སྟོན་ཁ་ལགས །༼ སློབ་ཐོན་གྱི་སློབ་མར་འཕུལ་བ། ༽

འཆར་སྣང་གི་ཡོལ་བའི་དབུས་སུ།

དྲན་འཆར་ནི་སྟོན་རླུང་འདང་ཞིང།

བསིལ་བསིལ་སྟོན་གྱི་རླུང་བུས།

བདག་སེམས་དེ་རེ་འགར་ལྷིང་འཇག་སུ་བཏང།

ཡང་དྲན་ཤེས་སྟོན་གྱི་རླུང་བུ་ཡིས།

འདས་དོན་གྱི་ལོ་མ་བདག།

དལ་བུར་དྲན་སེམས་ཀྱི་ས་གཞིའི་ངོས་སུ་འབུད་ཤིང།

ང་ལ་དུས་ཀྱི་དྲན་སྐུལ་ཞིག་ཀྱང་སྣང་བྱུང།

མེ་ཏོག་དུས་ཀྱི་དྲི་ཞིམ་འཐུལ་འདྲའི།

བྱིས་དུས་ཀྱི་དཔྱིད་ཀ་དེ།

སྔ་ས་ནས་ཡོལ་ཟིན་ཞིང།

ཤེས་རིག་མདབ་མ་རྒྱས་འདྲའི་ན་ཆུང་གི།

དབྱར་དུས་དེ་ཡང་རྫོགས་ཟིན།

བསྐྱོད་དང་བསྐྱོད་བཞིན་པའི་སྟོན་ཁ།

ལོ་འབྲས་འབྲས་བུ་སྨིན་དུས་ཀྱི་སྟོན་ཁ།

ལྗོན་ཤིང་ལོ་མ་ཟགས་དུས་ཀྱི་སྟོན་ཁ།

ཁྱེད་ནི་སློབ་ཐོན་གྱི་དུས་འདི་དང་ཡོངས་སུ་མཚུངས་ཤིང།

ཁྱེད་ལ་འབྲས་བུའི་དུས་ཡང་བརྗོད་མཆོག་ལ།

ཁྱེད་ལ་རེ་བའི་དུས་ཡང་བརྗོད་མཆོག།

སློབ་ཐོན་གྱི་སློབ་མ་ཚོ།

ཁྱེད་རྣམས་ནི་སྟོན་མགོའི་འབྲས་ཤིང་དང་འདྲ་བར།

མེས་རྒྱལ་དང་མི་རིགས།

གདོང་དམར་སྤུན་ཟླ་ཚང་མའི་མ་འོངས་པའི་རེ་བ་མཅོལ་ཡུལ་ཡང་ཁྱེད་ཚོ་ཡིན་པས།

སློབ་ཐོན་གྱི་སློབ་མ་ཚོ།

ཁྱེད་ཚོས་ད་དུང་གཏི་མུག་དང་རོལ་རྩེད་ཁོ་ནར་མགོ་བོ་གཡེངས་ན་ ད་དུང་རེ་གུག་གི་དུས་ཚོད་ཨེ་ཡོད།

སློབ་ཐོན་གྱི་སློབ་མ་ཚོ།

ཁྱེད་ཚོས་མཇུག་མཐའི་དུས་འདིར་ཡང་སྔར་བཞིན་གཏི་མུག་གཉིད་ལ་ཡུར་ན།

སང་ཉིན་གྱི་བདག་པོ་སུ་ཡི་བྱེད་དམ།

ཕ་ཡུལ་འཛུགས་སྐྲུན་བྱེད་པོ་སུ་ཞིག་གིས་བྱེད་དམ།