སྒྲ་སྙན།
སྒྲ་སྙན་ནི་རོལ་ཆའི་རིགས་གཅིག་རེད།
གསལ་བཤད།
རྩོམ་སྒྲིགལོ་རྒྱུས།
རྩོམ་སྒྲིགཔར་རིས་བར་འཁྱམས།
རྩོམ་སྒྲིགཟིན་ཐོ་འམ་དཔྱད་གཞི།
རྩོམ་སྒྲིགང་པོ། སྒྲ་སྙན་གྱི་བཟོ་བཀོད།
སྒྲ་སྙན་ནི་སྤྱིར་རྒྱུ་ཤིང་ལས་གྲུབ་པ་དང་། དེ་ཡང་ཀ་པེད་ཕྱེད་བཤགས་བཏང་བ་ལྟ་བུའི་རྫིང་དང་། ཕྲ་ཞིང་རིང་བའི་མདའ། གུག་གུག་སྒོར་ཕྱེད་གཟུགས་ཀྱི་རྟ་མགོ་སོགས་ཀྱིས་གྲུབ་པ་དང་། དེ་མིན་ད་དུང་རྒྱུད་སྐུད་དང་། སྒ གཅུས་ཕུར། སེན་ལྡེ། འཐེན་ཐག་སོགས་ཀྱིས་གྲུབ་ཡོད། སྒྲ་སྙན་གྱི་རྫིང་ངམ་རྫ་མ་ཤིང་ཁོག་དྲུས་བརྒྱབ་ནས་བཟོས་པ་དང་། དེར་ཡང་རྫིང་ཆེན་དང་རྫིང་ཆུང་ཞེས་པའི་ཆ་ཤས་གཉིས་ཡོད། རྫིང་ཆེན་གྱི་བཟོ་དབྱིབས་ནི་སྒོར་དབྱིབས་སམ་འཇོང་དབྱིབས་ཡིན་པ་དང་། དེའི་ངོས་སུ་ར་ལྤགས་གཡོགས་པ་དེར་ཏི་པི་ཞེས་ཟེར་ཞིང་། ད་དུང་ཉ་ལྤགས་དང་སྦྲུལ་ལྤགས་གཡོགས་སྲོལ་ཡོད།①རྫིང་ཆུང་གི་དབྱིབས་ནི་འཇོང་དབྱིབས་སམ་གཟེད་དབྱིབས་ཡིན་ཞིང་དེ་མདའ་ཡི་སྦོམ་ཆ་དང་འབྲེལ་ཡོད། སྲོལ་རྒྱུན་སྒྲ་སྙན་གྱི་བཟོ་རྩལ་ལྟར་ན་“སྒྲ་སྙན་བཟོ་བའི་བརྒྱུད་རིམ་ནང་རྡོ་ཕྱེ་དང་། རྫ་ཕྱེ། ཤེལ་ཕྱེ་སོགས་སྒྲ་སྙན་གྱི་རྫིང་ནང་དུ་སྤྱིན་གྱིས་སྦྱར་དགོས་པ་དང་། དེ་ལྟར་བྱས་ན་ཤིང་གིས་སྒྲ་འཇིབ་རྒྱུར་སྔོན་འགོག་དང་། སྒྲ་ཤུགས་དེ་བས་ཆེ་བ་གྲགས་ཐུབ།”〔༡〕རྫིང་ཆེ་ཆུང་གི་ལྟག་རྒྱབ་ཏུ་ཐིག་རིས་ཁ་ཤས་ཡོད་པ་དེ་དག་ལ་སྤ་ལོ་ཞེས་ཟེར་ཞིང་སྤྱིར་ཐིག་རིས་བདུན་ཡོད། ཐིག་རིས་དེ་དག་ལ་དོན་སྟོན་དང་རྒྱན་སྤྲོས་ནུས་པ་ངེས་ཅན་ལྡན་ཡོད་པ། དེ་ཡང་གཙོ་བོ་ཤུགས་རིག་པའི་ཐོག་ནས་བསམ་གཞིགས་བྱས་ཡོད་པ་སྟེ། ཁོག་སྟོང་ཡིན་པའི་རྫིང་དེ་བརྟན་པར་བྱེད་པ་དང་། “དེ་མིན་དཀྲོལ་གཏོང་བྱེད་སྐབས་སྒྲ་སྙན་མི་འདྲེན་པའི་ཆེད་དུ་ཡིན།”〔༢〕
སྒྲ་སྙན་གྱི་རྫིང་གི་བཟོ་ལྟ་མི་འགྱུར་བ་དང་། མི་གས་པའི་ཆེད། ཆབས་ཅིག་རོལ་ཆའི་སྒྲ་བསྐྱེད་ཀྱི་ནུས་པ་ཆེ་རུ་གཏོང་ཆེད་སྐུ་ཞབས་ངག་དབང་བློ་གྲོས་ནས་ནུབ་ཕྱོགས་ཀྱི་རོལ་ཆའི་བཟོ་རྩལ་རྣམ་གཞག་དཔྱད་གཞིར་བཟུང་ནས་ཕན་འབྲས་དེ་བས་ཆེ་བའི་བྱ་ཐབས་གསར་པ་ཞིག་ཕྱོགས་བསྡོམས་གནང་ཡོད་པ་སྟེ། དེ་ཡང་སྒྲ་སྙན་གྱི་རྫིང་ནང་ཤིང་ལས་གྲུབ་པའི་དབྱངས་རྟེན་ཞིག་རྫིང་ཆེན་གྱི་མཐིལ་ནས་རྫིང་ཆེ་ཆུང་གི་སྦྲེལ་མཚམས་སུ་སྒྲིག་ཡོད། བྱ་ཐབས་དེས་གཅིག་ནས་ཁོག་སྟོང་ཡིན་པའི་རྫིང་གིས་རྒྱུད་སྐུད་ཀྱི་འཐེན་ཤུགས་དེ་བས་ཆེ་བ་ཐེག་ཐུབ་པ་དང་། གཉིས་ནས་དབྱངས་རྟེན་གྱི་འབྲེལ་མཐུད་འོག་པགས་པ་གཡོགས་པའི་རྫིང་ཆེན་དང་། ཤིང་ལེབ་བཀབ་པའི་རྫིང་ཆུང་གཉིས་ཀྱི་བེར་སྒྲ་འབྲེལ་མཐུད་ཡག་པོ་ཐུབ་པ་མ་ཟད། མཉམ་བསྲེས་བེར་སྒྲ་དེ་མདའ་ཤིང་ཁོང་སྟོང་ནང་ཁྱབ་ནས་རོལ་ཆའི་སྒྲ་སྤུས་དང་། སྙན་ཆ། སྒྲ་ཤུགས་བཅས་ཇེ་ལེགས་སུ་གཏོང་ཐུབ། ༼ དབྱངས་རྟེན་གྱི་རྣམ་པ་གཞན་ཞིག་ནི་རྫིང་གི་ནང་ཤིང་གི་དབྱངས་རྟེན་ཞིག་གསེག་ཏུ་བསྒར་ཐོག གང་དེ་རྫིང་གི་མཐིལ་ནས་གསེག་ཟུར་ཏུའུ་༤༥ཡི་ཚད་གཞིའི་ཐོག་ནས་རྫིང་ངོས་ཀྱི་ཁ་ཤིག་འོག་བཀར་ཏེ། སྒའི་སྟེང་གི་རྒྱུད་ཀྱིས་རྫིང་གི་པགས་པར་སྤྲད་པའི་གནོན་ཤུགས་ཆུང་དུ་གཏོང་བ་དང་། དབྱངས་རྟེན་སྤྱིན་གྱིས་མ་སྦྱར་བར་རྩེ་མོ་ཁུང་བུའི་ནང་བཅུག་སྟེ་བརྟན་པོར་གནས་ཐབས་བྱེད་ཀྱི་ཡོད། དེར་གཞིགས་ན་ངག་དབང་བློ་གྲོས་ཀྱི་བཟོ་རྩལ་དེ་ནི་ཕྱོགས་བསྡོམས་དང་འཐུས་སྒོ་ཚང་དུ་བཏང་བ་ཞིག་ཏུ་བརྩི་དགོས། ཡིན་ན་ཡང་ངག་དབང་བློ་གྲོས་ཀྱིས་ངོ་སྤྲོད་གནང་བར་གཞིགས་ན། ལྷ་སར་དེ་སྔ་ཨོ་ལོ་ཕུར་ཚེ་ཞུ་བའི་སྒྲ་སྙན་བཟོ་བོ་མཁས་པ་ཞིག་ཡོད་པ་དང་། ཁོང་སྐུ་འདས་ཟིན་ཀྱང་ཁོང་གི་བུས་སྔར་བཞིན་སྒྲ་སྙན་བཟོ་བ་དང་། ཁོང་གིས་གསུངས་པ་ལྟར་ན། དེ་སྔའི་སྒྲ་སྙན་བཟོ་རྩལ་ནང་དབྱངས་རྟེན་སྒྲིག་སྲོལ་མེད་པ་རེད། གཞན་ཡང་། སྒྲ་སྙན་སློབ་ཁྲིད་དང་། ཞིབ་འཇུག་གི་ཕྱག་ལས་ལོ་མང་གནང་བའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་སྐལ་བཟང་གིས་ངོ་སྤྲོད་གནང་བར་གཞིགས་ན། དེ་སྔ་སྒྲ་སྙན་བཟོ་བོ་རྣམས་ལ་དབྱངས་རྟེན་ཞེས་པ་སྒྲིག་སྦྱོར་བྱེད་པའི་ལུགས་སྲོལ་མེད། མ་གཞི་སྲོལ་རྒྱུན་གྱི་སྒྲ་སྙན་འགའ་རེའི་རྫིང་གི་ནང་དབྱངས་རྟེན་དང་འདྲ་བའི་རྒྱུག་དུམ་ཞིག་སྒྲིག་པ་དང་། ཐ་ན་རྫིང་གི་ནང་རྡོ་རྗེ་གྲམ་ལྟ་བུའི་ཤིང་སྒྲིག་པར་བྱེད་ཀྱང་། དེ་ནི་གཙོ་བོ་རྫིང་གི་བཟོ་ལྟ་མི་འགྱུར་བའི་ཆེད་དུ་བཟོས་པ་ལས། སྒྲ་བསྐྱེད་ཐད་བསམ་གཞིགས་བྱས་ནས་བཟོས་པ་ཞིག་མིན། ༽
སྒྲ་སྙན་གྱི་རྫིང་ཆུང་ནས་རྟ་མགོའི་བར་ཤིང་ཁོག་སྟོང་ངོས་སུ་ཁ་ཤིང་སྒྲིག་པ་དེར་མདའམ་གཞུང་ཟེར་བ་དང་། དེའི་ཕྲ་ལ་རིང་བའི་ཆ་དེར་མཐེབ་པར་ཟེར་ཞིང་། དེ་ནི་ཙན་དན་དང་། སེང་ལྡེང་། སྟར་ཤིང་སོགས་མཁྲེགས་ལ་ངོས་འཇམ་པའི་ཤིང་གིས་བཟོ་བར་བྱེད། རྫིང་ཆུང་དང་ཉེ་བའི་སྦོམ་ཆ་ཡི་མདའ་དང་། རྫིང་ཆུང་གི་ཁ་ཤིང་དེ་སྦྱར་དཀར་སོགས་ཅུང་སོབ་པའི་ཤིང་ལས་བཟོས་ནས་སྒྲ་སྐད་མཉེན་ཆ་ལྡན་པར་བྱེད། མཐེབ་པང་དང་རྟ་མགོའི་བར་དུ་ད་དུང་ཅུང་འབུར་དུ་ཐོན་པའི་འཕྲེད་སྒ་ཞིག་བསྒར་ཡོད་པ་དེར་ཡས་སྒའམ་ཐེམ་སྒ་ཟེར་ཞིང་། དེ་ཡང་མཁྲེགས་ཤིང་གིས་བཟོ་བར་བྱེད། སྒྲ་སྙན་བཟོ་སྐབས་རྫིང་ཆེ་ཆུང་གི་བར་དུ་སྒྲ་ཁ་ཞེས་པ་ཚེས་གསུམ་ཟླ་གཟུགས་ལྟ་བུའི་ཁུང་བུ་ཞིག་འཇོག་པ་ཕུད། ད་དུང་རྫིང་ཆུང་གི་ཁ་ཤིང་ངོས་སུ་མཛེས་རྒྱན་རང་བཞིན་གྱི་ཁུང་བུ་འབིགས་པར་བྱེད་ཅིང་། དེས་ཀྱང་སྒྲ་སྙན་གྱི་སྒྲ་དེ་བས་བསང་བར་བྱེད། སྒྲ་སྙན་གྱི་མགོར་རྟ་མགོ་ཞེས་ཟེར་ཞིང་། ༼ ཨ་མདོ་ས་ཁུལ་དུ་འབྲུག་མགོ་ཡང་ཟེར། ༽དེ་མདའ་ཡི་མཇུག་སྣེར་བསྒྲིགས་པར་བྱེད། རྟ་མགོ་ནི་སྒོར་མོ་ཕྱེད་གཟུགས་རྒྱབ་ཏུ་གུག་པ་ཞིག་ཡོད་ཅིང་། དེའི་ངོས་སུ་རྒྱུད་སྐུད་དཀྲི་བྱེད་ཀྱི་ཕུར་པ་དྲུག་བསྒར་ཡོད་པ་དེ་དག་ལ་གཅུས་ཕུར་ཟེར་ཞིང་། དེ་དག་ལ་རྒྱུད་རྟེན་པ་དང། སྒྲ་སྒྲིག་པའི་ནུས་ཡོད་པ་ཕུད། ད་དུང་རྒྱན་སྤྲོས་པའི་ནུས་པ་ཡང་ལྡན་ཡོད། བཟོ་དབྱིབས་ངོ་མཚར་ཅན་གྱི་གཅུས་ཕུར་དེ་དག་གིས་རོལ་ཆའི་གྲུབ་ཆ་དེ་བས་མཛེས་པར་བྱེད་པ་དང་། དེར་བོད་རིགས་ཀྱི་སྲོལ་རྒྱུན་བཟོ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཉམས་ཆོས་ལྡན་པའི་དབང་གིས་དེས་མི་རྣམས་ལ་རྗེས་དཔག་གི་མཛེས་ཚོར་སྦྱིན་པར་བྱེད། སྲོལ་རྒྱུན་སྒྲ་སྙན་གྱི་མགོར་རྟ་མགོ་ཞེས་ཟེར་ཡང་དོན་དངོས་ཐོག་རྟ་མགོ་དང་། འབྲུག་མགོ། ཤྭ་བའི་མགོ ཁྱུང་གི་མགོ བྱ་རྒོད་ཀྱི་མགོ དེ་བཞིན་ནོར་བུ་མེ་འབར་དང་། མདུང་རྩེ་སོགས་ཀྱིས་མཛེས་རྒྱན་སྤྲོས་སྲོལ་ཡོད་ལ། ད་དུང་མཐེབ་པང་གི་ངོས་དང་འདྲ་བའི་འཇམ་གཟུགས་མ་ཡང་ཡོད་ཅིང་། དེ་དག་ཁྲོད་ནས་འཇམ་གཟུགས་མ་དེ་མིག་སྔར་སྤྱོད་མང་ཤོས་ཡིན། སྒྲ་སྙན་གྱི་རྒྱུད་སྐུད་ནི་རྒྱུ་ཆ་མང་དག་ཅིག་གིས་བཟོ་ཆོག་པ། དེ་ཡང་ར་ལུག་གི་རྒྱུ་མ་དང་། གཡག་གི་རྒྱུས་པ། དར་སྐུད། ལྕགས་སྐུད་སོགས་ཀྱིས་བཟོས་ཆོག དེ་དག་ཁྲོད་ནས་ལྕགས་སྐུད་ཀྱིས་བཟོ་མཁན་ཅུང་ཉུང་བར་མཐོང་། སྒྲ་སྙན་གྱི་རྫིང་གི་འོག་ཏུ་ཅུང་འབུར་དུ་ཐོན་པའི་རྒྱུད་ལུང་ཞིག་ཡོད་པ་དང་། རྒྱུད་སྐུད་དེར་བཏགས་རྗེས་རྫིང་དང་། མཐེབ་པང་། ཡས་སྒ་བཅས་བརྒྱུད་རྟ་མགོའི་གཅུས་ཕུར་ལ་དཀྲིས་ནས་འཇོག་གི་ཡོད། པགས་པ་གཡོགས་པའི་རྫིང་ཆེན་གྱི་ངོས་དང་། པགས་པ་གཡོགས་པའི་རྫིང་ཆེན་གྱི་ངོས་དང་། ཁ་ཕྲལ་ནས་བཏང་བའི་རྒྱུད་སྐུད་བར་དུ་གསེག་ཤུར་བཏོན་པའི་ཤིང་སྒ་ཞིག་ཡོད་པ་དེར་སྒའམ་མས་སྒ་ཞེས་ཟེར། དེ་མིན་རྫིང་གི་མཐིལ་དུ་ཡོད་པའི་རྒྱུད་ལུང་དེ་ནས་སྐུད་པ་ཕྲ་མོ་ཞིག་བཏང་སྟེ་དེའི་ཐོག་སེན་ལྡེ་འདོགས་ཅིང་། སེན་ལྡེ་ནི་མཁྲེགས་ཤིང་དང་། རྭ་ཅོ། རུས་པ་སོགས་ཀྱིས་བཟོས་ཆོག སྒྲ་སྙན་ནི་ནམ་རྒྱུན་གླུ་གར་དང་བསྡེབས་ནས་དཀྲོལ་གཏོང་བྱེད་པས་སྒྲ་སྙན་གྱི་རྫིང་ཆེན་དང་མདའ་ཡི་སྟོད་ཆའི་གཞོགས་སུ་ཐག་པ་ཞིག་སྒྲོག་པ་དེར་འཐེན་ཐག་ཅེས་ཟེར་ཞིང་། དེ་སྒྲོག་དོན་ཡང་གླུ་ལེན་གར་འཁྲབ་དང་ཆབས་ཅིག་ཏུ་སྒྲ་སྙན་དཀྲོལ་གཏོང་བྱེད་སྐབས་འཁྲབ་སྟོན་པས་སྒྲ་སྙན་འཁྱེར་བདེ་བ་དང་གཏོང་བདེ་བའི་ཆེད་དུ་ཡིན།༼ ཟུར་བཀོད་གསུམ་པ། ༽
གཉིས་པ། སྒྲ་བསྐྱེད་ཁྱད་ཆོས། སྒྲ་སྙན་ལ་དམིགས་བསལ་གྱི་བཟོ་དབྱིབས་དང་གྲུབ་ཆ་ལྡན་པ་དང་། ལྷག་པར་དུ་ཁོག་དྲུས་བརྒྱབ་པའི་མདའ་དང་། པགས་པ་དང་ཤིང་ལེབ་ཟུང་དུ་འབྲེལ་བའི་རྫིང་། དེ་བཞིན་ལྡེམ་ཤུགས་ཅན་གྱི་རྒྱུད་སྐུད་བཅས་ལྡན་པའི་དབང་གིས་སྒྲ་སྙན་གྱི་སྐད་སྒྲ་གྱ་ནོམ་པ་དང་། རྣ་བར་འཇམ་པ་ཞིག་ཡིན་ཞིང་། དེ་མིའི་སྐད་དང་གཞི་གཅིག་ཏུ་འདྲེས་ཐུབ་པ་དང་། ཆབས་ཅིག་སྒྲ་སྙན་ནི་དཀྲོལ་བྱའི་རོལ་ཆའི་ནང་དམིགས་བསལ་གྱི་དཀྲོལ་ཐབས་ལྡན་པ་ཞིག་ཡིན་པས། དེའི་ཕྲེང་བ་སྟར་བརྒྱུས་ལྟ་བུའི་སྒྲ་སྐད་དང་གླུ་དབྱངས་ཀྱི་འགྱུར་ཁུག་བར་ཕན་ཚུན་གསབ་རེས་བྱེད་པའི་ཁྱད་ཆོས་ཡང་ལྡན་ཡོད། དེ་མིན་སྒྲ་སྙན་གྱི་སྒྲ་བསྐྱེད་ཁྱད་ཆོས་དེ་ད་དུང་སྒྲ་སྙན་གྱི་རྒྱུད་སྐུད་སྒྲིག་ཐབས་དང་། དཀྲོལ་ཐབས་སོགས་དང་འབྲེལ་བ་དམ་ཟབ་ཡོད། ལྷག་པར་དུ་རྒྱུད་སྐུད་གཉིས་རེ་ཆ་སྒྲིག་པ་ཡིན་པས་སྒྲ་སྙན་གྱི་སྒྲ་དེ་བས་གྱ་ནོམ་པའམ་རྒྱས་པར་གྱུར་ཡོད། སྲོལ་རྒྱུན་གྱི་སྒྲ་སྙན་ལ་སྤྱིར་རྒྱུད་སྐུད་དྲུག་ཡོད་པ་དང་། སྒྲ་སྒྲིག་ཐབས་ཀྱང་གཙོ་ཆེར་བྱས་ན་ཁག་གཉིས་ཡོད་པ་དེ་གཉིས་ནི་བསགས་སྒྲིག་དང་དཀྱུས་སྒྲིག་གམ་དབུས་སྒྲིག་གཉིས་ཡིན། དང་པོ། བསགས་སྒྲིག བསགས་སྒྲིག་ཅེས་པའི་དོན་ནི་རྒྱུད་སྐུད་སྟར་པ་དང་པོའི་སྒྲ་མཐོ་དམན་གཏན་འཁེལ་ཟིན་རྗེས་དེའི་སྟེང་གི་དཀྱུས་རིམ་བཞི་ལྡན་གྱི་འཚམས་འགྲིག་སྒྲ་ཐག་ལ་གཞིགས་ནས་རྒྱུད་སྐུད་སྟར་པ་གཉིས་པཔའི་སྒྲ་གཏན་འཁེལ་བྱེད་པ། དེ་རྗེས་མུ་མཐུད་ཐབས་ཤེས་དེ་ལྟར་སྤྱད་ནས་རྒྱུད་སྐུད་སྟར་པ་གསུམ་པའི་སྒྲ་གཏན་འཁེལ་བྱ་དགོས་པར་ཟེར། དེའི་སྒྲ་སྒྲིག་ཐབས་ནི་སྤྱིར་བཏང་བྱས་ན་wi/wi, La/La, Re/Reཡི་རྣམ་གཞག་ལྟར་སྒྲ་མཐོ་དམའ་གཏན་འཁེལ་བྱ་དགོས་པ་དང་། ཆེས་མང་ཆེ་བ་ལྔ་པའམ་Gགདངས་དང་མཚུངས།
མངའ་རིས་ཀྱི་ཁྱད་ཆོས་ལྡན་པའི་སྒྲ་སྙན་དཀྲོལ་གཏོང་མང་ཆེ་བའི་འགོ་འཇོག་ནི་སྒྲ་སྒྲིག་ཐབས་དེའི་རྒྱུད་སྟོང་གསུམ་དང་། དེ་བཞིན་རྒྱུད་སྐུད་རེ་རེའི་མཐེབ་གནས་དང་པོ་བསྣན་པ་ལས་གྲུབ་པའི་སྒྲ་རིམ་བཞིན་འགོག་འཛུགས་པ་ཞིག་ཡིན། དེ་ནི་དཀྲོལ་གཏོང་གོང་གི་སྒྲ་མཐོ་དམན་བརྟག་ཐབས་དང་། མཛུབ་མོའི་འགུལ་སྐྱོད་སྦྱོང་བརྡར་བྱ་རྒྱུ་དམིགས་ཡུལ་དུ་བཟུང་བའི་གོམས་གཤིས་ནས་འགོ་འཇོག་རོལ་དབྱངས་ཀྱི་གྲུབ་ཆ་ལྡན་པའི་རྣམ་པར་གྱུར་བ་མིན་ནམ་སྙམ། དེ་ལྟ་བུ་རོལ་དབྱངས་ཀྱི་གཞུང་དངོས་དང་འབྲེལ་བ་དེ་ཙམ་མེད་པའི་འདེགས་དབྱངས་༼ 起句 ༽ཀྱི་དུམ་བུ་དེ་རིགས་ཀྱི་མྱུར་ཚད་ཀྱང་གཞུང་དངོས་ཀྱི་འགོ་འཇོགས་ལས་རང་མོས་དེ་བས་ཆེ་བ་ཡོད། དོ་སྣང་བྱ་དགོས་པ་ཞིག་ལ། བསགས་སྒྲིག་ཅེས་བྱ་བའི་སྒྲ་སྒྲིག་སྟངས་དེ་ཡང་བསགས་ལོག་ཅེས་བྱ་བའི་གདངས་བསྒྱུར་ཐབས་དང་འབྲེལ་བ་དམ་ཟབ་ཡོད། ཅིའི་ཕྱིར་ཞེས་ན། བསགས་སྒྲིག་ནི་བསྟུད་མར་དཀྱུས་རིམ་བཞི་ལྡན་ཀྱི་འཚམས་འགྲིག་སྒྲ་ཐག་གི་འབྲེལ་བར་གཞིགས་ནས་སྒྲ་སྒྲིག་པ་ཞིག་ཡིན་པས། རྒྱུད་སྐུད་ཆ་སོ་སོའི་བར་གྱི་སྒྲ་ཐག་གི་འབྲེལ་བ་གཅིག་མཚུངས་ཡིན། དེར་བརྟེན། ཐོག་མའི་སྒྲ་གདངས་ཀྱི་འབྲེལ་བའི་རྣམ་གཞག་ལྟར་ཅུང་སྟབས་བདེ་པོའི་ངང་ནས་གོང་འོག་གཉིས་སུ་གདངས་བསྒྱུར་ཐུབ། གཉིས་པ། དཀྱུས་སྒྲིག་གམ་དབུས་སྒྲིག དཀྱུས་སྒྲིག་གམ་དབུས་སྒྲིག་ནི་སྤྱིར་བཏང་གི་སྒྲ་སྒྲིག་སྟངས་སམ་དབུས་ཀྱི་སྒྲ་སྒྲིག་སྟངས་ལ་ཟེར་བ་དང་། དཀྱུས་རིམ་བཞི་ལྡན་གྱི་འཚམས་འགྲིག་སྒྲ་ཐག་གི་འབྲེལ་བར་གཞིགས་ནས་སྒྲ་སྒྲིག་པ། དེ་ཡང་རྒྱུད་སྐུད་ཆ་དང་པོའི་སྒྲ་མཐོ་དམན་གཏན་འཁེལ་ཚར་རྗེས་སྟེང་གི་དཀྱུས་རིམ་བཞི་ལྡན་གྱི་འཚམས་འགྲིག་སྒྲ་ཐག་གི་འབྲེལ་བར་གཞིགས་ནས་རྒྱུད་སྐུད་ཆ་གཉིས་པའི་སྒྲ་གཏན་འཁེལ་བྱ་དགོས་པ།
དེ་རྗེས་མུ་མཐུད་ཐབས་དེ་རང་སྤྱད་ནས་རྒྱུད་སྐུད་ཆ་གསུམ་པའི་སྒྲ་ཚད་བཟང་དགོས་པ། ཡིན་ནའང་རྒྱུད་སྐུད་ཆ་གསུམ་པའི་མཐའ་མཇུག་གི་སྒྲ་དེ་དཀྱུས་རིམ་བརྒྱུད་ལ་ཕབ་ནས་སྒྲིག་གི་ཡོད། དེ་ལྟ་བའི་སྒྲ་སྒྲིག་སྟངས་ནི་La/La, Re/Re,Sol,/Solཀྱི་རྣམ་གཞག་ལྟར་གཏན་འཁེལ་བྱེད་པ་དང་། མང་ཆེ་བ་ནི་དྲང་སྲོང་ངམ་Dགདངས་དང་མཚུངས། དེའི་ཐོག་ནས་གསལ་པོ་མཐོང་ཐུབ་པར། རྒྱུས་སྐད་ཆ་གསུམ་པའི་མཐའ་མཇུག་གི་སྒྲ་གཏན་འཁེལ་བྱེད་སྐབས་དཀྱུས་རིམ་བརྒྱད་དུ་ཕབ་པའི་དམིགས་ཡུལ་ནི་སྒྲ་དམའ་བའི་ཁུལ་དེར་དཀྱུས་རིམ་གཉིས་ལྡན་གྱི་སྒྲ་ཐག་ཆེ་བ་གཅིག་རྒྱ་བསྐྱེད་གཏོང་ཆེད་ཡིན། དེར་བརྟེན། དམིགས་བསལ་གྱི་སྒྲ་སྒྲིག་སྟངས་དེ་འདྲ་སྤྱོད་པ་ནི་ཕལ་ཆེར་ནང་མའི་འགོ་འཇོག་གི་དབྱངས་དང་པོ་དེ་དཀྲོལ་ཆེད་ཡིན་པ་རེད། རྒྱུ་མཚན་ནི་དབྱངས་དེས་ནང་མའི་གཏན་འཇགས་འགོ་འཇོག་ནང་དམིགས་བསལ་གྱི་ནུས་པ་འདོན་པའི་རྐྱེན་གྱིས་ནང་མའི་གཏན་འཇགས་འགོ་འཇོག་རོལ་དབྱངས་ཀྱི་ཁྱད་ཆོས་དེ་བས་མངོན་གསལ་དོད་པོར་འགྱུར་བ་མ་ཟད། དབྱངས་དེ་ནི་ནང་མའི་རོལ་དབྱངས་ནང་ཐེངས་གཅིག་ལས་མི་ཐོན་པའི་དབྱངས་ཤིག་རེད།① དེ་མིན་སྔར་ད་དུང་གོང་གི་སྒྲ་སྒྲིག་ཐབས་དང་འབྲེལ་བ་དམ་ཟབ་ཡོད་པའི་སྒྲ་སྒྲིག་ཐབས་གཞན་ཞིག་ཡོད་པ། དེ་ཡང་དཔྱད་ཡིག་ནང་འཁོད་པའི་སྒྲ་སྙན་རྒྱུད་བདུན་པའི་སྒྲ་སྒྲིག་ཐབས་དེ་རེད། སྒྲ་སྙན་གྱི་རིགས་དེའི་རྒྱུད་བདུན་པོ་ཁག་སོ་སོ་ནི་རྐྱང་རྒྱུད་ཁེར་དབྱངས་གཅིག་དང་། རྒྱུད་གཉིས་རེ་སྒྲ་གཅིག་མཚུངས་ཡིན་པའི་རྒྱུད་ཆ་གསུམ་བཅས་ཁྱོན་སྒྲ་བཞིན་ཡོད་པ་དེའི་ནང་གོང་གི་སྒྲ་སྒྲིག་ཐབས་གཉིས་ཀྱི་སྒྲ་བཞི་པོ་ཚང་མ་ཚུད་ཡོད།② དེ་དག་ཁྲོད་ཀྱི་སྒྲ་གོང་མ་གསུམ་ནི་གོ་རིམ་མི་འདྲ་བ་ཙམ་མ་གཏོགས། དཀྱུས་སྒྲིག་གམ་དབུས་སྒྲིག་ཀྱི་རྒྱུད་སྟོང་གསུམ་གྱི་སྒྲ་ཡིན་ཞིང་། སྒྲ་མཇུག་མ་གསུམ་ནི་བསགས་སྒྲིག་གི་རྒྱུད་སྟོང་གསུམ་གྱི་སྒྲ་ཡིན། ཁྱད་མཚར་བ་ཞིག་ལ། སྒྲ་སྒྲིག་སྟངས་དེའི་རྒྱུད་སྟོང་བཞིའི་སྒྲ་དང་ནང་མའི་གཏན་འཇགས་འགོ་འཇོག་གི་དབྱངས་བཞི་གཅིག་མཚུངས་ཡིན།①༼ དེའི་ནང་སྒྲ་མཐོ་དམའ་དང་གོ་རིམ་ཡང་ཚུད་ཡོད ༽ཚོད་དཔག་བྱས་ན། དེ་ནི་འགོ་འཇོག་མ་དཀྲོལ་གོང་གི་སྒྲ་གནད་ལ་འཁེལ་མིན་བརྟག་པའི་གོམས་གཤིས་རང་བཞིན་གྱི་དཀྲོལ་གཏོང་དེ་རིགས་འགོ་འཇོག་རོལ་དབྱངས་ནས་ཚུད་པ་ཞིག་མིན་ནམ་སྙམ། དེར་བརྟེན་སྒྲ་སྒྲིག་སྟངས་དེ་རིགས་དང་ནང་མའི་འབྱུང་ཁུངས་ཀྱི་རོལ་མོའི་འགྱུར་ཁུག་དང་། རོལ་ཆའི་སྒྲ་སྒྲིག་སྟངས་བར་དེ་ལས་དེ་བྱུང་གི་འབྲེལ་བ་ཞིག་ཡོད་པ་རིག་འདེད་བྱས་ཆོག དེ་མིན་གོང་གི་སྒྲ་སྒྲིག་སྟངས་དེ་རིགས་གཤིབ་བསྡུར་བྱས་པ་ལས་ཤེས་ཐུབ་པར། གོང་གི་སྒྲ་སྒྲིག་སྟངས་དེ་གཉིས་ཀྱང་སྒྲ་སྙན་རྒྱུད་བདུན་པའི་སྒྲ་སྒྲིག་སྟངས་ལས་གྱེས་པའམ་སྟབས་བདེ་རུ་བཏང་བའི་རྣམ་པ་དང་། ཐ་ན་ལེགས་བཅོས་བྱས་པ་ཞིག་ཡིན་ཞིང་། ས་ཁུལ་མི་འདྲ་བའི་རོལ་དབྱངས་ཀྱི་དབྱངས་རྟའི་གྲུབ་ཆ་དང་། འགྱུར་ཁུག་གི་རྣམ་པ་མི་འདྲ་བར་གཞིགས་ནས་གྲུབ་པ་དང་། ས་གནས་དེ་གའི་རོལ་དབྱངས་ཀྱི་ཁྱད་ཆོས་དང་འཚམས་པའི་སྒྲ་སྒྲིག་སྟངས་སུ་གྱུར་བར་སྣང་། ལྷག་པར་དུ་རྒྱུད་བདུན་དབྱངས་བཞིའི་རྒྱུད་སྐུད་རྐྱང་སྡེབ་མཉམ་བསྲེས་ཀྱི་སྒྲ་སྒྲིག་ཐབས་དེ་རིགས་རྒྱུད་དྲུག་དབྱངས་གསུམ་གྱི་རྒྱུད་སྡེབས་སྒྲ་སྒྲིག་སྟངས་ལ་གྱུར་བ་དང་། ཐོག་མའི་སྒྲ་གདངས་ཀྱི་འབྲེལ་བའི་རྣམ་གཞག་ལྟར་དབྱངས་ཀྱི་ངག་འདྲེན་མིང་བསྒྱུར་བའི་རྣམ་པ་ཞིག་ཡིན་པས། དེས་ད་དུང་སྒྲ་སྙན་གྱི་སྒྲ་བསྐྱེད་སྔར་བས་གཅིག་གྱུར་དང་། དབྱངས་ཀྱི་གྲུབ་ཆ་མི་འདྲ་བ་དང་འགྱུར་ཁུག་གི་དབྱངས་རྟ་སྣ་ཚོགས་དཀྲོལ་བདེ་བར་འགྱུར་ཐུབ། དེར་བརྟེན། སྒྲ་སྒྲིག་སྟངས་དེ་ཉིད་དམངས་གཞས་དཀྲོལ་གཏོང་དང་། གླུ་གར་གྱི་རམས་སྐྱོར། རོལ་ཆ་མཉམ་དཀྲོལ་དེ་བཞིན་རོལ་ཆ་རྐྱང་དཀྲོལ་སོགས་འཁྲབ་སྟོན་གྱི་རྣམ་པ་མང་ཆེ་བར་སྤྱོད་ཀྱི་ཡོད། གསུམ་པ་། དཀྲོལ་གཏོང་ཐབས་རྩལ། སྒྲ་སྙན་དཀྲོལ་ཐབས་ཐད་ལ་ཡང་དཀྲོལ་གཏོང་སྐབས་ཀྱི་ལུས་ཀྱི་ཚུགས་ཀ་དང་། ལག་པ་གཡོན་མའི་སྡེབ་ཐབས། ལག་པ་གཡས་པའི་དཀྲོལ་ཐབས། ལག་གཉིས་ཀྱི་ཕན་ཚུན་གཞོགས་འདེགས་སོགས་ཀྱི་རྒྱུན་ཤེས་དང་། དེ་བཞིན་གླུ་ལེན་གར་འཁྲབ་སོགས་སྒྱུ་རྩལ་གྱི་རིགས་ཕྱོགས་བསྡུས་ཐོག་ནས་འཁྲབ་དཀྲོལ་བྱེད་ཐབས་སོགས་མང་པོ་ཡོད། སྒྲ་སྙན་དཀྲོལ་གཏོང་སྐབས་ཀྱི་ལུས་ཀྱི་ཚུགས་ཀར་དབྱེ་ན། ལངས་ན་དཀྲོལ་བའི་ཚུགས་ཀ་དང་། བསྡད་ནས་དཀྲོལ་བའི་ཚུགས་ཀ་གཉིས་ཡོད། དེ་གཉིས་ནང་ནས་ལངས་ནས་དཀྲོལ་བའི་ཚུགས་ཀ་དེ་བསྡད་ནས་དཀྲོལ་བའི་ཚུགས་ཀ་ལས་མང་བ་ཡོད། ལངས་ནས་བཀྲོལ་བའི་ཚུགས་ཀར་དབྱེ་ན་གཉིས་ཡོད་ཅིང་། དེ་གཉིས་གླུ་ལེན་གར་འཁྲབ་ནང་མངོན་པ་དང་། དེ་གཉིས་ཀྱི་ཁྱད་པར་གཙོ་བོ་ནི་འཐེན་ཐག་སྤྱོད་སྟངས་མི་འདྲ་བ་དེ་ཡིན། དིང་རི་སོགས་གཙང་ཁུལ་གྱི་དམངས་ཁྲོད་འཁྲབ་དཀྲོལ་དང་། ཨ་མདོ་ཁུལ་གྱི་རྡུང་ལེན་ནང་སྤྱིར་འཐེན་ཐག་མཇིང་པར་བསྐོར་ཐོག་སྒྲ་སྙན་མདུན་དུ་དམ་པོར་ཉར་ཏེ་འཁྲུག་ཆ་དོད་པའི་ཞབས་བྲོ་འཁྲབ་སྐབས་སྒྲ་སྙན་ལ་གཡོ་འགུལ་ཆེན་པོ་མི་ཐེབས་པ་བྱེད་ཀྱི་ཡོད།①ཡིན་ན་ཡང་ལྷ་སས་ལྟེ་བ་བྱས་པའི་དབུས་ཕྱོགས་ཀྱི་སྟོད་གཞས་དང་། ནང་མ། གར་གླུ་སོགས་གླུ་གར་འཁྲབ་སྟོན་གྱི་སྟང་སྟབས་བལྟོས་བཅས་ཀྱིས་དལ་བ་ཡོད་པས། འཐེན་ཐག་དཔུང་པ་གཡས་པར་བསྐོར་ནས་གཏོང་བ་ལས་མཇིང་པར་བསྐོར་གྱི་མེད། འཁྱེར་སྟངས་དེས་འཁྲབ་སྟོན་གྱི་སྟང་སྟབས་བལྟོས་བཅས་ཀྱིས་ལྷིང་བར་སྣང་གི་ཡོད།② ཚུགས་ཀ་གཞན་ཞིག་ནི་བསྡད་ནས་དཀྲོལ་བ་དེ་ཡིན་ཞིང་། དཀྲོལ་སྟངས་དེ་གླུ་གར་གྱི་རམ་སྐྱོར་དང་། རོལ་ཆ་མཉམ་དཀྲོལ། དེ་བཞིན་རོལ་ཆ་རྐྱང་དཀྲོལ་སོགས་ཀྱི་སྐབས་སྣང་བ་ཞིག་ཡིན། དེ་ཡང་རྫིང་ཆེ་ཆུང་གཉིས་བར་གྱི་ཉག་ཁ་དེ་རྐང་པ་གཡས་པའི་བརླ་སྟེང་དུ་འཇོག་པ་དང་། དེ་མིན་གྱི་ཁ་ཕྱོགས་དང་འཁྱེར་སྟངས་ཚང་མ་ལངས་ནས་འཁྱེར་བ་དང་སྤྱིའི་ཆ་ནས་གཅིག་མཚུངས་ཡིན། འཁྱེར་སྟངས་གཉིས་ཀར་རོལ་ཆ་ལུས་ཀྱི་མདུན་དུ་གསེག་ཏུ་ཉར་དགོས་པ་དང་། རྫིང་ལོང་ཁའི་གཡས་ཕྱོགས་དང་མདའ་བྲང་ཁོག་གི་མདུན་ནས་དཔུང་པ་གཡོན་མའི་ཕྱོགས་སུ་བསྣར་དགོས་པ། ལག་གཡོན་མའི་མཐེ་བོང་དང་གོང་མཛུབ་ཀྱི་བར་དུ་མདའི་ཡས་སྒ་དང་ཉེ་བའི་ཆ་ཤས་དེ་བཟུང་དགོས་པ། དེ་མིན་མཛུབ་མོ་བཞིས་རྒྱུད་སྐུད་བསྣན་དགོས་པ། ལག་པ་གཡས་པའི་མཐེ་བོང་དང་གོང་མཛུབ་བར་རམ་མཐེ་བོང་དང་། གོང་མཛུབ། དཀྱིལ་མཛུབ་བཅས་ཀྱི་བར་དུ་སེན་ལྡེ་འཁྱེར་ནས་དཀྲོལ་གཏོང་དང་ཆབས་ཅིག་གླུ་གཞས་བཏང་ཆོག ལངས་ནས་དཀྲོལ་སྐབས་ད་དུང་གླུ་ལེན་པ་དང་ཆབས་ཅིག་ཞབས་བྲོ་ཡང་རྒྱག་དགོས། གོང་གི་ཚུགས་ཀ་དེ་གཉིས་ནི་སྒྲ་སྙན་དཀྲོལ་གཏོང་གི་དཔེ་མཚོན་འོས་པའི་ཚུགས་ཀ་གཉིས་ཡིན། དེ་མིན་ད་དུང་དམིགས་བསལ་གྱི་འཁྱེར་སྟངས་ཞིག་ཡོད་པ་དེ་ནི་རོལ་ཆ་ལྟག་རྒྱབ་ཏུ་འཁྱེར་ཐོག་ལག་གཉིས་ལྟག་རྒྱབ་ཏུ་བརྐྱངས་ནས་སྒྲ་སྙན་དཀྲོལ་གཏོང་དང་ཆབས་ཅིག་གླུ་ལེན་གར་འཁྲབ་བྱེད་པ། དེ་ནི་དཀའ་ཚེགས་ཧ་ཅང་ཆེ་བའི་རྩལ་ངོམས་རང་བཞིན་གྱི་འཁྲབ་སྟོན་གྱི་རྣམ་པ་ཞིག་ཡིན། ད་དུང་“ལ་ལ་ཞིག་གིས་རང་གི་སྒྲ་སྙན་དཀྲོལ་རྩལ་ངོམས་ཆེད་མགོ་སྟེང་དུ་ཆང་གིས་བཀང་བའི་ཁྲུང་ཕོར་སོགས་ཁྱེར་ཏེ་ཆང་ཐིགས་གཅིག་ཀྱང་ཕྱི་ལ་མ་བོ་བ་བྱེད་སྲོལ་ཡོད་འདུག”〔༣〕
དཀྲོལ་གཏོང་གི་ཚུགས་ཀ་ཕུད། ད་དུང་སྒྲ་སྙན་གྱི་འཁྲབ་སྟོན་ནུས་རྩལ་ནང་། ལག་གཡོན་མའི་མཐེབ་རྒྱག་རྩལ་དང་། ལག་གཡས་པའི་སེན་ལྡེ་བརྡར་རྩལ། དེ་བཞིན་ལག་གཉིས་ཕན་ཚུན་གཞོགས་འདེགས་བྱེད་པའི་རྩལ་བཅས་ཡོད།
དང་པོ། ལག་གཡོན་མས་མཐེབ་རྒྱག་ཚུལ་ནི། སྒྲ་སྙན་གྱི་ལག་གཡོན་མའི་འཐེབ་རྒྱག་རྩལ་ཐད་ཐབས་རྩལ་སྣེ་མང་ཕུན་སུམ་ཚོགས་པོ་ཡོད་པ་དེ་ཡང་གཙོ་བོ། མཛུབ་མནན་དང་། ལྡེམ་མནན། མཐེབ་སྟོང་། མཐེབ་ཙག འདྲེད་ཤུད་བཅས་ལྔ་ཡོད། ༡.མཛུབ་མནན། མཛུབ་མནན་ནི་སེན་ལྡེས་རྒྱུད་སྐུད་བརྡར་བར་གཞོགས་འདེགས་བྱས་ནས་མཐེབ་རྒྱག་པར་ཟེར། ༢.ལྡེམ་མནན། ལྡེམ་མནན་ནི་མཛུབ་མོས་རྒྱུད་སྐུད་ལ་ག་ལེར་གཡོ་འགུལ་བཏང་ནས་སྙན་འཇེབས་ལྡན་པའི་སྒྲ་གྲགས་པར་བྱེད་པར་ཟེར། ༣.མཐེབ་སྟོང་། མཐེབ་སྟོང་ནི་སེན་ལྡེ་རྒྱུད་སྐུད་ལ་བརྡར་རྗེས་མཛུབ་མོས་འགུལ་མཚམས་ཆད་མེད་པའི་རྒྱུད་སྐུད་ཐོག་སྡེབ་སྟེ་འགྱུར་ཁུག་གི་སྒྲོམ་གཞིའི་དབྱངས་གྲགས་པར་བྱེད་པར་ཟེར། ༤.མཐེབ་ཙག མཐེབ་ཙག་ནི་སེན་ལྡེས་སྒྲ་དབྱངས་ཤིག་དཀྲོལ་རྗེས་དེའི་སྒྲ་ལྷག་མ་ཆད་པའི་སྐབས་དང་བསྟུན་ནས་ལག་གཡོན་མའི་མཛུབ་མས་སྒྲ་གནས་མི་འདྲ་བའི་ཐོག་སྡེབ་སྟེ་རྟེན་སྒྲའམ་རྒྱན་སྒྲ་གྲགས་པར་བྱེད་པར་ཟེར་ཞིང་། དེ་ཡང་མཐེབ་སྟོང་དང་ཅུང་འདྲ་བའི་དཀྲོལ་རྩལ་ཞིག་ཡིན་པ་དང་། དེ་གཉིས་སྤྱིའི་ཆ་ནས་ཐབས་རྩལ་རིགས་གཅིག་ཏུ་འདུ། དེ་མིན་དཀྲོལ་རྩལ་དེ་རིགས་ལས་གྱེས་པའི་རྣམ་པ་མི་འདྲ་བ་སྣ་ཚོགས་ཡོད། དེ་ཡང་སེན་ལྡེ་རྒྱུད་སྐུད་གཉིས་ཀྱི་ཐོག་ཏུ་བརྡར་རྗེས། རྒྱུད་སྐུད་གཅིག་གི་སྒྲ་མ་ཡལ་བའི་སྐབས་དང་བསྟུན་ནས། རྒྱུད་སྐུད་གཞན་དེའི་ཐོག་མཐེབ་ཀྱིས་མནན་ན་འགྲོས་མཚུངས་དབྱངས་བརྩེགས་ཀྱི་རྣམ་པ་ཞིག་གྲུབ་ཀྱི་ཡོད། ༥.ཤུད་དམ་འདྲེན་ཤུད། དེ་ནི་རྒྱུད་སྐུད་ཐོག་མཛུབ་མོས་འདྲེན་ཤུད་བྱས་ནས་ཤུར་སྒྲ་གྲགས་པར་བྱེད་པར་ཟེར།①
སྲོལ་རྒྱུན་སྒྲ་སྙན་གྱི་དཀྲོལ་ཐབས་ནང་ལག་འཇུ་གནས་སྤོའམ་མཐེབ་གནས་སྤོ་བའི་ལུགས་སྲོལ་མེད་པ་ལྟར་སྣང་ཞིང་། ཡས་སྒའི་ཉེ་འགྲམ་གྱི་ལག་འཇུའི་ངོས་ཁོ་ནར་མཐེབ་རྒྱག་པས། དེ་མིན་རྫིང་ཆུང་བར་གྱི་མཐེབ་པང་མང་ཆེ་བ་བེད་སྤྱོད་མེད་པར་ལུས་ཀྱི་ཡོད། ཡིན་ནའང་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པ་ནས་བཟུང་ནང་སའི་རོལ་ཆ་དེ་བས་མང་བ་བོད་ལྗོངས་སུ་དར་བ་དང་བསྟུན་ནས་ལག་འཇུ་གནས་སྤོའམ་མཐེབ་གནས་བརྗེ་བསྒྱུར་བྱ་རྒྱུ་དེ་ཆེད་ལས་སྒྲ་སྙན་དཀྲོལ་གཏོང་པས་ངེས་པར་དུ་བྱང་ཆུབ་པ་བྱ་དགོས་པའི་རྩལ་ཞིག་ཏུ་གྱུར་ཡོད། ལྷག་པར་དུ་སན་ཞོན་༼ 三弦 ༽སོགས་རོལ་ཆའི་མཐེབ་གནས་བརྗེ་རྩལ་ལ་སློབ་སྦྱོང་དང་གང་དེ་དག་དཔྱད་གཞིར་བཟུང་བས་སྒྲ་སྙན་གྱི་དཀྲོལ་གཏོང་རྩལ་ནུས་ཐད་གོང་འཕེལ་གསར་པ་བྱུང་ཡོད་ལ། སྒྲ་སྙན་གྱི་སྒྲ་ཁོངས་ཀྱང་ཇེ་ཡངས་སུ་གྱུར་ཡོད།
མཐེབ་གནས་བརྗེ་རྩལ་དེ་བས་ལེགས་པ་སྤྱོད་ཐུབ་ཕྱིར། སྒྲ་སྙན་གྱི་བཟོ་རྩལ་དང་ལྷུ་ལག་སྒྲིག་སྦྱོར་ཐད་ལའང་ལེགས་བཅོས་དང་འཐུས་སྒོ་ཚང་དུ་བཏང་ཡོད། དཔེར་ན། སྒྲ་སྙན་གྱི་རྫིང་ཆུང་དང་མདའི་བར་དང་། མདའ་དང་རྟ་མགོའི་བར་གྱི་གཅད་ཅེས་པའི་སྦྱར་ཁ་དེ་གཉིས་ཀྱང་ཕྱི་ནས་མི་མངོན་པ་ཞིག་བཟོས་ཡོད་པས། དེས་གཅིག་ནས་མིག་ལ་མཛེས་པ་དང་གཉིས་ནས་མཐེབ་གནས་བརྗེ་བསྒྱུར་བདེ་བར་བྱས་ཡོད།①དེ་དང་ཆབས་ཅིག མཐེབ་གནས་བརྗེ་བདེ་རུ་གཏོང་ཆེད། སྒྲ་སྙན་གྱི་མདའི་ཐོག་ཏུ་བསྒར་བའི་འཐེན་ཐག་སྒྲོག་ས་དེ་ཡང་རྫིང་ཆུང་དང་ཅུང་ཉེ་བའི་གནས་སུ་སྤོས་པ་དང་། འཐེན་ཐག་ཀྱང་བྲང་ངོས་ནས་དཔུང་པ་གཡས་པར་བསྐོར་ཏེ་མཇིང་པར་བསྐོར་མི་དགོས་པ་བྱས་ཡོད། དེས་གཅིག་ནས་ལག་གཡོན་མ་མདའ་ཐོག་ཏུ་འགུལ་སྐྱོད་བྱེད་བདེ་བར་གྱུར་ཡོད་ལ། ཆབས་ཅིག་མཐེབ་གནས་བརྗེ་བསྒྱུར་ཡང་སྟབས་བདེ་རུ་ཕྱིན་ཡོད། གཉིས་པ། ལག་གཡས་པའི་དཀྲོལ་ཐབས་ནི། ལག་གཡས་པས་སྒྲ་སྙན་དཀྲོལ་ཐབས་ལ་སེན་ལྡེ་སྤྱོད་ཐབས་ཀྱང་ཟེར་ཞིང་། དེར་ཡང་མར་སྐྲོག་དང་། ཡར་སྐྲོག སྡེབ་སྐྲོག བརྩེགས་གཏོང་བཅས་བཞི་ཡོད། ༡.མར་སྐྲོག མར་སྐྲོག་ནི་སེན་ལྡེ་རྒྱུད་སྐུད་ཀྱི་སྟོད་ནས་སྨད་དུ་བརྡར་བར་ཟེར། ༢.ཡར་སྐྲོག ཡར་སྐྲོག་ནི་སེན་ལྡེ་རྒྱུད་སྐུད་ཀྱི་སྨད་ནས་སྟོད་དུ་ཡར་བརྡར་བར་ཟེར། ༣.སྡེབ་སྐྲོག སྡེབ་སྐྲོག་ནི་ཡར་བརྡར་དང་མར་བརྡར་ཟུང་དུ་འབྲེལ་བར་ཟེར། ད་དུང་སེན་ལྡེ་བརྡར་བའི་གྲངས་ཚད་ལའང་གཅིག་བརྡུང་ཞེས་པ། དཔེར་ན། “མར་བརྡར”༼ ↓ ༽དང་། “ཡར་བརྡར་”༼ ↑ ༽ལྟ་བུ་དང་། གཉིས་བརྡུང་། དཔེར་ན། “མར་གཉིས་བརྡར་”༼ ↓↓ ༽དང་། “མར་བརྡར་ཡར་བརྡར་”༼ ↓↑ ༽དང་། “ཡར་གཉིས་བརྡར་”༼ ↑↑ ༽༼ སྤྱོད་མཁན་ཉུང་ ༽“ཡར་གཅིག་མར་གཅིག”༼ ↑↓ ༽༼ སྤྱོད་མཁན་ཉུང་ ༽ལྟ་བུ། གསུམ་བརྡུང་དཔེར་ན། “མར་གཉིས་ཡར་གཅིག་”༼ ↓↓↑ ༽“མར་གཅིག་ཡར་གཅིག་མར་གཅིག་”༼ ↓↑↓ ༽༼ སྤྱོད་མཁན་ཉུང་ ༽“ཡར་གཅིག་མར་གཅིག་ཡར་གཅིག”༼ ↑↓↑ ༽༼ སྤྱོད་མཁན་ཉུང་ ༽ལྟ་བུ་ཡོད། བསྲེས་བརྡུང་དཔེར་ན། “མར་ཡར་ཟུང་འབྲེལ་”༼ ↓↑↓↑ ༽“ཡར་མར་ཟུང་འབྲེལ་”༼ ↑↓↑↓ ༽༼ སྤྱོད་མཁན་ཉུང་ ༽ལྟ་བུ་ཡོད། དེ་དག་ཁྲོད་ནས་མར་ཡར་ཟུང་འབྲེལ་དང་ཡར་མར་ཟུང་འབྲེལ་གཉིས་དཀྲོལ་གཏོང་མྱུར་ཚད་མགྱོགས་ལ་དབྱངས་རྟགས་མང་བའི་རོལ་དབྱངས་དཀྲོལ་སྐབས་སྤྱོད་པ་དཔེར་ན། བཅུ་དྲུག་ཆའི་སྒྲ་རྟགས་བསྟུན་མར་དཀྲོལ་སྐབས་སྤྱོད་པ་དང་། ད་དུང་རེས་སྐོར་བསྟུད་དཀྲོལ་གྱི་ཐབས་རྩལ་གྱི་ངོས་ནས་སྒྲ་རིང་པོ་དཀྲོལ་སྐབས་སྤྱོད་པར་བྱེད། ༤.བརྩེགས་གཏོང་། བརྩེགས་གཏོང་ནི་འགྲོས་བརྡབ་ཀྱི་དྲག་གནས་ཀྱི་སྒྲ་དཀྲོལ་རྗེས། འགྲོས་བརྡབ་ཀྱི་ཞན་གནས་སུ་སེན་ལྡེ་ཡང་བརྡར་བ་ལས་བྱུང་བའི་རྗེས་འབྲེལ་གྱི་རྒྱན་སྤྲོས་སྒྲ་དབྱངས་ཤིག་གྲགས་པར་བྱེད་པའི་རྩལ་ལ་ཟེར། རྗེས་འབྲེལ་གྱི་རྒྱུན་སྤྲོས་སྒྲ་དབྱངས་དེའི་ནང་སྒྲ་བརྩེགས་ཀྱང་ཡོད། མ་གཞི་སྒྲ་སྙན་གྱི་སེན་ལྡེ་སྤྱོད་སྟངས་སྟབས་བདེ་བར་སྣང་ཡང་། དེ་ནི་སྒྲ་སྙན་དཀྲོལ་རྩལ་དངོས་མངོན་པའི་རྩལ་ཐབས་ཤིག་ཡིན་ཞིང་། དེ་ཡང་དཀྲོལ་གཏོང་གི་སྒྲ་སྤུས་དང་། སྒྲ་ཤུགས། མྱུར་ཚད། དེ་བཞིན་སེན་ལྡེ་རྒྱུད་སྐུད་ལ་བརྡར་བའི་གཏིང་རིང་ཐུང་དང་། མགྱོགས་མྱུར་ངང་དཀྲོལ་སྐབས་སྒྲ་དབྱངས་དོ་སྙོམས་པོ་ཡོད་མེད་སོགས་ནས་མངོན་གྱི་ཡོད། སྤྱིར་བཏང་བྱས་ན། མྱུར་ཚད་ཅུང་དལ་བའི་རོལ་དབྱངས་དཀྲོལ་གཏོང་བྱེད་སྐབས་མང་ཆེ་བ་མར་བརྡར་བའམ་ཡར་བརྡར་ལས་མར་བརྡར་མང་བ་ཡོད་ཅིང་། དེ་ལྟར་བྱས་ན་དཀྲོལ་གཏོང་གི་སྒྲ་སྤུས་ཡག་པ་ཡོང་གི་ཡོད། རྒྱུ་མཚན་ནི་མར་བརྡར་གྱི་སྒྲ་ཤུགས་དང་སྒྲ་ཉམས་སོགས་ཡར་བརྡར་ལས་ཡག་པ་ཡོད་པས་རེད། ཡིན་ནའང་དཀྲོལ་གཏོང་མྱུར་ཚད་མགྱོགས་སུ་གཏོང་བའམ་སྒྲ་རྟགས་མང་བའི་རོལ་དབྱངས་དཀྲོལ་སྐབས་ཡར་བརྡར་གྱི་གྲངས་ཚད་ཀྱང་དེ་དང་བསྟུན་ནས་མང་དུ་འགྲོ་བ་དང་ལྷག་པར་དུ། སྦྲེལ་དཀྲོལ་ལས་གྲུབ་པའི་སྒྲ་རིང་པོ་དཀྲོལ་སྐབས་དེ་གཉིས་ཧ་ལམ་ཆ་སྙོམས་པར་སྤྱོད་ཀྱི་ཡོད། གསུམ་པ། ལག་གཉིས་པོས་ཕན་ཚུན་གཞོགས་འདེགས་བྱེད་ཚུལ། ཀུན་གྱིས་མཁྱེན་གསལ་ལྟར། ལག་གཉིས་ཕན་ཚུན་གཞོགས་འདེགས་བྱ་རྒྱུ་ནི་ཧ་ལམ་རོལ་ཆ་ཚང་མའི་དཀྲོལ་གཏོང་ཐད་ཁོང་དུ་ཆུད་པ་བྱ་དགོས་པའི་རྩལ་ནུས་གལ་ཆེན་པོ་ཞིག་ཡིན་ལ། སྒྲ་སྙན་དཀྲོལ་སྐབས་ཀྱང་དེ་ལྟར་ཡིན། དོ་སྣང་བྱ་དགོས་པ་ཞིག་ལ། བོད་ལྗོངས་ལྷ་རྩེ་རྫོང་གི་སྐུ་ཞབས་བཀྲ་ཤིས་དབང་ལགས་ཀྱིས་ལག་གཉིས་གཞོགས་འདེགས་བྱེད་པའི་རྣམ་པ་དམིགས་བསལ་ཞིག་འཚོལ་བསྡུ་ལེགས་སྒྲིག་དང་ཆབས་ཅིག་ལེགས་བཅོས་བྱས་ནས་གླུ་གར་འཁྲབ་སྟོན་ནང་སྤྱད་ཡོད། དེ་ཡང་གླུ་གར་འཁྲབ་སྟོན་པའི་རུ་སྟར་ནང་གཞོགས་གཡོན་ནས་རྩིས་པའི་འཁྲབ་སྟོན་པ་དང་པོ་དེའི་ལག་གཡོན་མས། དེའི་གཡས་སུ་ཡོད་པའི་འཁྲབ་སྟོན་པ་གཉིས་པའི་སྒྲ་སྙན་གྱི་མཐེབ་རྒྱག་པ་དང་། འཁྲབ་སྟོན་པ་གཉིས་པ་དེས་ཀྱང་ལག་གཡོན་མས་རང་ཉིད་ཀྱི་གཡས་སུ་ཡོད་པའི་འཁྲབ་སྟོན་པ་གསུམ་པའི་སྒྲ་སྙན་གྱི་མཐེབ་རྒྱག་པ། དེ་ལྟར་རིམ་བཞིན་འཁྲབ་སྟོན་པ་ཕན་ཚུན་གཞོགས་འདེགས་བྱས་ནས་སྒྲ་སྙན་དཀྲོལ་གཏོང་བྱེད་པའི་དམིགས་བསལ་གྱི་རྣམ་པ་ཞིག་ཡིན། དཀྲོལ་ཐབས་དེ་རིགས་སྤྱད་པ་དེས་གཅིག་ནས་སྒྲ་སྙན་འདི་བཞིན་གླུ་གར་འཁྲབ་སྟོན་ནང་སྤྱོད་པའི་རྣམ་པ་མང་དུ་ཕྱིན་ཡོད་ལ། ད་དུང་སྒྲ་སྙན་དཀྲོལ་ཐབས་ཕུན་སུམ་ཚོགས་སུ་ཡང་ཕྱིན་ཡོད། རྒྱུ་མཚན་ནི་ལག་གཉིས་གཞོགས་འདེགས་བྱེད་པའི་དམིགས་བསལ་གྱི་དཀྲོལ་ཐབས་དེ་རིགས་དམངས་ཁྲོད་དུ་ཐར་ཐོར་དུ་མཐོང་རྒྱུ་ཡོད་ཀྱང་མཉམ་སྡེབ་ཞབས་བྲོའི་ནང་གཞི་ཁྱོན་ཆེན་པོའི་སྒོ་ནས་སྤྱད་པ་ནི་སྔར་མཐོང་དཀོན་པའི་རྣམ་པ་གསར་པ་ཞིག་ཡིན།① རྒྱ་ཆེ་ས་ནས་བཤད་ན། སྒྲ་སྙན་དཀྲོལ་རྩལ་ཐད་དཀྲོལ་གཏོང་ཙམ་མ་ཟད། ད་དུང་གླུ་དང་གར་གྱི་ཉམས་འགྱུར་ཚུད་པའི་དཀྲོལ་ལེན་འཁྲབ་གསུམ་གྱི་སྒྱུ་རྩལ་རྣམ་པ་མཚོན་ཐབས་དང་། སྒྱུ་རྩལ་གྱི་རྣམ་པ་དེ་དག་ཟུང་འབྲེལ་ལེགས་པར་བྱ་རྒྱུ་ཡང་ཚུད་ཡོད། མ་གཞི་སྒྲ་སྙན་དཀྲོལ་གཏོང་གི་རྩལ་ནུས་ཕུན་སུམ་ཚོགས་པོ་ཡོད་ཀྱང་། སྤྱིར་ཁྱད་ཆོས་རང་བཞིན་དང་། ཉམས་ཆོས་རང་བཞིན་གྱི་དཀྲོལ་རྩལ་ནི་རྩལ་ངོམས་རང་བཞིན་གྱི་དཀྲོལ་རྩལ་ལས་མང་བ་ཡོད། དེ་ནི་རོལ་ཆ་དེ་རང་གི་གྲུབ་ཆ་དང་། ཁྱད་ཆོས། དཀྲོལ་རྩལ་སོགས་དང་འབྲེལ་བ་ཟབ་མོ་ཡོད་པ་མ་ཟད། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་། སྒྱུ་རྩལ་ཐད་ཀྱི་མཛེས་དཔྱོད་ལྟ་བ་སོགས་དང་འབྲེལ་བ་དམ་ཟབ་ཡོད། དེར་བརྟེན་གང་དེ་ཡང་སྒྲ་སྙན་དཀྲོལ་གཏོང་ཐས་ཀྱི་ཁྱད་ཆོས་གལ་ཆེན་གཞན་ཞིག་རེད།