གདན་ས་སྨན་རིའི་སྔ་ཕྱིའི་ལོ་རྒྱུས་ཕྱོགས་བསྡུས།
སྐབས་འདིར་ཁོ་བོས་གླེང་བར་བྱ་བ་ནི། གངས་ཅན་བོད་ཀྱི་ཆོས་ལུགས་དང་རིག་གཞུང་གི་ཡང་མེས་ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཁག་གི་ནང་ནས། གདན་ས་ཆེན་པོ་བཀྲ་ཤིས་སྨན་རིའི་གླིང་གི་ལོ་རྒྱུས་ཕྲན་བུ་ཞིག་འཆད་ཀྱི་ཡིན། དེ་ཡང་ཐོག་མར་གདན་ས་འདི་ཉིད་ཆགས་འདེབས་པ་པོའི་རྣམ་ཐར་དང་འབྲེལ་བའི་སྒོ་ནས་ཆགས་བཏབ་པའི་ཚུལ་དང་། ཆགས་བཏབས་ནས་མཁས་བའི་བྱ་བ་གསུམ་གྱི་བསྟན་འགྲོ་ཇི་ལྟར་སྐྱོང་ཚུལ། ཕྱིས་དུས་འགྱུར་གྱི་དབང་གིས་གཞིས་བྱེས་གཉིས་སུ་གྱེས་ཀྱང་དེ་དག་ལ་འཕྲིན་ལས་རྒྱས་ཚུལ་བཅས་ས་བཅད་གསུམ་ལས་དང་པོ་གདན་ས་འདི་ཉིད་ཆགས་འདེབས་པ་པོར། ཕྱི་ནང་གསང་གསུམ་གྱི་སྒོ་ནས་མཚན་གྱི་རྣམ་གྲངས་དུ་མར་ཞུ་ཡང་། ཡོངས་སུ་གྲགས་པའི་མཚན་ལ། མཉམ་མེད་ཤེས་རྒྱལ་མཚན་ཞུ་བའི་སྐྱེས་མཆོག་འདི་ཉིད་གངས་ཅན་བོད་ཀྱི་ཤར་ཕྱོགས་རྒྱལ་རོང་ཆུ་ཆེན་རབ་བརྟན་རྒྱལ་པོའི་མངའ་རིས། འདུས་སྡེ་ཆེན་པོ་གཡུང་དྲུང་ལྷ་རྟེན་དགོན་གྱི་ལྷ་སྡེ་སྟེགས་སྐྱོགས་གྲོང་སྡེར། སྤྱི་ལོ༼༡༣༥༦-༡༤༡༥༽མེ་ཕོ་སྦྲེལ་གྱི་གནམ་ལོའི་དཔྱིད་ཟླ་ར་བའི་ཚེས་ལྔར་མཚན་དཔེའི་དཀྱིལ་འཁོར་འགྲོ་བའི་དཔལ་དུ་བཞད་པའི་སྐལ་བཟང་ལ་བསམ་ན་ཤིན་ཏུ་དགའ་འོས་པ་ལགས་ཀྱང་། རྗེ་འདིའི་འཁྲུངས་ཡུལ་གྱི་གཡུང་དྲུང་ལྷ་རྟེན་དགོན་འདིར་བྱུང་བའི་བསྐལ་ངན་ལ་བསམ་ན་ཤིན་ཏུ་ཡོད་སྐྱོ་བའི་གནས་ཏེ། གཡུང་དྲུང་ལྷ་རྟེན་དགོན་འདིའི་ཐོག་མའི་ལོ་རྒྱུས་ཀྱི་རྒྱབ་རྒྱང་ཧ་ཅང་རིང་ནའང་། བར་སྐབས་ཆོས་ལུགས་ཐ་དད་ལ་གཟིགས་ཚུལ་ཞན་པའི་བླ་དཔོན་འགའ་ཤས་ཀྱིས། རྒྱ་ནག་གོང་མའི་སྲིད་དབང་གི་བཙན་ཤུགས། མཆོད་ཡོན་གྱི་ལམ་ནས་གཡར་པོ་ཞུས་ཏེ། དགོན་འདི་བཙན་བཀས་དགེ་ལུགས་པའི་དགོན་པར་བསྒྱུར་བ་དང་། ཆུ་ཆེན་རབ་བརྟན་རྒྱལ་པོ་མེ་ལ་གསོན་སྲེགས་བྱུས་ཤིང་། འཁོར་སྡེ་ཡོངས་སུ་རྫོགས་པར་ཡ་ང་བའི་མནར་གཅོད་ཀྱི་ལམ་ནས་རིག་གནས་གསར་བརྗེར་མཇུག་མཐུད་པ་རེད། དེའི་མཚམས་སྲིད་ཇུས་གུ་ཡངས་སྐབས་སྡེ་ཡུལ་སྦྱི་མོས་ཀྱིས། གནའ་སྲོལ་བཞིན་གྲུབ་མཐའ་བོན་ལུགས་འཛིན་པའི་དགོན་པ་གཡུང་དྲུང་ལྷ་རྟེན་དགོན་བསྐྱར་བཞེངས་གནང་བཞིན་ཡོད།
དེ་དག་མཚན་གཞི་ཙམ་ལས། སྤྱིར་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་གྲགས་པའི་ནང་དུ་གྲུབ་མཐའ་བོན་ལུགས་འཛིན་པའི་རྒྱལ་འབངས་ཡོད་དོ་ཅོག་ལ་ལུགས་མེད་ཀྱི་བཙན་གནོད་ཇི་ལྟར་བྱས་ཚུལ། ད་ཡོད་ཀྱི་རྒན་རབས་ལོ་ལོན་རྣམ་པའི་སེམས་ལ་སྔར་སོང་ཕ་མའི་སྐྱིད་སྡུག་གི་ཁ་རྒྱུན་དང་། རང་གི་རྟེན་ལ་མངོན་སུམ་དུ་མྱངས་པའི་ལོ་རྒྱུས་ཤིན་ཏུ་གསལ་བ་མ་ཟད། དེང་དུས་པར་སྐྱུན་བྱེད་བཞིན་པའི་བོད་ལྗོངས་ཞིབ་འཇུག་ཁག་དང་། གཞན་ཡང་རྒྱལ་རབས་དང་ཆོས་འབྱུང་འགའ་ཤས་སུ་གཡུང་དྲུང་ལྷ་རྟེན་དགོན་ལ་དབང་ཡོད་བྱེད་པོའི་བླ་དཔོན་ཁག་གི་བྱས་རྗེས་དང་། ཆེ་བ་འདོན་ཆེད་ཟུར་ཙམ་བྲིས་འདུག་པ་དེ་དག་ནི་གླེང་བྱ་འདིའི་དངོས་དོན་གྱི་དཔང་རྟགས་ལྟ་བུ་ཞིག་ཡིན་པ་བཅས་ཐོག་མཐའ་བར་གསུམ་གྱི་ལོ་རྒྱུས་ཤིན་ཏུ་མང་ཡང་འདིར་མང་བས་དོགས་ནས་བཞག་ཅིང་། སྐབས་དོན་རྗེ་དེ་ཉིད་སྐུ་ན་ཤིན་ཏུ་ཕྲ་བའི་དུས་ནས་བྱམས་དང་སྙིང་རྗེར་ཐུགས་བྱང་ཞིང་འཕྲུལ་ཡིག་སུམ་ཅུ་མ་བསླབ་རང་རྡོལ་དུ་མཁྱེན་པ་སོགས་དམ་པའི་རང་རྟགས་བསམ་ལས་འདས་པའི་ནང་ནས་དགུང་གྲངས་བཅུ་པའི་ཐོག་ནས་ཐུགས་ངེས་འབྱུང་དྲག་པོས་བསྐུལ་ཏེ། དོན་ལྡན་གྱི་སྐྱེས་བུ་དམ་པ་ཕྱྭ་བླ་གཡུང་དྲུང་རྒྱལ་མཚན་གྱི་དྲུང་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་ཁྲིམས་བླངས་ཏེ་རྩ་ལག་བསྲུང་བྱའི་ཁྲིམས་རྣམས་སྤྱན་འབྲས་ལྟར་གཅེས་སྲུང་མཛད། དེའི་དུས་སུ་ཕྱི་ནང་གསང་གསུམ་གྱི་བཅའ་འདོན་གདངས་དབྱངས་གར་ཐིག་རོལ་མོ་སོགས་ལ་དཔྱིས་ཕྱིན་པའི་སྦྱང་པ་མཛད་ནའང་། རྒྱལ་བ་བྲུ་ཡི་གདན་ས་ཆེན་པོ་གཡས་རུའི་ལྷུན་གྲུབ་དབེན་ས་ཁའི་མཚན་ཉིད་རྩོད་གྲྭའི་གྲགས་དཀར་རབ་ཏུ་འབར་བ་དང་། ལྷག་དོན་གཡས་རུའི་སྟོན་པའི་གདན་རབས་བཅོ་བརྒྱད་པ་མཁས་གྲུབ་རིན་ཆེན་བློ་གྲོས་ཀྱི་མཚན་གྱི་སྙན་པས་བསྐུལ་ཏེ། རྗེ་འདི་ཉིད་གཙང་དུ་ཕེབས་རྒྱུའི་ཐུགས་འདུན་ནི་སུས་ཀྱང་བཤོལ་ཐབས་མ་རྙེད་པར། གདན་ས་ལྷུན་གྲུབ་དབེན་ས་ཁར་ཕེབས་ནས་མཁས་གྲུབ་རིན་ཆེན་བློ་གྲོས་ཀྱི་ཐུགས་བཅུད་བུམ་པ་གང་བྱོས་ཀྱི་ཚུལ་དུ་ལོན་པར་མཛད་ཞོར་འགྲོ་མགོན་བློ་གྲོས་རྒྱལ་མཚན༼༡༡༩༨-༡༢༦༣༽གྱིས་མཛད་པའི་ཚད་མ་ཀུན་བཏུས་དང་། འ་ཞ་གཞོན་རྒྱལ་གྱི་ཚད་མ་རྣམ་འབྱེད་སོགས་ཚད་མའི་སྐོར་དང་། ཐེག་རིམ་རྩ་འགྲེལ་སོགས་གྲུབ་མཐའི་སྐོར། མདོར་ན་འདུལ་མཛོད་དབུ་ཕར་སོ་སོའི་ཡན་ལག་དང་བཅས་པ་ཕྱི་མཚན་ཉིད་ཐེག་པའི་སྐོར་དང་། རྩ་རྒྱུད་བསེན་ཐུབ་དང་། རྫོགས་ཆེན་གབ་པ་བཅས་ནང་སྔགས་སེམས་ཀྱི་སྐོར་སོགས་བོན་སྒོ་ཕྱི་ནང་གསང་གསུམ་གྱི་གཞུང་ལུགས་ཀུན་ལ་ཐོག་ཆགས་མེད་པའི་གསན་བསམ་མཐར་ཕྱིན་མཛད་ཅིང་། དགུང་གྲངས་སོ་གཅིག་ཐོག་མཁན་ཆེན་ཚུལ་ཁྲིམས་ཡེ་ཤེས་ལས་བསྙེན་པར་རྫོགས་ནས་དབེན་ས་ཁའི་ཟུར་བཤད་ཀྱི་ཡོངས་འཛིན་མཛད། དེ་ནས་རིམ་པས་ལྷུན་གྲུབ་དབེན་ས་ཁའི་རྒྱལ་ཐེབ་ཀྱི་བླ་མ་མཛད་ཅིང་། ཕྱི་ནང་གསང་གསུམ་གྱི་བསྟན་པའི་ཁུར་འགན་བཞེས་ནས་གང་འཚམས་སོང་སྐབས། སྔོན་ཡབ་ཡུམ་ལ་ལན་གཅིག་མཇལ་རྒྱུའི་ཞལ་བཞེས་གནང་དོན་བཞིན། རྒྱལ་རོང་ཕྱོགས་སུ་ལན་གཅིག་ཆིབས་བསྐྱོད་གནང་རིང་རྐྱེན་ངན་དབང་གིས་ལྷུན་གྲུབ་དབེན་ས་ཁ་ཆུ་ཡིས་འཇིག་པའི་སྐད་ངན་གསན་ཏེ་ཐུགས་ཤིན་ཏུ་མུག་པའི་གནས་སུ་གྱུར་ནའང་། མ་མཆོག་སྲིད་པའི་རྒྱུལ་མོས་དབུས་གཙང་སྟོད་དུ་ཕེབས་ན་བསྟན་པ་རྒྱས་པར་འགྱུར་ཞེས་གསུངས་པའི་ལུང་དོན་བཞིན་སླར་ཡང་གཙང་དུ་ཕེབས་ནས། བུ་སློབ་ཡོན་བདག་རྣམས་སྨིན་གྲོལ་བོན་གྱི་སྦྱིན་བས་དུས་རྟག་ཏུ་འཚོ་བར་བྱས་ནས། དགུང་གྲངས་ལྔ་བཅུ་བཞེས་པའི༼༡༤༠༥༽ཤིང་བྱ་ལོར་གནས་ཆེན་སྨན་རིའི་ཞོལ་དུ་གདན་ས་ཆེན་པོ་དཔལ་ལྡན་བཀྲ་ཤིས་སྨན་རིའི་གླིང་ཞེས་བྱ་བ་རྫུ་འཕྲུལ་གྱི་བཀོད་པས་བཞེངས་པའི་ཚུལ་ཡང་། དེ་རྗེ་རིན་པོ་ཆེའི་ནང་སྒྲུབ་བསམ་པ་བསྐང་བའི་གཏེར་ཆེན་ལས། ལས་སློབ་གཉིས་ཀྱིས་ཐོ་ཆེན་གར་བཙུགས་སར། ཁང་ཚན་བཅུ་གཉིས་གྲྭ་ཤག་དྲུག་ཅུ་སོགས། སྐད་ཅིག་རང་བྱུང་གྲུབ་པའི་མཉམ་མེད་པ། ཞེས་གསུངས་པ་ལྟར་ཐོ་ཆེན་གང་བཙུགས་སར་ཁང་ཚན་རེ་དང་། རྡེལ་དཀར་གང་བཀོད་སར་གྲྭ་ཤག་རེའི་བཀོད་པ་སྐད་ཅིག་ཏུ་གྲུབ་པའི་རྣམ་ཐར་སོགས་ངོ་མཚར་བ་དུ་མར་མཆིས་ཀྱང་།
སྐབས་འདིར་ཐུར་ཙམ་ལགས། གཉིས་པ་རང་གཞན་གྱི་རྩོད་གྲྭ་ཆེ་ཁག་རྣམས་སུ་གྲྭ་སྐོར་མཛད་དེ་རྩོད་པའི་དམ་བཅའ་རྣམ་པར་བཞག་པའི་མཚན་སྙན་གྱི་རྔ་གསང་ཕྱོགས་ཀུན་ཁྱབ་པའི་སྟབས་ཀྱིས་སྟོད་སྨད་ཀྱི་བུ་སློབ་རྣམས་པད་མའི་དྲི་ལ་བུང་བ་འདུ་བ་ལྟར་སློབ་ཚོགས་ཆེས་འཕེལ་བའི་དབང་གིས། སྔོན་ལྷུན་གྲུབ་དབེན་ས་ཁའི་སྒྲིག་སྲོལ་ལྟར་དཔལ་ལྡན་གླིང་སྟོད་པ་དང་། དཔལ་ལྡན་གླིང་སྐད་པ། དཔལ་ལྡན་གླིང་ཟུར་པ། དཔལ་ལྡན་གླིང་སྨད་པ་བཅས་གླིང་བཞིའམ། གྲྭ་ཚང་ཁག་བཞིར་ཕྱེས་ཤིང་། དགོན་གྱི་ཕྱོགས་བཞིའི་རྒྱ་ལ་ཐོ་བཞི་བརྩེགས་ཏེ་ཐོ་ནང་དུ་མི་སྐྱ་ཕོ་མོ་འོང་དབང་མེད་པ་དང་། སྡོམ་པ་མ་བླང་བར་ཚོགས་སུ་འཚོགས་མི་ཆོག་ཅིང་། སྡོམ་པ་བླངས་ན་ཡང་བླ་གོས་དང་གདིང་ལྷུང་མེད་པར་ཚོགས་གྲལ་དུ་འདུག་མི་ཆོག་བཅས་ཕྱི་ནང་གསང་གསུམ་འདུལ་བའི་བཅའ་སྒྲིག་གིས་འདུས་པ་རྒྱ་མཚོའི་ཚོགས་རྣམས། དྲག་ཞན་རྒོད་གཡུང་མེད་པར་སྤྱི་སྙོམས་སྟར་ཆགས་སུ་བསྡམས་ནས། ཟླ་བ་ཡར་ངོའི་རིགས་ལ་འཆད་ཉན་དང་། མར་ངོའི་རིགས་ལ་བསྙེན་སྒྲུབ་སོགས་ཀྱི་སྲོལ་བཟང་ཕྱེས་ཏེ། འདུས་པ་རྒྱ་མཚོའི་ཚོགས་རྣམས་ཚིག་དོན་གཉིས་ཀས་ཆེས་སྨིན་པར་མཛད་ཅིང་། བསྟན་དང་འགྲོ་ལ་འཕྲིན་ལས་ཀྱིས་བཞག་པ། བོན་སྒོ་ཕྱི་ནང་གསང་གསུམ་གང་ལའང་། གསལ་བྱེད་དང་དགོངས་འགྲེལ་མ་བཏབ་པ་ཕལ་ཆེར་མརད་ཀྱང་། དེའི་ནང་ནས་བསྟན་པའི་གསལ་བྱེད་ཆེས་རྨད་དུ་བྱུང་བ་མཚན་དང་དོན་མཚུངས་པ། རྗེ་ཡི་འཕྲུལ་སྒྲོན་རྣམ་ལྔ་ཞེས་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ། ས་ལམ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ། མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ། འདུལ་འགྲེལ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ། གསང་དོན་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་བཅས་བསྟན་བཅོས་ཆེན་པོ་འདི་ལྔ། སྟོད་སྲིད་པའི་གངས་རྒྱལ་ཏི་སེ་མན་ཆད་དང་། སྨད་རྒྱ་ཡི་མཆོད་རྟེན་དཀར་ཆུང་ཡན་ཆད་དུ་གྲུབ་མཐའ་བོན་ལུགས་འཛིན་པའི་རྩོད་གྲྭ་ཆེ་ཆུང་མཆིས་སོ་ཅོག་གིས་རྩ་བའི་ཡིག་ཆར་ཁས་ལེན་པའི་སྲོལ་བཟང་འདི་རྗེ་རིན་པོ་ཆེའི་འཕྲིན་ལས་ཀྱི་ཆུ་བོ་ཡལ་མེད་གཅིག་ཏུ་འཁྱིལ་བའི་བརྡ་དོན་མཚོན་པར་མ་ཟད། གདན་འདིའི་ཁྲི་འཛིན་མཁན་རབས་རིམ་པར་བྱོན་པ་རྣམས། རྒྱལ་བ་གཉིས་པའི་གསེར་ཁྲིར་ཇི་ལྟར་ཕེབས་པའི་ཚུལ་ཡང་གྲུབ་མཐའ་རང་གཞུང་གི་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཡིག་ཆ་ཁག་ལ་གསན་བསམ་མཐའ་ཕྱིན་མཛད་པའི་གདན་ས་ཆེན་པོའི་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་འཆང་བ་པོ་རྣམས་མཚན་བྱང་གསེར་གྱི་བུམ་པར་བླུགས་ནས། ལྷ་སྲུང་ཡེ་ཤེས་སྤྱན་ཅན་རྣམས་ཀྱི་ཐུགས་རྗེས་བརྟག་སྒྲིལ་གང་གཟིགས་པ་ལས། རྣམ་སྤྲུལ་རིགས་རྒྱུད་བཟང་ཞན་ལ་སྤང་ལེན་མི་བྱེད་པའི་ལུགས་སྲོལ་འདི་ཡང་གདན་ས་འདིའི་ཐུན་མོང་མ་ཡིན་པའི་ཁྱད་བོན་ཞིག་ཅིས་མ་ལགས།
གསུམ་པ་ནི། གངས་ཅན་ལྗོངས་སུ་དུས་འགྱུར་གྱི་མཚན་མ་མངོན་དུ་ཤར་བཞིན་པའི་སྐབས་སུ། གདན་ས་འདིའི་ཕྱི་ནང་ལས་སྣེ་དྲག་རིམ་རྣམས་བཀའ་བགྲོས་ཀྱིས། ཞྭ་དཀར་བསྟན་པའི་བདག་པོ་སྨན་རིའི་ཁྲི་འཛིན་སོ་གཉིས་པ་སྐུ་འདུན་ཤེས་རབ་བློ་གྲོས་༼༡༩༣༥-༡༩༦༢༽རིན་པོ་ཆེའི་སྐུ་ཕྱྭའི་ཉེན་ཡོལ་ཆེད་འཕགས་ཡུལ་རྒྱ་གར་དུ་གདན་འདྲེན་ཞུས་རྒྱུའི་ཐུགས་ཐག་བཅད་འཕྲལ་ཆིབས་ཞབས་ཁྲག་བསྡུས་ཤིག་གིས། གསང་སྟབས་ཀྱིས་གདན་འདྲེན་ཞུས་ཏེ་འཕགས་ཡུལ་དུ་ཞབས་སོར་བཀོད་ཐུབ་པར་བྱུང་ཡང་། གདུལ་བྱ་རྣམས་བསོད་ནམས་དམན་པའི་དབང་གིས། དམ་པ་གང་ཉིད་ཡུན་རིང་དུ་མ་བཞུགས་པར་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་ཏེ། རེ་ཞིག་ཞིང་ཁམས་གཞན་དུ་གཟིགས་པའི་ཚུལ་མཛད་ནའང་། རྗེ་བླ་མའི་འཕྲིན་ལས་ལ་འགག་པ་མེད་པའི་སྟབས་ཀྱིས། སླར་ཡང་རྒྱལ་ཀུན་འདུས་པའི་རང་གཟུགས་རྗེ་སྨན་རི་བ་དང་ཞལ་མི་གཉིས་པའི་སྨན་རིའི་ཁྲི་རབས་སོ་གསུམ་པ་༧སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་༼༡༩༢༩༽རིན་པོ་ཆེ་མཆོག་༼༡༩༦༩༽ལོར་རྒྱལ་བ་གཉིས་པའི་གསེར་ཁྲིར་ཕེབས་ཏེ། གཞིས་བྱེས་བོན་འབངས་ཡོངས་ཀྱི་མཆོད་སྡོང་དུ་གསང་གསུམ་གྱི་བཀོད་པ་མི་ཤིག་གཡུང་དྲུང་འབར་བའི་རང་གཤིས་སུ་བརྟན་པའི་ངོས་ནས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་ཁུལ་ཌོ་ལན་ཇི་རུ་༼༡༩༧༠༽དཔལ་གཤེན་བསྟན་སྨན་རིའི་གླིང་གི་གདན་ས་གསར་སྐྲུན་མཛད་ཅིང་།༼༡༩༧༧༽ལོར་ཕྱོགས་མེད་ཀྱི་སློབ་ཚོགས་འདུས་པ་རྒྱ་མཚོའི་ཚོགས་རྣམས་མཁས་པའི་བྱ་བ་གསུམ་ལ་ཅི་དགར་ལོངས་སྤྱོད་ནས་བཤད་སྒྲུབ་འདུས་པའི་སྡེ་བཙུགས་ཏེ། སྨྲ་བའི་སེང་གེ་སྨན་རིའི་ཡོངས་འཛིན་རྣམ་གཉིས་དང་། མཁས་པའི་དབང་པོ་སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་པ་གསུམ་གྱི་གསུང་ལས་སྐྱེས་པའི་སློབ་ཚོགས་ཀྱི་ནང་ནས། ལོ་ངོ་བཅུ་ཕྲག་དུ་མའི་རིང་ལ། མདོ་སྔགས་སེམས་གསུམ་གཙོས་པའི་ལྔ་ཟུང་རིག་པའི་གནས་ལ་དབྱར་དགུན་བར་མེད་ཉིན་ལྟར་གཞལ་བྱའི་གནས་གསུམ་ལ། འཇལ་བྱེད་ཚད་མ་གསུམ་གྱིས་བདར་ཤ་བཅད་པའི་འབྲས་རྟགས་འཆང་བ་པོ་དགེ་བའི་བཤེས་གཉེན་ཞལ་གྲངས་ལྔ་བཅུ་ཙམ་གྱིས་མཚན་བརྟག་བཞེས་ཟིན་ཏེ། རིམ་བཞིན་དོན་གྱི་བདག་པོ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེས་ད་ལྟའི་ཆར་གཞིས་ལུས་བོད་ཡུལ་གྱི་བསྟན་དགོན་ཉག་ཕྲ་བར་སོང་། གདན་ས་སྨན་རི་གཙོས་པའི་བོད་ཡུལ་སྟོད་སྨད་ཀྱི་དགོན་སྡེ་ཁག་གི་འཆད་ཉན་གྱི་བསྟན་པ་ཉམས་གསོ་བྱ་དགོས་པའི་བཀའ་འབྲེལ་བཞིན་བཤེས་གཉེན་གང་འཚམ་ཞིག་གིས་གཞིས་ལུས་གངས་ཅན་ལྗོངས་སུ་བསྟན་པའི་བྱ་བ་བྱེད་བཞིན་ལགས་སོ། །

༼བོན་སྒོ༽སྤྱི་དེབ་བཅུ་གསུམ་པ་ལས་བཤུས།