སྐྱོ་གདུང་གིས་རྫོགས་པའི་མི་ཚེ། (སྒྲུང་རྩོམ) བེ་རི་འཇིགས་མེད།

སྐྱོ་གདུང་གིས་རྫོགས་པའི་མི་ཚེ།


གངས་ཅན་པའི་ཤར་མཐར་དར་ཙེ་མདོ་ནི། ཙི་ནའི་ཡུལ་གྱི་གཡའ་རྔཱ་དང་འདྲེས་པའི་ས་མཚམས་ཤིག་ཡིན་ཞིང༌། མེས་དབོན་ཁྲི་རལ་བའི་སྐབས། བྱརྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད།བྱ ཅེས་པའི་རྩ་ཚིག་བཀྲམ་སྟེ། ཙི་ནའི་ཡུལ་གྲུ་དུ་མར་ཚོང་ལ་ཡོང་པའི་ཁམས་ཀྱི་ཚོང་པ་མང་པོ་ཞིག་ས་གནས་དེར་འདུས་པས། ཁམས་འདུས་ཞེས་འབོད་ཀྱིན་ཡོད། ཙི་ནའི་ཡུལ་ལྗོངས་ཆྀང་གིས་དབང་བསྒྱུར་བྱས་ཏེ་རིམ་གྱིས་ཆིང་གོང་མ་ཆན་ལོང་གིས་ཆབ་སྲིད་ཀྱི་འདྲེ་ལག་རིང་པོ་དེ་སྨད་ཁམས་ནས་ཤར་བརྐྱངས་ཐེངས་ཁ་ཤས་བྱས་ཀྱང་དཔའ་མཛངས་ལྡན་པའི་ས་གནས་བོད་མི་རྣམས་ཀྱིས་རྣོ་ངར་ལྡན་པའི་མི་རིགས་ཀྱི་ལ་རྒྱའི་གོ་མཚོན་ཐོགས་ནས། འཛུབ་མོ་རེ་རེ་བཞིན་བཅད་པས། མཐར་ཆིང་གི་རེ་སྟོང་དེ་གནམ་མཐོངས་ཀྱི་འཇའ་ཚོན་ལྟར་གཏན་མེད་དུ་ཡལ་ཏེ་སྨད་ཁམས་ཀྱི་དར་མདོ་ནི་སླར་ཡང་ལྷིང་འཇགས་ཀྱི་འཇིགརྟེན་གསར་པ་ཞིག་ཏུ་གྱུར། འོན་ཀྱང་སྐབས་དེ་དུས་ཀྱི་ས་ གནས་དང་སྡེ་གྲོང་གི་དཔོན་པོའི་བཀའ་ཡིས་བཀོད་པའི་རྒྱུན་འཛིན་གྱི་ལམ་ལུགས་ནི། མི་རབས་མང་པོའི་སྔོན་ནས་ཡོད་པའི་ཁོང་སྐྲན་གྱི་ནད་རྙིང་ཞིག་ཡིན་སྟབས། བཅོས་སུ་མ་བཏུབ་པར་ཁ་མལ་ན་ཡོད་པའི་འོག གཡག་བདག་ཚང་ཞེས་པའི་དུད་ཁྱིམ་ཞིག་མི་ཐོག་མི་ཡིས་བརྗེས། ཤིང་ཐོག་ལོ་མས་བརྗེས་ཏེ་མཐར་དར་མདོ་ནས་རྟ་བའི་ཉིན་ལམ་གཅིག་གིས་ཆད་པའི་མི་ཉག་ར་བ་སྒང་གི་ཉེ་འགྲམ་བེ་སོ་གྲོང་སྡེའི་ནང་དུ་གནས་སྤོས། ཁྱིམ་ཚང་དེའི་བདག་པོ་ལ་བསོད་ནམས་བདེ་ཆེན་ཟེར་ཞིང༌། བརྩམས་སྒྲུང་འདིའི་རྙོག་འཛིངས་ཀྱི་མགོ་ཡང་འདི་ནས་འཛུགས་རྒྱུ་ཡིན། ཁོང་ན་ཚོད་གཞོན་དུས་བསོད་ནམས་ལྷ་མོ་ཞེས་པའི་བུ་མོ་ཞིག་ཆུང་མར་བསུས་ནས། རིམ་བཞིན་བུ་གསུམ་དང་བུ་མོ་གཅིག་སྟེ་བཞི་སྐྱེས། བུ་རྣམས་སྐྱེས་དུས་སྐྱེས་སྐར་བརྩིས་པར་མ་ཟད་རྟེན་འབྲེལ་གྱི་མཛད་སྒོར་ཡང་རྡེའུ་དཀར་པོའི་མཐོ་སློང༌། ཨ་ཀོག་དཀར་པོའི་མེ་བཞག་ཅིང༌། ད་དུང་བཙས་སྟོན་ཀྱང་རྒྱ་ཆེར་བྱས། བུ་མོ་བསྟན་འཛིན་དབང་མོ་ལ་སྐྱེས་སྐར་གྱི་འཛད་སྒོ་གང་ཡང་བྱས་མེད། དེ་ནི་འཕགས་བོད་གཉིས་ཀས་ཕོ་སྐྱེས་ན་ཕ་མའི་བསོད་ནམས། མོ་སྐྱེས་ན་ཕ་མའི་ལན་ཆགས། ཞེས་གྲགས་པའི་ཕྱག་སྲོལ་དེའི་དབང་གིས་ཡིན་པ་སྨོས་ག་ལ་དགོས། འོན་ཀྱང་བཟང་ངན་གྱི་གཤིས་སྤྱོད་ནི་བུ་བུ་མོའི་ཁྱད་པར་ཞིག་ག་ལ་ཡིན། ཕ་བསོད་ནམས་ནི་རང་གི་ཕ་ཐོག་ནས་ཡུལ་བྱོལ་བའི་མི་ཚང་མ་ཟད་གྲོང་སྡེ་དེའི་མི་དྲག་རི་མདུན་ཚང་གི་འུ་ལག་པ་ཞིག་ཀྱང་ཡིན་པར་སྟབས་ཤིན་ཏུ་དབུལ་ཞིང་ཕོངས་པའི་ཞིང་པའི་ཁྱིམ་ཚང་ཞིག་ནས་འཚར་ལོངས་བྱུང་བ་ཞིག་ཡིན་པས། ཁང་ས་ཞིང་དང༌། སྣོད་ཐབ་ཆས། ཅ་ཁ་ལག་སོགས་གང་གི་ཐད་ནས་ཀྱང་ཧ་ཅང་ཁ་ཐེབས་ཞན། ད་དུང་སྟབས་མ་ལེགས་པ་ཞིག་ལ་བུ་མོ་བསྟན་འཛིན་དབང་མོ་སྐྱེས་ནས་ཟླ་བ་བཞི་ལས་མ་ལོན་པར་བཟའ་ཟླ་བསོདནམས་ལྷ་མོ་ལ་དྲག་ཐབས་མེད་པའི་འཇིག་རྟེན་ཕྱི་མའི་མགྲོན་བརྡ་ཞིག་བསླེབས། ཕ་བསོད་ནམས་ཀྱིས་གདུང་སེམས་ཆེན་པོས་ཞབས་བརྟན་རིམ་གྲོ་དང་སྨན་སྤྱོད་ཇི་ལྟར་བྱས་ཀྱང་ག་ལ་ཕན། ཀྱེ་མ། འཆི་བདག་གི་ཞགས་པ་ནི་ཇི་འདྲའི་འཇིག་རྟེན་འདིར་སྡང་བ་དང། འཆི་བདག་ནི་ཇི་འདྲིའི་བརྩེ་བ་དང་སྙིང་རྗེ་མེད་པ་ཞིག་མ་རེད་དམ། བྱིས་པའི་ཤ་ཚུགས་མ་ཡལ་བའི་ཕྲུ་གུ་བཞི་ལ་བྱམསབརྩེ་འཆིང་རྒྱས་དམ་དུ་བཅིངས་པའི་སྐྱེས་མ་དེ་ཉིད་ལ་བཟོད་སྒོམ་ཁབ་རྩེ་ཙམ་ཡང་མ་བྱས་པར་སྐྱིད་སྡུག་གི་ཟློས་གར་སྟོན་རླུང་ལྟར་འཚུབས་པའི་འཇིགས་རྟེན་མི་ཡི་གྲས་སུ་ཕལ་ཆེར་མི་ལོ་ཉེར་དགུ་ལས་སྡོད་པའི་ལོང་མ་སྤྲོད་པར་མར་གྱི་གསེར་སྤུ་དང༌། ལྕང་མའི་ལོ་མ་རླུང་གིས་ཁྱེར་བ་ལྟར། འཇིག་རྟེན་ཕྱི་མའི་འཕྲང་ལམ་ནས་ཇི་མི་སྙམ་པའི་སེམས་ཁྲལ་དང་སྐྱོ་གདུང་གི་ཕྱི་མིག་ཡང་ལྟ་བཞིན་ལྔ་བའི་ལམ་དུ་བཤེགས། ཕ་བསོད་ནམས་ནི་རང་གི་བཟའ་ཟླ་དང་བྲལ་གདུང། གྱིས་གདུང་གཉོམ་ལག་མ་རྒྱས་པའི་ཕྲུ་གུ་རྣམས་ལ་བརྩེ་གདུང་དང༌། བྱམས་གདུང༌། མདོར་ན། ཡིད་བློང་གྱི་རྒྱ་མཚོ་ལས། སེམས་གདུང་གི་རྦ་རླབས་ཤག་ཤག་ཕྱུར་བའི་ཐིགས་པ་རེརེ་བཞིན་མིག་མཁའ་ནས་མུ་ཏིག་གི་ཕྲིང་ཐག་ཆད་པ་ལྟར། འཛུབ་མོ་ལྔ་པོ་གཅིག་ཏུ་བསྒྲིལ་བའི་ལག་ཟུང་རེས་མོས་ཀྱིས་བྲང་ཁོག་ལ་རྔ་བོ་གནད་དུ་སྣུམ་པ་ལྟར། བརྗོད་མི་ཚར་བའི་སྐྱོ་གདུང་དང་སེམས་ངལ་གྱིས་སྨྱོ་ལ་ཁད་དང་བརྒྱལ་ལ་ཁད་དུ་གྱུར་ན་ཡང་བྱིས་བློའི་འཁྲུལ་སྣང་ལ་རྩེན་པའི་ཕྲུ་གུ་རྣམས་ཀྱིས་ཁྱིམ་ནང་གི་སྐྱིད་སྡུག་ལ་སྐྱོ་སྣང་ཞིག་ག་ལ་སྐྱེ་ཤེས། ཕ་ལ་ལད་མོ་བྱས་ཏེ་ངུ་རྫུན་དང་བྲང་ལག་འཐབ་ཁུལ་གྱིས་རྩེད་མོའི་དོ་ར་ལ་ཞུགས། ཕ་བསོད་ནམས་ཀྱིས་འཇུངས་པ་ཁབ་རྩེ་ཙམ་ཡང་མེད་པར་ལྷ་མཆོད་སློང་སྦྱིན་རྒྱ་ཆེར་གྱིས་འདས་མཆོད་ཀྱི་བྱ་བ་ཚར་རྗེས། གྲོང་པའི་མི་རྣམས་ཀྱིས། ཁྱོད་སེམས་ཁྲལ་བྱེད་དགོས་དོན་མེད། ཕོ་ལོ་བརྒྱད་ཅུ་ཟིན་ཀྱང། རྒས་ཐལ་བསམ་པ་མི་དགོས། ཟེར་བ་དེ་གོ་ཨེ་མྱོང། ད་དུང་ཁྱོད་ལོ་ཆུང་ཆུང་རེད། ནང་གི་ལས་སྒོ་དང་ཕྲུ་གུའི་མ་ཚབ་ཅིག་ངེས་པར་དུ་ལེན་དགོས་། ཞེས་ལབ་མཁན་མང་དུ་བྱུང་ནའང། ཕ་བསོད་ནམས་ནི་སྙིང་ལས་གཅེས་པའི་ཕྲུ་གུ་གཉོམ་ལག་མ་རྒྱས་པ་དེ་དག་ལ་མཐའ་གཅིག་ཏུ་བསམས་ནས། གལ་སྲིད་མནའ་མ་ཞིག་ལེན་ན། ཁོང་གིས་ཕྲུ་གུ་འདི་དག་ལ་ཡག་པོ་བྱེད་དོན་རྩ་བ་ནས་མེད། ལྟོས་དང༌། མ་ཚབ་ཡ་་་་་༌། མིང་སྙན་པོ་ཙམ་མ་གཏོགས་་་་་་༌། ང་ནི་སྐྱེས་ནས་ད་བར་མི་ཚེ་དང་ལང་ཚོའི་འཕེན་པ་དེ་དཀའ་སྡུག་དང༌། སྐྱོ་གདུང༌། འགྱོད་གདུང་བཅས་དང་ལུས་དང་དྲི་མ་བཞིན་འགྲོགས། ད་དུང་ཡང་རང་ཤ་ལས་ཆད་པའི་ཕྲུ་གུ་འདི་རྣམས་གཉོམ་ལག་མ་རྒྱས་བར་དཀའ་སྡུག་དང་སྐྱོ་གདུང་སོགས་དང་དཔུང་པ་མཉམ་བཤིབས་བྱེད་དགོས་བྱུང་ནའང་འགྱོད་པ་མེད། ནམ་ཞིག་བུ་ཚ་རྣམས་གཉོམ་ལག་རྒྱས་པ་ན། ད་གཟོད་ཉི་མ་ནུབ་ཁར་དྲོ། རྒོད་པོ་ཤི་ཁར་སྐྱིད། ཅེས་པ་ལྟར་གཞི་ནས་སྐྱིད་པའི་ཉི་མ་ཞིག་རྒན་པོ་ང་ལ་ཤར། བདེ་བའི་མི་ཚེ་ཞིག་བུ་ཚ་འདི་ཚོས་བསྐྱལ་རྒྱུ་རེད། དེ་ལྟར་འདང་རྒྱག་གི་ཁང་སྦུག་ནས་སྨྲ་བརྗོད་ཀྱི་ཁ་སྒོར་འཐོན་ཏེ། གྲོང་སྡེའི་མི་རྣམས་ལ་མིན་་་་་མིན། མནའ་མ་མིན། སླར་ཡང་དཀའ་ངལ་གྱི་གཞི་མ་ཞིག་རེད། ཅེས་ལབ་ཏེ་མགོ་བོ་འཕྲད་དུ་གཡུག་གཡུག་བྱས། དེ་ནས་བཟུང་ཕ་བསོད་ནམས་ཀྱིས་བྱམས་བརྩེ་མ་དང་བྲལ་བའི་བུ་ཚ་བཞི་ལ་སྔར་ལས་བབ་འགྱུར་གྱི་ལྡབརྩེ་དུང་དང༌། གཅེས་སྐྱོང་གི་སྙིང་སྟོབས་ཆེས་ཆེར་བསྐྱེད་དེ། མར་རྟ་དང་མཉམ་ཉལ། ཡར་བྱ་དང་མཉམ་ལང༌། ཉིན་མོར་མིའི་གོ་ཆོད། མཚན་མོར་ཁྱིའི་གོ་ཆོད། ཕྱི་ལས་ལ་ཕོ་ཚབ། ནང་ལས་ལ་མོ་ཚབ་ཀྱིས་ནམ་ཟླའི་ཕྲེང་བའི་ནང༌། གཉོམ་ལག་མ་རྒྱས་པའི་ཕྲུག་གུ་རྣམས་དཔྱིད་གསུམ་བཀྲེས་སྡུག་གི་རྦ་རླབས་ལས་བཏོན། དབྱར་གསུམ་ཚ་གདུང་གི་མེ་ལྕེ་ལས་སྐྱོབ། སྟོན་གསུམ་དཀའ་སྡུག་གི་རླུང་འཚུབ་ལས་སྐྱོབ། དགུན་གསུམ་འཁྱག་སྡུག་གི་རྒྱ་མཚོ་ལས་འདྲེན་ཏེ། གང་འདོད་གདོད་དང༌། ཅི་བསམ་བསམ། མདོར་ན། ཕ་མ་གཉིས་ལྡན་གྱི་ཕྲུ་གུ་རྣམས་ལ་བྱམས་སྐྱོང་བྱེད་ཚུལ་ལས་ལྡབ་མང་པོས་ལྷག་ཅིང༌། ལག་སྣེ་གང་འཚམ་ཡོད་པའི་གྲོང་པའི་ཕྲུ་གུ་རྣམས་ཀྱི་གསེབ་ཏུ་ཚུད་ངེས་སུ་བྱས། རང་ཉིད་སྡུག་དང་དཀའ་ལས། སེམས་འཚབ་མུན་ནག་ཇི་མིསྙམ་པ་ཞིག་གི་ནང་དུ་བྲེལ་བས་དུས་འདའ་ནའང༌། ད་དུང་འབྱུང་འགྱུར་གྱི་མདུན་ལམ་ཐོག་སྙོམ་ལག་མ་རྒྱས་པའི་ཕྲུ་གུ་རྣམས་ཀྱི་བདེ་སྐྱིད་ཀྱི་གོམ་སྟབས་ལ་རེ་བའི་མིག་ཞགས་ཅེར་རེར་བསྲིངས་ཡོད་པ་ནི་སྨོས་ཅི་དགོས། ལོ་ཟླའི་བགྲོད་པ་ནི་སྐད་ཅིག་ཀྱང་མི་སྡོད་པའི་བྲེལ་བ་ཅན་ཞིག་ཡིན་པས། ཆུ་ཚོད་འཁོར་ལོའི་རྐང་པ་གསུམ་པོ་གཅིག་རྗེས་གཅིག་གིས་མི་བསྙེགས་པར་རྒྱུག་སྟེ་རིམ་བཞིན་ཉི་མ་དང༌། ཉི་མས་ཟླ་བ། ཟླ་བས་ལོ། ལོ་ཡི་ཕྲེང་བ་དུས་ཚིགསཀྱི་ལག་པས་ཕྲེང་རྡོག་རེ་བཞིན་བགྲངས་ཏེ། ཕྲུ་གུ་རྣམས་ཆུང་བྱིས་པའི་ཤ་ཚུགས་དོར་ནས་གཞོན་སྐྱེས་ཀྱི་རི་སྒང་ལ་གོམ་པ་གང་རེ་གང་རེ་བྱས་ནས་འཛེགས། དུས་ཀྱི་རྒྱལ་མོས་རིང་ཐུང་གི་ཡོ་འཁྱོག་ཅིག་སུ་ལའང་མི་གཏོང་བས་དེ་དང་ཆབས་གཅིག་ཏུ་ཕ་བསོད་ནམས་ཀྱི་ལང་ཚོའི་ལྗོན་པ་ཡང་དགུན་དུས་ཀྱི་སྡོང་རྒན་ལྟར་རྒས་ཤིང་ཁོག་སྟེ། མཐའ་ན་ལང་འདུག་བྱེད་རྒྱུ་ལ་ཡང་དཀའ་ཚེགས་ཀྱིས་དབུགས་ངལ་བརྩེག་དགོས་པར་གྱུར།

	ཀྱེ་མ།   འཇིག་རྟེན་གྱི་མི་ཡུལ་འདི་ནི་ཅི་འདྲའི་སྙོག་འཛིངས་དང༌།  རྒྱུ་འབྲས་གོ་ལྡོག་པ་ཞིག་མ་རེད་དམ། བུ་གསུམ་པོ་དེ་དག་རིམ་གྱིས་མཚར་ལོངས་བྱུང་བ་དང་དུས་བསྟུན་ནས།  བུ་ཆེ་བ་རིན་ཆེན་གྱིས་ཨ་ཕའི་བཀའ་དྲིན་ལ་གཟོ་དང་དྲིན་འཇལ་གྱི་བསམ་པ་ཞིག་སེམས་ཀྱི་ཟུར་ཙམ་ལའང་དྲན་རྒྱུ་ཕར་བཞག་ནས། བློ་ཕ་ལ་མ་དྲིས། གྲོས་སྤུན་ལ་མ་བྱས་པར།  རྐུན་མ་ཤོར་བ་ལྟར་ཁྱིམ་ནང་གི་ཅ་དངོས་ཡོ་བྱེད་ཉེར་མཁོ་གང་ཟིན་ཟིན་ཞིག་ཁུར་ནས། ཐུན་གསུམ་མཚན་མོའི་སྨག་རུམ་གྱི་ནང་དུ་གདུག་འདྲེ་ཞིག་དང་འདྲ་བར་ནག་ཡོམ་མེར།  སྲིན་བྱའི་གཤོག་འགྱུར་གྱིས་རྒྱབ་ནས་སྐྱེལ། འུག་པའི་ཧ་དགོད་ཀྱིས་མདུན་ནས་བསུས་ཏེ། གྲོང་པའི་མི་ཚང་ཞིག་གི་ནང་དུ་མག་པ་ལ་ཕྱིན། ཕྱིན་ཉིན་སྐྱ་རེངས་བུ་མོས་ལག་མྱུལ་གྱིས་མཁའ་མཐའི་སྒོ་གླེགས་ཕྱེས་ཏེ་ཉིན་བྱེད་འཆར་ཁའི་དམར་མདངས་སྔོ་བསངས་མའི་ངོས་སུ་འཕོས་པ་ན།  ད་གཟོད་བསོད་ནམས་ཕ་བུས། བུ་ཆེ་བ་མཚན་མོར་ཤོར་བ་ཤེས་ཚོར་བྱུང༌། ཕ་བསོད་ནམས་ཀྱིས། 

ཨ་ཁ། ངའི་བུ་བུ་མོ་གཉིས་ཀྱིས་སྐྱེས་མགོ་ ཟས་དཀར་མངར་གཉིས་ཀྱི་བཟང་མགོ ཁོང་ཁྱིམ་དུ་མི་བཞུགས་པ་དེ་ཤིན་ཏུ་མ་ལེགས། ཅེས་ལབ་བཞིན་མིག་མཐར་ཆུ་རིས་ཤིག་ཤིག་སྡོད། དུས་ཚོད་སྔ་ཕྱི་ཅུང་ཞིག་གི་ནང་དུ། མག་པ་འགྲོ་སའི་ཁྱིམ་ཚང་དེས་ཕ་བསོད་ནམས་ཀྱི་ནང་དུ་ཚུར་སྒོ་འཛུལ་རྒྱབ་སྟེ། ཝ་ཡེ། རྒན་པོ། ཁྱོད་ཚོའི་བུ། ལ་ཁ་ཤི་ན་བྱ་རོ། ལུང་ཁུག་ཤི་ན་ཁྱི་རོ། ཆུ་ཁ་ཤི་ན་ཉ་རོ་བྱས་ནས་བཞག་རྒྱུ་ཨེ་ཡིན། འདང་ནུབ་ཁྱོད་ཚོའི་བུ་ཁ་ལ་ཟས་མེད། རྒྱབ་ལ་གོས་མེད་པར་ང་ཚོའི་ཁྱིམ་ལ་སྒོ་འཛུལ་བརྒྱབ་བྱུང༌། ཞེས་སྐྲག་ཕར་སློང་མ་བྱེད་གོང༌། འབག་ཚུར་བསྐོན། དགྲ་ཕར་རྒྱག་མ་བྱེད་གོང་གྱོད་ཚུར་འགེལ་བྱས། ཕ་བསོད་ནམས་ནི་ཉམ་ཆུང་གི་ཁྱིམ་གཞིས་ཤིག་ནས་འཚར་ལོངས་བྱུང་བའི་ཉམ་ཆུང་གི་རྒན་པོ་ཞིག་ཡིནཔས་མཚོན་གྱི་རྣོ་དབར་ག་ལ་བཏོན། སྤྲོ་མ་ལོངས། འཚིག་པ་མ་ཟ། ང་ཚོའི་བུ་ཡིས་དེ་འདྲ་སུན་པོ་བྱས་ཨེ་ཡོད་ངས་ཚོར་མ་བྱུང། ནུབ་གཅིག་གི་གནས་གླ་ཅི་དགོས་ནའང་སྤྲོད་ཆོག ང་ཚོའི་བུ་ཁྱི་རོ་དང༌། བྱ་རོ། ཉ་རོ་ནང་བཞིན་མིན། ཚུར་ཁྲིད་ཡོང་རོགས་གྱིས། ཅེས་བཤད། འདཽད་རྔམས་ཆེ་བའི་མི་ཚང་དེ་ཕ་བསོད་ནམས་ཀྱི་ཁྱིམ་ནས་ཡོ་བྱད་གང་རག་རག་ཅིག་ཧམ་འཕྲོག་བྱེད་རྩིས་མ་གཏོགས་ཞི་འཇམ་གྱིས་གཉེན་སྒྲིག་ཅིག་སེམས་ཀྱི་ཟུར་ཙམ་ལའང་ཤར་མེད་སྟབས།

ཧིན་་་་་ཚུར་ཁྲིད་ཡོང་རོགས་གྱིས། ཕ་མའི་མདུན་ལ་ཡོད་དུས། བུ་རྒྱུད་ཕ་མའི་དབང་ཆེན།  བཟའ་བསྒྲིགས་ཚར་བའི་བུ་རྒྱུད།  ཕ་ལས་བཟའ་ཟླ་དབང་ཆེན།   མི་རྗེས་རྒྱུ་དགོས།  ཟས་རྗེས་ཇ་དགོས།  ཁྱོད་ཚོའི་བུ་ཅི་འདྲ་བྱས་ནས་གཏོང་རྩིས་ཡོད།  ཁྱོད་ཚོའི་བུ་གསོན་ན་མི་བདག ཤི་ན་རོ་བདག་ང་ཚོ་ཡིན་པར་ཧ་ཨེ་གོ སྡེ་བ་རི་མདུན་ཚོང་དབང་ཆེན་གྱི་མདུན་དུ་བཞག་པའི་གན་རྒྱ་དེ་ཁྱོད་ཀྱིས་རྩིས་མེད་གཏོང་ཨེ་ཐུབ། རྒན་པོ། 

བཤད་མཚམས་དེར་སླེབས་དུས་བུ་ཆེ་བ་རིན་ཆེན་ཕ་བསོད་ནམས་ཀྱི་ནང་དུ་ཧོབ་འཛུལ་གྱིས། ནམ་མཁའི་བྱ་ལ་འཕུར་རོགས་དང་ས་ཞབས་འབུ་ལ་འཛུལ་རོགས་ཤིག་དགོས་པ་དེ་ཨ་ཕས་གོ་ཨེ་མྱོང། ཕས། ཨ་ཕའི་ནོར་བུ། ཁྱོད་ངའི་བུ་བུ་མོ་གཉིས་ཀྱི་ཆེ་མགོ ཟས་དཀར་མངར་གཉིས་ཀྱི་བཟང་མགོ་ཡིན་པས། ཁྱོད་རང་ཨ་ཕའི་མདུན་དུ་སྡོད་རོགས་གྱིས། ཨ་ཕ་ཤི་ནའང་རེ་བ་དེ་གས་རྫོགས་ལེ་ཡིན ཟེར། བུས། ཨ་ཕ། ཕ་གསོན་ན་ལག་གཡོག་དང་ཤི་ན་འདས་མཆཽད་བྱེད་མཁན་བུ་ལ་ཆེ་ཆུང་དང༌། བུ་བུ་མོའི་ཁྱད་པར་ཅི་ཡོད། ད་དུང་ཁྱིམ་གྱི་ཕྱི་ལས་ནང་ལས་གང་དགོས་ནའང་བུ་བུ་མོ་གཉིས་ཀས་ལག་མི་ཐོགས་པས། ང་ཁྱིམདུ་སྡོད་པས་ཕན་པ་ཅི་ཡོད། དེ་ལས་ང་ཆེ་མགོ་དང་བཟང་མགོ་ཡིན་ན། རང་ལ་སྤྱད་རྒྱུ་ཡོང་ལེ། མི་ལ་ངོམས་རྒྱུ་ཡོད་ལེ་༌། བཤད་མཚམས་དེར་སླེབས་དུས་མིད་པ་འཆིལ་མས་འགགས་ཏེ་གདོང་དམར་རྐྱང་དུ་གྱུར་ནས་མིག་གཉིས་རིལ་རིལ་དུ་སྐོར་ཞིང་ཕ་བསོད་ནམས་ལ་བལྟས། ཕས་ ཨ་ཕའི་ནོར་བུ། ཨ་ཕའི་རེ་བ་ལ་གཅིག་མ་གཏོགས་གཉིས་མེད། ཡིན་ནའང་ཁྱོད་རང་གི་བློ་སྣ་ཨ་ཕས་བཟློག་མ་ཐུབ་ན། ནང་གི་ཡོ་བྱད་ཅི་ཡོད་བུ་ཁྱོད་ཀྱིས་སྒྱཻ་ནང་ལག་བཅུག་རེད་མ་གཏོགས་སྒྱེ་རྒྱབ་ལག་ཉུག་མ་རེད

བུས༌། རེ་བ་་་་ཧིན། ང་གསོན་ན་མི་ཚང་ཕ་གི་མི་རེད།  ཤི་ན་མི་ཚང་ཕ་གི་འདྲེ་ཡིན། ཕ་སྤྲང་དྲི་བྲོ་ན་བུ་ལ་ངན། བ་རྔ་མ་རིང་ན་དཔྱིད་ཀར་ངན། ཟེར་ལེ་དེ་ངོ་མ་རེད། ང་རྐྱང་པ་སྐྱེན་མདའ་རེ་མི་ཚང་ཕ་གིན་ནང་ལ་འགྲོ་དགོས་ན་ངོ་ཚ་ས་མི་འདུག་གམ། 

ཞེས་བཤད་ཞོར་ཕ་བསོད་ནམས་ཚང་གི་ཁང་སྟེང་དར་ལྕོག་མན་ཆད་དང་སྒོ་རྩའི་ཁྱི་ཀོ་ཡན་ཆད་ལ་བསྔོག་བཤེར་གྱིས་ཉེ་མཁོ་ཡོ་བྱད་འགའ་ཞིག་རྙེད་པ་རྣམས་ཨམ་ཕྲག་ཏུ་བཅུག་སྟེ། རྐུབ་བརྡབ་བརྡབ་བྱས་ནས་ཕྱི་བལྟས་ཙམ་ཡང་མི་བྱེད་པར་མི་ཚང་ཕ་གིན་དེའི་ནང་འཛུལ། ཟླ་བ་ཁ་ཤས་ཙམ་ལས་མ་འགོར་བར་བུ་འབྲིང་ངག་དབང་ཡང་གྲོང་སྡེ་ནང་གི་མི་ཚང་ཞིག་གི་ནང་ལ་ཕུ་བོའི་རྣམ་ཐར་ཆ་ཚང་བསྐྱངས་ནས་མག་པ་ལ་ཤོར། ཕ་བསོད་ནམས་ཀྱིས་ངུ་མཆིལ་མ་དང་དགོད་མཉེར་མས་སྐྱིད་སྡུག་གི་བསླབ་བྱ་ཇི་ལྟར་བྱས་ཀྱང༌། ཆོས་ལམ་རིམ་ཉན་ཞིང་ང་རྒྱལ་ཇེ་ཆེ། རྡོ་གྱོང་ཟི་ཟ་ཞིང་ནད་པ་ཇེ་ཐུ། ཕའི་བསླབ་བྱ་གོ་ཞིང་བུ་རྒྱུད་ཇེ་སྡུག་ཏུ་གྱུར་པས་ག་ལ་ཉན། མཐའ་ན་ཐབ་ཐོག་གི་ཧ་ཡང་ཚུན་ཆད་མི་ཚང་དེ་གས་ཧབ་ཐོབ་ཀྱིས་ཁྱེར། མི་རིང་བར་ཕུ་བོ་གཉིས་ཀྱི་འགོས་ནད་དེ་བུ་ཆུང་བ་དཔལ་ལྡན་ལ་ཕོགས་ཏེ། ཕ་བསོད་ནམས་ཀྱིས་བསླབ་བྱ་ཇི་ཙམ་བྱས་ཀྱང༌། གཏམ་ཅི་བཤད་རྫ་རྒྱབ་ཆུ་བླུག ལས་ཅི་ལས་རྡོ་ཐོག་ཕུར་པ་རང་དུ་གྱུར་པས། བཅོས་ཐབས་དང་གཟུར་ཐབས་ཤིག་ག་ལ་ཡོད། ལྷ་བླ་མའི་ལུང་རྟགས་མ་ཞུས། རྩིས་མཁས་པས་གཟའ་སྐར་མ་བགྲངས་པར། ཁྱིམ་དང་ཁ་ཐག་ཉེ་བའི་ཉེ་ཤུལ་གྲོང་སྡེ་ན་མི་ཚང་གཅིག་གི་ནང་དུ་མག་པ་ལ་ཕྱིན། དེ་ནས་བཟུང་བུ་གསུམ་པོ་དེ་སྤྱང་ཀིའི་རྗེས་ལ་མདའ་དང། ཆུ་དོང་ནང་དུ་རྡོ་གཡུག་པ་ལྟར་ཁ་ཕྱིས་ལྟོས་དང་སྣ་ལྡོག་ལྟོས་མེད་པར་གྱུར། འོན་ཀྱང་བུ་གསུམ་པོ་སོ་སོའི་ངོས་ནས་བཤད་ན། རང་རང་གི་བཟའ་ཟླའི་འོག་དབང་མི་ལག་དང༌། སྐྲ་ཤིང་ལག་ཏུ་གྱུར་ཏེ། བཟའ་ཟླས་ཅི་ཟེར་ཟེར་དང༌། གང་བཤད་བཤད་ཡིན་པས། རྒྱུགས་ཟེར་ན་དམྱལ་པའི་འཕྲང་ལ་རྒྱུག། རྒྱོབ་ཟེར་ན་ཨ་ཕའི་མགོ་ལ་རྒྱག་རྒྱུར་ཐེ་ཚོམ་མེད། ཕ་བསོད་ནམས་ཀྱི་ཁྱིམ་དུ་ས་ཐབ་སྟེང་དུ་རྫ་སྣོད་བཙུགས། ཟས་སྐྱ་གོག་དང་གོས་སློག་ཧྲུལ། དུ་བ་མི་ཆད་ཙམ་དང་ཐབ་མ་ལོག་ཙམ་གྱིས་འཚོ་སྡོད་བྱེད་དགོས་བྱུང་ཞིང༌། ཕ་བསོད་ནམས་ནི་འདས་ཟིན་པའི་མི་ཚེ་ནང་དཀའ་ལས་སྐྱིད་སྡུག་གི་ནམ་ཟླའི་ཁྲོད་ནས་བུ་རྒྱུད་རྣམས་ཀྱི་མདུན་ལམ་ལ་འཕངས་པའི་རེ་བ་དང་ཕུག་བསམ་གྱི་མིག་ཞགས་རྣམས། སླར་ཡང་དྲན་པའི་མེ་ལོང་ངོས་སུ་ཁྲ་ལམ་མེར་ཤར་ཏེ། སྐྱོ་གདུང་དང་འགྱོད་གདུང་གིས་དགུང་ཨ་སྔོན་གནམ་གྱི་ཆར་ཐག་ཆད་ཀྱང་མིག་ཆུ་ཐིག་པའི་སྐམ་ཐག་མི་ཆད་པར་བསྡད། ཞིབ་ཏུ་གཟིགས་ན་ཀློག་པ་པོ་ཁྱོད་ཀྱང་ཕ་བསོད་ནམས་ཀྱི་སྐྱོ་གདུང་ལ་གདུང་སེམས་མཉམ་སྐྱོད་ཀྱི་མིག་ཆུ་ཞིག་ངེས་པར་དུ་ཤོར་སྲིད། བུ་མོ་བསྟན་འཛིན་དབང་མོའི་གཤིས་སྤྱོད་ནི་ཕུ་བོ་གསུམ་ལས་རྦད་དེ་གོ་ལྡོག་སྟེ། ཕ་བསོད་ནམས་ལ་གོ་ཁའི་བུད་གཡོག་དང་སྒོ་རྩའི་འདོགས་ཁྱི་བཞིན་ཕ་ཁྱིམ་དུ་སྡོད་ནས་ཕ་ལ་ཉལ་ས་གོས་སྐོན་དང༌། ཁ་འཇམ་ཚིག་སྙན། མ་ཟད་སྡེ་པའི་བུ་བུ་མོ་རྣམས་དང་རྣམ་གཡེང་གི་རྩེད་མོ་རྩེ་བའི་ལོང་སྐད་ཅིག་ཙམ་ཡང་མེད་པར། ཕྱི་ལས་ཕོ་དང་འདྲ་འདྲ། ནང་ལས་མོ་དང་མཉམ་མཉམ། མི་ཞིང་ལ་མི་གླ་དང་རང་ཞིང་ལ་རང་ལས་ཀྱིས་ཇི་མི་སྙམ་པའི་དཀའ་ལས་སྐྱིད་སྡུག་ཅིག་བརྒྱབ་པས། ད་གཟོད་སླར་ཡང་དགུན་གསུམ་གྲང་ལྷགས་ལས་སྐྱོབ་པའི་གྱོན་གོས་དང༌། དབྱར་གསུམ་དཀྲེས་སྡུག་ལས་སྲུང་བའི་འབྲུ་ལྷག་གང་འཚམ་ཞིག་བསགས་ཐུབ་པར་བྱུང༌། ད་དུང་ཁོ་མོ་གཟུགས་སྐྱེ་ལུས་དང༌། ཁ་ཁོག་པ། བློ་རིག་པ་སོགས་གང་ས་ཅི་ཐད་ནས་གྲོང་པའི་བུ་མོ་ཀུན་གྱི་གཙུག་རྒྱན་ལྟར་གྱུར། བགྲང་བྱའི་ཡོལ་བ་ནི་ཆོས་ལ་བྱང་བའི་ཨ་མཆོད་ཀྱིས་ཤོག་ལྟེ་སྒྱུར་བ་ལྟར་མྱུར་བས་ད་གཟོད་ཕ་བསོད་ནམས་ཀྱིས་འཇིགས་རྟེན་ཕྱི་མའི་ཡུལ་དུ་འགྲོ་བའི་ལམ་རྒྱག་ཅིག་དགོས་པར་དྲན་ནས། གྲོང་དེ་གའི་བྱང་ཆུབ་མཆོད་རྟེན་ལ་ཕྱག་སྐོར་གང་མང་བྱས་སྟབས། སྔར་སྡེ་བ་རི་མདུན་ཚང་གི་འུ་ལག་རྒྱུགས་སྐབས་བཞག་པའི་གློ་བའི་ནད་གཞི་ཚབས་ཆེན་ཞིག་ཡོད་པ་དེ་ཇེ་འཕར་དུ་སོང་སྟེ། གློ་བའི་ཁུམ་སྒྲ་ཝ་མོ་བརྒྱལ་བརྒྱལ། ལུད་པའི་ཁྲག་བརྣག་བྱི་ལ་སྐུག་སྐྱུག་གིས་མཐར་མལ་ས་ལ་ལུས། བུ་མོས་སེམས་གདུང་ཆེན་པོའི་ངང་ནས་དར་ཙེ་མདོར་སྨན་པ་ཀུན་དགའ་རིན་ཆེན་སར་ཁྲིད་དེ་གཟའ་འཁོར་འགའ་ཕྱིན་རྗེས་ཅུང་ཟད་དྲག་སྐྱེད་བྱུང་ནའང༌། ད་དུང་ནད་གཞི་དུག་གི་སྡོངཔོའི་བར་ཐག་ནས་རྩ་བཀོག་བཟོ་ཐུབ་ན་བསམ་སྟེ་ཨུ་ཚུགས་ཀྱིས་སླར་ཡང་སྨན་པ་དེ་ཉིད་ལ་བསྟེན་ཕྱིར་དུ་དར་མདོ་ལ་བསྡད། དར་ཙེ་མདོ་ནི་རི་གསུམ་གྱི་འདུས་མདོ་ན་ཡོད་པའི་ལུང་པ་ཇི་ཙམ་གུ་དོགས་པོ་ཞིག་ཡིན་ནའང་བོད་ཀྱི་འགྲུལ་ལམ་དང་ཁམས་པའི་ཚོང་པ་ཕལ་ཆེར་གྱིས་ཚོང་གི་འདུ་ལོང་བྱེད་ས་ལྟེ་བ་ཞིག་མ་རེད་དམ། དེ་ནི་འདི་ལྟར། རི་རྩེ་ཁ་བའི་ཞྭ་དཀར་གྱོན་ཞིང་སྤྲིན་གྱི་ཞྭ་ལུང་རླུང་གིས་བསྐྱོད། ། རྐང་འཐུང་འཁྲིགས་པའི་ནགས་ཀླུང་གསེབ་ནས་འདབ་ཆགས་རྣམས་ཀྱིས་གླུ་དབྱངས་ལེན།། ལྷུང་ལྷུང་འབབ་པའི་གཙང་རྒྱན་ཆུ་ལ་གསེར་མིག་ཉ་མོ་འཁྱུག་ཅིང་རྩེན།། མཛེས་སྡུག་རི་གསུམ་ལུང་པའི་མདོ་དེར་ཁམས་པའི་ཚོང་བ་ཕལ་ཆེར་འདུས།། སྨན་ཁང་ནི་ཁྲོམ་གཞུང་རྒྱུད་ནས་འགྲོ་དགོས་པའི་ལམ་སྣེ་ཞིག་ཏུ་ཡོད། བུ་མོས་ཕ་བསོད་ནམས་ཁྲིད་ནས་ག་ལེརའགྲོ་བཞིན་པར། ཁྲོམ་བཏེགས་ཤིག་གི་མདུན་ནས་ཕོ་གསར་ཞིག་འགྲེང་སྟེ་ཡོད་པ་དེ་ནི་འདི་ལྟར་སྣང༌། གཟུགས་སྟོབས་ལྡན་ཞིང་བརྗིད་པའི་ཉམས་ལ་བྲང་ཞིང་ཆེ། ། ངོ་གཞི་གོར་ལ་དམར་མདངས་ལྡན་ཞིང་ཨ་ར་ཅུང་ཟད་ཡོད། ། སྟོད་དུ་གོས་ཆེན་རྒྱ་སྨུག་གཡོག་པའི་ཚ་རུའི་སྟོད་ཐུང་དང༌། ། སྨད་དུ་ལྗོང་ཁུའི་མདོག་ཅན་ཐེ་མའི་རྐང་སྣམ་འོད་དང་ལྡན། ། སྨུག་རྩི་བྱུག་པའི་འཇུ་རྟ་ཡུ་འབྲིང་ཆ་ཅིག་གྱོན།། འཇའ་ཙིའི་ཕྱི་བར་ཁམས་ལུགས་སྐ་རགས་ལྷུག་ལྷུག་བཅིངས།། ཕུ་དུང་ཡ་གཅིག་ཕྲག་པར་གཟར་ཞིང་ཡ་གཅིག་ཐུར་ལ་དཔྱང༌།། གཡང་ཊིའི་ཊི་སྐོར་མངོན་པར་མཛེས་པའི་སྐྲ་ཡི་སྣེར།། སྟོང་སྐུད་དམར་པོའི་ཕོན་འཛར་ཅན་གྱི་སྐྲ་ཕོན་ནི།། མགོ་ལ་ལྷུག་ལྷུག་བཅིངས་པའི་སྣེ་མོ་རྣ་བ་གཡོན་ནས་འཕྱངས།། ཁྲོམ་བཏེགས་སྟེང་དུ་རིན་ལྡན་ཚོང་ཟོག་སྣ་མང་སྤུངས།། ན་གཞོན་ཚོང་པ་དེ་ནི་བསོད་ནམས་ཅན་ཞིག་མ་རེད་དམ།། ཕོ་གསར་དེ་ཀློག་པ་པོ་ཁྱེད་ཀྱིས་ངོ་མི་ཤེས། ཁོང་ནི་མདོ་རོང་ཝ་ཤུལ་ཚང་བསྟན་པ་རྒྱལ་མཚན་རེད། ཕོ་གསར་དེས་བུ་མོ་བསྟན་འཛིན་དབང་མོ་མཐོང་ཙམ་ནས་ལྷུན་ཆགས་བརྗིད་པའི་བློ་གྲོས་དེ་སྐད་ཅིག་མ་གཅིག་གི་ནང་བྱ་སྤུ་ལྟར་བསྟན་འཛིན་དབང་མོའི་རྗེས་སུ་བསྙེགས་ཏེ། གཡོ་མེད་ཀྱི་ཏིང་འཛིན་མིག་ཟུང་ལ་ཞུགས། པདྨའི་བཞིན་རས་ལ་གཡོ་ལྡན་བུང་བའི་འདྲེན་བྱེད་ཅན། ཆུ་དར་གྱི་འོ་འཇུག་སྔོན་པོ་ལ་འབུར་ཞིང་མཁྲང་བའི་འོ་འཛིན་གྱི་ངང་མོ་ཟུང་གཅིག་ལིང་ལིང་དུ་རྩེན། སྒེག་ལྡེམ་གྱི་ལུས་ཁམས་ནི་སྨྱུགས་མའི་འཁྲི་ཤིང་ལྟར། ཕྲ་ལ་དྲང་ཞིང་རྒྱས་པ༌། གནག་སྣུམ་སྐྲ་ཡི་ལན་བུར་རྒྱབ་དུ་འཕྱང་བ་ལ་དམིགས་པའི་ཤིན་སྦྱངས་ཀྱི་བདེ་བ་ལ་རོལ། འོན་ཀྱང་བུ་མོ་བསྟན་འཛིན་དབང་མོ་ནི་དཀའ་སྡུག་དང་བཀྲེས་སྡུག འཁྱག་སྡུག་ནང་གི་འཐབ་འཛིངས་པ་ཞིག་ཡིན་པར་མ་ཟད། ཕ་བསོད་ནམས་ཀྱི་ནད་མནར་ལ་གདུང་སེམས་མཉམ་བསྐྱེད་བྱེད་བཞིན་ཡོད་པའི་བུ་མོ་ཞིག་ཡིན་པས་མཐའ་ན་གདོང་ལ་ཆུ་ཙམ་ཡང་བརྒྱབས་མེད་ན། སླས་མ་སོ་མངས་ཀྱིས་གཤད་པ་དང༌། གྱོན་ཆས་གསར་པ་དེ་ལས་ཀྱང་ག་ན་གོན་ཡོད། ཁྲོམ་སྟེགས་དེའི་སྟེང་ཆེ་ཆུང་རན་པའི་དངུལ་དཀར་གྱི་འཁོར་ལོ་ཞིག་ཡོད་དེ་ཕ་བསོད་ནམས་ལ་ཉོ་དགོས་བསམ་སྟེ། ཟུར་མིག་གཡོ་ཙམ་གྱིས་ ལག་འཁོར་འདི་ལ་གོང་ཚད་ཇི་ཙམ་དགོས་རེད་ དྲིས། ཚོང་པ་དེས། ལགས། བུ་མོ་རྩེད་མོ་ཡིན་ནམ་དངོས་གནས་ཡིན། ཁྲོམ་ར་ཆེན་པོའི་ནང་མི་ཉོ་ཁ་ཉོ་མང་པོ་ཡོད་པ་རེད། ཁྱོད་རང་གི་བཟོ་ལ་བལྟས་ནའང་ཕལ་ཆེར་མི་ཉོ་ཁ་ཉོ་ཡིན་སྲིད། གཅིག་བྱས་ན་ཁམ་སྡོང་མིསྐྱེ་དགུ་སྐྱེ། བུ་མོས་མི་དྲི་དགུ་དྲི། ཟེར་བའི་དཔེ་དེ་ཡིན་སྲིད། ཧི་ཧི་་་་༌། དགོད་སྒྲ་དེ་བུ་མོ་བསྟན་འཛིན་དབང་མོས་ཐོས་མ་ཐག་ཚོང་པ་དེའི་ངོ་ལ་མིག་ཞགས་ཤིག་འཕངས་པས། ཚོང་པ་དེའི་སེམས་ནང་གི་ཐལ་འཚུབ་ཆ་ཚང་དམར་ཤར་རེ་མེ་ལོང་ནང་དུ་གཟུགས་བརྙན་ལྟར་གདོང་རིས་སུ་ཤར་ཡོད་པ་མཐོང་མཚམས། བུ་མོ་དེ་ལ་ངོ་ཚ། ཕ་རྒན་ལ་ཞེ་ཁྲེལ་ཏེ། མིན་་་་མིན། དེ་རིང་ཉོ་གི་མིན། ཟེར་བཞིན་མགོ་ཌལ་རུ་དཀྲོལ་དཀྲོལ། སྐྲ་བ་རྔ་གཡུག་གཡུག་བྱས་ནས་བྲེལ་འཚུབས་ཀྱིས་གོམ་སྟབས་ཁ་ཤས་སྔོན་ལ་བསྒྱུར། ཚོང་པ་དེས་འཛུབ་མོ་ཀེར་ཀེར་གྱིས། བུ་མོ། ངས་རྩེད་མོ་ཡིན། ཁྱོད་རང་ལག་འཁོར་ཉོ་ན་ངས་གོང་ཚོད་ཡག་པོ་ལབ་ཆོག ཕ་མ་མིན་ཚད་ཚོང་སྒྲིག རྩིབ་མ་མིན་ཚད་ལྷུར་སྒྲིག་ཆོག་གི་རེད། ཅེས་བོས་ཀྱང། བུ་མོས མིན་་་་མིན། ཟེར་ཞིང་ཁ་ཕྱིར་ཙམ་ཡང་མ་སློག་པར་མདུན་དུ་བསྐྱོད་པས། ཚོང་པ་དེས། དེ་ཙམ་གྱིས་སྤྲོ་ལངས་སོང༌། གྲོང་གསེབ་པའི་བུ་མོ་ངོ་མ་རེད། ཟེར་གྱིན་མགོ་གཡུག་གཡུག་བྱེད་བཞིན་གད་མོ་ཤོར། བུ་མོའི་རྗེས་སུ་ངལ་དུལ་ཀྱིས་དབུགས་རིང་བརྩེགས་ནས་ཡོང་གིན་ཡོད་པའི་ཕ་བསོད་ནམས་ཀྱིས་ཟློས་གར་དང༌། གློག་བརྙན་ལ་ལྟ་བ་བཞིན་ཚུལ་དེ་དག་གསལ་ལེར་མཐོང་སྟེ། བུ་མོའི་མདུན་ལམ་དང་ལ་རྒྱ་ལ་རྒྱང་མིག་གི་ཚོད་དཔག་གདོང་ངོས་སུ་ཤར་ཏེ་འཛུམ་དམུལ་ལེ། འཁྱལ་འཁྱོལ་གྱི་གོམ་སྟབས་བུ་མོའི་ཕྱོགས་སུ་བསྒྱུར། བསྡུས་སྦྱོར་བྱེད་མི་དགོས་པར་ནད་བརྒྱ་སྨན་གཅིག་ནི་སྤྲོ་སྣང་གི་ཚོར་བ་དེ་རེད་ཅེས་པའི་གནའ་རབས་རྒན་པོའི་ངག་རྒྱུན་དེ་བདེན་པ་བདེན་རྐྱང་ལོས་ཡིན། ཕ་བསོད་ནམས་ཀྱང་ཚོར་སྣང་དེའི་རྐྱེན་པས་དེ་ནས་བཟུང་ཧ་ལམ་ནད་གཞི་མི་མངོན་པ་ལྟ་བུར་གྱུར། འོན་ཀྱང་སོས་དྲག་གི་རྣམ་འགྱུར་ཆ་ཚང་ཞིག་བསྟན་ན་ཁོང་གཉིས་མི་ཉག་བེ་སོ་གྲོང་རང་ཁྱིམ་དུ་ལོག་རྒྱུ་མ་གཏོགས་དར་མདོ་ལ་སྡོད་དགོས་དོན་ཅི་ཡོད། ཕ་བདེ་ཆེན་གྱིས་དེ་ལྟར་བསམ་བཞིན། ཡ་་་་ད་དུང་ཉིན་འགའ་ཞིག་དར་མདོ་ལ་སྨན་བཅོས་བྱས་ནས་བསྡད་ན་ངོ་མ་ཕན་པོ་འདུག ཅེས་བཤད། བུ་མོས་ཕ་བསོད་ནམས་ཀྱི་བསམ་པའི་ངོས་ཅི་ཤར་ཡོད་ག་ལ་ཤེས། དོན་སྙིང་ཕ་བསོད་ནམས་དར་མདོ་ལ་ད་དུང་ཉིན་འགའ་སྡོད་པའི་དམིགས་ཡུལ་གང་ཡིན་ངས་མ་བཤད་ཀྱང་ཀློག་པ་པོ་ཁྱོད་ཀྱིས་མཁྱེན་ཐུབ་ངེས་ཡིན། ཕྱི་ཉིན་ཕ་བསོད་ནམས་དགྱེས་ཉམས་དང་བཅས། བུ་མོ། ཨ་ཕའི་ནོར་བུ། དེ་རིང་ཁྱོད་ཇ་སྐོལ་ནས་ནང་ལ་ལྷོད་ལྷོད་སྡོད། ཨ་ཕ་ཁྲོམ་ལ་ལྟད་མོ་བལྟ་ས་ཞིག་འགྲོ་ནས་མགྱོག་པར་ལོག་ཡོང༌། ཨ་ཕས་དེ་ལྟར་བཤད་ནས་ཁྲོམ་ལ་ཕྱིན། ཁ་རྩང་གི་ཕོ་གསར་དེས་ཕ་བསོད་ནམས་མཐོང་བ་དང་འདི་ནི་ཕལ་ཆེར་ཁ་རྩང་གི་བུ་མོ་དེའི་ཨ་ཕ་རེད། ཁོང་དང་གཏམ་ཚིག་གསུམ་བཤད་ན་ངོ་ཞིག་འཕྲོད། །རྐང་གོམ་གསུམ་སྤོས་ན་དོན་ཞིག་འགྲུབ་རྒྱུ་རེད། བསམས་ནས། ཡ་་་་རྒན་པོ། ཅི་ཉོ་རྩིས་ཡོད། ལགས་ཅི་ཡོང་ཉོ་རྩིས་མེད། འོན་ཀྱང་དངུལ་འཁོར་དེ་ལ་གོང་ག་ཚོད་ཡིན། དངུལ་འཁོར་ཨེ་ཡིན། འདི་ཁ་རྩང་བུ་མོ་ཁ་མཚར་མོ་སྒོ་ལེགས་པོ་ཞིག་གིས་ཉོ་རྩིས་བྱས་སོང༌། འདི་མ་གཏོགས་མེད། ཨ་ལེ། དེ་ངའི་བུ་མོ་རེད། ཡ་་་ཁྱོད་ཕ་དང་བུ་མོ་གཉིས་ཀ་ལག་འཁོར་འདི་སྣང་བ་འགྲོ་འདུག གོང་ཚད་ཁྱོད་རང་འདོད་པ་ལྟར་བཟོ་ཆོག ང་གཉིས་ཚོང་ཐེངས་གཅིག་རྒྱག་པའི་ཚོང་ཤག གཏམ་ཐེངས་གཅིག་བཤད་པའི་གནའ་ཤག་ཅིག་བྱེད་ན་ཕོ་རབ་ཀྱི་འགྲོ་ལུགས་མ་རེད་དམ། ལགས་་་་ཚོང་དཔོན། ངས་དངུལ་ཁུར་མེད། སང་ཉིན་གནངས་ཉིན་ཉོ་ས་ཡོང་གི་ཡིན། དེ་དུས་ང་གཉིས་ཚོང་ཤག་དང་གནའ་ཤག་བཟོ་ཆོག རྒན་པོ་་་་་དེ་འདྲའི་གུ་དོགས་པོ་དགོས་པ་མ་རེད། ལག་འཁོར་འདི་ཁུར་སོང༌། རིན་པ་བསྐྱལ་ས་རྗེས་མར་ཁྱོད་ཡོང་མ་ཐུབ་ན་བུ་མོ་ཐོང་ཤོག གལ་སྲིད་ཡོང་མ་ཐུབ་ན་ང་རང་ག་ལེར་ལེན་མཁན་འོང་ཆོག མིན་་༌། དེ་རིང་མིན། སང་ཉིན་ང་རང་ཡོང་མ་ཐུུུབ་ན་བུ་མོ་གཏོང་ཡོང༌། དེ་དུས་དངུལ་ཕར་སྤྲོད། ཟོང་ཚུར་ལེན་བཟོ་ན་འགྲོ་ལུགས་དང་མཐུན་རྒྱུ་རེད།ཕ་བསོད་ནམས་བཤད་མཚམས་དེར་བཞག་ནས་འགྲོ་གྲབས་བྱས། ཚོང་དཔོན་དེས་བྲེལ་འཚུབས་ཀྱིས། རྒན་པོ། ཁྱོད་བྲེལ་བ་མ་གནང་དང༌། བརྒྱད་ཅུ་རྒན་པོའི་ཉམས་མྱོང་དེ། རིན་ཆེན་གསེར་གྱིས་ཁུག་ལེ་མིན། དེ་རིང་ང་གཉིས་གཏམ་གྲུ་བཞིའི་རྒྱ་སྒོ་ཕྱེས་ཏེ་དལ་དལ་ཞིག་སྡོད། ལགས། ང་ནི་སྐྱིད་སྡུག་ལ་དགུ་ལུང་དགུ་ལ་གོམ་པ་རེ་རེ་བཞིན་སྤོས་ནས་འགྲོ་མྱོང་བའི་མི་རྒན་ཞིག་ངོ་མ་ཡིན། འོན་ཀྱང་ཕོ་ང་ལ་ཤེས་ཚོད་དང་མཇོན་ཚོད་ཅི་ཡང་མེད། འོ་ཙི། དེ་འདྲ་མ་གསུང༌། ཁྱོད་རང་གི་དབུ་ཐོད་ངོས་ཀྱི་རི་མོ་རེ་རེ་ལ་གསེར་སྲང་རེ་རེ་རིན། གདོང་ངོས་ཀྱི་གཉེར་མ་དེ་ཚོ་ཉམས་མྱོང་དང་ལྷན་ཅིག་ཏུ་བསགས་པ་ཞིག་མ་རེད་དམ། དེ་ལྟར་བཤད་གིན་བཤད་གིན་ཁྲོམ་སྟེགས་སྟེང་གི་ཚོང་ཟོག་རྣམས་བསྡུ་རུག་བྱས་ཏེ། ཚོང་དཔོན་དེའི་གནས་ཚང་ལ་གོམ་སྟབས་བསྒྱུར། ཁོང་གཉིས་ཇ་བསྲུབ་མ་འཐུང་ཞིང་འཐུང་ཞིང་གཏམ་གྱི་སྒོ་མོ་ཕྱེས། ཀློག་པ་པོ། ཁྱོད་ཀྱིས་ཚོང་དཔོན་དེས་ཕ་བསོད་ནམས་ལ་ཆང་རག་ཙམ་ཡང་མ་བླུགས་པ་ཅི་ཡིན་ནམ་དྲན་སྲིད་ཀྱང༌། དེ་ནི་མདོ་ཁམས་སྨད་ཀྱི་ཆར་བག་མ་བསུ་ལེན་སྐབས་སུ་རྟེན་འབྲེལ་མཚོན་བྱེད་ཙམ་དུ་མ་གཏོགས་ཆང་རག་གི་བསྟན་པ་དར་སྲོལ་ཤིན་ཏུ་ཆུང་བས་རེད། ཕ་བསོད་ནམས་ཀྱི་མི་ཚེ་ནང་བྱུང་བའི་བདེ་སྡུག་གི་རི་མོ་ཀྱག་ཀྱོག་མང་པོ་ཞིག་རྒྱ་བོད་ཧོར་གསུམ་གྱི་ཡི་གེ་མཉམ་དུ་བྲིས་པ་ལྟར་ཁྲ་ལམ་མེར་གདོང་རིས་སུ་ཤར་ཡོད་པ་དེ་ལ་ཞིབ་ཏུ་བལྟ་བཞིན། ཚོང་དཔོན་དེས་ཕ་བསོད་ནམས་ལ་སྐྱིད་སྡུག་གི་བྱུང་བ་འདྲི་མགོ་ཚུགས། རིམ་གྱིས་ཁོང་གཉིས་གཏམ་དང་སྐད་ཆ་ཕར་བཤད་ཚུན་བཤད་ཀྱིས་གཅིག་བློ་གཅིག་ལ་འཁེལ་ཏེ་རྡོག་དོན་སྙིང་པོ་བསྒྲིལ་མཐར་བུ་མོ་བསྟན་འཛིན་དབང་མོ་ཚོང་པ་དེ་ལ་གནའ་མ་སྤྲོད་ཐག་བཅད། ཕ་བསོད་ནམས་རང་གི་གནས་ཚང་ལ་ལོག་སྟེ། བུ་མོ་ལ་གནས་ཚུལ་ཆ་ཚང་བཤད་པས་བུ་མོ་སེམས་ཁྲལ་གྱིས་བརྒྱལ་ལ་ཁད་དུ་གྱུར་ནས། ཨ་ཕ། དེ་འདྲ་རྩ་བ་ནས་གནང་མི་ཉན། ཨ་ཕ་ཁྱོད་རང་ལ་ཆུ་ལེན་མེ་འབུད་དང་ན་གཡོག་ཤི་གཡོག་རྒྱུག་མཁན་སུ་ཡང་མེད་པར་སྡོད་ག་ལ་ཐུབ། རྒྱུས་མེད་ཀྱི་མི་ལ་བུ་མོ་སྤྲོད་པས་ཅི་ཕན།ཕས། ཨ་ཕའི་ནོར་བུ། དེ་འདྲ་མ་ཟེར། བུ་མོ་གནས་སར་གཏོང་བ་ཨ་ཕའི་ལས་འགན་རེད། ང་སྡུག་རྒན་ཞིག་འཇིག་རྟེན་འདིར་ལོ་ཁ་ཤས་ཤིག་སྡོད་རྒྱུའི་དོན་དུ་བུ་མོ་ཁྱོད་རང་གི་མི་ཚེའི་འགྲོ་སྟངས་བརླག་རྒྱུ་ག་ལ་ཡོད། ཉེ་ཡ་མཐོ་དགོས། ཚོང་ཡ་དམའ་དགོས། ད་རེས་ཁྱོད་རང་གནའ་མ་ལ་འགྲོ་ན་ཨ་ཕར་དྲིན་ལན་དེ་གས་འགྲིགས་པ་ཡིན། བླ་མས་ཅི་གསུང་བཀའ་སྒྲུབ་དེ། །སློབ་མའི་ནང་གི་དྲག་ཤས་ཡིན། །ཕ་མས་ཅི་གསུང་བཀའ་སྒྲུབ་དེ། །བུ་རྒྱུད་ནང་གི་དྲག་ཤས་ཡིན། །ཨ་ཕའི་བསླབ་བྱའི་མཐའ་མ་ཡིན། ། ཞེས་ལྡོག་མེད་ཀྱི་ཨུ་ཚུགས་ནན་ཏན་བྱས་པར། བུ་མོ་བསྟན་འཛིན་དབང་མོས་ཀ་རེ་ཀོ་རེ་ཅི་ཡང་བཤད་ས་མ་རྙེད་པར། བྱམས་བརྩེ་ལྡན་པའི་ཕ་བསོད་ནམས་དང་ཁ་བྲལ་མི་ཐུབ་བཞིན་དུ་མདོ་རོང་ཝ་ཤུལ་ཚང་བསྟན་པ་རྒྱལ་མཚན་དང་གཉེན་བསྒྲིགས་བྱས། ཕ་བསོད་ནམས་ནི་དར་ཙེ་མདོ་ནས་འཁྱར་འཁྱོར་གྱི་གོམ་པ་གང་རེ་གང་རེ་སྤོས་ཏེ་མི་ཉག་ར་བ་སྒང་གི་ཉེ་འགྲམ་བེ་སོ་གྲོང་སྡེའི་རང་ཁྱིམ་དུ་ལོག་ནས། བུ་མོའི་ལ་རྒྱ་ལ་བློ་བདེ་བའི་དགའ་སྐྱོ་ཟུང་དུ་སྡེབ་ཅིང་འཇིག་རྟེན་ཕྱི་མའི་ལམ་ཁྱེར་དུ། ཁ་ཁ་རོག་མ་སྡོད་མ་ཎི་འདོན། ལག་རུམ་ནང་མ་འཇུག་ཕྲེང་བ་གྲོངས། ཞེས་པའི་གནའ་རབས་རྒན་པོའི་ལུང་རྒྱུན་དེ་ཉམས་སུ་བླངས་ཏེ། ཁ་དལ་མེད་མ་ཎི་དང་སྐྱབས་འགྲོ། ལག་དལ་མེད་འཁོར་ལོ་དང་ཕྲེང་བ་ཐོགས་ནས་ཉིན་མཚན་འདའ། དུས་ཀྱི་འགྱུར་འགྲོས་ནི་བྲག་ཐོག་ནས་འཕྱར་བའི་རྒྱུག་ཆུ་ལྟར་སྐད་ཅིག་ཀྱང་མི་སྡོད་པར་ཐུར་ནས་ཐུར་དུ་རྒྱུག་པ་དེ་དང་ཆབས་གཅིག་ཕ་བསོད་ནམས་ཀྱི་ལང་ཚོའི་དབང་པོ་ཡང་གུད་ནས་གུད་དུ་ཕྱིན་པ་ནི་འདི་ལྟར། དུང་ལྟར་དཀར་བའི་སྐྲ་ལོ་རྣམས་ནི་གྱེན་དུ་བརྫེས།། གཡུ་ལྟར་སྔོ་བའི་མིག་འབྲས་གཉིས་ཀ་ཀོང་བུར་ལྷུང༌།། སོ་ཕྲེང་རྣམས་ནི་རྙི་ཐག་ཆད་པའི་བྱ་བཞིན་ཡལ།། གདོང་གི་གཉེར་མ་ས་ཁྲ་ཇི་བཞིན་ཀྱག་ཀྱོག་མང༌།། སྐམ་ཞིང་རིད་པའི་ལུས་ནི་དགུན་གྱི་སྡོང་རྒན་ལྟར།། འབྱུང་བཞི་འཐབ་པའི་ནད་ཀྱི་རྒྱ་མཚོར་ལྷུང་ན་ཡང༌།། སྐྱོབ་མཁན་མེད་པའི་ནད་པ་བསོད་ནམས་བདེ་ཆེན་དེ།། ཀྱེ་མ་མཆི་བདག་ཞགས་པས་ཐེབས་པ་སུ་ཡིས་ཤེས།། ཉེ་བའི་ཁྱིམ་མཚེས་འགའ་ཞིག་གིས་ཆུ་ལེན་མེ་འབུད་སོགས་ཀྱི་རོགས་པ་བྱས་ཏེ་ལྟོ་མི་བཀྲེས་ཙམ་དང་ཁ་མི་སྐོམ་ཙམ་བྱུང་མོད། འོན་ཀྱང་གྲོང་སྡེ་ནང་ཡོད་པའི་བུ་གཉིས་དང་ཉེ་ཤུལ་གྲོང་ཚོ་ནང་ཡོད་པའི་བུ་ཆུང་བ་གསུམ་ཀས་ཕ་ཁྱིམ་ལ་མིག་ཞགས་ཙམ་ཡང་མི་འཕེན་ན་ཕ་ལ་སྨན་བཅོས་རིམ་གྲོ་ཞིག་དེ་བས་ག་ལ་བྱེད། སྟབས་ལེགས་པ་ཞིག་ལ་བུ་མོ་བསྟན་འཛིན་དབང་མོ་ཕ་ལ་གཏུགས་ས་ཡོང་པའི་སྐབས་དང་འཕྲོད་དེ་ནང་དུ་འཛུལ་བ་ན། ཕ་བསོད་ནམས་ནི་སྐྲ་དཀར་ཞིང་ལུས་རིང་ལ་མདངས་ཉམས་པ། མིག་གཉིས་ཀོང་བུར་ལྷུང་སྟེ་ཤིན་ཏུ་ཉམས་ང་བའི་ངང་མལ་སར་ཉལ་ཡོད་པ་མཐོང་མཚམས། ཨ་ཕ་ཞེས་འབོད་བཞིན་སྐེ་ལ་འཐམས། ཕ་དང་བུ་མོ་གཉིས་དགའ་སྐྱོ་གཉིས་འབྲེལ་གྱིས་མིག་ཆུ་ཤར་ཤར་དལ་གཅིག་ལུས། ཕྱི་ཉིན་ནས་བུ་མོས་ར་རྔ་ཁ་བོད་སྨན་པ་རིན་ཆེན་བཟང་པོ་སར་འཁྲིད་དེ་སྨན་བཅོས་བྱས་པས་ནད་གཞི་རིམ་གྱིས་ཇེ་བདེ་རུ་ཕྱིན། འོན་ཀྱང་བུ་མོ་བཟའ་ཟླའི་དབང་ཆའི་འོག་ཕ་ཁྱིམ་ལ་ཉིན་བཅོ་ལྔ་ལས་བསྡད་པའི་དུས་ཚོད་སྤྲད་མེད། བུ་མོས་ཕུ་བོ་རྣམས་ཕ་དང་ཁ་ཐག་འདི་འདྲ་ཉེ་བཞིན་དུ་ད་དུང་ཕ་ལ་ལྟ་ཕྱོགས་ཙམ་ཡང་མི་བྱེད་པར་བསམས་ནས་ཁོང་ཁྲོ་ཤིན་ཏུ་ལངས་ཏེ། ཤར་རེ་བུ་ཆེ་བའི་མི་ཚང་ནང་དུ་སྒོ་འཛུལ་བརྒྱབ་སྟེ། ཝ་ཡེ། གཅེན་པོ་རིན་ཆེན། ཁྱོད་ངོ་ཚ་རྒྱུ་མི་འདུག་གམ། ཕ་ན་ན་ནད་བདག་དང༌། ཤི་ན་རོ་བདག་མེད་པར་འདི་འདྲ་བྱས་ནས་གཡུགས་ན་གྲོང་སྡེ་ནང་ངོ་བསྟན་ནས་འགྲོ་ཨེ་ཕོད། མི་ངོ་ཚ་མེད་ན་ཁྱི་རེད། ཁྱི་མཇུག་མ་མེད་ན་འདྲེ་ཡིན། ཞེས་ངུ་འཛིངས་བྱས་པས། རིན་ཆེན་ཕྱི་ལ་ཐོན་ཏེ། ཨའ་་་་་༌། ནད་བདག་རོ་བདག་བཟོ་ཐུབ་མཁན་ཡིན་ན་བཟོས་དང་བཟོ་ཆོག་ལེ་རེད། ཕ་མའི་བུ་རྒྱུད་ཡིན་ལེ་འདྲ་འདྲ་རེད། མི་ལ་ངོ་ཚ་ཕུད་མཁན་དེ། རང་ལ་ཁྲེལ་རྒྱུ་ཡོད་ལེ་ཞིག་དགོས་པ་ཧ་ཨེ་གོ ཕ་ཚོང་པས་ཚོང་ཁྱི་གཡུགས་སྟངས་བྱས་ནས་དར་ཙེ་མདོར་སྡོད་མཁན་དེ་ཁྱོད་རེད་དང་ང་རེད། ་་་་ ་་་ རྫོགས་མཐའ་མེད་པའི་ཚིག་མཚོན་གྱི་གཏམ་སྙོག་ལུང་པ་གང་བཤད་བྱུང་བས། བུ་མོ་བསྟན་འཛིན་དབང་མོ་ཅི་བྱར་མེད་པ་སྦྲང་བུ་རླུང་གིས་དེད་པ་ལྟར་བུ་འབྲིང་བ་ངག་དབང་གི་ཁྱིམ་དུ་རྒྱུག་ནས། ཝ་ཡེ། གཅེན་པོ་ངག་དབང། ཞེས་འབོད། ངག་དབང་གིས། ཨོའོ༌། ཟེར་བཞིན་ཕྱི་ལ་བུད་པ་དང། གཅེན་པོ་ངག་དབང། ཕ་ཤི་དུས་ཁྱི་རོ་གཡུགས་སྟངས་བཟོ་རྒྱུ་ཨེ་ཡིན། བུ་ཕ་ལ་སྡང་ན་དགྲ་ཡིན། དགྲ་བུ་ལ་བྱམས་ན་ཕ་ཡིན། ཟེར་ལེ་དེ་གོ་ཨེ་མྱོང༌། ངག་དབང་གིས་ ཧིན་ཧིན། བྲག་ཕུག་ནང་གི་གླུ་ལེན་མཁན་དང། ཆར་ནག་ནང་དུ་ར་བཞོ་མཁན་གཉིས་ཨེ་འདྲ། ཕ་རྒན་ལ་ལྟ་རྟོགས་བཟོ་བསམ་ན་གྱིས་དང༌། ངས་ལྟད་མོ་བལྟ་ཡོང༌། མི་ལ་སྐོན་ཤེས་མི་དེ་རང་གིས་གོན་ཤེས་ལེ་ཞིག་དགོས་་་་་། ཚིག་རྩུབ་ཚེར་མ་ལས་རྣོ་བ་རྫོགས་རྒྱུ་མེད་པ་ཞིག་འཕངས་ཤིང༌། མཐའ་ན་ཡར་ཤོག ཇ་གང་འཐུང་ཞེས་ག་ན་ཟེར་དྲན། བུ་མོ་ཡིད་ཐང་ཆད་ནས་ཕ་ཁྱིམ་དུ་ཕྱིར་ལོག ཕྱི་ཉིན་བུ་ཆུང་བ་དཔལ་ལྡན་སར་ཆེད་མངགས་ཀྱིས་ཕ་རྒན་ན་ན་ནད་གཡོག་དང་ཤི་ན་རོ་གཡོག་གི་རེ་བ་བཅང་སར་སོང། གཅེན་པོ་དཔལ་ལྡན་གྱི་ནང་དུ་སླེབས་ནས། གཅེན་པོ། ང་ཚོའི་ཕ་རྒན་བཀའ་དྲིན་ཅན་དེར་གྲོངསྡེ་ནང་ཡོད་པའི་གཅེན་པོ་རྣམས་ཀྱིས་མིག་ཞགས་ཙམ་ཡང་འཕེན་ཤིང་མེད་ན་ལྟ་རྟོགས་དེ་བས་ཀྱང་ག་ལ་བྱེད། ཁ་རྩང་ན་ནས་ཤི་རྒྱུ་ལ་ཁ་ཐག་ཉེ་བོར་གྱུར་འདུག ད་རེས་ཅུང་ཟད་དྲག་སྐབས་ཡིན། ཁོ་མོ་ནི་ཉིན་བཅོ་ལྔ་ལས་སྡོད་པའི་དུས་ཚོད་མེད། ཟ་མ་མོ་ལུས་ལེན་པས་མི་ངོ་མི་སྲུང་ཀ་མེད་རེད། བུ་ལ་ཕ་དགོས། ཕ་ལ་གཡོག་དགོས། མི་ལ་མགོ་དགོས། མགོ་ལ་རྣ་བ་དགོས། ཟེར་ལ་དེ་གཅེན་པོ་ཁྱོད་ཀྱིས་གོ་མྱོང་རྒྱུ་རེད། ཕུ་བོ་ཁྱོད་རང་གིས་ཕ་ལ་ན་གཡོག་ཤི་གཡོག་གང་དྲག་གནང་རོགས། ཕུ་བོ་སྐུ་ཚེ་རིང༌། ཞེས་དཔལ་ལྡན་གྱི་ལག་པ་ལ་འཐམས་ནས་ངུས།

ཧོ་ཧོ། ཕ་རྒན་ལ་བལྟ་རྒྱུ་ཕ་རའི་སྤང་ཁ་རེད། ཨ་རོ། བཅོ་ལྔའི་མཆོད་པ་ཕར་ཟད་རེད། རང་མགོ་ཐོན་ལ་ལྷ་རྒྱལ་རེད། ཟེར་ལེ་དེ་ཨེ་གོ། ཕ་ལ་བལྟ་རྒྱུ་ཕར་ཟད་རེད། བུ་རྒྱུད་སོས་ན་ལྷ་རབ་ཡིན། ལྟོས་དང༌། ཕྲུག་གུ་སྐྱ་ཀེམ་ཀེམ་འདི་བཞི་ག་ངའི་རེད། དཔྱིད་གསུམ་ས་བོན་འདང་ཞིང་མེད། དབྱར་གསུམ་ཟ་སྣེ་འདང་ཞིང་མེད། སྟོན་གསུམ་ལོ་ཐོག་རགས་ཤིང་མེད། དགུན་གསུམ་གྱོན་སྣ་འདང་ཞིང་མེད། རང་ལ་མགོ་སྤུ་མེད་པར་མི་ལ་གཡུ་རལ་ཅི་འདྲ་བྱས་ནས་རྒྱན་དགོས།་་་ ་་་

བུ་མོ་བསྟན་འཛིན་དབང་མོ་ཧར་གྱིས་ལངས་ཏེ། ངུ་རྒྱངས་བྱེད་བཞིན་ཕ་ཁྱིམ་དུ་རྒྱུགས། དེ་ནས་གཟུང་བུ་མོའི་སེམས་ལ་འབྲོག་པས་ཕག་ཤ་ཟོས་པ་ལྟར་གཅེན་པོ་གསུམ་ལ་ཞེན་པ་གཏིང་ནས་ལོག བུ་མོ་འུ་ཐུག་སྟེ་ཉིན་བསམ་མཚན་ལ་གཏོང། བྲང་ཐོག་ལག་པ་བཞག་ནས་བློ་རྩེ་རྩིས་ཁྲ་བཀོད་བཀོད་བྱས་པས་མཚན་མོ་དེར་གཉིད་མ་ཁུག ཕྱི་ཉིན་ཕ་བསོད་ནམས་ཀྱི་མདུན་དུ་སོང་སྟེ། ཨ་ཕ། ངོ་ཚ་རྒྱུ་མེད་པའི་གཅེན་པོ་དེ་དག་ལ་ད་རེས་ངུ་ན་ངུ་རིན་ཡོད་ལེ། དགོད་ན་དགོད་རིན་ཡོད་ལེ། བཤད་ན་བཤད་རིན་ཡོད་ལེ་ཞིག་བཟོས་ན་མ་གཏོགས་ཐབས་མེད། ཕག་ལ་སྣ་དགོས། མི་ལ་བློ་དགོས། ཟེར་ཞིང་གཙང་པོའི་འགྲམ་ནས་ཆུ་རྡོ་སྔོ་རིལ་བྱ་སྒོང་ཙམ་ཁ་ཤས་བསྒྲུགས་ཏེ། ཕའི་རྟེན་སྒྲོམ་ནང་དུ་ཟངས་ཀྱི་བུམ་པ་ཞིག་ཡོད་པ་དེའི་ནང་ལ་བླུགས། ཁ་གཅད་ལེགས་པར་བཀག་ནས་རྟེན་སྒྲོམ་ནང་དུ་ཕྱིར་འཇོག་ཅིང༌། སྒོ་དམ་པོ་བརྒྱབས། ལ་ཆའི་དམ་ཕྲུག་དང་དར་ཚོན་སྒོ་ལུང་སོགས་བལྟས་ན་ཡིད་དབང་འཕྲོག་ལེ་ཞིག་བཟོས། དེ་རྗེས་དཀར་དམར་གྱི་ཟས་རིགས་མང་པོ་ཞིག་གོ་བསྒྲིགས་བྱས་ཏེ། ཕ་བསོད་ནམས་ལ་འདི་དང་འདི་འདྲ་བཤད་དགོས་ཞེས་བགོས། བུ་མོ་རང་ཉིད་ཕུ་བོ་གསུམ་གྱི་སྒོ་རྩ་རེ་རེ་བཞིན་ཕྱིན་ནས་ཁོག་ཏུ་མེ་འབར་ཡང། ཁ་ནས་དུ་བ་འཕྱུར་བའི་རྣམ་འགྱུར་ཅུང་ཟད་ཀྱང་མེད་པར། ཕུ་བོ་རྣམས་ལ་རིམ་བཞིན། དེ་རིང་ཨ་ཕས་ཕ་རྒྱུ་བུ་རྒྱུད་ལ་རྩིས་སྤྲོད་བྱེད་དགོས། ཕ་ཤི་དུས་འགྱོད་པ་མེད་ལེ་ཞིག་བཟོ་རྒྱུ་ཡིན། ཉིན་གཅིག་གི་གསོལ་ཚིགས་ཀྱང་གྲ་སྒྲིག་ཡོད། གཅེན་པོ་རྣམས་ཕེབས་རོགས་གསུང་གི་འདུགཅེས་ལབ། གཅེན་པོ་སོ་སོས་ངོ་མ་ང་ཚོའི་ཕ་དེ་ལ་གསང་བའི་རྒྱུ་རྫས་ཤིག་ཡོད་ཐག་ཆོད་རེད་བསམ་སྟེ། སྒོ་གཅིག་ནས་ཐོན་པ་ལྟར་བུ་གསུམ་ག་ཕ་བསོད་ནམས་ཀྱི་ཁྱིམ་དུ་འཛོམས། ཕ་བསོད་ནམས་ཀྱིས་བུ་རྣམས་ལ་དགྱེས་ཉམས་ཆེན་པོས་འཚམ་འདྲི་ཡང་ཡང་བྱས་ཀྱང། ཕ་སེམས་བུ། བུ་སེམས་རྒྱུ་ཡིན་པས༌། བུ་རྣམས་ཀྱིས་ངོ་མདངས་ཙམ་འཛུམ་པ་ལས་དོན་དུ་ཕའི་རྒྱུ་རྫས་སྟེང་དུ་སྤྱང་རྒན་ཤ་ལ་རྔམས་པ་ལྟར་རེད་ཡོད་པ་མ་གཏོགས་ཕ་བསོད་ནམས་ལ་བརྩེ་པ་ཁབ་རྩེ་ཙམ་ཡང་ཡོད་མེད་སྨྲས་ཅི་དགོས། བུ་མོས་དཀར་དམར་གྱི་གསོལ་ཚིགས་རྣམས་རིམ་གྱིས་དྲངས་ཏེ་ཉིན་ཧྲིལ་པོར་ཕ་བུ་ལྷན་འཛོམས་ཀྱིས་གསང་བའི་ནང་རྫས་དེ་བུ་རྣམས་ལ་རྩིས་སྤྲོད་བྱེད་རྒྱུའི་མགོ་ཚུགས། ངའི་བུ་བུ་མོ་ཚོ་ལོ་ཤས་རིང་མཐོང་རྒྱུ་ཕར་བཞག ཐོས་རྒྱུ་ཡང་མེད་པར་གྱུར་ནའང་དེ་རིང་སྟབས་ལེགས་ནས་ངའི་ནང་གི་གསང་བའི་དངོས་རྫས་འདིའི་བྱིན་མཐུ་ལ་རྟེན་ནས་ལྷན་འཛོམས་བྱུང༌། ད་ནི་ཨ་ཕ་ཤི་ཡང་འགྱོད་པ་ཏིལ་འབྲུ་ཙམ་མེད། ཕའི་གསང་བའི་རྒྱུ་རྫས་འདི་ཚོ་སྡེ་བ་རི་མདུན་ཚང་གི་དཀོར་མཛོད་སྟོང་པ་མ་གྱུར་བར་དུ་སློག་ཀྱང་རྙེད་རྒྱུ་མེད། གསང་བའི་ནང་ནས་གསང་བ་ཡིན། རྙེད་ན་དགོད་རིན་ཡོད་ལེ། བོར་ན་ངུ་རིན་ཡོད་པའི་ཅ་ལག་ཡིན། དེ་རིང་མ་གཏོགས་ཨ་ཕས་སུ་ལའང་བསྟན་རྒྱུ་ཕར་ཞོག་བཤད་མ་མྱོང། ཕ་ཤི་རྗེས་ཕ་ནོར་བདག་མེད་གྱུར་ན་ཕ་བུ་ཡོངས་རྫོགས་ཕམ་པོ་རེད། ཟེར་ནས་ལག་པ་འདར་བཞིན་ལ་ཆའི་དམ་ཕྲུག་སྐོག དར་ཚོན་གྱི་སྒོ་ལུང་བཅད་དེ་རྟེན་སྒྲོམ་སོྒ་ཕྱེས། རྟེན་སྒྲོམ་ནང་གི་ཟངས་ཀྱི་བུམ་པ་དེ་མཐོང་མ་ཐག་བུ་གསུམ་ག་རྩིག་ལྡེབས་བྲིས་པའི་རི་མོ་ལྟར་འགུལ་ཀྱོག་ཙམ་ཡང་བྱེད་རྒྱུ་མེད་པར་ཁ་གདང་ནས་བལྟས་ཤིང༌། བུ་གསུམ་གས། ཡ་་་་དངོས་གནས་རྟེན་སྒྲོམ་འདིའི་ནང་སྔོན་མ་ནས་གསང་བ་ཞིག་ཡོད་པ་རེད་བསམ་མྱོང༌། དུས་རྒྱུན་དུ་ལ་ཆས་ཁ་སྦྱར་ཞིང་དར་ཚོན་སླས་མས་སྒོ་ལུང་སྦྲེལ་ཡོད་དྲན་ཏེ། དོན་དུ་ཕ་བསོད་ནམས་ཀྱི་མི་ཚང་དེ་གུད་དུ་ཕྱིན་སྟབས་གཡང་སྒྲུབ་ཚོགས་རྒྱུ་མ་བྱུང་བས་བུམ་སྒམ་ཁ་མ་ཕྱེས་པ་ཨེ་ཡིན་དེ་ཧ་མ་གོ་ནས། བདེན་པ་བདཻན་རྐྱང་དུ་འཛིན། སླར་ཡང་ཕས། བུ་ལ་ཆེ་ཆུང་དང་བུ་བུ་མོའི་ཁྱད་པར་ཡེ་ནས་མེད། ཕ་རྒན་ན་ན་ནད་གཡོགསདང༌། ཤི་ན་རོ་གཡོག། སྐྱིད་དུས་དགོད་རོག་དང་སྡུག་དུས་ངུ་རོག་སུས་བྱེད་ཐུབ་ན་ཨ་ཕའི་ཕུག་ནོར། བུམ་པའི་ནང་རྫས་གསེར་དངུལ་དང་ནོར་བུའི་རིགས་རྣམས་དེ་ལ་དབང་ཆེ། ང་མ་ཤི་བར་ནང་རྫས་འདི་རང་གིས་ཉར་རྒྱུ་ཡིན། ཤི་བའི་རྗེས་ང་ལ་བྱམས་སྐྱོང་བྱེད་སྟངས་དང་ངའི་དོན་དུ་འགྲོ་གྲོན་གཏོང་སྟངས་ལ་དཔོག་པའི་བགོ་བཤར་རྒྱག་དགོས། ཅེས་ལབ། ཕྱི་ཉྀན་ནས་མགོ་བཙུགས་ཏེ་འདོད་རྔམས་ཅན་གྱི་བུ་གསུམ་ཀ་གཅིག་རྗེས་གཅིག་གིས་མི་ཟིན་པར་ཆུ་ལེན་མེ་འབུད་སོགས་ཕྱི་ལས་ནང་ལས་ཐམས་ཅད་ལ་འཚང་ཀ་ཤིག་ཤིག་གྱུར་བས། བུ་མོས་གད་ཙམ་ཡང་ཕྱགས་ས་མ་རག་པར་བློ་བདེ་བག་ཕེབས་ཀྱིས་ག་ལེར་དར་ཙེ་མདོ་ལ་ཕྱིར་ལོག དེ་ནས་བཟུང་བུ་གསུམ་གྱི་བཟའ་ཟླ་དང་བཅས་པས་ཕ་བསོད་ནམས་ལ་འཚམ་འདྲི་མ་ཎི་བགྲང་བགྲང༌། ལྟ་སྐོར་འཁོར་ལོ་སྐོར་སྐོར། དཀར་དམར་གྱི་ཟས་རིགས། དྲོ་འཇམ་གྱི་གོས་རིགས་སོགས་གཅིག་གིས་གཅིག་ལ་འགྲན་སེམས་དང་ཕྲག་དོག་བྱེད་བཞིན་སྐྱེལ་ས་ལ་སླེབས། བགྲང་བྱའི་ཡོལ་བ་གཅིག་རྗེས་པའི་ཕྱི་ལོ་བུ་མོ་སླར་ཡང་ཕ་ཁྱིམ་དུ་ཕ་ལ་གཏུགས་སར་སླེབས། གཅེན་པོ་གསུམ་བཟའ་ཟླ་དང་བཅས་པ་མི་ལྤགས་གོན་པའི་འདྲེ་ནང་བཞིན། ཕ་ཤི་རྒྱུ་ལ་འུག་པས་ལྟས་ངན་སྒུག་པ་ལྟར་ཡོད་ནའང་གཡོག་བྱེད་སྔར་ལྟར་སོ་ན་གནས། རིམ་གྱིས་ཕ་བསོད་ནམས་ལ་བཅོས་ཐབས་བྲལ་བའི་འཆི་བདག་གི་ཞགས་པ་ནག་པོ་ཞིག་ཐེབས། བུ་མོས་ཕ་ལ་ལག་པ་ཙམ་ཡང་རེག་ས་མ་རྙེད་པར་བུ་གསུམ་གྱིས་འཚང་ཀ་བྱས་ནས་སྨན་པ་ལ་བསྟེན་ཀྱང། དྲག་ངོ་ཅུང་ཟད་ཙམ་ཡང་མི་ཤེས་པར་ནད་གཞི་ཇེ་ལོད་དུ་གྱུར། བུ་མོ་བརྗོད་མི་ཤེས་པའི་སྡུག་བསྔལ་གྱིས་ཟིན་ཏེ་ཐབ་ཚང་ནང་དུ་རྒྱུག་ནས་ངུས། བུ་གསུམ་ནི་ཕ་ཤི་སྔ་ཕྱི་ལ་བྲེལ་བ་བྱེད་བཞིན་ཡོད་པ་བཤད་ག་ལ་དགོས། ཀྱེ་མ། གཡག་བདག་ཚང་གི་མི་རྒྱུད་ནས་ཆད་པའི་ཕ་རྒན་པོ་བསོད་ནམས་བདེ་ཆེན་དེ་ནི་འཇིག་རྟེན་རིལ་པོ་འདིའི་ཐོག་ལ་ཡོང་པ་ནས་སྐྱོ་གདུང་ཉག་གཅིག་གི་ལམ་ལ་མི་ཚེའི་འཕེན་པ་ཧྲིལ་པོ་རྫོགས་ཏེ་འཇིག་རྟེན་ཕྱི་མའི་ལམ་ཆ་མེད་རྒྱུས་མེད་ཀྱི་ཡུལ་དུ་གཤེགས། བུ་མོ་བསྟན་འཛིན་དབང་མོ་ནི་ཁོག་པ་ནས་སྙིང་བཏོན་པ་དང་གདོང་གི་མིག་རིལ་ཕྱུངས་པ་ལྟར་མྱ་ངན་གྱིས་རེ་ཞིག་བརྒྱལ་ཀྱང་ཡར་སློང་མཁན་ཙམ་ཡང་མེད། བུ་སྤུན་གསུམ་ཀས་ཕ་ཤི་བ་ལ་མྱ་ངན་བྱེད་རྒྱུའི་ཚབ་ཏུ་གསང་བའི་ཕུག་ནོར་དེ་བགོ་བཤའ་རྒྱག་སྟངས་ལ་སེམས་ཁྲལ་ལངས་ནས་རྟེན་སྒྲོམ་ལ་ལྟ་ཞིང་འདས་མཆོད་ཀྱི་བྱ་བ་ལ་ཞུགས། རང་རང་གིས་འགྲོ་གྲོན་གཏོང་ཕྱོགས་རྣམས་གཅིག་ལ་བཅུ། བཅུ་ལ་བརྒྱ་རྩིས་པའི་རྩིས་ཐོ་བཀོད་ནས་ཉར། འདས་མཆོད་ཀྱི་བྱེད་སྒོ་ཚར་རྗེས་སོ་སོས་རྩིས་ཁྲ་རྣམས་བཏོན་ཏེ་མགོ་ཐུག་རྒྱུ་མེད་པའི་ཧམ་རྩིས་ཕར་སྤྲོད་ཚུར་སྤྲོད་བྱས་མཐར། བུ་གསུམ་ཀས་རྟེན་སྒྲོམ་གྱི་མདུན་དུ་འཚང་ཀ་བྱེད། བུ་མོ་བསྟན་འཛིན་དབང་མོ་རྟེན་སྒྲོམ་གྱི་མདུན་ཙམ་ཡང་གཅར་ལོང་མ་བྱུང་བར་གཅེན་པོ་གསུམ་གྱིས་རྟེན་སྒྲོམ་གྱི་ལ་ཆ་བཀོག། དར་ཚོན་གྱི་སྒོ་ལུང་བཅད་དེ་བུམ་པའི་སྟེང་དུ་ལག་པ་དུས་གཅིག་ལ་བརྐྱངས་ནས་ཕར་འཐེན་འཐེན། ཚུར་དྲུད་དྲུད་ཀྱིས་མཐར་ཟངས་ཀྱི་བུམ་པ་དེའི་ཁ་གཅོད་བྱེར། བུམ་པའི་ནང་དུ་ལག་པ་འཚང་ཀ་ཤིག་ཤིག་བྱས་ཏེ་སོ་སོས་གང་ཟིན་གྱིས་ཕྱིར་བཏོན་པ་ན། ཨེ་མ། དེ་ནི་ཆུ་རྡོ་སྔོ་རིལ་ཤ་སྟག་ཡིན་པ་ལས་རིན་པོ་ཆེའི་རིགས་ཤིག་གི་དྲི་ཙམ་ཡང་ག་ལ་དྲོ། བུ་སོ་སོའི་བཟའ་ཟླ་དང་བཅས་པས་ཆུ་རྡོ་སྔོ་རིལ་གཉིས་གསུམ་ཙམ་རེ་ལག་ཏུ་ཁུར་ཏེ། གདོང་སྤྲེའུའི་འཕང་ལས་དམར་བ་རེ་སྟོན། བཟའ་ཟླ་རྣམས་ཀྱིས་ ཁྱོད་ཚོའི་ཕས་བུ་ལ་རྩིས་སྤྲོད་ཀྱི་རྒྱུ་རྫས་འདི་རེད་དམ། སྡུག་རྒན་དེ་ན་གཡོག་ཤི་གཡོག་བྱས་པའིགླ་ཆ་འདི་ཨེ་རེད་་་་་། འདི་ཡིན་འདི་མིན་མེད་པར་སྡུག་རིགས་ངན་ཚད་ཁ་ནས་གང་ཐོན་ཐོན་ལབ་སྟེ་ཁྱོ་ག་རྣམས་ལ་ངུ་རྡུང་བྱས། བུ་མོ་བསྟན་འཛིན་དབང་མོས། དེ་ཡིན། ད་རིང་ངས་ངོ་མ་ངུ་ན་ངུ་རིན་ཡོད་ལེ། དགོད་ན་དགོད་རིན་ཡོད་ལེ། བཤད་ན་བཤད་རིན་ཡོད་ལེ་ཞིག་བཟོ་ཐུབ་སོང༌། འདྲེ་མོ་ལྕགས་ཀྱི་མཆུ་ཏོ་ཅན་འདི་ཚོས་ཅི་ལབ་ནའང་ལབ། དེ་དུང་དེ་ཙམ་གྱིས་ག་ལ་ཆོག ཕ་ཡི་རྣམ་ཤེས་དེ་བདག་པོ་མེད་པར་ལྷ་འདྲེ་གཉིས་ཀྱི་གཡོག་པོ་བྱས་ནས་བཞག་ན་ག་ལ་རུང༌། བདུན་ཚིགས་བདུན་བདུན་བཞི་བཅུ་ཞེ་དགུ་དང་རྫོགས་པའི་ལྔ་བཅུ་ཐམ་པ་ལ་རིན་གྲོ་བྱེད་དགོས་པ་མ་རེད་དམ། བློ་མེད་ན་རྒྱལ་པོ་ཤིག་གིས་ཟ། །ཐབས་མེད་ན་སྤྲང་པོ་མུ་གེས་ཤི། བསམས་ནས་གྲོང་སྡེ་མི་དྲག་རི་མདུན་ཚང་ས་སོང་སྟེ། ཕའི་ཁང་ས་ཞིང༌། སྣོད་ཐབ་ཆས་དང་བཅས་པ་དངུལ་དང་བརྗེས་པས། དངུལ་དཀར་པོ་རྡོ་ཚད་བདུན་ཏག་ཏག་ཁུག ཁ་རྗེ་དབང་ཐང་ཡོངས་རྫོགས་བཙོང་པའི་གན་འཛིན་གྱི་ཡི་གེ་མགོ་ལ་ཨ་ལུང་ཡོད་ལ་མཇུག་ཏུ་དམ་ཕྲུག་དང་བུ་མོའི་མཛུབ་ཐེལ་བརྒྱབ་ནས་བཞག ཕ་ཁྱིམ་དུ་ཕྱིར་ཡོང་ནས་ཕུ་བོ་གསུམ་གྱི་ཁྱིམ་ཚང་དང་བཅས་པ་ལ་གྱེས་མཇལ་ཞུས་ཏེ། ཁམས་མི་ཉག་དར་མདོ་ཕྱོགས་སུ་ཡོད་པའི་འགོག་པ་ཁག་དགོན་པ་དང༌། སྐྱིད་གླིང་དགོན་པ། མགར་ཐར་དགོན་པ། དཀའ་བཞི་དགོན་པ། བཞག་རྩི་དགོན་པ། དར་མདོ་ལྔ་མཆོད་དགོན་པ། འབོ་གངས་དཀར་དགོན་པ་སྟེ་དགོན་སྡེ་བདུན་ལ་དངུལ་དཀར་པོ་རྡོ་ཚད་རེ་རེ་བསྔོ་རྟེན་དུ་ཕུལ་ཏེ་ཕའི་བདུན་ཚིགས་དེད་དུ་བཅུག བུ་མོ་རང་གི་རྣ་རྒྱན་གསེར་གྱི་ཨ་ལོང་ཆ་གཅིག་དེ་མི་ཉག་ཨ་མེས་ཁྲི་སྤྲུལ་རིན་པོ་ལ་ཕ་འདས་པོའི་རྣམ་ཤེས་དང་ལྷན་ཅིག་ཏུ་རྩིས་འབུལ་ཞུས་ཏེ་དར་རྩེ་མདོ་རང་ཁྱིམ་དུ་ཕྱིར་ལོག བུ་གསུམ་གྱིས་ཨ་ཕའི་ཁ་རྗེ་དབང་ཐང་ལ་བགོ་བཤའ་རྒྱག་སྟངས་ཀྱིས་འཁྲུགས་འཛིངས་ཆེན་པོ་ཤོར་ནས། སྡེ་པ་རི་མདུན་ཚང་དབང་ཆེན་ལ་གཏུགས་ཏེ་ཕ་ཡི་ཁང་ས་ཞིང་སོགས་བགོ་རོགས་ཞུས། རི་མདུན་ཚང་དབང་ཆེན་གྱིས་ཤོག་ལྷེ་ཞིག་ལག་པར་བཟུང་ནས། ཝ་ཡེ། དྲུང་ཡིག་འཇམ་དབྱངས། གན་འཛིན་འདི་གཅིག་ཀློག་ཤིག

ཟེར། དྲུང་ཡིག་འཇམ་དབྱངས་ཀྱིས་གན་འཛིན་དེ་ཀློག་པས་འདི་ལྟར་བཀོད་ཡོད། 

སྡེ་བ་མི་དྲག་རི་མདུན་ཚང་དབང་ཆེན་ལ་གཡག་བདག་ཚང་བསོད་ནམས་བདེ་ཆེན་གྱི་བུ་མོ་བསྟན་འཛིན་དབང་མོས་ཕའི་བསྔོ་རྟེན་རིམ་གྲོའི་ཆེད། ཕ་ཁྱིམ་ཁ་རྗེ་དབང་ཐང་ཆ་ཚང་བཙོངས་པའི་རིན་འབབ་དངུལ་དཀར་པོ་རྡོ་ཚད་བདུན་སྤྲོད་བྱུང་བས། ད་ནས་གཡག་བདག་བསོད་ནམས་ཀྱི་ཁ་རྗེ་དབང་ཐང་ཆ་ཚང་སྡེ་བ་རིན་མདུན་ཚང་ལ་དབང་བའི་གན་འཛིན་དུ་གཡག་བདག་ཚང་བུ་མོ་བསྟན་འཛིན་དབང་མོ་ངོ་མས་ཐེའུ་བཀོད་ཡོད། གན་འཛིན་དེ་གོ་མ་ཐག་བུ་གསུམ་པོ་དེ་སྙིང་གས་པ་ལྟར་གྱི་ཕྲག་དོག་དང་སེར་སྣ་ཁོང་ཁྲོ་བཅས་ཕན་ཚུན་འཐབ་ཅིང་མགོ་དམོད་དེ་སོ་སོའི་ཁྱིམ་དུ་ལོག གཡག་བདག་ཚང་ཕ་བསོད་ནམས་བདེ་ཆེན་གྱི་ཁྱིམ་རྙོག་དེ་གཞི་ནས་འཇུག་རྫོགས། །

༡༩༩༤ལོར་སྒྲུང་འདིའི་ཕྱེད་ཀ་ཝཱ་ཎཱ་༼གངས་རྒྱུན་༽ཐོག་བཀོད། དེ་རྗེས་དུས་དེབ་འདི་མཚམས་འཇོག་བྱས་སྟབས་༢༠༠༠ལོར་༼བློ་གསལ་རྩོམ་རིག་དགའ་ཚལ་༽འདོན་ཐེངས་ལྔ་པའི་ཐོག་བཀོད།