སྨོན་ལམ་གཏོར་རྒྱག
ཧོར་ཟླ་དང་པོའི་ཚེས་ཉེར་བཞི་ཉིན་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ ཆེན་མོ་མཇུག་བསྒྲིལ་ཟིན་པའི་སྨོན་ལམ་གཏོར་རྒྱག་གི་བྱེད་སྒོའི་ ཉིན་དེར་ཡ་སོར་གཉིས་ནས་སྲུང་མ་དམར་ནག་གཉིས་ཀྱི་རྟེན་ ཐུག་གདན་ཞུ་དང་སྦྲགས་ཀླུ་སྒུག་སྡེར་ཐང་དུ་གཏོར་ཕུང་ཆེན་ པོ་གཉིས་བསླངས་ཡོད་པས་གཏོར་རྒྱབ་ཏུ་དགའ་ལྡན་ཁྲི་རིན་པོ་ ཆེ་དང་། ཤར་བྱས་ཆོས་རྗེ་གཉིས་སོགས་དང་རྩེ་རྣམ་རྒྱལ་གྲྭ་ཚང་། འབྲས་སྤུངས་སྔགས་པ་གྲྭ་ཚང་གཉིས་ནས་དྲག་པོའི་མངོན་སྤྱོད་ཀྱི་ཟོར་ གཏོར་འཕངས་པ་དང་། སྐབས་དེར་ཡ་སོར་རྟ་པ་བརྒྱག་ཕྲག་ཁ་ཤས་ ཀྱིས་དགྲ་བཟློག་སླད་དུ་མཚོན་རྩེ་མདུང་དར་རྣམས་ནམ་མཁར་སྒྲེང་ ཞིང་ཀི་སྭོ་དང་ངར་སྒྲའི་སྒྲ་གནམ་ས་གཡོ་བ་གྲགས་པ་དང་། གཟིམ་ཆུང་ བ་སོགས་ནས་བོད་མདའ་ཛམ་གྲགས་བརྒྱབ་ནས་གཏོར་རྒྱག་གི་རྔམས་ སྟོན་བྱེད་ཚུལ་ཡང་ཡོད། ལྷག་པར་དུ་དགྲ་ལྷའི་རྒྱལ་པོ་གནས་ཆུང་ཆོས་ རྒྱལ་ཆེན་པོས་ན་བཟའ་རྒྱལ་ཆས་དབུ་རྨོག་དང་། ཐུགས་གསལ་མེ་ལོང་ མཐའ་ལྕགས་གསེར་སྦྱང་ཚག་ལྡན་གཡུ་ཕྲས་རྒྱན་པ་དང་བཅས་གཟབ་ བཞེས་ཀྱིས་ཆོས་རྗེའི་ཁོག་ཏུ་བརླམས་ཏེ་གཏོར་ཕུང་ཕྱོགས་སུ་ཕྱག་ མདའ་འཕངས་པ་སོགས་གཏོར་རྒྱག་གི་མཛད་སྒོ་ལེགས་པར་གྲུབ་མཚམས་ དཀྱིལ་སྒར་ནས་ཡ་སོར་ཁྲི་པ་གཉིས་ཀྱིས་རྟེན་ཐུག་ལ་སྙན་ཤལ་སྒྲོན་ཏེ་གོ་ མཛོད་དུ་ཕྱིར་འབུལ་ཞུ་བ་སོགས་བྱེད་སྲོལ་ཡོད།
སྨོན་ལམ་གཏོར་རྒྱག
རྩོམ་སྒྲིགབོད་ཟླ་དང་པོའི་ཚེས་ཉེར་བཞི་ཉིན་སྨོན་ལམ་གཏོར་རྒྱག་གྱི་བྱེད་སྒོའི་ཐད་ཏཱ་ལའི་བླ་མ་མཆོག་སྨོན་ལམ་ཆེན་མོར་ཕེབས་ཡོད་ན། ལྷ་ས་གཙུག་ལག་ཁང་གི་ཟུར་འཕྱོང་རབ་གསལ་ནང་བཞུགས་ཁྲིའི་ཐོག་མགྲོན་གཟིམ་གཉིས་ནས་ན་བཟའ་གདན་ཞུས་གྲུབ་མཚམས། ཚོགས་ཆེན་དགེ་བསྐོས་དང་། ཆབ་དག་མ། ཞང་པོ་ཤིང་གཉེར། དགེ་གཡོག་ཉི་ཤུ། ཐབ་གཡོག་མི་གྲངས་འོས་འཚམ་བཅས་ཚང་མས་གྱོན་པ་གཟབ་མཆོར་གྱི་ངང་ནས་དལ་འགྲོས་ཀྱིས་རྡོ་གཅལ་ཐོག་འོངས་རྗེས་ཕྱག་འཚལ་གུས་འདུད་ཞུས་ནས་དགེ་ཆབ་རྣམས་ཤིང་ཁྲིའི་རྐུབ་སྟེགས་ཐོག་བཀོད། གཟིམ་པ་རྣམས་ཀྱིས་རྦད་བཤད་དང་བཅས་མདའ་རྩེད། མདུང་རྩེད། མེ་མདའ་བཅས་ཀྱི་རྩལ་འགྲན་བྱེད། དེ་ནས་སྨོན་ལམ་ཡ་སོར་ངོ་གཡོག་རྣམས་དལ་འགྲོས་ཀྱིས་རྡོ་གཅལ་ཐོག་ཕྱག་འཚལ་གུས་འདུད་ཞུས་རྗེས། བླ་བྲང་རྙིང་པའི་སྒོ་འགྲམ་བརྒྱུད་རང་རང་སོ་སོའི་རྟ་དམག་གི་རུ་སྣེ་འཁྲིད་དེ་བར་བསྐོར་གཡས་བསྐོར་གྱིས་རུ་བསྒྲིགས་དལ་འགྲོས་དང་བཅས་པ་གཟིགས་འབུལ་ཞུས། དེ་ནས་གཏོར་རྒྱག་ཁག་གཉིས་ཡོད་པ་སྟེ། གཅིག་ནི་རྩེ་རྣམ་རྒྱལ་གྲྭ་ཚང་གིས་ཁྱམས་ར་ཆེན་མོ་ནས་ཐོན། ཅིག་ཤོས་ནི་འབྲས་སྔགས་པ་གྲྭ་ཚང་སྟེ་གསུང་ཆོས་ར་བ་ནས་ཐོན་གྱི་ཡོད་པ་དང་། དེ་ཉིན་ཀྱི་རྡོར་སློབ་དང་། གྲྭ་པའི་ན་བཟའ། གསེར་དངུལ་གྱི་དུང་རྒྱ། སྤོས་ཕོར་དང་། གོས་རྙིང་ལས་གྲུབ་པའི་ཕྲག་ཁེབས་འཕྱར་དར་སོགས་རྒྱས་སྤྲོས་གང་ཆེའི་ཐོག་གཏོར་མ་འཕེན་ཡུལ་ཀླུ་སྦུག་སྡེར་ཐང་དུ་རུ་གྲྭ་ཕན་ཚུན་མཉམ་འཛོམས་ཀྱིས་གཏོར་རྒྱག་གནང་སྲོལ་ཡོད། གཏོར་ཕུང་ཆེན་པོ་གཉིས་བསླང་ཡོད་པ་དང་གཏོར་རྒྱབ་ཏུ་དགའ་ལྡན་ཁྲི་རིན་པོ་ཆེ་དང་། ཤར་བྱང་ཆོས་རྗེ་གཉིས། དེ་ལོའི་དགེ་བཤེས་ལྷ་རམས་པ་བཅུ་དྲུག་བཅས་ལ་ཚོགས་ཆེན་དགེ་བསྐོས་རྒན་པ་དང་། སྣེ་ཤན་རྩེ་དྲུང་བཅས་ནས་སྤོས་སྣེ་སྔུན་བསུས་ཀྱིས་ཕེབས། དེ་རྒྱབ་དགྲ་ལྷའི་རྒྱལ་པོ་གནས་ཆུང་ཆོས་རྒྱལ་ཆེན་པོའི་ན་བཟའ་རྒྱལ་ཆས་དབུ་རྨོག་དང་། ཐུགས་གསལ་མེ་ལོང་མཐའ་ལྕགས་གསེར་སྦྱང་ཚགས་ལྡན་གཡུ་ཁྲས་རྒྱན་པ་དང་། གོས་རྒྱ་སེ་རྙིང་མའི་ཤ་གོས། སྟོད་ལེ་སོགས་གཟབ་བཞེས་ཀྱི་ཆོས་རྗེའི་ཁོག་ཏུ་བརླམས་ནས་ཚོགས་ཆེན་དགེ་སྐོས་གཞོན་པ་དང་། གནས་ཆུང་སྡེ་པ་གཉིས་ནས་སྤོས་སྣེ་དང་རུ་འདྲེན་རྣམས་ཀྱིས་སྔོན་བསུས། སྤྱན་འདྲེན་པ་གནས་ཆུང་གྲྭ་ཚང་གི་སྐུ་ཞབས་བཅས་ཕེབས། གཟིམ་པ་རྣམས་ཀྱིས་གཡས་གཡོན་དུ་རུ་བསྟར་བསྒྲིགས་ནས་བོད་མདའ་སྐད་ཆེན་དགུ་ཤོག་རྒྱག་བཞིན་པར་བསྐྱོད། དེ་རྗེས་ཡ་སོར་ངོ་གཡོག་དང་སྲུང་མ་དམར་ནག་གཉིས་ཀྱི་རྟེན་མདུང་གདན་ཞུ། སོག་པོ་ཡ་སོར་འཁོར་བཅས་རྟ་པ་རྣམས་ཕྱོགས་གཉིས་ལ་གྱེས་ཏེ་ཡ་སོར་བགྲེས་པའི་རྗེས་སུ་གཡས་རུས་གཏོར་རར་གཡོན་སྐོར་དང་། ཡ་སོར་གཞོན་པའི་རྗེས་སུ་གཡོན་རུའི་རྟ་པ་རྣམས་གཡས་བསྐོར་བརྒྱབ་སྟེ་བཀྲ་ཤིས་ཞགས་བསྐོར་གྱི་སྲོལ་ལྟར་བསྐོར་བ་རྒྱག་བཞིན་པའི་ངང་ནས་རྟ་པ་རྣམས་ཀྱིས་སྐབས་དེར་ཞིང་བཅུ་ཚང་བའི་བསྟན་དགྲ་རྣམས་ཐལ་བའི་རྡུལ་དུ་བརླགས་པ་དང་མཚོན་རྩེ་མདུང་དར་རྣམས་ནམ་མཁར་བསྒྲེང་ཞིང་། ཀི་སྭོ་དང་ངར་སྒྲའི་སྒྲ་གནམ་ས་གཡོ་བ་ལྟར་གྲགས་ནས། བཞོན་པའི་རྨིག་སྒྲ་བཅས་ཀྱི་རྔམ་བརྗིད་གང་ཆེའི་རྣམ་འགྱུར་བསྟན། སྐྱིད་ཆུ་གཙང་པོའི་ཕ་རོལ་བྱ་སྐྱག་དཀར་པོའི་རི་རྩེར་སྦྲ་གུར་ཕུབ་པར་གནའ་རབས་ཀྱི་མེ་སྐྱོགས་ཆེན་པོ་འཕེན་པ་དང་། གནས་ཆུང་ཆོས་རྒྱལ་ཆེན་པོ་ཡང་གཏོར་ཕུང་ཕྱོགས་སུ་ཕྱག་མདའ་འཕངས་པ་སོགས་གཏོར་རྒྱག་བྱེད་སྒོ་རྣམས་ལེགས་པར་ཟིན་མཚམས། དེ་ཉིན་དཀྱིལ་སྒར་ནས་རྟེན་མདུང་ལ་སྙན་ཤལ་སྒྲོན་ཏེ་དམག་སྤྱི་ཁང་དུ་ཕྱིར་འབུལ་ཞུ་དགོས་པ་དང་། མེ་སྒྱོགས་ཀྱི་སྐད་སྒྲ་འཇགས་མཚམས་དེ་ཉིན་དྲུང་བཞེས་བླ་སྟེང་གཟིམ་འགག་ཏུ་ཚུགས་ཏེ་ལོ་དེའི་ལྷ་རམས་དགེ་བཤེས་རྣམས་ལ་མཚན་རྟགས་ཨང་རིམ་བཀོད་པའི་མཚན་ཐོ་དེ་བཞིན་རྩེ་ཡིག་ཚང་དྲུང་ཆེ་ཏཱ་ལའི་བླ་མས་སྒྲོགས་སྦྱངས་གནང་རྗེས་ལོ་རེའི་ཨང་རིམ་དང་པོ་ནས་བདུན་པའི་བར་ཡོད། དེ་མིན་གྱི་དགེ་བཤེས་གཞན་དག་དགུ་ལ་ལྷ་རམས་པའི་མིང་ཙམ་ལས་ཨང་གནས་མེད། དགེ་བཤེས་ལྷ་རམས་པ་ཨང་དང་པོར་བྱ་དགའི་གསོལ་རས་ན་བཟའ་ཆ་ཚང་དང་། ཆོས་གོས། དབུ་ཞྭ། ཞབས་ལྕགས་ཤ་གཟུགས་མ། ཇ་སྦག་དྲུག་བཅས་སྤུས་ལེགས་ཤ་སྟག་དང་། ཁ་བཏགས་ཨ་ཤེ་འདོམ་འཁོར་མ་གཅིག བོད་དངུལ་སྲང་ལྔ་བཅུ་ཐམ་པ་བཅས་ཡོད་ཅིང་། ཨང་བདུན་པར་ན་བཟའ་ཆོས་གོས་དང་། གཟན་སྤུས་ཞན་ཙམ། དབུ་ཞྭ། ཞབས་ལྕགས། ཇ་སྦག་གཅིག ཁ་བཏགས་ཨ་ཤེ། བོད་དངུལ་སྲང་བཅོ་ལྔ་བཅས། དེ་བྱིངས་དགེ་བཤེས་རྣམས་ལ་ཁ་བཏགས་ཨ་ཤེ་མ་་གཏོགས་གཞན་མེད། །