སྐད་བརྡ་རིག་པ་ནི་སྐད་ཆ་ལ་ཉམས་ཞིབ་བྱེད་པའི་ཚན་རིག་ཡིན།

དེང་རབས་སྐད་བརྡ་རིག་པའི་ཤིང་རྟའི་སྲོལ་འབྱེད། དཔལ་ཧྥེ་ན་ཌྷོ་ཟོ་ཤུར་མཆོག(1857-1913) ཁོང་ནི་སྒྲིག་གཞིའི་སྐད་བརྡ་རིག་པའི་སྲོལ་འབྱེད་དང་དེང་རབས་སྐད་བརྡ་རིག་པའི་ཡབ་ཆེན་ལ་ངོས་འཛིན་བཞིན་ཡོད།

དེང་རབས་སྐད་བརྡ་རིག་པའི་བརྡ་སྤྲོད་ཀྱི་གཞུང་ལུགས་ངོ་སྤྲོད།

རྩོམ་སྒྲིག

བརྡ་ཆད་དང་གཞུང་ལུགས་ཀྱི་འབྱུང་ཁུངས།

རྩོམ་སྒྲིག

འདིར་དྲངས་པའི་གཞུང་ལུགས་དང་བརྡ་ཆད་དག་ནི་གཙོ་བོ་ནི་ཐོ་མ་སྀ་ཨེ་ཕའེན(Thomas E.Payne) གྱིས་བརྩམས་པའི་<<Describing Morphosyntax>>[1]ཞེས་པའི་དེབ་དང་བསྟུན་པ་ཡིན།བརྡ་སྤྲོད་ཀྱི་གནད་ཁ་ཤས་ཅུང་ཟད་རྒྱས་པར་འབྲི་བའི་ཆེད་ཌི་ཀ་ཟོན་(Dicxon)ཡིས་བརྩམས་པའི་<<Basic Linguistic Theory>>[2]དང་།དེ་མིན་ཌ་ཡའེ(Matthews Dryer)(2007)སོགས་ཀྱིས་བསྒྲིགས་པའི་རིགས་དབྱེ་རིག་པའི་སྐོར་དག་ལ་ཟུར་བལྟ་བྱས་པ་ཡིན།ཡིན་ན་ཡང་རྩ་བའི་བརྡ་ཆད་དང་གོ་དོན་དག་ཕའེན་(Payne)(1997)གཞིར་བཟུང་པ་ཡིན།རྒྱུ་མཚན་འདི་ནི་རྒྱས་བསྡུས་རན་ཞིང་ལས་དང་བོ་བ་ལ་ཤིན་ཏུ་ཁ་གསལ་བ་ཞིག་ཡིན་ནོ།སླད་མར་རིམ་བཞིན་དེང་རབས་ཀྱི་ཞིབ་འབྲི་བྱེད་སྟངས་དང་།སྤྱི་འགྲོས་ཀྱི་སྐད་བརྡ་རིག་པའི་རྩ་བའི་གཞུང་ལུགས་དག་བོད་སྐད་དུ་བསྒྱུར་བ་དང་།བོད་སྐད་དུ་གཞུང་ལུགས་ཀྱི་མ་ལག་ཆགས་པའི་རེ་བ་འཆང་བཞིན་ཡོད།གཞུང་ལུགས་དང་བརྡ་ཆད་དེ་དག་ལ་གོ་བ་ལེགས་པར་ལོན་ཆེད།རྒྱ་ཡིག་གི་ལམ་ནས་ཡུལ་སྐད་ཞིབ་འབྲི་བྱས་པ་ཁག་གཅིག་ལ་བལྟས་པ་ཡིན།ཡིན་ན་ཡང་རྒྱལ་ནང་དུའང་རྒྱ་ཡིག་གི་ལམ་ནས་ཞིབ་འབྲི་བྱེད་སྟངས་ཁག་གཅིག་གཞུང་ལུགས་ཀྱི་ཐད་ནས་ཅུང་རྗེས་ལུས་སམ་ཆ་མི་ཚང་བ།ཡང་ན་གྲངས་ཉུང་མི་རིགས་ཀྱི་སྐད་གཞན་ལ་དེ་ཙམ་མི་འཚམས་ཤིང་།དེ་ལ་ཆུ་ལ་ཆུ་བཞག་ཏུ་བསྟུན་མི་རུང་བས།རྩ་བའི་སྐད་བརྡ་རིག་པའི་གཞུང་ལུགས་ལྟར།འཛམ་གླིང་འདིའི་སྟེང་གི་རང་བཞིན་གྱི་སྐད་སོ་སོའི་རང་རང་གི་ཁྱད་ཆོས་ལྟར་འདོར་ལེན་བྱས་ནས་ཞིབ་འབྲི་བྱ་རྒྱུ་གལ་ཆེའོ།

བརྡ་སྤྲོད་དང་བརྡ་སྤྲོད་ཅན།

རྩོམ་སྒྲིག

            སྤྱིར་བོད་སྐད་དུ་བརྡ་སྤྲོད་ཞེས་པ་ནི་སུམ་རྟགས་གཉིས་ཀྱིས་གཙོས་པའི་བསྟན་བཅོས་ཀྱི་བརྗོད་བྱ་དག་ལ་གོ་ཞིང་།དེ་ནི་ལེགས་སྦྱར་གྱི་ཐ་སྙད་བྱཱ་ཀ་ར་ཎ་ཞེས་པའི་སྐད་དོད་ཡིན་ཏེ།ལུང་སྟོན་པའམ་དོན་གསལ་བ་བྱེད་པའི་དོན་ཡིན་ནོ།དེང་རབས་སྐད་བརྡ་རིག་པའི་ངོས་ནས་བལྟས་ན།དེ་ནི་སྒྲའི་མ་ལག་དང་།རྣམ་དབྱེ།བྱ་ཚིག་གི་འགྱུར་བ་སོགས་སྐད་ཆའི་བརྗོད་བྱ་མང་བོ་ལ་གོ་བ་བླངས་ཆོག་ལ།དབྱིན་སྐད་དུ་གྲམྨར(grammar)ཞེས་པ་ནི་གནའ་བོའི་གྷི་རིག་གི་སྐད་ལས་བྱུང་ཞིང་།དེ་ནི་སྒྲ་ཡངས་འཇུག་ཏུ་སྐད་ཀྱི་བརྗོད་བྱ་ཡོངས་རྫོགས་ལ་གོ་བ་དང་།སྒྲ་དོག་འཇུག་ཏུ་སྐད་རིགས་གང་རུང་གི་ཚིག་གྲུབ་དང་།ཚིག་དུམ།མིང་ཚིག་སོགས་གྲུབ་ཚུལ་དང་།ཕན་ཚུན་སྦྱོར་བའི་རྩ་དོན་ནམ།ཁྲིམས་སྲོལ་ལ་གོ

            དེ་བཞིན་ཁོ་བོས་འདིར་བརྡ་སྤྲོད་ཞེས་པ་ནི་མིང་དང་ཚིག་གི་གྲུབ་ཚུལ་དང་།དེ་གཉིས་ཀྱི་བརྡ་སྤྲོད་ཀྱི་བསྟན་བྱ་དང་སྟོན་ཐབས་སྟེ།དེ་གཉིས་ཀྱི་འབྲེལ་བ་གཙོར་བཟུང་བའི་སྐད་ཀྱི་ཁྲིམས་སྲོལ་ལམ།རྩ་དོན་གཏན་འཁེལ་ཅན་དེ་དག་ལ་གོཡིན་ན་ཡང་སྐད་གང་རུང་གི་ཁྲོད་དུ་བརྡ་སྤྲོད་ཀྱི་བསྟན་བྱ་དང་སྟོན་ཐབས་ངེས་ཅན་དེ་རྩ་དོན་དང་ཁྲིམས་སྲོལ་ཅན་དུ་གྲུབ་ཡོད་མེད་ནི་ཧ་ཅད་ཐ་དད་པ་དང་།བསྟན་བྱ་ཡོད་མེད་དང་།བསྟན་བྱ་གཅིག་ལ་སྟོན་ཐབས་མི་འདྲ་བ་སོགས་སྐད་རང་རང་གི་དངོས་པོའི་གནས་སྟངས་དང་བསྟུན་དགོས་སོ།

            བརྡ་སྤྲོད་ཅན་ནི་རང་བཞིན་གྱི་སྐད་རིགས་ཤིག་གི་ཁྲོད་དུ་བརྡ་སྤྲོད་ཀྱི་བསྟན་བྱ་[⑤]གང་ཞིགབརྡ་སྤྲོད་ཀྱི་སྟོན་ཐབས་ངེས་ཅན་ལ་བརྟེན་པ་ལ་གོདཔེར་ན།བྱིངས[⑥]་ལས་མིང་གྲུབ་ཚུལ་དང་།མིང་ཚིག་གི་རྣམ་དབྱེ་དང་བྱ་ཚིག་གི་དུས་དང་གཟུགས་ཀྱི་འགྱུར་བ་སོགས་བརྡ་སྤྲོད་ཀྱི་སྟོན་ཐབས་གཏན་འཇགས་དང་།ཁྲིམས་སྲོལ་ཅན་དུ་གྲུབ་ཟིན་པ་དང་།དེ་ལ་གསར་བཟོའི་ནུས་པ་དང་ལྡན་དགོས།གསར་བཟོའི་ནུས་པ་ནི་བརྡ་སྤྲོད་ཀྱི་ཁྲིམས་སྲོལ་དེ་ལ་བརྟེན་ནས་མིང་ངམ་ཚིག་ཇི་སྙེད་གསར་དུ་བཟོ་ཐུབ་ལ་གོགལ་ཏེ་ནུས་པ་དེ་ཉམས་ཟིན་ན།བརྡ་སྤྲོད་ཀྱི་བསྟན་བྱ་དེ་མེད་པར་གྱུར་བ་གོ་ཆོག

            དེང་རབས་སྐད་བརྡ་རིག་པ་ལ།ཐོག་མར་བྱིངས་ལས་མིང་གྲུབ་ཚུལ་དང་།རྐྱེན་སོགས་ཇི་ལྟར་སྦྱོར་བ་ནི་མིང་གི་བརྡ་སྤྲོད་དང་།ཚིག་གི་ཁྲོད་དུ་གྲུབ་ཆ་ཇི་ལྟ་བུ་ཡོད་པ་དང་།དེ་དག་གི་རིགས་དང་འབྲེལ་བ།རིགས་སོ་སོ་ལ་ལྡན་པའི་བརྡ་སྤྲོད་ཀྱི་བསྟན་བྱ་རྣམ་དབྱེ་དང་དུས།བདག་གཞན་སོགས་ཇི་ལྟ་བུ་ཡིན་པ་བརྗོད་པ་ནི་ཚིག་གི་བརྡ་སྤྲོད་[⑦]ཞེས་སོ་སོར་བརྗོད་ཅིང་།རིམ་པར་དེ་གཉིས་ནི་གཅིག་ལ་གཅིག་འདྲེས་ལྟ་བུ་ཡིན་པ་རྟོགས་ནས་མཉམ་དུ་མིང་དང་ཚིག་གི་བརྡ་སྤྲོད་(morphosyntax)ཞེས་པའི་མིང་བཏགས་ཡོད།[⑧]དེ་ལྟར་མིང་འདོགས་པའི་རྒྱུ་མཚན་ནི།སྐད་བརྡ་རིག་པ་བ་དག་གིས་འཛམ་གླིང་གི་སྐད་རིགས་མང་བོར་ཞིབ་འཇུག་བྱེད་པའི་གོ་རིམ་ཁྲོད།སྐད་རིགས་དེ་དག་གི་ཁྲོད་དུ་མཆིས་པའི་བརྡ་སྤྲོད་ཅན་དུ་གྱུར་བའི་བསྟན་བྱ་དང་སྟོན་ཐབས་དག་ཤིན་ཏུ་མི་འདྲ་ཞིང་།བརྡ་སྤྲོད་ཅན་གྱི་རིགས་[⑨]ལྟ་བུ་ཡིན་ན་ཡང་།ཐད་ཀར་དོན་གྱི་ཆ་ནས་རིགས་དབྱེ་ཆོག་ཆོག་མིན་པ་ཧ་གོ་ནས།ངེས་པར་ཚིག་གི་ཁྲོད་དུ་རིགས་དེ་ཇི་ལྟར་གནས་པ་དང་།རིགས་དེ་ཁོ་རང་བརྡ་སྤྲོད་ཀྱི་བསྟན་བྱ་གང་དག་དང་འབྲེལ་བ་ཡོད་པ་སོགས་ལ་ཞིབ་མོར་བརྟག་དགོས་པ་བྱུང་བས།མིང་དང་ཚིག་གཉིས་ནི་བརྡ་སྤྲོད་སྨྲ་བའི་སྐབས་སུ་སོ་སོར་དབྱེ་མི་ཐུབ་པའི་ངེས་ཤེས་སྐྱེས་པ་རེད།

གཉིས་པ།  སྐད་ཆའི་ཐབས་ལམ་གསུམ།[⑩]

རྩོམ་སྒྲིག

            སྤྱིར་བཏང་སྐད་ཆའི་ལམ་ནས་དོན་སྟོན་པ་ལ་བྱེད་ཐབས་རིགས་གསུམ་སྟེ།དཔེར་བརྗོད་དང་སྦྱར་ནས་གསལ་བཤད་བྱས་ན།

ཐ་སྙད་ལ་བརྟེན་པ།[11]              བཅད།  (དེང་དུས་ཀྱི་བོད་སྐད་།)

མིང་གི་བརྡ་སྤྲོད་ལ་བརྟེན་པ།           བ+ཆད།བཅད།(གནའ་རབས་ཀྱི་བོད་སྐད་།།)

སྦྱོར་བ་ལ་བརྟེན་པ།[12]             ཆད་དུ་བཅུག

              གོང་གི་དཔེར་བརྗོད་ལྟར།ཤིང་ཆད་དུ་བཅུག་པ་ལྟ་བུའི་དོན་གཅིག་སྟོན་དགོས་པའི་ཚེ།བོད་ཀྱི་གནའ་སྐད་དུ་བ་འཕུལ་ལ་བརྟེན་པ་དང་།དེ་ནི་བྱ་བར་འཇུག་པ(causative)ཡི་བརྡ་སྤྲོད་ཀྱི་བྱེད་ཐབས་ཡིན།ཡིན་ན་ཡང་དེང་དུས་ཀྱི་བོད་སྐད་ལ་དེ་ནི་གཏན་འཇགས་ཀྱི་ཐ་སྙད་དུ་གྲུབ་ཟིན་པ་དང་།ཆད་དུ་བཅུག་ལྟ་བུ་ནི་ཐ་སྙད་དང་ཚིག་ཕྲད་སོགས་སྦྱོར་བ་ལ་བརྟེན་པའོ།སྤྱིར་སྟངས་བྱེད་ཐབས་དེ་གསུམ་ལས་གཉིས་པ་ནི་བརྡ་སྤྲོད་ཀྱི་སྟོན་ཐབས་ཡིན་པ་དང་།གསུམ་པ་ལས་ཚིག་ཕྲད་སོགས་གཏན་འཇགས་སུ་གྱུར་བ་ནི་བརྡ་སྤྲོད་ཀྱི་སྟོན་ཐབས་སུ་བགྲངས་ཤིང་།ཚིག་ཕྲད་སོགས་ལ་བརྡ་སྤྲོད་ཀྱི་མཚན་མ་[13]ཞེས་བྱའོ།མིང་གི་བརྡ་སྤྲོད་ལ་བརྟེན་པ་དང་།བརྡ་སྤྲོད་ཀྱི་མཚན་མ་ལ་བརྟེན་པ།ཚིག་གི་གོ་རིམ་ལ་བརྟེན་པ་སོགས་ནི་ཕྱོགས་གཅིག་དུ་བསྡོམས་ནས་བརྡ་སྤྲོད་ཀྱི་སྟོན་ཐབས་ཞེས་མིང་དུ་གདགས་པར་བྱ།

 

དེང་རབས་སྐད་བརྡ་རིག་པའི་བརྗོད་བྱ་གལ་ཆེ་བ་ཁག

རྩོམ་སྒྲིག

གཅིགབརྡ་སྤྲོད་ཅན་གྱི་རིགས།    (grammatical categories)

རྩོམ་སྒྲིག

            སྲོལ་རྒྱུན་གྱི་སྐད་བརྡ་རིག་པ་བ་ཚོས་དེ་ལ་མིང་གི་རིགས་དབྱེ་(word class)ཞེས་བརྗོད་ཀྱང།ཁག་གཅིག་གིས་བརྗོད་པའི་གྲུབ་ཆ་(parts of speech)ཞེས་ཀྱང་ཟེར།རྒྱ་ཡིག་ལའང་མིང་གི་རིགས་དབྱེ་ཞེས་པར་བསྒྱུར་འདུགབོད་ཀྱི་བརྡ་སྤྲོད་ལ་སྔོན་གྱི་མཁས་པ་ཚོས་བྱ་ཚིག་དང་ཚིག་ཕྲད་རྣམས་རྩལ་དུ་བཏོན་ནས་བརྗོད་ཡོད་ལ།ཚིག་ཕྲད་རྣམས་ནི་མིང་གི་ཁྲོད་དུ་བགྲངས་མེད།བོད་སྐད་ལ་ལེགས་སྦྱར་ལྟར་གྱི་རྐྱེན་མེད་པ་དང་།རྣམ་དབྱེ་རྣམས་ཚིག་ཕྲད་ལ་བརྟེན་ནས་སྟོན་་པ་ཡིན་པས།སྲོལ་རྒྱུན་གྱི་བྱེད་ཐབས་དེ་ནི་བོད་སྐད་ཀྱི་ཁྱད་ཆོས་དང་ཤིན་ཏུ་མཐུན་པ་དང་། ཕྱོགས་གཅིག་ནས་བཤད་ན།བོད་སྐད་གྱི་བརྡ་སྤྲོད་ཀྱི་སྙིང་བོ་དེ་གཉིས་རེད་ཅེས་བརྗོད་ནའང་ཆོགཡིན་ན་ཡང་དེ་དག་ལ་བརྟེན་ནས་སྐད་བརྡ་རིག་པའི་ཞིབ་འབྲི་ཆ་ཚང་ཞིག་བགྱི་མི་ཐུབ་པས།འདིར་ཡོངས་ཁྱབ་ཀྱི་བརྡ་ཆད་དང་གོ་དོན་སྤྱད་པ་ཡིན།

      བརྡ་སྤྲོད་ཅན་གྱི་རིགས་ནི་དེ་དག་རང་སྟེང་གི་གྲུབ་ཚུལ་(structural properties)དཔེར་ན་རྣམ་དབྱེའི་རྐྱེན་དང་།དུས་དང་གཟུགས་ཀྱི་འགྱུར་བ་དང་།ཚིག་གི་ཁྲོད་དུ་ཁྱབ་ཚུལ་(distributional properties)དཔེར་ན་གཙོ་བོ་(subject)དང་ཡུལ་(object)སོགས་གང་ལ་སྤྱོད་རུང་བ་ལྟོས་ནས།རིགས་དེའི་མིང་དང་ཚིག་གི་བརྡ་སྤྲོད་ཀྱི་ཁྱད་ཆོས་མི་འདྲ་བའི་ཐོག་ནས་རིགས་སུ་བཀར་བའོ།དེ་ལ་རྒྱུན་ལྡན་དུ་དངོས་པོའི་མིང་(noun)དང་།བྱ་བའི་མིང་(verb)གི་རིགས་ཆེ་བ་གཉིས་ནི་སྐད་ཕལ་ཆེ་བ་སྣང་ཤིང་།གཞན་དག་ནི་རང་བཞིན་གྱི་སྐད་སོ་སོ་ལ་ཡོད་མེད་ཆ་མི་འཚལ།སྦྲེལ་ཚིག་དང་།སྲོལ་རྒྱུན་བརྡ་སྤྲོད་དུ་ཚིག་ཕྲད་དུ་འབོད་པ་དག་ཀྱང་རིགས་སུ་བཀར་ཆོགའདིར་རིགས་དེ་ཡོད་པ་དང་མེད་པ་ཞེས་པ་ནི་རྩ་བའི་ཐོག་ནས་མིང་དེ་དང་།ཐ་སྙད་ཀྱི་གོ་དོན་དེ་མེད་པ་ཟེར་བ་མིན་པར།གྲུབ་ཚུལ་དང་ཁྱབ་ཚུལ་ཐད་ནས་བརྡ་སྤྲོད་ཅན་དང་།རིགས་ཅན་དུ་གྱུར་མེད་པ་ལ་གོདཔེར་ན་བོད་སྐད་ལ་བརྡ་སྤྲོད་ཅན་དུ་གྱུར་བའི་རྒྱན་ཚིག་རང་རྐྱ་ཐུབ་པ་ཡོད་མེད་ཀྱི་དོགས་གཞི་མཆིས་པ་ལྟ་བུ་རེད།

             འོ་ན་བོད་ཀྱིས་སྔོན་ཚིག་ཕྲད་སོགས་མིང་གི་གྲས་སུ་བགྲངས་མེད་པ་དང་།མིང་ནི་ཐ་སྙད་ཀྱི་གོ་དོན་དངོས་་དང་ལྡན་པ་དང་།ཚིག་ཕྲད་ནི་ཚིག་གི་མ་ལག་ལ་ཕན་འདོགས་པ་དང་།གོ་དོན་རང་རྐྱ་ཐུབ་པ་དང་མི་ལྡན་པའི་ཁྱད་པར་ཡོད་ཕྱིར།བོད་ཀྱི་རིགས་དབྱེ་དེ་ནི་ཤིན་ཏུ་ཁ་གསལ་བས།དེས་མ་ཚད་བོད་སྐད་ཀྱི་ཚིག་ཕྲད་མང་ཆེ་བ་ནི་རྗེས་འཇུག་ལ་ལྟོས་པ་ཡིན་པས།མིང་གི་རིགས་སུ་མི་ཚུད་ཅིང་།རྐྱེན་ལྟ་བའི་མིང་གི་གྲུང་ཆ་འང་མིན་ནོ།དེ་ལ་cliticཞེས་བྱ་ལ།དེའི་རིགས་ལོགས་སུ་དབྱེ་དགོས་པས་བོད་ཀྱི་བརྡ་ཆད་གོ་དོན་སོར་བཞག་བྱ་ཆོག་སྙམ།དེ་གཉིས་ཀའང་བརྡ་སྤྲོད་ཅན་དུ་གྱུར་བའི་རིགས་ཡིན་པ་གོར་མ་ཆགགང་ལྟར་རང་རེའི་མིང་གི་གོ་བ་དེ་དང་བསྟུན་ནས་བརྗོད་ན།བརྡ་སྤྲོད་ཅན་གྱི་རིགས།(grammatical categories)ཞེས་པའི་གོ་དོན་འདིའ་འོག་ཏུ་མིང་དང་ཚིག་ཕྲད་གཉིས་བསྡུས་ན།བོད་ཀྱི་གོ་བ་སྔ་མའང་སོར་བཞག་དང་།དེ་དག་གི་རིགས་དབྱེའང་ཤིན་ཏུ་གསལ་བར་གདའ།

གསུམ།བརྡ་སྤྲོད་ཅན་གྱི་འབྲེལ་བ།(grammartical relation)

རྩོམ་སྒྲིག

            བརྡ་སྤྲོད་ཅན་གྱི་འབྲེལ་བ་ཞེས་པ་སྐད་ཆའི་སྒྲིག་གཞིའི་ཐོག་ནས་ཆོས་ཅན(argument)དང་ཆོས་(predicate)[19]གྱི་འབྲེལ་བ་ཇི་ལྟར་དུ་ཡོད་པ་ལ་བརྟེན་ནས།ལྟེ་བའི་ཚིག་དང་ཡུལ་གྱི་ཚིག་སོགས་རིམ་པར་དབྱེ་ལ།དེ་དག་གིས་ཚིག་གི་ཁྲོད་ཀྱི་ཆོས་ཅན་དེ་དག་དང་སྐབས་དེའི་བརྗོད་བྱའི་ཆོས་སམ་བྱ་བ་དེ་དང་འབྲེལ་བ་ཇི་ལྟ་བུ་ཡོད་པ་སྟོན་ཐུབ།ཡིན་ན་ཡང་དེ་ནི་ཚིག་གི་ངོས་སམ།ཚིག་དེ་རང་གི་ཁྲོད་ཀྱི་འབྲེལ་བ་ལས།དོན་དངོས་ཀྱི་བྱ་བ་དེའི་བྱེད་པ་པོ་དང་བྱ་བའི་ཡུལ་སོགས་དང་ཡོངས་སུ་མཐུན་པ་མིན།ཚིག་གི་ཁྲོད་དུ་གཙོ་བོ་རྣམ་དབྱེ་དང་།ཚིག་གི་གོ་རིམ་ལ་བརྟེན་ནས་གྲུབ་ཆ་སོ་སོ་དང་།བརྗོད་བྱའི་ཆོས་སམ་ཡང་ན་བྱ་བའི་མིང་གི་དབར་གྱི་འབྲེལ་བ་དེ་མཚོན་ཐུབ།དཔེར་ན།

ཀ བཀྲ་ཤིས་ཀྱིས་ཤིང་དེ་བཅད།

ཁ བཀྲ་ཤིས་བོད་དུ་ལོག

ག ཤིང་དེ་བཅད་བཏང་ཟིག

ང ཤིང་དེ་ཆད་སོང་ཟིག

  ཚིག་འདི་གསུམ་གྱི་ཁྲོད་དུ་དོན་གྱི་ཆ་ནས་བསམ་བློ་བཏང་ན།བཀྲ་ཤིས་ནི་བྱེད་པ་པོ་(agent)དང་།ཤིང་ནི་བྱ་བའི་ཡུལ་(patient)དང་།བོད་ནི་བྱ་བའི་དམིགས་ཡུལ་ལམ་ས་གནས་(purpose/location)ཡིན།ཡིན་ན་ཡང་བརྡ་སྤྲོད་ཀྱི་འབྲེལ་བར་བསམ་བློར་བཏང་ན།    ཚིག་ག་བའི་ཁྲོད་ཀྱི་ཤིང་ནི་དོན་གྱི་ཆ་ནས་བྱ་བའི་ཡུལ་དང་།ཚིག་གི་ཁྲོད་དུ་ལྟེ་བའི་ཚིག་ཆགས་འདུགཚིག་ང་བའི་ཁྲོད་དུ་ཤིང་ནི་བྱེད་པ་པོ་དང་བྱ་བའི་ཡུལ་གཉིས་ཀ་མིན་པ་ལྟ་བུ་ཆགས་འདུག

          ཚིག་ག་བའི་རིགས་ནི་སྐད་ཁག་གཅིག་ལ་ལྡོག་པའི་རིགས་སུ་(passive)[20]ཡིན་པར་ངོས་འཛིན་བྱས་འདུག་མོད།ཨེ་ཌི་ཝར་ཁེ་ན(Edward L. Keenan )དང་མ་ཟོའུ་ཌིར་ཡེ(Matthew S. Dryer)(2007)གཉིས་ཀྱིས་དེ་ནི་སྤྱིར་བཏང་གི་རིགས་ཤིག་ལ་ངོས་འཛིན་བྱས་འདུག[21]ཡིན་ན་ཡང་ཕྱོགས་གཅིག་ནས་དེ་ནི་བརྗོད་སྟངས་ཀྱི་ཆ་ནས་བྱེད་པ་པོ་བསྡུས་པ་ལས།ཚིག་གི་བརྡ་སྤྲོད་ཀྱི་ཆ་ནས་བསྡུས་པ་མིན་པའི་གོ་བ་བླངས་ཆོག

         གང་ལྟར་ཚིག་གི་ངོས་ཀྱི་འབྲེལ་བ་ནི་བརྡ་སྤྲོད་ཅན་དུ་གྱུར་བ་དང་།རྣམ་པ་ཅན་དུ་གྱུར་བ་ཞིག་ཡིན་ལ།དེ་ལ་ལྟེ་བའི་ཚིག་(subject)དང་ཡུལ་གྱི་ཚིག་(object)དང་བརྒྱུད་པའི་ཡུལ་གྱི་ཚིག་(indirect object)གསུམ་ནི་གཙོ་བོ་ཡིན།སྐད་ཆའི་བརྗོད་དོན་དངོས་ཀྱི་ཆ་ནས་ཇི་ལྟར་གནས་པ་གཉིས་མཐའ་གཅིག་ཏུ་མཚུངས་པའི་ངེས་པ་མེད་པས།དེ་གཉིས་ལ་གོ་བ་ཞིབ་པར་ལེན་དགོས།

      དེ་བཞིན་བོད་སྐད་ནི་མངོན་པར་གསལ་བའི་བྱེད་སྒྲ་ཅན་གྱི་སྐད་(eragtive- absolutive)ཡིན་ལ།དེའི་ནང་དོན་ནི་བོད་སྐད་ཁྲོད་དུ།བྱ་བྱེད་ཐ་དད་པའི་ཚིག་གི་བྱེད་པ་པོ(A)་ལ་རྣམ་དབྱེ་སྦྱར་བ་དང་།བྱ་བྱེད་ཐ་མི་དད་པའི་ཚིག་གི་ཆོས་ཅན་གཙོ་བོ(S)དང་བྱ་བྱེད་ཐ་དད་པའི་ཚིག་གི་བྱ་བའི་ཡུལ(P)་ལ་རྣམ་དབྱེ་གང་ཡང་མི་སྦྱོར་བར།བརྡ་སྤྲོད་ཀྱི་ཁྱད་ཆོས་མཚུངས་པ་ལ་གོའདི་ནི་ཌི་ཀ་ཟོན་(1979)དང་ཁོམ་རིའེ(1978)གཉིས་ཀྱིས་བཏོན་པའི་བརྗོད་དོན་དང་ཚིག་ཟུང་འབྲེལ་གྱི་དབྱེ་སྟངས(semantico-syntactic role)་ཡིན།སྐད་རིགས་འདི་ལྟ་བུ་ནི་ཨེ་ཤེ་ཡ་ལྷོ་མའི་ནང་དུ་ཁྱབ་ཆེ་ལ།ཁྱད་ཆོས་དེ་ནི་A/SPའདི་ལྟར་མཚོན།དེ་ལ་བརྟེན་ནས་བོད་སྐད་ཀྱི་ཚིག་གཙོ་བོའམ་དྲང་བོར་བརྗོད་པའི་ཚིག་(Main clause)གི་གོ་རིམ་ནི་APV/SVཡིན་པ་དང་།བྱ་བའི་མིང་མཇུག་ཏུ་སྦྱོར་བའི་སྐད་ཡིན་ཞེས་བརྗོད་ཆོགབོད་སྐད་ཀྱི་ཁྱད་ཆོས་འདི་ལ་བརྟེན་ནས།བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་ལ་བྱ་བྱེད་ཐ་དད་མིན་དང་།ཐ་དད་པའི་རིགས་ལ་བྱ་བྱེད་ལས་གསུམ་དུ་ཕྱེ་བ་ནི་ཤིན་ཏུ་ཁ་གསལ་བ་དང་སྐད་ཀྱི་ཁྱད་ཆོས་ངོས་འཛིན་ལེགས་པར་བྱས་པ་རེད་སྙམ།

བཞི། སྐད་ཆའི་བརྗོད་དོན།(semantic)

རྩོམ་སྒྲིག

             གོང་དུ་བཤད་པ་ནི་ང་ཚོའི་སྐད་ཆའི་སྒྲིག་གཞིའམ།ཚིག་ངོས་ནས་ཆོས་དང་ཆོས་ཅན་གྱི་འབྲེལ་བ་ཇི་ལྟར་གནས་པ་ལ་བརྟེན་ནས།བརྡ་སྤྲོད་ཅན་གྱི་འབྲེལ་བ་དེ་ཚོ་ཡོད་པ་བཤད་ཟིན་ལ།དེ་ནི་སྐད་ཆའི་བརྗོད་དོན་དངོས་དང་ནམ་ཡང་མཚུངས་པའི་ངེས་པ་མེད་ལ།དེའི་དཔེར་བརྗོད་གོང་དུ་བཞག་ཟིན།གང་ལྟར་སྐད་ཆའི་བརྗོད་དོན་ནི་སྐད་ཆ་དེས་བརྗོད་བྱའི་དོན་དངོས་ཀྱི་གནས་ཚུལ་ཇི་ལྟ་བུ་ཡིན་པ་དེ་ཡིན།དེ་ལ་བརྟེན་ནས་བརྗོད་དོན་[22]གྱི་ཆ་ནས་ཆོས་ཅན་དག་ལ་རིགས་དབྱེ་ན།བྱེད་པ་པོ་དང་།བྱ་བའི་ཡུལ།བྱེད་པ་འམ་ཡོ་བྱད་སོགས་རིགས་གཙོ་བོ་དང་།བྱ་བའི་གནས་དང་དུས་སོགས་ཕལ་བའང་ཡོད་ལ།དེ་དག་གི་སྤྱི་མིང་ལ་བརྗོད་དོན་གྱི་གྲུབ་ཆའམ།བྱ་བ་དེ་ལ་ནུས་པ་འདོན་མཁན་གྱི་ཚོགས་པར་གཏོགས་པའི་ཚོགས་མི་ལྟ་བུར་གོ་བ་བླངས་ཆོགང་ཚོས་དེ་ལ་བརྗོད་དོན་གྱི་གྲུབ་ཆ་(semantic role)ཞེས་མིང་གདགས་པར་བྱ།

ལྔ་པ། སྐད་ཆའི་བརྗོད་སྟངས།(pragmatic)[23]

རྩོམ་སྒྲིག

     སྐད་ཆའི་བརྗོད་སྟངས་བྱ་བ་ནི།སྐྱེ་བོ་དག་གིས་སྐད་ཆ་སྨྲ་བའི་ཚེ།ཡུལ་དུས་ཀྱི་གནས་ཚུལ་དང་།སྨྲ་བའི་ཡུལ་ཕ་རོལ་བོའི་རྣམ་འགྱུར་སོགས་ལ་བསྟུན་ནས།རང་གི་སེམས་གྱི་འཆར་སྒོའམ།དགའ་ཞེན་གཙོ་ཕལ་སོགས་མཚོན་ཆེད་ཚིག་གི་སྒྲིག་གཞིའི་ལམ་ནས་མཚོན་པ་དེ་ལ་ཟེར།སྐད་ཆའི་བརྗོད་སྟངས་སྣ་ཚོགས་ལ་ལྟོས་ནས།སྐད་ཆའི་ཁྲོད་དུ་ཚིག་གི་གོ་རིམ་དང་།དམིགས་བསལ་གྱི་མཚན་མ་སྣ་ཚོགས་ཡོད་ལ།དེ་དག་ལ་ལྟོས་ནས་བརྗོད་སྟངས་ཀྱི་གོ་གནས(pragmatic statuses)མི་འདྲ་བ་དབྱེ་ཐུབ།དཔེར་ན།བརྗོད་གཞི་(topic)དང་དེ་ལ་གསལ་བཤད།བརྗོད་བྱ་གསར་བ(new)དང་།དམིགས་སུ་བཀར་བ།(focus)ལྟ་བུ་ཡིན་ལ།དེ་དག་གི་གོ་གནས་མི་འདྲ་བ་ལ་བརྟེན་ནས་ཚིག་གི་ཁྲོད་དུ་བརྡ་སྤྲོད་ཅན་གྱི་མཚོན་སྟངས་མི་འདྲ་བ་འབྱུང་།ཡིན་ན་ཡང་དེ་རྣམས་ཇི་ལྟ་བུ་ཡོད་པ་དང་ཅི་ལྟར་མཚོན་པ་ནི་རང་བཞིན་གྱི་སྐད་སོ་སོ་ལ་སྣ་ཚོགས་སུ་ཡོད།

      གོང་དུ་བརྡ་སྤྲོད་ཅན་གྱི་རིགས་དང་།བརྡ་སྤྲོད་ཅན་གྱི་འབྲེལ་བ།སྐད་ཆའི་བརྗོད་དོན་གྲུབ་ཆ།སྐད་ཆའི་ཆའི་བརྗོད་སྟངས་ཀྱི་གོ་ས་སོགས་ནི་རིམ་པ་དང་ཁྱབ་ཁོངས་མི་འདྲ་བ་ཡིན་ལ།དེ་དག་དམིགས་སའི་ཡུལ་གཅིག་ཡིན་མིན་སྣ་ཚོགས་སུ་ཡོད།དཔེར་ན།

བཀྲ་ཤིས་       ཀྱིས་       ནི་       སྟ་རེས་                     ཤིང་                     བཅད།

མིང་།(གང་ཟག)[24]ཕྲད།     ཕྲད།       མིང་དང་ཕྲད།(དངོས་པོ)  མིང་།(དངོས་པོ)        མིང་།(བྱ་བ)

Sa[25]           ERG     ---      OBL-ERG                 O                   PRED

བྱེད་པ་པོ།    ---         ---         བྱེད་པ།                        བྱ་བའི་ཡུལ།བྱ་བ།

བརྗོད་གཞི།    ---         TOP      ---                              ---

             གོང་གི་འདི་ནི་དཔེ་མཚོན་ཙམ་ཡིན།དེ་ལས་བརྡ་སྤྲོད་ཅན་གྱི་འབྲེལ་བ་ནི་དབྱིན་ཡིག་བསྡུས་འབྲི་དག་གིས་མཚོན་པ་ཡིན།དེ་ལས་བརྡ་སྤྲོད་ཅན་གྱི་རིགས་དབྱེ་ལ་མིང་དང་ཕྲད་སོགས་སུ་ཡོད་པ་དང་།ཚིག་གི་བརྡ་སྤྲོད་ཀྱི་ངོས་ནས་ལྟེ་བའི་ཚིག་སོག་སུ་དབྱེ་བ་དང་།དོན་གྱི་ཆ་ནས་བྱེད་པ་པོ་སོགས་ཡིན་ལ།བརྗོད་སྟངས་ཀྱི་ཆ་ནས་བརྗོད་གཞི་དང་།ནི་སྒྲ་ནི་བརྗོད་གཞི་དེའི་མཚན་མ་ཡིན་ནོ།

མཇུག་བསྡོམས་ཆུང་ངུ།

རྩོམ་སྒྲིག

སྤྱིར་འདིར་གླེང་བའི་བརྡ་སྤྲོད་ལ།ང་ཚོས་སྲོལ་རྒྱུན་དང་།དེང་རབས་སོགས་ཀྱི་ཐ་སྙད་སྤྱོད་བཞིན་ཡོད་མོད།དེ་ནི་ང་ཚོས་བརྡ་སྤྲོད་ལ་ངོས་འཛིན་ནམ།ཞིབ་འབྲི་བྱེད་སྟངས་མི་འདྲ་བའི་སྐོར་གླེང་བཞིན་པ་གོར་མ་ཆགརང་བཞིན་གྱི་སྐད་རིགས་ཤིག་གི་བརྡ་སྤྲོད་ནི་སྐད་དེའི་ཆོས་ཉིད་སམ།སྐད་དེ་སྨྲ་བའི་ཚོགས་པ་ཡོངས་ལ་ཁྱབ་པའི་རང་བྱུང་གི་རྩ་དོན་ནམ།ཕྱི་དངོས་པོའི་ཡུལ་དུ་ཡོད་པ་ལས།བརྡ་སྤྲོད་ཀྱི་ཆེད་མཁས་པ་ཞིག་གིས་བཟོས་པ་ནི་གཞར་ཡང་མིན།བརྡ་སྤྲོད་དང་སྐད་ཀྱི་ཁྱད་ཆོས་དག་རང་ངོས་དང་།ཕྱི་རོལ་གྱི་རྒྱུ་རྐྱེན་དུ་མ་ལ་བརྟེན་འགྱུར་བའང་སྣ་ཚོགས་སུ་འགྲོ་བ་ནི།དངོས་པོ་སྤྱིའི་ཆོས་ཉིད་ལྟར་ཡིན་ནོ།དེང་དུས་ཀྱི་སྐད་བརྡ་རིག་པ་བ་ཕུལ་དུ་ཕྱིན་པ་ཌི་ཀ་ཟོན་དང་ཁོམ་རིའེ། ཨེ་ཁིན་ཝརགསོགས་ཀྱིས་ཨོ་གླིང་སོགས་རྒྱ་མཚོ་ཆེན་པོའི་གླིང་དང་གླིང་ཕྲན་ལ་ཁྱབ་པའི་གནའ་བོའི་མི་རིགས་དག་གི་སྐད་སྣ་ཚོགས་ལ་བརྟག་དཔྱད་དང་།དེ་བཞིན་བོད་དང་རྒྱ་དཀར་ནག་སོགས་ཀྱི་སྐད་རྣམས་ལ་བསྡུར་བ་སྣ་ཚོགས་བྱས་ནས།འགྲོ་བ་མིའི་སྐད་རིགས་དག་ལ་བརྡ་སྤྲོད་ཅན་གྱི་བསྟན་བྱར་རུང་བ་ཇི་སྙེད་ཡོད་པ་དང་།དེ་ཡང་ཕན་ཚུན་ཐུན་མོང་དུ་ཡོད་པ་དང་།མེད་པ་སོགས་སྣ་ཚོགས་ཡོད་པའི་ངེས་ཤེས་སྐྱེས་ནས།སྐད་གང་རུང་བ་ལ་བརྟག་དཔྱད་བྱེད་པར་སྤྱོད་རུང་བའི་གཞུང་ལུགས་ཀྱི་མ་ལག་བཟོས་པ་རེད།དེའི་ཕྱིར་རྩ་བའི་གོ་དོན་དག་གསལ་བོར་ཆགས་རྗེས་རིམ་པར་རྒྱས་པར་ཡུལ་སྐད་དམིགས་བསལ་བ་ཞིག་གི་ཁྱད་ཆོས་དག་གླེང་བར་བྱའོ།།

གསལ་བཤད་ཐུང་ངུ།

རྩོམ་སྒྲིག

འདིར་འཁོད་ནང་དོན་རྣམས་དུས་དེབ་ཁང་དུའང་བསྐུར་ཟིན།



དཔྱད་གཞིའི་ཡིག་ཆ་དང་མཆན་འགྲེལ།

རྩོམ་སྒྲིག

[1]Thomas E.Payne 1997 Describing Morphosyntax Cambridge Universty press

[2]R. M. W. Dixon 2010Basic Linguistic Theory   Oxford University Press Inc., New York

[⑤]བསྟན་བྱ་ནི་categoryཞེས་པའི་དོན་ཡིན།དེ་ནི་ཁྱབ་ཁོངས་ངེས་ཅན་ལྡན་པའི་གོ་བའམ།སྤྱི་མཚན་ཞིག་ལ་གོ

[⑥]འདིར་བྱིངས་ནི་སྐད་བརྡ་རིག་པའི་བརྡ་ཆད་rootདང་རྐྱེན་ནི་affixལ་གོ།

[⑦]དེ་གཉིས་ལ་morphologyདང་syntaxཞེས་བྱ།

[⑧]མིང་དང་ཚིག་གི་བརྡ་སྤྲོད་ཞེས་པའི་དོན།

[⑨]འདི་ལ་རྒྱུན་ལྡན་དུ་མིང་ཚིག་གི་རིགས་ཞེས་བྱ།

[⑩]ཐབས་ལམ་ནི་strategyཞེས་པའི་དོན་ཡིན།ཐབས་ཤེས་སམ།སྲིད་ཇུས་སོགས་ལ་གོ་ཆོག

[11]འདིར་ཐ་སྙད་ཞེས་པ་ནི་lexicalཡི་གོ་དོན་དང་ཡོངས་སུ་མཚུངས།སྤྱིར་དེང་རབས་ཀྱི་གཞུང་ལུགས་ཤིག་ལ་བརྟེན་ནས་ཞིབ་འབྲི་བྱེད་སྐབས།བརྡ་ཆད་དག་གསལ་བོར་ཡོངས་རྒྱུ་ཤིན་ཏུ་གལ་ཆེ་བས།འདིར་རེ་རེ་བཞིན་དབྱིན་སྐད་བཀོད་པ་ཡིན།

[12]སྦྱོར་བ་ལ་བརྟེན་པ་ཞེས་པ་ནི་ཐ་སྙད་གཉིས་སྦྱོར་བ་དང་།གོ་རིམ་བརྗེ་བ་སོགས་ལ་བརྟེན་ནས་དོན་སྟོན་པ།དེ་ལ་analyticའམ་ཡང་ནperiphrasticཞེས་བྱའོ།

[13]དེ་ནི་བརྡ་སྤྲོད་ཀྱི་དོན་གང་རུང་སྟོན་པའི་རྟགས་དང་མཚན་མ་ལྟ་བུ་ཡིན་པས་དེ་ལྟར་མིང་བཏགས།དེ་ལ་markingཞེས་བྱ།

[14]ང་ཚོས་དེ་ལ་ཁྱད་ཆོས་སྟོན་པའི་བྱིངས་ཞེས་བརྗོད་ཀྱང་ཆོག

[15]ཡུལ་སྐད་ལ་མང་།

[16]ཉེ་སྐུ་བླ་དང་རྡོ་དགོན་གསང་བདག་གིས་བརྩམས་པའི་བོད་སྐད་ཁྲིད་དེབ་དུ་གསལ།<<Manual of Standard Tibetan >>2003Snow Lion Publications Ithaca, New York Boulder

[17]ཡུལ་སྐད་དུ་འདི་སྤྱོད་པ་མང་།

[18]འདིར་ཚེག་དབར་བསྡུས་པའི་སྣང་ཚུལ་བྱུང་འདུག

[19]ཆོས་དང་ཆོས་ཅན་ཞེས་པ་འདི་འང་ཤིན་ཏུ་གལ་ཆེ་བའི་གོ་དོན་ཡིན།ཆོས་ཞེས་པ་ཚིག་དེའི་ཁྲོད་དུ་མཉམ་ཉུགས་ཞེས་པའི་མིའམ་དངོས་པོ་གང་དག་ཡོད་པ་་རྣམས་ལ་གོདེ་ཡང་བརྗོད་དོན་གྱི་ངོས་ནས་བྱེད་པ་པོ་དང་བྱ་ཡུལ་སོགས་ཡིན་ལ།ཚིག་རང་སྟེང་ནས་subjectསོགས་ཀྱི་སྟོན་བྱ་དེ་ཡིན།ཆོས་ཅན་ནི་ཆོས་དེ་དག་གིས་བྱས་པའི་བྱ་བའམ།དེ་དག་གི་ནུས་པ།དེ་དག་དབར་གྱི་འབྲེལ་བ་སོགས་ཆོས་དེ་དག་གསལ་བར་བྱེད་པའི་ཚིག་དང་དོན་ལ་གོ(relations or functions over arguments). སྤྱིར་འདི་ཀུན་ལའང་དོན་གྱི་ཆ་ནས་ཅི་ལྟར་ཡོད་པ་དང་།ཚིག་གི་ངོས་ནས་ཅི་ལྟར་མཚོན་པར་རིགས་གཉིས་ཡོད།

[20]དེ་ནི་རང་འགུལ་མ་ཡིན་པའི་བྱ་བ་དཔེར་ན་སྡོང་བོ་ལ་མཚོན་ན།མིའི་བཅད་པ་དེ་གཞན་གྱིས་བྱས་པ་ལས།རང་འགུལ་ཅན་མིན་པ་ལྟ་བུ་རེད།

[21]Timothy Shopen. ed. Language Typology and Syntactic. Description (New York: Cambridge University Press 2007 ),p330

[22]སྐད་ཆའི་བརྗོད་དོན་བསྡུས་པའི་ཡིན།

[23]འདི་དང་མིང་མཚུམས་པའི་མཚན་ཉིད་རིག་པའི་གྲུབ་མཐའ་pragmatismབྱ་བ་ཞིག་ཀྱང་ཡོད།

[24]གང་ཟག་གི་མིང་ཡང་དངོས་པོའི་མིང་(noun)དུ་གཏོགས།

[25]བྱ་བྱེད་ཐ་དད་པའི་སྐབས་ཀྱི་ལྟེ་བའི་ཚིག་དེAཡིས་མམཚོན་པ་འང་ཡོད།

ད་དུང་གཟིགས།

རྩོམ་སྒྲིག

ཕྱི་ཕྱོགས་དྲ་མཐུད།

རྩོམ་སྒྲིག