ལྡོང་བཅས་ཀྱི་མངའ་ཁོངས་སུ་གྱུར་ཡོད་པ་ལོ་རྒྱུས་ཁག་ལས་གསལ་ལ། དེ་རྗེས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་༼བོད་ཆེན་པོའི་དུས་སྐབས་ལ་ཟེར་ལ༽སྟོད་ཞང་ཞུང་ནས་སྨད་རྒྱ་ནག་གི་བར་དབང་བསྒྱུར་སྐབས་བོད་ཆེན་པོའི་ཁོངས་སུ་གཏོགས། བོད་སིལ་བུར་འཐོར་རྗེས་སོག་པོའི་དབང་ཤུགས་བོད་ལ་སླེབས་སྐབས་ཧོར་ཚོ་བཞི་བཅུ་ཞེ་གཉིས་ཟེར་བ་ཧོར་ཚོའི་ཁོངས་སུ་གཏོགས། དུས་ཕྱིས་རྒྱལ་དབང་ལྔ་པའི་སྐུ་དུས་སུ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་བཙུན་མོས་དབང་རྡོ་རྗེ་ཕྲེང་བ་ཞུས་པའི་ཡོན་དུ་རེ་དཀར་སོག་གསུམ་ཕུལ་ཞིང་། རེ་དཀར་སོག་གསུམ་ཕུལ་རྗེས་ཧོར་ཚོ་སོ་དགུ་ཞེས་འབོད། རྒྱལ་དབང་མཆོག་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་ཙམ་ནས་རེ་དཀར་སོག་གསུམ་དེ་བོད་གཞུང་དགའ་ལྡན་ཕོ་བྲང་གི་གཞུང་སྡེ་རུ་བསྒྱུར་ནས་བོད་སྡེ་རེ་དཀར་སོག་གསུམ་ཟེར་བ་དེ་དུས་ཐོགས་ཡོད་འདུག སྤྱིར་ན་རེ་དཀར་སོག་གསུམ་འདི་སྲིད་འཛིན་ས་ཁུལ་མང་པོ་ཞིག་ལ་འགྱུར་བ་བྱུང་ཡོད་ཚོད་འདུག སྔོན་ཆན་མི་རྒན་རྣམས་ཀྱི་གཏམ་འགོ་ལ། རྒྱ་དུས་བོད་དུས་སོག་དུས་གསུམ་ཟེར་བ་དང་། ཡང་ཆེ་གཏམ་འདོན་སྐབས་སུ་རྒྱ་སྡེ་ནག་པ་ཚོ་དྲུག་གི་རྨིག་ཞབས་མར་རྡུང་གི་འཕྲ་ཁ་ཚ་ས། ཚོ་བ་སུམ་ཅུ་སོ་དགུ་ཡི་ར་རྩེ་ཡར་རྡུང་གི་རྭ་ཁ་ཚ་ས། བོད་སྡེ་རེ་དཀར་སོག་གསུམ་ནི་གོང་ས་ལྔ་པ་ཆེན་པོ་མཆོག་ནས་བཟུང་སྐྱབས་མགོན་སྐུ་ཕྲེང་རིམ་བྱོན་གྱི་མཆོད་སྡེ། མེ་ཏོག་པདྨ་དཀར་མོའི་ཚོམ་བུ། མདོ་སྟོད་བར་ཁམས་གྱི་ས་ཆ་འདི་རྟ་བྲ་ནག་ཞིག་ལ་ཚ་བཞག་ན་ཡ་ཐོད་དུང་གི་འཛི་ཐིག་ལྟ་བུ་ཡིན་པས། ལྷ་གཞན་དང་མི་འདྲ་སྐུ་མདོག་གསལ། ནོར་གཞན་དང་མི་འདྲ་གོང་ཐང་ཆེ་ཟེར་གྱི་ཡོད་པ་རེད། དེ་སྔོན་བོད་གཞུང་དགའ་ལྡན་ཕོ་བྲང་སྐབས་སུ་བོད་སྡེའི་ཉིང་ཁུ་ཡིན་པས་ཁྲལ་ཁྲིམས་ཡང་བཟོ་དང་ཞུ་དོན་བདག་སྤྲོད་གང་ཐད་ནས་ཐུན་མོང་མ་ཡིན་པའི་ཕྲན་བུ་དམིགས་བསལ་ཡོད་སྐད་འདུག སོག་པོའི་རྒྱལ་པོ་གོ་དན་ཁང་གིས་བོད་ཆོལ་ཁ་གསུམ་དེ་འགྲོ་མགོན་ཆོས་རྒྱལ་འཕགས་པར་ཕུལ་རྗེས་རེ་དཀར་སོག་གསུམ་མདོ་སྟོད་ཆོལ་ཁའི་ཁོངས་སུ་གཏོགས། སྐབས་དེའི་ཆོལ་ཁ་དབྱེ་འབྱེད་བྱེད་སའི་ས་མཚམས་ཏེ། སོག་ལ་སྐྱ་བོ་ནས་རྨ་ཆུ་ཁུག་པ་ཡན་མདོ་སྟོད་མི་ཡི་ཆོལ་ཁ་ཡིན་ཟེར་བ་ལྟར་སོག་ལ་སྐྱ་བོ་ནི་སོག་སྡེ་ནང་གི་ལ་ཞིག་གི་མིང་ཡིན་པ་ལོ་རྒྱུས་མཁས་པ་ཚོས་ཞལ་གཅིག་མཐུན་རེད། མདོ་ཁམས་ཆུ་བཞི་སྒང་དྲུག་དུ་བརྩི་སྐབས་རྔུལ་རྫ་ཟལ་མོ་སྒང་གི་ཁོངས་དང་། མདོ་སྟོད་ཤོད་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ་སོག་ཤོད། རེ་ཤོད། དཀར་ཤོད་ཅེས་བགྲང་སྲོལ་ཡོད། རེ་ཤོད་ཟེར་བ་རོང་པོ་དང་། དཀར་ཤོད་ཟེར་བ་ཅུང་པ། སོག་ཤོད་ནི་སོག་རྫོང་ཏེ་བོད་སོག་པ་དེ་ཡིན་པ་དང་ཉེ་འགྲམ་ཁྱིམ་མཚེས་ནགས་ཤོད་དང༌། རྒྱལ་ཤོད་རྔུལ་ཤོད་སོགས་ཡོད་པ་རེད། ཕྱི་ལོ་༡༩༥༩ ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་ས་ཤོར་རྗེས་རེ་དཀར་སོག་གསུམ་འདི་ཡང་རྒྱ་དམར་གུང་ཁྲན་ཏང་གི་དབང་འོག་ཏུ་ཚུད་དེ་རང་དབང་གི་ཉི་མ་དེ་ནས་ནུབ་པ་རེད། ས་བབ་ཆགས་ཚུལ་ནི་སོག་རྫོང་དེང་ནག་ཆུ་ས་ཁུལ་ནང་ནས་ཅུང་ཁ་དམའ་ཞིང་གནམ་གཤིས་སྙོམས་པའི་ས་ལ་བརྩི་བ་དང་སྤྱིར་བཏང་ཁྱོན་ཡོངས་ནས་བྱས་ན་ས་མ་འབྲོག་གི་ས་ཁུལ་ཡིན་རུང་རྔུལ་སོག་ཆུ་ཆེན་རྒྱུད་དུ་ཞིང་པ་ཤས་ཆེ་བ་དང་རེ་སྟོད་དང་། དཀར་སྟོད། སོག་པའི་ཁ་ལུང་བཅས་སུ་འབྲོག་པ་ཤས་ཆེ་བ་ཡོད། སོག་ནི་འབྲི་རུའི་བྱང་སྦྲ་ཆེན་གྱི་ལྷོ། སྙན་རོང་གི་ཤར་ལྷོ། དཔལ་འབར་གྱི་བྱང་ནུབ་ལ་གནས་ཡོད་པ་དང་ས་ཆ་འགའ་ཞིག་ནས་སྦྲ་ཆེན་དང་འབྲི་རུ་གཉིས་དང་སྦྲེལ་ནས་ཆགས་ཡོད་པ་རེད། རེ་དཀར་སོག་གསུམ་ཞེས་ཚོ་ཤོག་ཆེན་པོ་གསུམ་དེའི་ནང་གི་ཆགས་ཚུལ་ནི་དཀྱིལ་དུ་ཅུང་པ་དང་། ནུབ་ལ་སོག་པ། ཤར་དུ་རོང་པོ་བཅས་ཆགས་ཡོད་ལ་ལུང་པ་དེ་གསུམ་མཉམ་གཤིབ་ཏུ་ཆགས་ཡོད།། དཔྱད་གསུམ་ཚད་མའི་རིག་པ་མི་ལྡན་ཡང།། ཁུངས་ལྡན་ཡིག་ཆ་དག་ལ་ཞིབ་བྱས་ཏེ།། རང་མཉམ་གཞོན་སྐྱེས་རྣམས་ལ་ཕན་སླད་དུ།། རང་གི་གང་ནུས་སྲི་ཞུ་སྒྲུབ་པ་ལགས།།
སོག་ཙན་དན་དགོན་ཏེ་སོག་ཤོད་དགའ་ལྡན་འཕེལ་རྒྱས་གླིང་གི་ལོ་རྒྱུས་རགས་བསྡུས།
རྩོམ་སྒྲིགདེ་ཡང་ཡུལ་གངས་ཅན་གྱི་ལྗོངས་སུ་དབུས་གཙང་ཆོས་ཀྱི་ཆོལ་ཁ་མདོ་སྟོད་མི་ཡི་ཆོལ་ཁ་མདོ་སྨད་རྟ་ཡི་ཆོལ་ཁ་སྟེ་ཆོལ་ཁ་གསུམ་བོད་ཀྱི་ཡུལ་ཁམས་མདོ་སྟོད་ཤོག་ཆེན་བཅོ་བརྒྱད་ཀྱི་གོང་བ་སོག་ལ་སྐྱ་མོའི་ཉེ་ཞོལ་སོག་ཙན་དན་དགོན་ནམ་དགའ་ལྡན་འཕེལ་རྒྱས་གླིང་ཞེས་མཚན་སྙན་རླུང་ལྟར་གྲགས་པ་འདི་ཉིད་ཀྱི་སྔོན་གྱི་ལོ་རྒྱུས་རགས་ཙམ་བརྗོད་ན་དགོན་འདི་ཉིད་ཀརྨ་བཀའ་བརྒྱུད་ཀྱི་མེས་པོ་ཁམས་པ་དབུ་སེ་སམ་ཀརྨ་པ་དུས་གསུམ་མཁྱེན་པའི་སློབ་མ་ཇོ་བོ་གངས་དཀར་གྱིས་རབ་བྱུང་བཞི་པའི་ཆུ་འབྲུག་སྤྱི་ལོ་༡༢༣༢ལོར་ཕྱག་བཏབ། སོག་ཤོད་དགའ་ལྡན་འཕེལ་རྒྱས་གླིང་ཞེས་དང་མཚན་གཞན་ནས་བོས་ན་སྐྱ་ལོའི་མཁར་དམར་རྫོང་དྲུག་གམ་ཙན་དན་དགོན་དུ་གྲགས་པ་དེ་ཉིད་ཆགས་པའི་ས་ཡི་ལྟེ་བ་ནི་མདོ་སྟོད་ཤོག་ཆེན་བཅོ་བརྒྱད་ཀྱི་གོང་མ་གླིང་འབྲུག་མོ་འཁྲུངས་པའི་ཡུལ་ལྗོངས་ སྐྱ་ལོ་སྟོན་པའི་ཕ་ས་བྱང་ཕྱོགས་བྱེ་རི་ལྷུན་པོ་ སོག་གི་གླང་དཀར་དེའུ་ཡག་སོགས་མིང་དོན་མཚུངས་པ་ཡིན་ཞིང་དགོན་གནས་འདི་ཉིད་ནི་རྒྱལ་མཆོག་ལྔ་པ་ཆེན་པོས་ཕྱག་བཏབ་གནང་བའི་རྒྱུ་མཚན་ནི་སོག་པོ་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་སོག་དམག་བོད་ལ་དྲངས་སྐབས་བཀའ་དགོན་དང་བོན་དགོན་རྣམས་བརྟུལ་རྗེས་སོག་མོ་ཆོས་རིན་ཆེན་ནས་རེ་དཀར་སོག་གསུམ་གྱི་སྡེ་རྣམས་རྒྱལ་མཆོག་ལྔ་པ་ཆེན་པོར་དབང་རྡོ་རྗེ་ཕྲེང་བ་ཞུས་པའི་དབང་ཡོན་དུ་ཕུལ་བས་རྒྱལ་མཆོག་ཉིད་ནས་རེ་ཤོད་དུ་རབ་བརྟན་དགོན་དང་དཀར་ཤོད་དུ་ཆོས་འཁོར་དགོན་སོག་ཤོད་དུ་འཕེལ་རྒྱས་གླིང་བཅས་དགོན་དགའ་ལྡན་རྣམ་གསུམ་གྲགས་པ་དེ་རྣམས་ཕྱག་བཏབ་མཛད་པའི་ནང་ཚན་སོག་ཤོད་ཙན་དན་དགོན་ཞེས་པ་འདི་ནི་བཀའ་དགོན་དང་བོན་དགོན་བདུན་གྱི་ཤུལ་ལྷག་གཅིག་བསྡུས་ལྟ་བུ་ཡིན་པ།
༡ བོན་གཡུང་དྲུང་གླིང་ཞེས་པ། ༢ བཀའ་དགོན་གྲྭ་ཕུག ༣ བཀའ་རྒྱ་མ་ཞེས་པ་རྙིང་དགོན། ༤ ཙན་དན་དགོན་ཞེས་ཨ་ནེའི་དགོན་པ། ༥ སོག་རོང་གཉན་སྡེ་དགོན། ༦ རྫ་སྟེམ་དགོན། ༧ སྐྱ་ལོའི་མཁར་དམར་རྫོང་དྲུག་གི་ཤུལ་དུ་འབྲོང་ངུར་དགོན་སོགས་བཀའ་དགོན་དང་བོན་དགོན་བདུན་མདོ་སྒྲིལ་གྱིས་རྒྱལ་དབང་མཆོག་ནས་བཀའ་ལུང་སྤྱི་བོར་ཕེབས་པའི་ལྷ་གདུང་སྐལ་བཟང་དབང་ལྡན་གྱི་བྱང་ཕྱོགས་བྱེ་རི་ལྷུན་པོ་སོགས་གོང་དུ་སྨོས་པའི་རི་བོ་གླང་པོ་ཆེ་ཉལ་སྟབས་དང་འདྲ་བའི་མཐར་གཡས་རི་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་འཆར་བ་ཡོན་ཕྱོགས་སུ་དཔལ་འཁོར་ལོ་བདེ་མཆོག་གི་ཕོ་བྲང་མཚོན་པའི་རི་བོ་ཡོད་པ་རྒྱབ་ཏུ་སྲིན་མོ་གན་རྐྱལ་གྱི་དབྱིབས་སུ་གནས་པའི་ལག་མཐིལ་དུ་འཁོད་པ་མདུན་དུ་སོག་གི་སྨན་མོ་མཆེད་བདུན་དང་སོག་གི་གཡག་ལ་སེ་བོ་སོག་གི་གླང་དཀར་དེའུ་ཡག་སོག་གི་དགེ་བསྙེན་བྱང་ཆུབ་རྡོ་རྗེ་སོག་གི་ལྕགས་ཟམ་ཀརྨ་པའི་སྒྲུབ་ཕུག་སོག་གི་རྒྱལ་བ་རིགས་ལྔ་ཆུ་སྒྲོན་གཡུ་ཡི་ཕུག་པ་སོགས་གནས་རི་ཁྱད་པར་ཅན་སུ་ཕྱག་བཏབ་པའོ། དེ་ལྟ་བུའི་ཤུལ་དུ་དགོན་འདི་ཕྱག་བཏབ་ཚུལ་ནི་གོང་ས་ལྔ་པ་ཆེན་པོའི་བཀའ་ལྟར་གྲྭ་༦༠ནང་ཧོར་ཕྲུག་༣༠དང་། ཡུལ་ཕྲུག་༣༠ ཡོད་པའི་ཧོར་བོད་གཉིས་འཛིན་གྱི་དགོན་པ་ས་གནས་སྲིད་གཞུང་གི་ཕོགས་དགོན་ཨང་དང་པོ་དང་མ་དགོན་ཨང་གཉིས་པ་བོད་ལྗོངས་ཐོག་འཕེལ་རྒྱས་གླིང་གསུམ་ཞེས་སྟོད་གཉའ་རྣམ་ཞང་འཕེལ་རྒྱས་གྲྭ་ཚང་དང་ བར་གྱི་རྩེ་རྣམ་རྒྱལ་གྲྭ་ཚང་སྨད་ཀྱི་སོག་ཤོད་འཕེལ་རྒྱས་གླིང་གྲྭ་ཚང་བཅས་ཀྱི་ཡ་གྱལ་ཡིན་པའོ། ཡོང་ཁུངས་།བོད་ལྗོངས་རིག་གནས་དྲ་བ། རྩོམ་པ་པོ། རིན་ཆེན་གྱིས་བསྒྲིགས།
ངག་དབང་ཐར་པའི་་ལོ་རྒྱུས་མདོར་བསྡུས།
ངག་དབང་ཐར་པ་ནི། ཕྱི་ལོ་༡༩༨༠ ལོར་སོག་རྫོང་དུ་སྐྱེས་ནས་སོག་ཙན་དན་དགོན་དུ་ནང་ཆོས་དང་ཐུན་མོང་རིག་གནས་སྐོར་ལ་སློབ་སྦྱོང་དང། ཕྱི་ལོ་༡༩༩༦ ལོར་བཙན་བྱོལ་དུ་འབྱོར་ནས་གསོག་སྒར་སློབ་གྲྭ་རུ་ལོ་གསུམ་རིང་བོད་དབྱིན་གཉིས་ལ་སྦྱང་བརྩོན་བྱས།
ཕྱི་ལོ་༢༠༠༠ ལོ་ནས་༢༠༠༦ བར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཡིག་ཚགས་སྡེ་ཚན་དང་གློག་ཀླད་དྲ་རྒྱའི་སྡེ་ཚན་གྱི་འགན་འཛིན་གཅིག་ལྕོགས་དང། ཞོར་དུ་སྐད་ཡིག་གཉིས་ལྡན་གྱི་དྲ་རྒྱ་དང་། དེབ་དང་དུས་དེབ་ཚགས་ཤོག་བཅས་མང་པོ་ཇུས་འགོད་བྱས་པ་སོགས་གློག་ཀླད་ཀྱི་ཤེས་བྱ་མང་པོར་རྒྱུས་མངའ་ཆེ་བའི་ཆེད་ལས་མི་སྣ་ཞིག་ཏུ་གྱུར་ཡོད།
ཕྱི་ལོ་༢༠༠༥ ནས་གཞིས་བྱེས་ལྷན་འཛོམས་དྲ་རྒྱའི་འགན་འཛིན་དང༌། རྩོམ་སྒྲིག་གི་འགན་ཁུར། དྷ་ས་བོད་ཀྱི་བརྡ་འཕྲིན་རིག་པའི་(DITG)ཚོགས་ཆུང་གི་ཚོགས་མི་དང༌། བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་མི་ཡང་བྱས།
ཕྱི་ལོ་༢༠༠༧ ལོར་བོད་མི་གནས་སྡོད་བྱེད་ཡུལ་ས་གནས་ཁག་ཏུ་ཁོར་ཡུག་སྐོར་གྱི་ཟབ་སྦྱོང་དང་གོ་རྟོགས་ཀྱི་ལས་འགུལ་སྤེལ་ཏེ་ཞོར་དུ་བོད་མིའི་གཞིས་ཆགས་ཁག་ལ་རྒྱུས་ལོན་བྱས། ཕྱི་ལོ་༢༠༠༩ ལོར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་གོ་སྒྲིག་འོག་ཆ་འཕྲིན་དང་དྲ་ཚིགས་ཀྱི་ལམ་ནས་བོད་ཡིག་བེད་སྤྱོད་གཏོང་ཐབས་སྐོར་གྱི་ཟབ་སྦྱོང་དང་། གཞིས་ཆགས་ཁག་ཅིག་ནང་གཞོན་སྐྱེས་རྣམས་ལ་གློག་ཀླད་དང་འབྲེལ་བའི་ཟབ་སྦྱོང་ཐེངས་ཁ་ཤས་སྤྲད།
ཕྱི་ལོ་༢༠༡༡ ལོར་བལ་ཡུལ་དུ་ཧི་མ་ལ་ཡའི་བང་ཆེན་གསར་ཤོག་འགོ་འཛུགས་དང་དེབ་སྐྱེལ་གྱི་འགན་ཁུར། དེ་བཞིན་རྒྱུན་དུ་བོད་ནང་གི་ཛ་དྲག་གནས་ཚུལ་དག་བརྒྱུད་ལམ་ཁག་ལ་མཁོ་སྤྲོད་ཀྱིས་རྒྱལ་སྤྱིའི་ཁྱོན་དུ་དྲིལ་བསྒྲགས་རྒྱ་གང་ཆེ་བྱས།
ད་ལྟ་སྐབས་བརྒྱད་པའི་དྷ་ས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་། སྐབས་༢༠ པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དྲུང་གཞོན། དྷ་ས་ཆུ་སྒང་དབུས་ཡན་ལག་ལས་ཁུངས་ཀྱི་འགན་འཛིན། དྷ་ས་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ། སྦྲ་སོག་འབྲི་གསུམ་མཉམ་སྒྲིལ་སྐྱིད་སྡུག་གི་ཚོགས་གཙོ་བཅས་བྱེད་བཞིན་པ་དང་།
དེ་བཞིན་ཁ་བ་དཀར་པོ་དུས་དེབ་རྩོམ་སྒྲིག་ཁོངས་མི་དང་། སྦྲ་སོག་འབྲི་གསུམ་དུས་དེབ་ཀྱི་རྩོམ་སྒྲིག་པ། སྐབས་༢༠ པའི་ཆུ་སྒང་ལོ་རྒྱུས་རྩོམ་སྒྲིག་པའི་ཁོངས་མི།
ཕྱི་ལོ་༢༠༠༦ ནས་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་འཛིན་སྐྱོང་འགན་འཛིན་དང་། བོད་ཀྱི་བང་ཆེན་དྲ་རྒྱའི་དོ་དམ་པ་དང་གསར་འགོད་པ་བཅས་ཀྱི་འགན་ཁུར་བཞིན་པ་དང་། མདོར་ན་རང་ཉིད་ཀྱི་འཇོན་ཐང་དང་ནུས་པ་ལ་གཞིགས་ནས་བོད་མི་རིགས་དང། རིག་གཞུང། སྤྱི་ཚོགས་སྤྱི་ལ་ཞབས་འདེགས་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཡོད་མཁན་ཞིག་རེད་འདུག།