སྤུ་རྒྱལ་གངས་རི།
གནས་མཆོག་སྤུ་རྒྱལ་དང་འབྲེལ་ཏེ་ཡུལ་ལུང་འགའ་ལ་དཔྱད་པ།
རྩོམ་སྒྲིགཟླ་ཚེས། 2018-10-14 17:06:44 རྩོམ་པ་པོ། སྟོང་སྐོར་གཡུང་དྲུང་བསྟན་པ། རྩོམ་ཁུངས། ཧི་མ་ལ་ཡའི་བོན། མཁན་པོ་ཨོ་རྒྱན་རིག་འཛིན་ནས་དྭ་ངོས་འདིར་སྒྲིག་འཇུག་བྱས།
ནང་དོན་གནད་བསྡུས།
རྩོམ་སྒྲིག
གཙོ་བོ་སྤུ་རྒྱལ་གཡུང་དྲུང་ལྷ་རྩེའི་རང་བཞིན་ལས་འཕྲོས་ཏེ་ཡུལ་མིང་འགའ་ལ་དཔྱད་ཁུལ་བགྱི་བ་དང་། མིང་གི་གྲུབ་སྟངས་ལས་མཆེད་དེ་ཨ་ཡང་རམ་མང་ཁང་བྲུམ་སད་སལེ་འདུ་བཅས་ལུང་གྲུབ་ཀྱི་ཡིག་འབྲུ་དགུ་ལས་སྤུ་རྒྱལ་གངས་རི་དང་མཐའ་མཚམས་ཀྱི་ཕྱོགས་བཞི་མཚམས་བརྒྱད་བཅས་གྲུབ་ཚུལ་བཀོད་ཡོད།
[བརྡ་ཆད་གཙོ་བོ།] གནས་རི། གནས་བདག ཨིན་ཏྲའི་གནས། ཡ་ང་། རྨ་རོང་། རོམ་འགག
དད་ལྡན་རྣམས་ཀྱི་སེམས་ཁོངས་ན་ནམ་ཡང་འདོར་དུ་མི་གཏུབ་ཅིང་སེམས་ཀྱི་ཀློང་རིམ་ན་ལྷུན་ཞིང་འཐུག་པའི་གནས་མཆོག་གངས་རི་བདུན་(སྟོད་མངའ་རིས་ས་ཁུལ་གྱི་གངས་རིན་པོ་ཆེ། མདོ་སྨད་མཚོ་སྔོན་མགོ་ལོག་ཁུལ་གྱི་རྨ་ཆེན་གངས་རི། དབུས་གཙང་ལྷོ་ཁ་ཁུལ་གྱི་ཤམ་པོ་ལྷ་རྩེ། མདོ་སྟོད་ཟིལ་མོ་སྒང་གི་སྤུ་རྒྱལ་གངས་དཀར། མཚོ་སྔོན་ཡུལ་ཤུལ་ཁུལ་གྱི་རྡོ་ཐི་གངས་དཀར། སི་ཁྲོན་དཀར་མཛེས་ཁུལ་གྱི་རུ་དོམ་ཟིལ་ཁྲོམ། སི་ཁྲོན་དཀར་མཛེས་ཁུལ་ཉག་རོང་རྫོང་གི་ཁ་བ་གླང་རི་བཅས་ཡིན། )གྱི་ཡ་གྱལ་སྤུ་རྒྱལ་གཡུང་དྲུང་ལྷ་རྩེ་(ལ་ལར་སྤུ་རྒྱལ་གཡུང་དྲུང་ལྷ་དབང་ཡང་ཟེར།)ཞེས་གནས་རི་ཁྱད་འཕགས་རིག་འཛིན་གོང་མ་རྣམས་ཀྱི་བྱིན་རླབས་མ་ཡལ་ཞིང་ཐུགས་རྗེ་ཉག་ཐག་གི་འོད་ཟེར་ཡལ་མ་མྱོང་བའི་གནས་རི་དེའི་རང་བཞིན་མདོར་ཙམ་བསྟན་ཏེ་གནས་མཆོག་གི་མཐའ་སྐོར་ན་གནས་པའི་ཡུལ་ལུང་འགའ་ཡི་མིང་སོགས་ལ་དཔྱད་པ་རེ་ཁུལ་བགྱི་བར་སྤྲོ།
གནས་རིའི་སྐོར།
རྩོམ་སྒྲིག
སྤྱིར་ང་ཚོའི་རིག་འཛིན་གོང་མ་རྣམས་ཀྱིས་བརྡ་རྟགས་རྟེན་འབྲེལ་ལ་དམིགས་ནས་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ཉིད་མ་འོངས་ཡུན་བརྟན་གྱི་དོད་དུ་མི་འགྱུར་བཀའ་རྟགས་གངས་རི་བདུན་ངོས་འཛིན་བྱས་ཡོད་ཅིང་དེ་དག་ཀྱང་མདོ་དབུས་ཁམས་གསུམ་གྱི་ཆེས་གཞི་རྒྱ་ཆེ་བའི་གངས་རིར་ངོས་འཛིན་བྱེད་ཆོག་པ་ཞིག་རེད། དེའི་ནང་གི་སྤུ་རྒྱལ་གཡུང་དྲུང་ལྷ་རྩེ་གངས་རི་འདི་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད6328 ཡོད་པ་དང་སྟོན་མཆོག་གཤེན་རབ་མི་བོ་དངོས་སུ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་གནས་ཁྱད་པར་བ་ཞིག་ཡིན་པར་མ་ཟད་རིག་འཛིན་སྟོང་རྒྱུང་མཐུ་ཆེན་དང་བླ་ཆེན་ཡབ་སྲས་སོགས་ཀྱིས་སྒྲུབ་པ་ཉམས་སྐྱོང་གི་གནས་ཡིན་པ་ནི་ལོ་རྒྱུས་དང་གནས་ཡིག་དཀར་ཆག་སོགས་ལས་གསལ་བ་ལྟར་འདིར་དེ་ཙམ་གྱིས་ཆོག་པར་བྱ། ཡིན་ན་ཡང་དེང་གི་སྐྱ་སེར་དད་ལྡན་འགའ་ཞིག་གིས་གནས་རི་དང་གནས་བདག་གཉིས་རྦད་དེ་ནོར་ནས་དབྱེར་མི་ཕྱེད་པའི་གནས་ཚུལ་ཐོན་གྱིན་ཡོད་པ་ནི་ང་ཚོར་རྨོངས་དད་ཀྱིས་ཅུང་བཙུར་བ་ཡིན་པར་འདོད།
དཔེར་ན་གསོལ་མཆོད་དང་འཕྲིན་བཅོལ་སོགས་གནས་རི་ཁོ་ནར་དམིགས་ནས་སྒྲུབ་པ་ཡོད་པས་དེ་ལྟར་གོ་ལྡོག་འཇུག་པའི་གནད་ལ་ཐུགས་བསམ་བཞེས་རྒྱུ་ཅི་ནས་ཀྱང་རེ་བས་འབོད་པ་ལགས་སོ།།
ཁྱད་པར་སྤུ་རྒྱལ་གནས་མཆོག་འདི་ནི་ཤར་ལྷོ་ནུབ་བྱང་ཕྱོགས་མཚམས་བརྒྱད་བཅས་ནས་ལྟས་ན་སོ་སོར་མི་འདྲ་བའི་དབྱིབས་གཟུགས་ཡོད་ཅིང་དེ་དག་ནི་གཡག་དཀར་ཆུར་ཞུགས་དང་རྨོག་ཕོར་བརྩེགས་པ། པད་མ་སྤུངས་པ། དབལ་གཡག་བཞེངས་པ། དབལ་གཡག་འགྱིང་འདྲ་བ་སོགས་ཡོད། འདི་ལ་ཕྱག་སྐོར་བྱེད་པ་ནི་སྤུ་རྒྱལ་གནས་མཆོག་འདི་ཉིད་འཛམ་གླིང་གནས་ཀྱི་བྱིན་རླབས་གཅིག་བསྡུས་དང་གཡུང་དྲུང་བོན་གྱི་སྐུ་གསུང་ཐུགས་རྟེན་སོགས་སྦས་པའི་ཡུལ་མཆོག་ཅིག་ཡིན་ཏེ། བླ་ཆེན་དྲན་པས་(སྤྱི་ལོ་མ་ཚུགས་གོང་གི་འབྱུང་ལྡན༢༥༢དང་སྤྱི་ལོའི་མེ་རྟ་སྟེ༩༡༤ལོར་སྐུ་འཁྲུངས།)མཛད་པའི«སྤུ་རྒྱལ་གནས་ཀྱི་དཀར་ཆག་དོན་གསལ་སྒྲོན་མ»ལས། “སྣང་མདོག་དང་ནི་གྲུབ་པའི་རིག་འཛིན་གྱིས།། དབང་ཆེན་ངོ་མཚར་རྒྱས་པའི་སྒྲུབ་པ་ནི།། གངས་དཀར་ཏི་སེ་ཉིད་དང་དབྱེར་མེད་པའི།། བྱིན་རླབས་སྦས་པའི་གནས་ཆེན་མཆོག་ཏུ་བསྔགས།།” ཞེས་གསུངས་འདུག་པས་དང་གཞན་སྟོན་པ་མཆོག་ཉིད་ཀྱི་ཤ་རི་རམ་ཁྱུང་གི་སྒོང་ང་ཙམ་དང་གསུང་རབ་ཀྱི་གླེགས་བམ་གྲངས་མེད་བཞུགས་པས་ན་ཕྱག་འབུལ་སྐོར་བ་བྱེད་པའི་དགོས་པ་ཡིན་ནོ། །
གནས་བདག་གི་སྐོར།
རྩོམ་སྒྲིག
གནས་བདག་ནི་གནས་ཀྱི་མཚན་བཏགས་པ་སྟེ་སྤུ་རྒྱལ་གཡུང་དྲུང་ལྷ་རྩེ་ཞེས་གསོལ། དེ་ནི་གསང་བདག་བླ་ཆེན་དྲན་པ་ནམ་མཁའ་ཉིད་རྫུ་འཕྲུལ་དང་བཅས་སྤུ་རྒྱལ་བརྡ་མཚོ་འཁྱིལ་བའི་གསང་ཕུག་(བརྡ་ཕུ་བདེ་ཆེན་དབེན་ཁྲོད།)ཏུ་སྒྲུབ་པ་ཉམས་སྐྱོང་བྱེད་སྐབས་སུ་མ་འོངས་བསྟན་འགྲོའི་དོན་དུ་དྲེགས་ཚོགས་དམ་ལ་བཏགས་ཤིང་གནས་བདག་སྤུ་རྒྱལ་གཡུང་དྲུང་ལྷ་རྩེ་བསྐོས། གནས་བདག་ཁོང་གི་ཆ་ལུགས་སྐོར་ནས་ཅུང་མི་འདྲ་བ་རེ་འགའ་སྣང་། མི་བསྐྱོད་ཞིང་བཞུགས་ཀྱི་རྣམ་པ་དང་ཡང་ན་སྡོང་གྲོགས་ཞིང་བསྐྱོད་ཀྱི་རྣམ་པ་སོགས་ཡོད་ལ་དོན་དུ་གཅིག་ལས་གྲུབ། དང་པོ། མི་བསྐྱོད་ཞིང་བཞུགས་ཀྱི་དུས་སུ་འཕྲིན་བཅོལ་དང་བསྐུལ་བ་ཕལ་ཆེར་མཐུན་པར་བོན་གཤེན་གོས་སྔོན་ཅན། གསེར་ཁྲི་འབོལ་བའི་གདན་སྟེང་ན་རྔ་གཤང་འཕྲེང་བ་ཕུར་པ་ཐོད་པ་བསྣམས་ནས་བོན་གྱི་གྱེར་དབྱངས་བསྒྲོག་མཁན་ཞིག་ལ་ངོས་འཛིན་བྱས་ཡོད་ཅིང་སྔོན་རིག་འཛིན་བླ་ཆེན་ཡབ་སྲས་དང་ཁྲོ་ཚང་འབྲུག་ལྷ་མཐའ་ཞུ་རེ་(རས)ཐུལ་སོགས་ཀྱི་བཀའ་ལས་མི་འདའ་ཞིང་དད་ལྡན་སྒྲུབ་གཤེན་གྱི་གང་བཅོལ་སྒྲུབ་མཁན་ཞིག་ཏུ་ཡིན་པར་བསྟན་ཡོད།
གཉིས་པ།སྡོང་གྲོགས་ཞིང་བསྐྱོད་ཀྱི་དུས་སུ་མི་འདྲ་བ་གཉིས་སུ་སྣང་སྟེ། ༡ སྐུ་མདོག་དཀར་པོ་དར་དཀར་ལ་ཐོད་ཅན་ཟ་འོག་གི་ནམ་བཟའ་མཛེས་ཤིང་སྟག་རལ་གཟིག་ཤུབས་སྐེད་པར་བཏགས་ཏེ་ཕྱག་གཡས་པས་མདུང་དར་ཕྱར་བ་གཡོན་པས་ནོར་བུ་ཐུགས་ཀར་དྲངས་(འབྲི་སྲོལ་ལ་ལར་ཐུགས་ཀར་མི་འགྲེང་བར་གཡོན་ནས་གྱེན་ལ་འདེགས་པའང་ཡོད།)ཤིང་ཆིབས་རྟ་དཀར་པོ་གསེར་གྱི་སྲབ་དང་གཡུ་ཡི་མཐུར་ཅན། གསེར་གྱི་སྒ་ལ་དུང་གི་ཡོབ་ཆེན་བཏགས་པ་རྒྱལ་པོའི་ཆ་ལུགས་སུ་(1)བྱས་ནས་འབྲི་སྲོལ་ཡོད། ༢ གཞི་རྩའི་ཆ་ནས་གོང་དང་མཐུན་ཞིང་མི་མཐུན་པ་ནི་ཕྱག་གཡས་པས་ཕྱག་རྟེན་(དབྱུག་པ)བསྣམས་པ་(2)དེ་ཡིན། དེ་ལྟར་གནས་བདག་ནི་བསྟན་པ་བསྲུང་བའི་དམ་ཅན་ཞིག་ཡིན་པ་དང་དེ་ལ་འཁོར་གཏེར་བདག་ཡུམ་སྲས་སྡེ་ལྔ་སོགས་རྒྱལ་བློན་མང་དག་ཅིག་ཡོད་པ་ལས་གསུང་བ་བཞིན་གནས་དང་གནས་བདག་གཉིས་སོ་སོ་ནས་འབྱེད་རྒྱུ་གལ་ཆེན་ཞིག་ཏུ་སྣང་།
འདི་ནས་གཞུང་དོན་ངོས་ལ་འཇུག་པ་སྟེ། སྤྱིར་གནས་མཆོག་སྤུ་རྒྱལ་གཡུང་དྲུང་ལྷ་རྩེའི་གནས་ཀྱི་བཀོད་པ་ཕུན་སུམ་འཚོགས་པ་དཀར་ཆག་དང་ལོ་རྒྱུས་སོགས་སུ་གསལ་བ་སྤྱི་མཚུངས་དང་ཞལ་འགྲིག་ཡིན་མོད། འོན་ཀྱང་ཡུལ་ལུང་གི་མིང་བྱུང་ཚུལ་དང་དེ་དག་གི་རྒྱབ་ལྗོངས་ལ་རིག་གནས་ཡོད་པ། དུས་ཀྱི་འགྱུར་འགྲོས་དབང་གིས་མིང་ལའང་འགྱུར་ལྡོག་བྱུང་ཚུལ་སོགས་ལ་དེ་སྔར་ཐུགས་བསམ་བྱུང་མེད་པའི་སྟབས་ཀྱིས་འདི་ལྟར་གླེང་ན་དགོས་པ་ཆེ་བར་སྙམ། འདི་ནི་གཙོ་བོ་ཞུ་བླ་ཚུལ་ཁྲིམས་དབང་རྒྱལ་མཆོག་(ཁོང་མདོ་སྨད་ནས་དུས་རབས་བཅུ་བདུན་པར་སྐུ་འཁྲུངས་ཤིང་སྟོད་ཀྱི་ཕྱོགས་སུ་འགྲོ་དོན་ཕེབས་པར་དགོངས་ནས་ཕེབས་པ་དང་དགེ་བཟང་ཞུ་ཚང་གི་བླ་རབས་དང་པོ་ཡིན། དྲན་པས་མཛད་པའི་«སྤུ་རྒྱལ་གནས་ཀྱི་དཀར་ཆག་དོན་གསལ་སྒྲོན་མ»ལས། “བདག་ཉིད་བོན་སྒོ་དབང་བའི་སྐལ་ལྡན་ནི།། དབང་གི་མིང་ཅན་རིག་པ་ཅན་ཞིག་འབྱུང་།།” ཞེས་པ་ནས། “དཀར་ཆག་འདི་ཉིད་ས་སྟེང་ཐོན་པར་འོང་།།” ཞེས་ལུང་གིས་བསྔགས་པའི་སྐྱེས་བུ་དེ་ཡིན།)གིས་མཛད་པའི་ཚེ་དབང་རིག་འཛིན་གྱི་ལུང་བསྟན«གནས་ཆེན་ཤེལ་གྱི་རི་བོ་རྩེ་ལྔའི་གནས་ཡིག་དང་དཀར་ཁྱབ(ཆག)།»ཅེས་པ་(3)གཞིར་བཟུང་ཐོག་དཔྱད་པ་བྱེད་ཁུལ་བྱ།
དེའི་ནང་དུ་གནས་ཀྱི་ཆགས་ཚུལ་དང་བཀའ་སྲུང་བསྟན་ཚུལ། སྒྲུབ་གནས་བཞུགས་ཚུལ་སོགས་ནི་སྤྱི་(4)དང་མཐུན་ལ་དམིགས་བསལ་གསུང་ཚུལ་ཞིག་ཡོད་པ་ནི་མཐའ་སྐོར་ཡུལ་ལུང་གྲུབ་ཚུལ་ལ་ཐུན་མོང་མ་ཡིན་པའི་ཡིག་འབྲུ་དང་སྦྱར་ནས་བཤད་ཚུལ་ཞིག་དང་གནས་རི་ལ་ཤེལ་གྱི་རི་བོ་རྩེ་ལྔ་ཞེས་མཚན་གདགས་སྲོལ་སོགས་བྱུང་ཡོད་པ་དེ་ཡིན།
ཨིན་ཏྲི་སོགས་ཀྱི་སྐོར།
རྩོམ་སྒྲིག
དེའི་ནང་དུ་གཞན་དང་མི་མཐུན་པ་ཤེལ་གྱི་རི་བོ་རྩེ་ལྔ་ཞེས་མཚན་དུ་གསོལ་ཡོད་ལ་རྩེ་ལྔ་ཞེས་བཏགས་དོན་ཡང་ཕྱོགས་བཞི་དབུས་དང་ལྔ་ལས་གྲུབ་པའི་དན་རྟགས་སུ་དགོངས་ནས་གསུང་བ་ཡིན་པར་སྙམ་པ་ལས་དཔྱད་དོན་གཞན་མ་རྙེད། ལུང་དེ་ཉིད་ལས། “ཀྱེ་མ་སྐལ་ལྡན་རྣལ་འབྱོར་ཚུར་གསོན་དང་།། མདོ་གམ་ཟིལ་མོའི་སྒང་སྟོད་ཨིན་ཏྲིའི་གནས།། ཁྱད་པར་རིག་འཛིན་མཁའ་འགྲོའི་འདུ་གནས་སུ།། བླ་ཆེན་ཡབ་སྲས་སྟོང་རྒྱུང་མཐུ་ཆེན་བཞུགས།།”ཞེས་པའི་ཨིན་ཏྲིའི་གནས་ཟེར་བ་ལ་དེ་ལ་ང་ཚོས་བསམ་བློ་མ་བཏང་རང་བཏངས་སུ་ཆགས་ཀྱིན་ཡོད། ཨིན་ཏྲི་ཟེར་བ་དེ་ཞང་ཞུང་གི་སྐད་ཡིན་པ་གཞིར་བཞག་ཐོག་དེ་ལ་འགྲེལ་བཤད་ཅིག་རྒྱག་པར་འདོད། སྤྱིར་ང་ཚོར་ལྷག་པའི་ཞང་སྐད་ནང་དུ་“ཨིན་ཏྲི”ཟེར་བ་ཞིག་འགྲེལ་བར་དཀའ་བའི་ཚོད་དུ་སྣང་མོད། ད་ལྟར་ཡོད་པའི་ཞང་ཞུང་གི་སྒྲ་མདོའི་(5)ནང་དུ་“ཨུན་”ཟེར་བ་ཞིག་ཡོད་ལ་དེ་ནི་འབྲུག་གི་མིང་ཡིན་པར་གསུང་ཡོད། གཞན་“ཨི་ཏྲ་”ཞེས་པ་དེའི་དོན་བཀའ་བརྒྱ་དམ་པ་ཞེས་འགྲེལ་བཤད་གནང་འདུག་(6)པས་གྲུབ་ཐོབ་རིག་འཛིན་རྣམས་ཀྱིས་བཀའ་ཡི་གསང་རྒྱ་དམ་པ་བཞག་པའི་གནས་ཡུལ་ལ་དགོངས་ནས་གསུངས་ཟེར་མཁན་ཡོད་མོད། འོན་ཀྱང་བར་དོ་ཐོས་གྲོལ་ཆེན་མོ(7)ནང་དུ་“ཨིན་ཏྲི་”ནི་ལྗང་ཁུའི་མདོག་ལ་ངོས་འཛིན་བྱེད་ཡོད་པར་འདུག་ཅིང་དེ་ལ་བདག་གིས་གནས་འདི་སྤང་ལྗང་ཁུས་ཁྱབ་ཡོད་པའི་ཆ་ནས་ཨིན་ཏྲིའི་གནས་ཞེས་པའི་མིང་དེ་ཐོགས་པར་འདོད་དོ།།
ཡ་ངའི་སྐོར།
རྩོམ་སྒྲིག
ཡ་ང་ས་ཆའི་མིང་ཐོགས་ཚུལ་ནི་སྔོན་གྱི་མིང་ལ་འགྱུར་བ་ཞིག་ཐེབས་པ་ཡིན་པར་སྙམ་ཞིང་སྤུ་རྒྱལ་གནས་རིའི་བྱང་ནུབ་དང་ནུབ་ཕྱོགས་སུ་ངོས་འཛིན་བྱེད། འདི་ནི་སྔོན་ལ་སྤུ་རྒྱལ་གནས་སྒོ་ཕྱེས་དུས་སམ་ཡང་ན་མི་རྣམས་འདི་རུ་འཚོ་སྡོད་བྱེད་འགོ་བརྩམས་པ་ནས་བྱུང་བ་ཞིག་ཡིན་ཞིང་གོང་ཞུས་«གནས་ཆེན་ཤེལ་གྱི་རི་བོ་རྩེ་ལྔའི་གནས་ཡིག་དང་དཀར་ཁྱབ(ཆག)»ཅེས་པའི་ནང་དུ་ཨ་ཡང་རམ་མང་ཁང་བྲུམ་སད་སལེ་འདུ་བཅས་ཀྱི་ཡིག་འབྲུ་དགུ་ལས་རིམ་བཞིན་ཨ་ལས་སྤུ་རྒྱལ་གནས་(དབུས)ཀྱི་རི་བོ་དང་ཡང་ལས་ད་ལྟའི་ཡ་ངའི་གཞུང་(བྱང་ནུབ)། རམ་ལས་ད་ལྟའི་རོམ་འགག(ནུབ) མང་ལས་ཡུལ་(ཡོལ་གཞུང་)གཞུང་།(ལྷོ་ནུབ) ཁང་ལས་སྤ་བརྡ་སྤོ་གསུམ།(ལྷོ) བྲུམ་ལས་གཤེར་གཞུང་།(ལྷོ་ཤར) སད་ལས་སྤུ་གཞུང་།(ཤར) སལེ་ལས་ག་ཐའི་རྒྱུད།(བྱང་ཤར) འདུ་ལས་རྐྱང་གཞུང་(བྱང་) སོགས་གཞན་དང་མ་མཚུངས་ཤིང་གནའ་མྱིའི་ངག་རྒྱུན། ཡུལ་གྱི་མིང་གི་གནས་སྟངས་བཅས་བཀོད་ཡོད། ཡང་ལས་གྲུབ་པའི་ས་ནི་«གནས་ཆེན་ཤེལ་གྱི་རི་བོ་རྩེ་ལྔའི་གནས་ཡིག་དང་དཀར་ཁྱབ(ཆག)»ཅེས་པ་ལས་(8)གཙོ་བོ་ད་ལྟའི་འཛོམ་བུ་ལྷ་རྩེ་ཡོད་སར་ངོས་འཛིན་བྱས་ཡོད་ཅིང་རྨ་རོང་སྟོད་ནས་ཐུགས་རྗེའི་གཞུང་བར་ཡིན།
ད་ལྟའི་ཡ་ང་གཞུང་ནི་སྔོན་གྱི་ཡང་ལ་ཚེག་ཅིག་ཤོར་ནས་ཡ་དང་ང་གཉིས་སོ་སོར་གྱེས་པ་ཡིན་པར་སྔོན་གྱི་ཡང་གི་མིང་འགའ་ད་དུང་ཡོད་པ་ཡིན་ཏེ། ཡ་ངའི་སྟོད་ལ་ཡང་སྟོད་དང་བྱང་ནུབ་མཚམས་སུ་བབས་པའི་ཆུ་དེ་ལ་ཡང་ཡང་ཆུ་ཞེས་འབོད་སྲོལ་ཡོད་པ་སོགས་ལ་བརྟག་ན་ཤེས་ཐུབ་བོ།།
འདི་དག་མིང་གི་ཡིག་འབྲུར་འགྱུར་བ་ཐེབས་པ་དང་གནའ་མྱིའི་ངག་རྒྱུན་སོགས་ཀྱི་འགྱུར་བ་གང་ཞིག་དབང་གིས་འགྱུར་བ་བྱུང་བ་ཡིན་པར་སྙམ། དཔེར་ན་བ་ཆེན་ནས་སྦ་ཆེན་དང་དེ་ནས་སྦྲ་ཆེན་སོགས་བཞིན་ནོ།།
འདི་ལ་མིང་གི་བྲི་སྟངས་མང་དུ་ཡོད་པ་ཡིན་ཏེ། ཡ་ང་། ཡག་ལྔ། ཡལ་ངལ། ཡང་ལྔ། ཡག་རྔ། ཡག་མངའ་སོགས་མང་དུ་མཆིས་སོ།།
ད་ལྟའི་རྨ་རོང་འདི་ཡང་མིང་ལ་འགྱུར་བ་བྱུང་སྟེ་སྔོན་མར་རྔ་རོང་ཞེས་འབོད་པ་མ་ཡིན་པའི་ངེས་པ་མེད་དེ། དྲན་པས་མཛད་པའི་«སྤུ་རྒྱལ་གནས་ཀྱི་དཀར་ཆག་དོན་གསལ་སྒྲོན་མ»ལས་(9)ཀྱང་རྔ་རོང་ཞེས་པ་འབྱུང་གིན་ཡོད།
རོམ་འགག་གི་སྐོར།
རྩོམ་སྒྲིག
རོམ་འགག་ནི་གོང་ཞུས་ལྟར་མིང་གི་ཡིག་འབྲུར་འགྱུར་བ་ཐེབས་ཏེ་རམ་དེར་ན་རོས་རྒྱན་པ་ཡིན་ལ། སྔོན་མ་ཡིན་ན་དབུ་མེད་འབྲི་དུས་ར་ལ་མ་ཀླད་ཀོར་བཏགས་སྲོལ་ཡོད་པར་བརྟེན་རྗེས་སོར་ཀླད་ཀོར་དེ་དབྱངས་ཡིག་ན་རོ་ལ་འགྱུར་ནས་རོམ་ཞེས་ཐོགས་སོང་བ་ཡིན་པར་འདོད། འདི་ནི་སྤུ་རྒྱལ་གནས་ཀྱི་ནུབ་ཕྱོགས་ཡིན་ཞིང་«སྤུ་རྒྱལ་གནས་ཀྱི་དཀར་ཆག་དོན་གསལ་སྒྲོན་མ་»དང་«གནས་ཆེན་ཤེལ་གྱི་རི་བོ་རྩེ་ལྔའི་གནས་ཡིག་དང་དཀར་ཆབ་(ཆག)»སོགས་ལས་(10)སྔོན་མར་རམ་གྱི་འབྲི་སྟངས་འཁོད་ཅུང་འཁོད་ཡོད་པར་བརྟག་ན་དོན་གནད་རམ་ལ་ཆེ་བར་འདོད། དོན་དུ་ལུང་པ་འདིའི་མིང་ཆ་ཚང་ལ་རམ་འགག་ཅེས་འབོད་དགོས་ཤིང་ས་ཡི་དབང་དུ་བཏང་ནའང་གོང་གི་ལུང་ལས་ཀྱང་རམ་བསྟན་ཡོད་ལ་རང་གི་རིག་པ་དང་བསྟུན་ཏེ་ངག་རྒྱུན་རིག་པ་དང་མཐུན་པར་ཧ་ཅང་དོན་གནད་ཆེ།
དེ་བཞིན་དུ་མང་ལས་ལྷོ་ནུབ་སྟེ་ཡུལ་གཞུང་(ཡོལ་རྒྱང་)ཆགས་པ། ཁང་ལས་ལྷོ་ཕྱོགས་ཏེ་སྤ་ཟླ་སྤོ་གསུམ། བྲུམ་ལས་ལྷོ་ཤར་ཏེ་ད་ལྟའི་གཤེར་ལའི་རྒྱུད། སད་ལས་ཤར་ཕྱོགས་ཏེ་སྤུ་གཞུང་། སལེ་ལས་བྱང་ཤར་ཏེ་ད་ལྟའི་གཡུ་མཚོའི་ཕྱོགས། འདུ་ལས་བྱང་ཕྱོགས་ཏེ་རྐྱང་གཞུང་སོགས་གྲུབ་ཚུལ་ཁ་གསལ་གོ་བདེའི་ཐོག་«གནས་ཆེན་རི་བོ་རྩེ་ལྔའི་གནས་ཡིག་དང་དཀར་ཆབ(ཆག)»ལས་(11)གསལ་བར་གསུངས་པ་ལྟར་ཡིན་ཡང་འགའ་ཞིག་ལ་མིང་གི་འབོད་སྟངས་འགྱུར་བ་ཕྱིན་ནས་ད་ལྟར་ཕལ་ཆེར་མེད་པའི་གནས་སུ་ལྷུང་ཡོད།
དེ་ལྟར་རང་བློ་ཁོ་ནས་བཙན་ཐབས་བྱས་པ་མ་ཡིན་ཞིང་སྔོན་གྱི་ཡིག་ཆ་གང་ཡོད་རྣམས་ལ་གཞི་བཅོལ་ཏེ་ཡུལ་ལུང་འགའ་ཡི་མིང་གི་གྲུབ་སྟངས་ལ་དཔྱད་ཁུལ་ཕུལ་བ་འདི་དག་ཆེས་ཆུང་ས་ནས་གླེང་བ་ཡིན་ལ། ང་ཚོའི་རིག་གནས་བྱེ་བྲག་བ་ཞིག་གི་བཞུད་ལམ་བཙལ་བའི་སྔོན་འགྲོ་གལ་ཆེན་ཞིག་མ་ཡིན་པའི་ངེས་པ་མེད་པར་སྙམ། སྤྱིར་རིག་གནས་ཞེས་པ་དེ་སྣ་མང་ཕུན་སུམ་འཚོགས་པ་ཞིག་ཡིན་པས་གང་ནས་ལྟས་ན་རིག་གནས་ཀྱི་ཟ་ཟུར་ཡིན་པ་ལགས་ན་ཆེས་ཆུང་ས་ནས་གླེང་སྟེ་ཆེན་པོར་སྙེག་ན་བཟང་བའི་གནད་དུ་མཐོང་བ་ཡིན། ང་ཚོས་ཆུང་ས་ནས་ཉམས་གུད་དུ་སོང་བའི་རིག་པའི་གནད་འདི་དག་མྱུར་སྐྱོབ་བྱས་ནས་ཡོང་བ་ཡིན་ན་ད་བཟོད་བོན་ནམ་བོད་ཀྱི་རིག་གནས་འདི་ཧ་ཅང་ཆ་ཚང་ལ་མཐུས་སྒོ་ཕུན་སུམ་འཚོགས་པོ་ཞིག་ཡོང་བར་ཐེ་ཚོམ་མེད་དོ།།
མཆན། (ལུང་ཁུངས་ཡིག་ཆ།)
རྩོམ་སྒྲིག
(1) «སྤུ་རྒྱལ་གྱི་བསང་མཆོད་ཡོངས་ཀྱི་སྙིང་ཁུ་ཞེས་བྱ་བ་བཞུགས་པ།» མཛད་པ་པོ། ལྷ་བླ་གཡུང་དྲུང་དགེ་ལེགས། སྡེབ་ངོས༩ཅན། «གནས་བདག་སྤུ་རྒྱལ་གྱི་གསོལ་མཆོད་སྣང་ཁམས་གཡོ་བའི་གཏེར་ཚོགས་བཞུགས་པའི་དབུ་ཕྱོགས།» མཛད་པ་པོ། ལྡོང་རིགས་ཁྲུན་སྨར་ཨུན་ཞི། སྡེབ་ངོས༡༤ཅན། «སྤུ་རྒྱལ་གཡུང་དྲུང་ལྷ་དབང་རྒྱལ་པོའི་སྒྲུབ་ཐབས་འདོད་འབྱུང་རིན་ཆེན་གཏེར་གྱི་བུམ་བཟང་།» མཛད་པ་པོ། དབྲ་ཁྱུང་སྐལ་བཟང་ནོར་བུ། སྡེབ་ངོས༣༢ཅན།
(2) «ཡུལ་སའི་ཏིང་འཛིན་བསྐྱེད་རིམ་བྱིན་རླབས་སྤྱན་དྲངས་དགོངས་གསོལ་བཞུགས།» མཛད་པ་པོ། ཞུ་གཡས་མུ་ཏྲི་དྲུང་མུ། སྡེབ་ངོས་༡༢ཅན། «ཡུལ་ས་སྤུ་རྒྱལ་མཆོད་ཅིང་བསྟོད་པའི་གསོལ་ཁ་བཞུགས།» མཛད་པ་པོ། ཞུ་གཡས། སྡེབ་ངོས༡༧ཅན། «སྤུ་རྒྱལ་ཚོགས་མཆོད་སྣང་སྲིད་ཚོགས་ཆེན་ལྷུན་འགྲུབ་བཞུགས།» མཛད་པ་པོ། ཞུ་སྟོན་ཡོན་ཏན་རྒྱ་མཚོ། སྡེབ་ངོས༢༦ཅན།
(3) «གནས་ཆེན་ཤེལ་གྱི་རི་བོ་རྩེ་ལྔའི་གནས་ཡིག་དང་དཀར་ཁྱབ(ཆག)།» དགེ་བཟང་ཞུ་བླ་ཚུལ་ཁྲིམས་དབང་རྒྱལ་གྱིས་མཛད། ལག་བྲིས་ཅན། སྡེབ་ངོས་༡༠ཙམ།
(4) དྲན་པས་མཛད་པའི«སྤུ་རྒྱལ་གནས་ཀྱི་དཀར་ཆག་དོན་གསལ་སྒྲོན་མ» དང་«རིག་འཛིན་ཀུན་གྲོལ་གསང་བ་རྩལ་གྱི་ཕྱི་ནང་གསང་བ་ཐུན་མོང་དྲིལ་བའི་གཏེར་འབྱུང་ལོ་རྒྱུས་རྣམ་ཐར་ཆེན་པོ་ངོ་མཚར་པདྨའི་དགའ་ཚལ་ཐབས་ཤེས་ཉི་ཟླའི་རྒྱན་ཅན།» བདེ་ཆེན་གླིང་པའི་གཏེར་མ«གནས་དང་གཏེར་གྱི་དཀར་ཆག་ཁ་བྱང་བཅས་པ་རིག་འཛིན་གྱི་གཉེར་དཔོན་གྱེར་སྤུངས་དྲན་པས་བཀོད་པ།» «ཐུགས་སྤྲུལ་བོན་རིའི་དཀར་ཆག་ཡིད་བཞིན་ལྗོན་པའི་འཕྲེང་བ།» «གནས་ཆེན་སྤུ་རྒྱལ་དང་བརྡ་ཕུ་རི་མཚོ་གཉིས་ཀྱི་གནས་ཡིག་གཏེར་གྱི་འཕྲེང་བ།» སོགས་ཡིན།
(5)«སྒྲ་ཡི་དོན་བསྡེབས་སྣང་གསལ་སྒྲོན་མ།» ཞུ་གཡས་ཉི་མ་གྲགས་པས་མཛད། གངས་ཏི་སེ་བོན་གཞུང་རིག་མཛོད་ཁང་ནས་བསྒྲིགས། དེབ་གཟུགས། ཤོག་ངོས༢༨ནང་གསལ།
(6) «ཞང་བོད་གནའ་བོའི་ཚིག་མཛོད།» དགེ་བཤེས་བློ་གྲོས་རབ་གསལ་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས། ཤོག་ངོས༤༩༣ནང་གསལ།
(7)«ཞི་ཁྲོ་དགོངས་པ་ཀུན་འདུས་ལས་བར་དོ་ཐོས་གྲོལ་གྱི་ལས་བྱང་བག་ཆགས་རང་གྲོལ་བཞུགས།»
སྨོན་རྒྱལ་དམ་པ་རང་གྲོལ་གྱི་སྙན་བརྒྱུད། དཔེ་གཟུགས་ཅན།
(8) «གནས་ཆེན་ཤེལ་གྱི་རི་བོ་རྩེ་ལྔའི་གནས་ཡིག་དང་དཀར་ཁྱབ(ཆག)།» ཅེས་པ་ལས། ཡང་ལས་ཡུལ་ཆེན་འཛོམ་བུ་ལྷ་རྩེ་ལ།། གངས་དཀར་ཏི་སེ་ཤེལ་གྱི་མཆོད་རྟེན་བཞུགས།། གསང་ཡུམ་ཚུལ་དུ་གཡུ་ཡི་མཚོ་མོ་མཎྚལ་ཚུལ་དུ་བཀོད།། སྦས་ཡུལ་ཆུ་འབབ་བྱང་ནུབ་མཚམས་སུ་འབབ།། བྱང་ནུབ་རིག་འཛིན་མཁའ་འགྲོའི་ཚེ་ཆུ་ཡིན།། ཞེས་པ་ནས། ཤེལ་གྱི་གཡུང་དྲུང་ལྷ་བྲག་ལ།། སྐུ་གདུང་གསུང་རབ་རིང་བསྲེལ་གྲངས་མེད་བཞུགས།། ཞེས་སོགས་འཁོད་ཡོད།
(9) «སྤུ་རྒྱལ་གནས་ཀྱི་དཀར་ཆག་དོན་གསལ་སྒྲོན་མ»ལས། ནུབ་ཕྱོགས་རྔ་རོང་ཞེས་བྱའི་ལུང་པ་ན།། གནས་ཀྱི་ཕྱི་སྒོ་ཉག་ཅེས་བྱ་བའི་གཞུང་།། ཞེས་གསལ་ཡོད།
(10) «སྤུ་རྒྱལ་གནས་ཀྱི་དཀར་ཆག་དོན་གསལ་སྒྲོན་མ»ལས། བར་སྒོ་རམ་གྱི་མགར་རི་འདུས་པ་ལ།། རི་བྲག་སྨུག་པོ་བསེ་བའི་ཁང་བུ་ལྟར།། ཞེས་དང་། «གནས་ཆེན་ཤེལ་གྱི་རི་བོ་རྩེ་ལྔའི་གནས་ཡིག་དང་དཀར་ཆབ(ཆག)» ལས། རམ་ལས་ཆགས་པའི་དཀར་པོ་ག་པ་ལ།། གནས་ཆེན་བོན་རི་ཆེན་པོའི་སྒྲུབ་གནས་བཞུགས།། ཞེས་པ་ནས། སྦས་ཡུལ་ཆུ་འབབ་ནུབ་ཏུ་འབབ་པ་ན།། ཚེ་དབང་རིག་འཛིན་ཐུགས་ལས་སྤྲུལ་པའི་གནས།། ཞེས་སོགས་གསུངས་ཡོད།
(11) «གནས་ཆེན་རི་བོ་རྩེ་ལྔའི་གནས་ཡིག་དང་དཀར་ཆབ(ཆག)» ཅེས་པ་ལས། མང་ལས་འབྱུང་བའི་ལྷོ་ནུབ་ཡོལ་རྒྱང་(ཡུལ་གཞུང་)སྦས་ཡུལ་མཚན། ། ཞེས་དང་། ཁང་ལས་བྱུང་བའི་སྤ་ཟླ་སྤོ་གསུམ་ལ།། ཟླ་ཕུ་དལ་མཚོ་སྦས་པའི་ཡུལ་གཅིག་ཡོད།། ཅེས་དང་། བྲུམ་ལས་ལྷོ་ཤར་གཤེར་དང་ཡུལ་ཆེ་ཆུང་།། བློ་ལྡན་སྙིང་པོ་སངས་རྒྱས་གླིང་པ་དང་།། ཞེས་སོགས་དང་། སད་ལས་ཤར་ཕྱོགས་སྤུ་རྒྱལ་ཡུལ་གཅིག་ཡོད།། ཚེ་དབང་རིག་འཛིན་ཐུགས་རྗེ་འབྱུང་གནས་མཆོག ། ཅེས་དང་། སལེ་བྱང་ཤར་གནས་ཆེན་ཡུལ་གཅིག་ཡོད་པ་ལ།། གསེར་རི་གཡུང་དྲུང་སྦས་པའི་ཡུལ་གྱི་གནས།། ཞེས་དང་། འདུ་ལས་བྱུང་བའི་གྱང་དཀར་རྫོང་ཆེན་ལ།། ཛོ་མེད་གྱེར་ཆེན་བྱིན་གྱིས་རླབས་པའི་བུ།། ཤེས་རབ་རྒྱལ་མཚན་ཉག་རྩེ་བྱ་བྲལ་གྱི།། སྒྲུབ་གནས་ཁྱད་པར་འཕགས་པའི་གནས་ཆེན་ལ།། ཞེས་སོགས་རྒྱས་པར་གསུངས་ཡོད།