ཨ་ཏོ་ཧྥུ་ཧི་ཐི་ལེ་(འཇར་མན་སྐད་དུ། [ˈadɔlf ˈhɪtlɐ] ༡༨༨༩/༤/༢༠–༡༩༤༩/༤/༣༠) ནི་སྤྱི་ལོ་༡༨༨༩ལོར་ཨོ་སི་ཐི་རི་ཡ་རུ་སྐྱེས། འཇར་མན་ཆབ་སྲིད་ཐད་ཀྱི་མི་སྣ་གྲགས་ཅན་ཞིག་དང་། འཇར་མན་གྱི་ནཱ་ཙི་སྐྱིད་སྡུག་ཚོགས་པའི་འགོ་པ། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་འཇར་མན་རྒྱལ་གཞུང་གི་དམག་སྤྱི། དབུ་བཞུགས་བློན་ཆེན། དབུ་འཛིན། གཏམ་བཤད་མཁན་གྲགས་ཅན། དམག་དོན་མཁས་པ། རི་མོ་བ། སྲིད་དོན་མཁས་པ། འཛམ་གླིང་དམག་ཆེན་གཉིས་པ་སློང་མཁན་དང་། དམག་ཆེན་གཉིས་པའི་ཉེས་ཅན་གཏེ་པོ། ཡ་ཧུ་ད་པ་དང་གུང་ཁྲན་སྲིད་ཚོགས་ལ་ཤིན་ཏུ་སྡང་ཞིང་། དམག་འཐབ་རིང་། ཡ་ཧུ་ད་པ་ཁྲི་༦༠༠ཙམ་དམར་བསད་བཏང་། འཇར་མན་རྒྱལ་གཞུང་ལ་སྲིད་བསྒྱུར་ཡང་དག་པ་བྱས་ནས། ལོ་གསུམ་གྱི་རིང་དུ་འཇར་མན་རྒྱལ་ཁབ་དམག་དོན་དང་དཔལ་འབྱོར་སོགས་གང་ཅིའི་ཐད་འཛམ་གླིང་གྲས་མགོ་རུ་སླེབས། རྗེས་སུ་བསྟུད་མར་རྒྱལ་ཁབ་མང་པོ་ལ་བཙན་འཛུལ་བྱས་ནས་སྤྱི་ལོ་༡༩༣༩ལོར། འཛམ་གླིང་དམག་ཆེན་གཉིས་པ་ལངས་པ་རེད། མཐའ་མཇུག་སྤྱི་ལོ་༡༩༤༥ལོར། ཨུ་རུ་སུའི་དམར་དམག་གིས་སྲིད་འཛིན་ལས་ཁང་མཐའ་ཡོངས་སུ་བསྐོར་ནས་ཚེས་༣༠ཉིན། བྷེར་ལིན་དུ་རང་ཉིད་ཀྱི་སྡོད་རོགས་དང་མཉམ་དུ་རང་ཤི་རྒྱབ་པ་རེད།

ཨ་ཏོ་ཧྥུ་ཧི་ཐི་ལེ།

རུས་ཀྱི་ཡོང་ཁུངས།

རྩོམ་སྒྲིག

ཨ་ཏོ་ཧྥུ་ཧི་ཐི་ལེ་ཞེས་པའི་ཨ་ཏོ་ཧྥུ་ནི་མིང་དང་ཧི་ཐི་ལེ་ནི་རུས་རེད། རུས་དེ་ཡང་དང་པོ་ཧི་ཏི་ལེ་(hiedler)ཞེས་ཡིན་པ་ལ་ཨ་ཏོ་ཧྥུའི་སྤོ་བོས་རྗེས་སུ་ཧི་ཐི་ལེ་(hitler)རུ་བསྒྱུར་པ་རེད། ཁོ་རང་གི་སྤོ་བོའི་མཚན་ལ་ལྗོ་ཧན་གྷེ་ཨོར་གྷེ་ཧི་ཐི་ལེ་ཞེས་ཡིན་པ་དང་། ཕ་ཡི་མཚན་ལ་ཨ་ལོ་ཡི་སི་ཧི་ཐི་ལེ་(༡༨༣༧–༡༩༠༣)ཟེར། དེ་ཡང་དྭ་ཕྲུག་ཅིག་རེད། ཆུང་ནས་ཨ་མའི་རུས་འཛིན་ནས་མིང་ལ་ཨ་ལོ་ཡི་སི་ཧྲི་ཁལ་གྷ་རུ་བྷེར་(Schicklgruber)ཟེར། ཧ་ལམ་ཨ་ལོ་ཡི་སི་རང་ལོ་༣༨ཀྱི་རྗེས་སུ། ལོ་ངོ་༣༠ཙམ་མཐོང་ལམ་མེད་པའི་ཨ་ཕ་ལྗོ་ཧན་གྷེ་ཨོར་གྷེ་ཧི་ཐི་ལེ་གློ་བུར་དུ་ནང་ལ་འབྱོར་ནས། ཁྲིམས་ལུགས་ཀྱི་ཐོག་ནས་ཨ་ལོ་ཡི་སི་ཁོ་རང་གི་བུ་ཡིན་པ་ཁས་ལེན་གནང་། ང་ཚོ་ལ་ཁོ་རང་ཨ་ལོ་ཡི་སི་ཡི་ཕ་ངོ་མ་དེ་ཡིན་པས་དཔང་རྟགས་མེད་ནའང་། དེ་དུས་ཁོ་རང་གི་རུས་ཧི་ཐི་ལེ་རུ་བསྒྱུར་བ་རེད། དེ་ནས། ཡོ་རོབ་དབང་དུ་བསྡུས་ཤིང་འཇར་མན་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བཅུག་མཁན། འཛམ་གླིང་དམག་ཆེན་གཉིས་པ་སློང་མཁན་གྱི་ལོ་རྒྱུས་མི་སྣ་དེའི་རུས་མིང་དུའང་ཨ་ཏོ་ཧྥུ་ཧི་ཐི་ལེ་ཞེས་ཆགས་པ་རེད།

མི་སྣའི་ལོ་རྒྱུས།

རྩོམ་སྒྲིག

བྱིས་དུས་ཀྱི་འཚོ་བ།

རྩོམ་སྒྲིག

སྤྱི་ལོ་༡༨༨༩ལོའི་ཟླ་༤ཚེས་༣༠དགོང་མོའི་ཆུ་ཚོད་༦དང་ཕྱེད་ཀའི་སྐབས། ཨོ་སི་ཐི་རི་ཡའི་པུ་རོ་ནོའུ་ཞེས་པའི་གྲོང་བརྡལ་དུ་ཁེ་ར་ར་ཞེས་པའི་སྐྱེས་མ་ཞིག་ལ་བུ་ཞིག་བཙས་པ་རེད། དེ་ནི་རྗེས་ཕྱོགས་ཀྱི་འཇར་མན་རྒྱལ་ཁབ་ཀྱི་སྲིད་འཛིན་ཧི་ཐི་ལེ་ཞེས་པ་དེའོ། སྐྱེས་མ་དེ་ནི་ཨ་ཏོ་ཧྥུའི་ཨ་ཕའི་ཚ་མོ་ཡིན་པ་དང་། མོ་རང་ལོ་༢༥སྐབས་སུ་རང་ཉིད་ལས་ལོ་༢༣ཙམ་ཆེ་བའི་ཨ་ཁུ་དང་གཉེན་སྒྲིག གཅིག་བྱས་ན། དེ་འདྲའི་ཉེ་ཚན་གཉེན་སྒྲིག་གིས་ཨ་ཏོ་ཧྥུའི་ཁྱད་མཚར་བའི་གཤིས་ཀ་དེ་འདྲ་ཞིག་བསྐྱེད་པ་ཡིན་གྱི་རེད། ཁེ་ར་ར་ལ་ཧི་ཐི་ལེའི་སྔོན་དུ་བུ་ཕྲུག་གསུམ་བཙས་པ་ཐམས་ཅད་དམར་འབྱར་ནས་གྲོངས་སོང་བས། ཨ་མས་ཁོང་ལ་དམིགས་གསལ་གྱི་དགའ་པོ་བྱེད་གི་ཡོད། ཧི་ཐི་ལེའི་ཨ་ཕ་ནི་ཨོ་ཤུང་རྒྱལ་ཁབ་ཀྱི་འགག་སྒོའི་གཞུང་ཞབས་པ་ཞིག་ཡིན་པ་དང་། ཨ་ཏོ་ཧྥུ་ནི་ཨ་རོ་ཡི་སིའི་ཆང་ས་ཐེངས་གསུམ་པའི་སྒང་གི་བུ་ཕྲུག་ཨང་བཞི་པ་དེ་རེད། ད་དུང་། གཅེན་པོ་ཨ་རི་དབྱི་སི་དང་གཅུང་མོ་བྷོ་ར་གཉིས་ཡོད། ཁོང་གི་ཨ་ཕ་ནི་དྭ་ཕྲུག་ཅིག་ཡིན་པ་ལ། ཆུང་དུས་ལྷམ་བཟོ་བ་ཡང་བྱེད་མྱོང་ཡོད། རྗེས་སུ་པུ་རོའོ་ནོའུ་མཐའ་མཚམས་རྫོང་གྲོང་གི་གཞུང་ཞབས་པ་ཞིག་ཆགས་པ་རེད། དེ་ནས་ཨ་རོ་ཡི་སིས་རྟག་ཏུ། རང་གི་བུ་ཨ་ཏོ་ཧྥུ་ཡང་གཞུང་ཞབས་པ་ཞིག་ཆགས་པའི་རེ་བ་རྒྱག་གི་ཡོད་རེད། ཨ་ཏོ་ཧྥུ་ལོ་གསུམ་གྱི་སྐབས་སུ། ཁོ་ཚོའི་ནང་མི་ཚང་མ་འཇར་མན་མངའ་ཁོངས་ཀྱི་པ་ཧྥ་རི་ཡ་རུ་གནས་སྤོས་པ་རེད། རྒྱུ་མཚན་ནི་ཁོའི་ཨ་ཕ་པ་ཧྥ་རི་ཡ་རུ་ཨོ་སི་ཐི་རི་ཡའི་འགག་སྒོ་ཞིག་དོ་དམ་བྱེད་ལ་བཏང་པ་རེད། ས་ཆ་འདི་རུ་ཧི་ཐི་ལེར། པ་ཧྥ་རི་ཡའི་སྐད་ཤེས་པ་དང་། རང་ཉིད་དང་འཇར་མན་བར་གྱི་འབྲེལ་ཐག་གཅིག་ཀྱང་དེ་ནས་བསྐྱེད་པ་རེད། སྤྱི་ལོ་༡༨༩༥ལོར། ཧི་ཐི་ལེ་རང་ལོ་དྲུག་ཟིན་པ་དང་། ཨ་ཕ་ཨ་རོ་ཡི་སི་ལིང་ཚི་རུ་ལས་བགོས་བྱས་པས། ནང་མི་ཚང་མ་ཡང་བསྐྱར་ཨོ་སི་ཐི་རི་ཡ་རུ་སྤོས། ཧི་ཐི་ལེ་ཡང་ཁོ་རང་ཨ་ཕ་ཡི་སྡུག་ཡུས་ཀྱི་ངར་སྐད་གྲག་ས་ཞིག་ཏུ་ཆགས་པ་རེད། ༡༨༩༦ལོར། རང་ལོ་༧ཟིན་པའི་ཧི་ཐི་ལེ་ཁོ་རང་གི་ཨ་ཕ་དང་མཉམ་དུ། རཱ་མོ་བྷ་ཧེའི་གྲོང་དུ་སྤོས། སློབ་གྲྭ་གསར་པའི་ནང་དུ། ཧི་ཐི་ལེ་ནི་སྦྱང་འབྲས་ཡག་གྲས་ཤིག་རེད། ཡིན་ནའང་། ཧི་ཐི་ལེའི་ཨ་ཕ་ནི་ཡང་ས་ཆ་དེའི་འཚོ་བ་ལ་ཞེན་པ་ལོག་པ་དང་། སྐབས་དེ་དུས། ཧི་ཐི་ལེས་རང་ཉིད་ལ་རི་མོ་འབྲི་བའི་ལྷན་སྐྱེས་ཡོད་པ་ཚོར་ནས། མ་འོངས་སུ། རི་མོ་མཁས་ཅན་ཞིག་བྱེད་འདོད་པ་རེད། ཡིན་ནའང་། ཁོ་རང་གི་ཨ་ཕ་ནི་གཞུང་ཞབས་པ་ཞིག་ཡིན་པས། ཁོས་ཧི་ཐི་ལེ་ཡང་རང་ཉིད་ལྟར་གྱི་གཞུང་ཞབས་པ་ཞིག་ཆགས་བཅུག་འདོད་བྱེད། ཧི་ཐི་ལེ་ལོ་བཞིའི་ལམ་ལུགས་ཀྱི་སློབ་ཆུང་འཚོ་བ་དེ་མཇུག་སྒྲིལ་རྗེས། ཁོ་རང་ལིང་ཚིའི་གྲོང་ཁྱེར་གྱི་ལོ་དྲུག་ལམ་ལུགས་ཀྱི་སློབ་འབྲིང་ཞིག་ཏུ་ཕྱིན་པ་རེད། ཧི་ཐི་ལེ་སློབ་གྲྭ་དེ་གར་སླེབས་རྗེས། སྦྱང་འབྲས་ཞན་དུ་ཕྱིན་པ་མ་ཟད། མཐའ་མར། རྩིས་རིག་དང་རང་བྱུང་གི་ཡིག་རྒྱུགས་མ་ལོན་ནས་ལོ་རིམ་མ་འཕར། སྤྱི་ལོ་༡༩༠༣ལོའི་ཟླ་༡པོའི་ཞོགས་པར། ཧི་ཐི་ལེའི་ཨ་ཕ་འཆམ་འཆམ་འགྲོ་སྐབས། གྲིབ་ཕོག་ནས་ཚེ་ལས་འདས་པ་རེད།

ཐེངས་དང་པོར་ཝི་ཨེན་ནཱ་རུ་སླེབས་པ།

རྩོམ་སྒྲིག

༡༩༠༦ལོར། ཧི་ཐི་ལེ་རང་ལོ་༡༧གྱི་སྐྱེས་སྐར་བཏང་ཚར་ནས། ཨ་མ་ལགས་དང་སྤུན་མཆེད་ཀྱིས་སྟེར་གནང་བའི་ལམ་རིན་དེ་འཁྱེར་ཏེ་ཆུང་དུས་ནས་འགྲོ་མོས་ཡོད་པའི་ཝི་ཨེན་ནཱ་རུ་ཕྱིན་ནས། དེ་གར་ཟླ་བ་གཉིས་ཙམ་བསྡད་པ་རེད། བཀྲ་མདངས་རབ་ཏུ་རྒྱས་པའི་ཨ་ཤོང་རྒྱལ་ཁམས་ཀྱི་བེ་རོག་བཟོ་བཀོད་ཀྱི་གནའ་མཁར་གྱི་གཟི་འོད་ལ་ཧི་ཐི་ལེར་དགའ་མོས་ཚད་མེད་སྐྱེས། ཁོ་རང་རྟག་ཏུ་གྲོང་སྐོར་གཞུང་ལམ་ལ་འཆམ་འཆམ་ཕྱིན་ནས་དེའི་ཉེ་འཁོར་གྱི་འཛུགས་བསྐྲུན་ལ་གཟིགས་སྐོར་བྱས་ཤིང་། རྟེན་རྫས་བཤམས་སྟོན་ཁང་དང་། ཟློས་གར་ཁང་སོགས་ཀྱི་ནང་གི་མཛེས་རྣམ་གྱིས་ཧི་ཐི་ལེ་ནི་དགའ་ཚོར་དང་མཉམ་དུ། གལ་སྲིད་སྒྱུ་རྩལ་ཐད་ལ་གྲུབ་འབྲས་ཐོན་དགོས་ན་ངེས་པར་དུ་ཝི་ཨེན་ནཱ་རུ་སླེབས་དགོས་པའི་སེམས་ཚོར་བྱུང་བ་རེད། དེས་རྐྱེན་པས་ཁོ་རང་གིས་ཐབས་གང་ནུས་ཀྱིས་ཨ་མས་ཁོ་རང་ཝི་ཨེན་ནཱ་རུ་སློབ་གྲྭ་འགྲིམས་སུ་བཅུག་པ་རེད། ༡༩༠༧ལོའི་དབྱར་ཁར། ཁོ་རང་གི་ཨ་མས་ཁོ་རང་ཝི་ཨེན་ནཱ་རུ་སློབ་གཉེར་འགྲོ་རྒྱུ་ལ་འཐད་པ་བྱུང་ནས། ཨ་ཕའི་ཁ་ཆིམས་རྒྱུ་ནོར་ལས་ཝི་ཨེན་ནཱ་རུ་ལོ་གཅིག་གི་འཚོ་རྟེན་ཐུབ་པའི་འགྲོ་གྲོན་ཁོ་རོ་ནེ་༧༠༠ཙམ་བཏོན་ནས་ཝི་ཨེན་ནཱ་རུ་རི་མོ་བའི་ཡིག་རྒྱུགས་སྤྲོད་ལ་ཕྱིན་པ་རེད། ཡིན་ནའང་ཡིག་རྒྱུགས་ཐེངས་གཉིས་སྤྲད་ནའང་། གཉིས་ཀ་མ་ལོན། ཧི་ཐི་ལེ་ཝི་ཨེན་ནཱ་རུ་ལོ་བཞིའི་སློབ་དུས་ལས་མེད་ནའང་། ནང་དུ་མ་ལོག་པར་དེ་གར་ཟློས་གར་དང་འཁྲབ་གཞུང་། དཔེ་དེབ་ལ་སོགས་པ་ལ་མགོ་གཡེང་ནས་བསྡད། ལོ་དེའི་ཟླ་བ་༡༠པའི་ཟླ་མཇུག་ཏུ་གཞི་ནས་ལིང་ཚིར་ལོག་པ་རེད། དེ་དུས་སྐྲན་ནད་ཀྱིས་མནར་བའི་ཨ་མ་ནི་དེ་ལྟའི་གྲོང་ཁ་ལ་མོ་ཞིག་ཡིན་ཞིང་། ཟླ་༡༢པའི་ཚེས་༢༡ཉིན། ཧི་ཐི་ལེའི་ཡུམ་ཆེན་ཁེ་ར་ར་ནད་གཞི་བཅོས་ཐབས་མེད་ནས་མི་ཡུལ་ནས་ཁ་བྲལ་བ་རེད། ཡུམ་གྲོང་རྗེས། ཧི་ཐི་ལེར་འཚོ་རྟེན་ཙམ་གྱི་ཐད་ལའང་དཀའ་ངལ་སླེབས་པ་མ་ཟད། ཁོ་རང་ཡོངས་སུ་སྒེར་ཚུགས་ཡིན་ནའང་། གཅིག་ནས་ཆེད་ལས་ག་གེ་མོ་ལ་བྱང་ཆ་མེད་པ་དང་། གཉིས་ནས་ལུས་པོའི་ངལ་རྩོལ་ལ་མཐའ་གཅིག་ཏུ་ཡི་རང་མེད། དེ་འདྲ་ཡིན་ནའང་། ཁོ་རང་བློ་ཐག་རྦེད་ཆོད་ཀྱིས་གཉེན་ཉེ་དང་ཁ་བྲལ་ནས། གལ་སྲིད་བྱ་གཞག་ཅིག་སྒྲུབ་མ་ཐུབ་ན། ནམ་ཞར་ལོག་རྒྱུ་མིན་པའི་སེམས་ཐག་བཅད་པ་རེད།

ཝི་ཨེན་ནཱའི་མི་འཁྱམས།

རྩོམ་སྒྲིག

སྤྱི་ལོ་༡༩༠༨ལོའི་ཟླ་༢པར། ཧི་ཐི་ལེ་ཡང་བསྐྱར་ཝི་ཨེན་ནཱ་རུ་ལོག་སླེབས་པ་དང་། དེ་དུས་ཀྱི་ཝི་ཨེན་ནཱ་ནི་ཧ་པུ་སི་བྷེར་གྷེའི་རྒྱལ་རབས་མ་སྣུབས་མཚམས་ཀྱི་འོད་ཟེར་ལྡོག་འཕྲོའི་འོག་གི་རྒྱལ་ས་ཞིག་རེད། ཡིན་ནའང་། དབུལ་པོའི་ཁང་ཆུང་དང་གོས་ཧྲུལ་གྱོན་ཅིང་འཚོ་བཅུད་ཀྱང་མ་འདང་བའི་དབུལ་པོ་ཡང་ཡོད། སྐབས་དེ་དུས། ཧི་ཐི་ལེ་ནི་འགག་སྒྲུབ་སྙིང་སྟོབས་དང་གླེང་སློང་སྙིང་སྟོབས་ཀྱིས་ཁེངས་ཤིང་། ཁོས་རྟག་ཏུ་མི་བདེན་པའི་གནས་ཚུལ་དང་ཕྱུག་ཚང་སྲས་པོའི་ཚུལ་མིན་རྒྱུ་ནོར་སྐོར་ལ་ལབ་རྡུང་དང་ཀི་འབོད་རྒྱག་གི་ཡོད་རེད། ཝི་ཨེན་ནཱ་སླེབས་རྗེས། ཧི་ཐི་ལེ་འཛུགས་སྐྲུན་ཚན་ཁག་ཏུ་འགྲོ་ཐབས་བྱས་མེད་ལ། དེ་བས་ལག་རྩལ་འདྲ་གང་ཡང་སྦྱང་རྩིས་བྱས་མེད། མསྡོར་ན་རྒྱུན་འཇགས་ཀྱི་ལས་ཀ་གང་ཡང་བྱེད་འདོད་མེད་པར། གངས་ཕྱག་པ་དང་། ས་གདན་ལྡབ་པ། དེ་མིན་མེ་འཁོར་འབབ་ཚུགས་སུ་ཅ་ལག་དབོར་འདྲེན་གྱི་ལས་ཀ་ཙག་ཙིག་འདྲ་བྱས་ནས་བསྡད་པ་རེད། ལོ་དང་པོར། ཧི་ཐི་ལེ་གཙོ་བོ་ཁོ་རང་ཨ་ཕའི་ཤུལ་བཞག་ཏོག་ཙམ་དེ་དང་། དེ་མིན་ཟླ་རེའི་ད་ཕྲུག་གི་ཁ་གསབ་རོགས་དངུལ་ཁོ་རོ་ནེ་༢༥ལ་བརྟེན་ནས་འཚོ་བ་སྐྱེལ་གིན་ཡོད་རེད། སྤྱི་ལོ་༡༩༠༩ལོར། ཨ་ཕའི་ཤུལ་བཞག་ཏོག་ཙམ་དེ་ཡང་ཟད་པ་དང་། འཚོ་རྟེན་ལ་ནི་ཟླ་རེའི་ཁོ་རོ་ནེ་༢༥དེ་མ་གཏོགས་མེད་པར་ཆགས་ནས་མི་འཁྱམས་ཀྱི་འཚོ་བ་ཞིག་ཀྱང་སྐྱེལ་དགོས་འཁེལ་བ་རེད། འཁྱམས་པོ་དེ། དགོང་མོར་སྤྱི་གླིང་གི་རྐུབ་སྟེགས་སམ། ཁྱིམ་ཚང་ག་གེ་མོའི་སྒོ་ཆེན་གྱི་ཁང་ཁོག་ཏུ་ཉལ་བ་དང་། ཉིན་མོར། ཨར་ཁང་དང་མོ་ཊ་སྒུག་ས་རུ་གོང་ཆུང་གི་ཟས་རིགས་ཀྱི་བྲོ་པ་བཀང་ཐབས་བྱས་ནས་བསྡད། སྤྱི་ལོ་༡༩༠༩ལོའི་ཡེ་ཤུའི་འཁྲུངས་སྐར་གྱི་ཡར་སྔོན་དུ། དབུལ་ཕོངས་ཀྱིས་ཕྱུག་པའི་ཧི་ཐི་ལེས་ཁོ་རང་གིས་མཐའ་མའི་དགུན་ཆས་དེ་ཚོ་ཡང་གཏའ་མར་བཞག་ནས་མི་འཁྱམས་སྐྱབས་བཅོལ་ཁང་ཞིག་ཏུ་འཛུས་པ་རེད། ཅུང་མ་འགོར་བར། ཧི་ཐི་ལེ་གྲོགས་པོ་ཞིག་གི་བསྐུལ་ཅག་འོག་གོང་དེ་ཙམ་མི་ཆེ་བའི་མི་ཧྲང་སྤྲོ་ཁང་ཞིག་ཏུ་སྤོས་ནས། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་རང་ཁ་གསོ་ཐབས་བྱས། ཁོ་ཉིན་ལྟར་ཁང་པའི་ནང་བསྡད་ནས་སྦྲག་ཤོག་འགའ་བྲིས་པ་ལ་དེ་དག་ཁོ་རང་གི་གྲོགས་པོ་དེས་ཚོང་རོགས་བྱས་པས། སྟབས་མ་ལེགས་པ་ཞིག་ལ་སྦྲག་ཤོག་དེ་ཚོ་གྲེམ་པོ་བྱུང་བ་དང་། ཡང་ཧི་ཐི་ལེས་ཆུ་མཚོན་རི་མི་ཆེ་གྲས་ཁ་ཤས་བྲིས་པས། དེ་ཡང་གྲེམ་པོ་བྱུང་བ་རེད། རྗེས་ཕྱོགས་སུ་ཁོ་རང་རི་མོ་ཚོང་བའི་དངུལ་དང་། ད་དུང་ད་ཕྲུག་རོགས་དངུལ་གྱིས། ཟས་གོས་ལ་སེམས་ཁྲལ་མི་དགོས་པའི་འཚོ་བ་ཞིག་སྐྱེལ་རྒྱུ་བྱུང་བ་རེད། དུས་ཚོད་ཅུང་མ་འགོར་བར། ཆབ་སྲིད་ལ་དད་པ་ཆེ་བའི་རི་མོ་བ་དེས་མི་ཧྲང་སྤྲོ་ཁང་གི་ལྟ་ཀློག་ཁང་དེ་སྲིད་དོན་སྤྲོ་སྐྲིད་ཁང་ལྟ་བུ་ཞིག་ཏུ་བཟོས་ཏེ། སྤྲོ་ཁང་ཉེ་འཁོར་གྱི་སེམས་ཤུགས་ཆག་པའི་མཐོ་རིམ་མི་སྣ་དང་། གྲོང་མི་རྣམས་ལ་གནས་ལུགས་ཀྱི་ཁ་ཆུ་བརྡོལ་བ་རེད། ཧི་ཐི་ལེས་དགོས་མཁོ་ལ་དམིགས་ནས། ཧུར་ཐག་གིས་རང་ཉིད་ཀྱི་ལྟ་བ་དང་མཐུན་པའི་སྤྱི་ཚོགས་སྣང་ཚུལ་དང་ཆབ་སྲིད་གླེང་མོ་མཐའ་དག་ལ་ངོ་སོ་བསྟད་པ་དང་། དེ་མིན་ཁོ་རང་ཕམ་དུ་བཅུག་མཁན་གྱི་གླེང་མོ་དང་གནས་ཚུལ་ཐམས་ཅད་ལ་དགག་བཞག་ཚ་མནན་བྱས། མ་ཟད། ཉེ་ལམ་གྱི་རྙོག་འཛིངས་ཆེ་བའི་སྤྱི་ཚོགས་སྣང་ཚུལ་ལའང་གོ་བདེའི་གསལ་ལམ་བཀྲོལ་པ་རེད། དེའི་བར་མཚམས་ལ། ཧི་ཐི་ལེས་ཐལ་མཐའི་རྒྱལ་ཁབ་རིང་ལུགས་དང་། ཐལ་མཐའི་མི་རིགས་རིང་ལུགས་ཀྱི་བསམ་བློས་ཁེངས་པའི་དེབ་ཆུང་འགའ་ཡང་ལྟ་ཀློག་བྱེད་གིན་ཡོད་པ་དང་། ད་དུང་ཨོ་སི་ཐི་རི་ཡའི་སྲིད་ཚོགས་ཁག་གི་འགུལ་སྐྱོད་ལ་དོ་སྣང་བྱེད་པས་མ་ཚད། དམིགས་གསལ་གྱིས་ཨོ་སི་ཐི་རི་ཡའི་སྤྱི་ཚོགས་དམངས་གཙོའི་སྲིད་ཚོགས་ཀྱི་དུས་དེབ་ལ་ཡང་ལྟ་ཀློག་དང་། ཁོ་ཚོའི་སྲིད་ཚོགས་ཀྱི་དབུ་ཁྲིད་ཀྱི་གཏམ་བཤད་ལ་དབྱེ་ཞིབ་བྱས་ནས་ཉམས་མྱོང་ཕྱོགས་བསྡུས་བྱེད། ཁོས་ཉམས་ཞིབ་རིང་པོ་བྱས་རྗེས། མཐའ་མར་གནས་ལུགས་ཤིག་ཧ་གོ་བ་རེད། དེ་ནི་སྲིད་ཚོགས་ག་རེ་ཡིན་ནའང་ངེས་པར་དུ་མང་ཚོགས་ཀྱི་ལས་འགུལ་དང་ཆ་ལྡབ་དགོས་པར་མ་ཟད། མང་ཚོགས་ཀྱི་ནང་དུ་དྲིལ་བསྒྲགས་ཡོད་པ་བྱེད་དགོས། དེ་ལྟར་མིན་ན། གང་དེ་ཕམ་ཉེས་ལས་གཞན་གང་ཡང་རག་མི་སྲིད།

འཛམ་གླིང་དམག་ཆེན་དང་པོའི་ནང་གི་དམག་མི་བསྐྱུས་མ་ཞིག

རྩོམ་སྒྲིག

༡༩༡༣ལོའི་ཟླ་༥པར། འཇར་མན་མི་རིགས་ལ་ལ་རྒྱ་དང་དུངས་ཞེན་མངའ་བའི་ཧི་ཐི་ལེ་ཝི་ཨེན་ནཱ་ནས་ཁ་གྱས་ཏེ། མུ་ནི་ཁི་རུ་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱ་ལ་སོང་བ་རེད། རི་མོ་ནི་སྔར་བཞིན་ཁོ་རང་གི་འཚོ་རྟེན་ཡིན་པ་དང་། དུས་མཚམས་དེའི་སྒང་ལ། ཁོས་དཔེ་མཛོད་ཁང་ནས་ཆབ་སྲིད་སྐོར་གྱི་དེབ་མང་པོ་ཞིག་ཉོས་ཏེ། བློ་རྩེ་གཅིག་སྒྲིམ་གྱིས་ལྟ་ཀློག་བྱེད། མ་ཟད་རྐང་བཙུགས་ནས་མ་ཁེ་སིའི་རིང་ལུགས་ལ་ཡང་ཉམས་ཞིབ་བྱེད་པ་རེད། སྤྱི་ལོ་༡༩༡༤ལོར། འཛམ་གླིང་དམག་ཆེན་དང་པོ་ལངས་པ་དང་། ཟླ་༨ཚེས་༡ཉིན། འཇར་མན་གོང་མས་ཨུ་རུ་སུར་དམག་འགྱེད་བྱས་པ་ལ། ཟླ་༨པའི་ཚེས་༣ཉིན། ཧི་ཐི་ལེས་པཱ་ཧྥ་རི་ཡའི་རྒྱལ་པོ་ལུ་ལྡེ་ཝི་གྷི་གསུམ་པ་ལ་ཡིག་བསྐུར་མཛད་ནས། དམག་བཞུགས་ཀྱི་རེ་བ་བཏོན། ཟླ་༨ཚེས་༤ཉིན། ཧི་ཐི་ལེའི་དམག་བཞུགས་རེ་ཡིག་ལ་བཀའ་འཁྲོལ་ཐོབ་སྟེ། ཁོ་རང་རང་འདུན་དམག་མིའི་མིང་ཐོག་ནས། པཱ་ཧྥ་རི་ཡའི་རྐང་དམག་བརྒྱ་ཤོག་དང་པོའི་ནང་འཛུས་ནས་བཀའ་རྒྱུད་སྤྲོད་བྱེད་མཁན་གྱི་སྐམ་དམག་བསྐྱུས་མ་ཞིག་བྱས། ཁོས་ལས་ཀ་ཧ་ཅང་ཡག་པོ་བྱ་གི་ཡོད་རེད། ད་དུང་རིམ་པ་དང་པོའི་གཟེངས་རྟགས་ལྕགས་ཀྱི་རྒྱ་གྲམ་རྟགས་མ་ཞིག་ཀྱང་རག དེའི་སྐབས་སུ་ཁོ་རང་རླུང་རྟ་ཡར་འཕེལ་གྱིས་འཆི་རྐྱེན་མང་དག་ཅིག་ནས་ཐར་བས། དེས་ཁོ་བོ་ལ་རང་ཉིད་ནི་དོན་ཆེན་ཞིག་སྒྲུབ་མཁན་ཡིན་པའི་བསམ་བློ་ཁྱད་མཚར་བ་ཞིག་སླེབས་པ་རེད། ཁོས་དེ་ལྟའི་གོ་སྐབས་ཤིག་སྒུག་ནས། ཧོབ་ཙམ་ནས་ཡར་ཀེ་རེར་ལངས་དགོས་སྙམ་པ་རེད། ཧི་ཐི་ལེས་དམག་འཐབ་ཀྱི་དམིགས་ཡུལ་དང་འཇར་མན་རྒྱལ་ཁབ་ཀྱི་མ་འོངས་ལ་སེམས་ཚོར་དང་མཐོང་ཆེན་ཆེན་པོ་བྱ་གི་ཡོད་རེད། ཁོས་འཇར་མན་ཕམ་རྒྱུ་ཡིན་པ་མངོན་དཔག་བྱེད་ཅིང་། རྒྱུ་མཚན་ནི། འཇར་མན་དུ་འགྲ་བོའི་མེ་སྒྱོགས་ལས་ཀྱང་ཉེན་ཁ་ཆེ་བའི་ཡིབ་རྣམ་གྱི་དགྲ་ངན་ཡ་ཧུ་ད་པ་དང་མ་ཁེ་སིའི་རིང་ལུགས་ཡོད་རེད་ཟེར། མཐའ་མར་འཇར་མན་ཕམ་པ་དང་། འཇར་མན་གོང་མ་ཡང་ཁྲི་ལས་བབས་སྟེ་ཧོལ་ལན་དུ་བཙན་བྱོལ་ཕྱིན། འཇར་མན་གྱིས་གམ་ཕིག་ནེའི་འཁོར་ཚུགས་སུ་མགོ་བཏགས་ཡི་གེའི་སྟེང་ས་ཡིག་བཀོད། དེ་དུས་ཧི་ཐི་ལེ་སྨན་ཁང་དུ་ཁོ་རེའི་དམག་འཐབ་སྐབས་སུ་དུག་རླངས་ཀྱིས་མིག་གི་གསལ་བ་སྒྲིབ་པའི་ན་ཚ་ལ་སྨན་བཅོས་བྱེད་བཞིན་ཡོད། ཁོ་བོས་མགོ་བཏགས་ཀྱི་གནས་ཚུལ་ཐོས་མ་ཐག སེམས་སྡུག་གི་མིག་ཆུ་བརྡོལ་ཞིང་། མ་ཟད་རང་ཉིད་ཀྱི་འགྲོ་ལམ་ཡང་རྙེད་པ་ལྟ་བུ་ཞིག་བྱུང་རེད། ཁོས་ཆབ་སྲིད་ཀྱི་ཐོག་ཏུ་ལག་པ་སྙབ་ནས་ཆབ་སྲིད་བ་ཞིག་ཆགས་པའི་འདུན་མ་བཅངས་པ་རེད།

ཆབ་སྲིད་ཀྱི་འཚོ་བ་འགོ་ཚུགས་པ།

རྩོམ་སྒྲིག

སྤྱི་ལོ་༡༩༡༨ལོའི་ཟླ་༡༡གྱི་ཟླ་སྨད་དུ། ཧི་ཐི་ལེ་ནད་གཞི་སངས་དྲག་བྱུང་ནས་སྨན་ཁང་ནས་དོན་ཏེ་མུ་ནི་ཁི་རུ་བཅའ་བསྡོད་ཡོད་པའི་རང་ཉིད་ཀྱི་དམག་སྡེ་རུ་མིང་ཐོ་འགོད་ལ་ཕྱིན་པ་རེད། དེ་དུས་ཟླ་བ་བཅུ་པའི་གསར་བརྗེ་ཨུ་རུ་སུ་ཡོངས་ལ་ཁྱབ་ཅིང་། མུ་ནི་ཁི་རུ་ཡང་པཱ་ཧྥ་རི་ཡའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་མཐུན་རྒྱལ་ཁབ་ཅིག་ཀྱང་ཚུགས་པ་དང་། ཧི་ཐི་ལེའི་དམག་རུ་དེ་དམག་མིའི་ཨུ་ཡོན་ལྷན་ཚོགས་ཀྱི་བཀོད་འདོམས་སུ་ཡོད་པས། ཁོ་རང་དེ་ལ་ཞེན་པ་ཡེ་ནས་ལོག་སྟེ་ལམ་སེང་མུ་ནི་ཁི་ནས་ཁ་གྱས་ཏེ་ཨོ་སི་ཐི་རི་ཡའི་མཐའ་མཚམས་ཉེ་འགྲམ་གྱི་བཟུང་དམག་རུ་ཤོག་ཅིག་ཏུ་སྐུ་སྲུང་དམག་མི་ཞིག་བྱས་ནས་བསྡད་པ་རེད། ལོ་གཉིས་པའི་དཔྱིད་ཀར། ཁོ་རང་ཡང་མུ་ནི་ཁི་རུ་ལོག དེ་སྐབས་སུ། མུ་ནི་ཁི་རུ་དུས་ཐུང་གི་སོ་ཝི་ཨེ་ཐིའི་སྲིད་དབང་ཞིག་དོན་པ་དང་། དེ་སུས་འགན་ཁུར་མིན་གྱི་གནད་དོན་ལ་བརྟག་དཔྱད་བྱ་བའི་བརྟག་དཔྱད་ཨུ་ཡོན་ལྷན་ཁང་ཞིག་བཙུགས་པ་ལ། ཧི་ཐི་ལེས་དེ་གའི་ཚོགས་པའི་གནས་ཚུལ་འདྲ་ཡར་ཞུ་བྱས་པས། གོང་རིམ་ནས་ཁོ་རང་ལ་དོ་སྣང་སླེབས་པར་མ་ཟད། སྐམ་དམག་དམག་ཁུལ་གྱི་སྤྱི་ཁྱབ་ཆབ་སྲིད་ཁང་གི་གསར་འགྱུར་ལས་ཁུངས་སུ་ལས་བསྒྱུར་ཡང་བྱས་པ་རེད། སྤྱི་ལོ་༡༩༡༩ལོའི་ཟླ་༦པར། འཇར་མན་དམག་ཕམ་ནས་བེར་སཱ་འེའི་ཞི་ཆིངས་ཐོག་ཏུ་ས་ཡིག་བཀོད་དགོས་འཁེལ། ཞི་ཆིངས་དེའི་ཚད་བཀག་གིས་འཇར་མན་ལ་རྒྱུན་གྲབས་དམག་མི་ཁྲི་༡༠ལས་ཉར་མི་ཆོག་པས། གཞུང་ས་ནས་དམག་དཔུང་ཁྲི་ཚོ་དེའི་བློ་གཏད་གང་ཕྱོགས་ལ་སྣང་འཇོག་ཆེན་པོ་བྱ་གི་ཡོད་རེད། དམག་དཔུང་ནང་དུ་སྲིད་འགྱུར་རང་བཞིན་གྱི་ལས་འགུལ་ཡོད་མེད་སྙན་སེང་། དེ་བཞིན་བཟོ་ཚོགས་ལའང་ལྟ་ཉན་བྱ་བའི་དམིགས་བཙུགས་ཨུ་ཡོན་ལྷན་ཁང་ཡང་ཚུགས་པ་རེད། ལས་ཀ་དེ་འདྲ་བོ་ལ་གཏོང་གནང་མཛད་པའི་ཐེངས་དང་པོའི་རྟོག་ཞིབ་མི་སྣའི་ནང་ཧི་ཐི་ལེ་ཡོད་པ་རེད། ཁོ་ཚོ་ལས་འགོ་མ་བརྩམས་པའི་སྔོན་དུ། མུ་ནི་ཁིའི་དམིགས་གསལ་གསབ་སྦྱོང་འཛིན་གྲྭ་ཞིག་ཏུ་བསྐྱེལ་ནས་སློབ་སྦྱོང་བྱས་བཅུག་པ་རེད། དེ་གའི་དགེན་ལགས་ཀྱིས་ཧི་ཐི་ལེ་ནི་ཐོས་པ་ལ་ཧ་ཅང་དད་པ་མ་ཟད། ཁ་རྩལ་ཡང་ཡག་པོ་ཡོད་པར་མཁྱེན་ནས། དེ་གར་ཧི་ཐི་ལེའི་གོང་རིམ་ལ་ཁོང་ལ་སྣང་འཇོག་བྱ་དགོས་པའི་དྲན་སྐུལ་བཏང་པ་རེད། དེ་ནས། ཅུང་མ་འགོར་བར། ཧི་ཐི་ལེ་མུ་ནི་ཁིའི་ཚོགས་པ་ཞིག་ཏུ་ཞི་བདེའི་རིང་ལུགས་དང་། སྤྱི་ཚོགས་རིང་ལུགས། དམངས་གཙོའི་རིང་ལུགས་ལ་སོགས་པའི་ཁ་ཚ་ཅན་གྱི་ལྟ་གྲུབ་ལ་རྒོལ་བའི་གཏམ་བཤད་སྤེལ་བཅུག་པ་རེད། ཧི་ཐི་ལེའི་ངོས་ནས་བཤད་ན་དེ་ནི་མཚམས་གལ་ཆེན་ཞིག་རེད། མིས་ཁོ་རང་གི་ཆབ་སྲིད་ལྟ་བ་ཁེས་ལེན་བྱས་པ་ལྟ་བུ་བྱུང་བ་མ་ཟད། རང་ཉིད་ལ་གཏམ་བཤད་ཀྱི་ཡོན་ཏན་ཞིག་ཀྱང་ཡོད་པར་ཚོར་བ་རེད།

ཧི་ཐི་ལེའི་གོང་རིམ་གྱིས་ཁོ་པའི་འཇོན་ནུས་ལའང་སྣང་འཇོག་ཆེན་པོ་བྱ་གི་ཡོད་པས། དེ་ནས་ལས་འགན་ཞིག་ཀྱང་ཁོ་ལ་སྤྲད་པ་རེད། སྤྱི་ལོ་༡༩༡༩ལོའི་ཟླ་༧པའི་ནང། ཧི་ཐི་ལེ་གཞན་པའི་ཉམས་ཞིབ་པ་འགའ་དང་མཉམ་དུ་ལེ་ཁྲི་ཧྥེལ་ལྡེའི་སྐྱབས་བཅོལ་ཁང་ཞིག་ཏུ་དེ་སྔོན་དམག་ཆེན་དང་པོའི་བཟུང་དམག་ཀྱི་ཁྲོད་དུ་རྒྱུགས་པའི་སི་ཕར་ཐ་ཁུ་སིའི་བསམ་བློའི་གཏད་ཕྱོགས་སྐོར་གྱི་གནས་ཚུལ་ཁ་གསལ་བཟོ་ལ་ཕྱིན་པ་རེད།

སྤྱི་ལོ་༡༩༡༩ལོའི་ཟླ་༩པར། ཧི་ཐི་ལེ་ལ་སྐམ་དམག་ཆབ་སྲིད་ཁང་ནས་བསྒྲགས་པའི་འཇར་མན་བཟོ་པའི་སྲིད་ཚོགས་ཞེས་པའི་སྲིད་དོན་ཚོགས་པ་ཞིག་ལ་བརྟག་དཔྱད་བྱ་དགོས་པའི་བཀའ་ཞིག་འབྱོར། དེ་ནས་ཁོ་རང་གསང་མྱུལ་བ་ཞིག་གིས་ངོས་ནས་དེ་ལྟའི་ཚོགས་མི་༥༤ལས་མེད་པའི་སྲིད་ཚོགས་དང་ངོ་འཕྲད་དོ། ཚོགས་པ་དེ་ནི་སྤྱི་ཚོགས་རིང་ལུགས་དང་། རྒྱལ་ཁབ་རིང་ལུགས། ཡ་འགོག་རིང་ལུགས་བཅས་ཀྱི་བསམ་བློ་མཉམ་དུ་འདྲེས་པའི་སྲིད་ཚོགས་ཤིག་ཡིན་ཞིང་། དེ་ནས་སྲིད་ཚོགས་དེའི་གྲོས་ཤིག་གི་ནང་། མི་ཞིག་གིས་པཱ་ཧྥ་རི་ཡ་ཧྥུ་རཱ་ཤི་ཡ་ནས་ཁ་གྱེས་ཏེ། ཨོ་སི་ཐི་རི་ཡ་དང་མཉམ་དུ་འཇར་མན་ལྷོ་མའི་སྤྱི་མཐུན་རྒྱལ་ཁབ་ཅིག་ཆགས་པའི་ལྟ་བ་བཏོན་པས། ཁོས་མི་དེའི་ལྟ་བ་ལ་སྐད་ཤུགས་ཆེན་པོའི་མ་རངས་པའི་རྣམ་འགྱུར་བཏོན་པས། ཁོ་ཡང་དེ་གའི་ཚོགས་བཞུགས་མི་སྣས་དོ་སྣང་ཆེན་པོ་སླེབས། ཉིིན་གཉིས་ཀྱི་རྗེས་སུ། ཧི་ཐི་ལེ་ལ་སྦྲག་ཤོག་ཞིག་སླེབས། ལྟས་ཙ་ན། ཁོ་རང་འཇར་མན་བཟོ་པའི་སྲིད་ཚོགས་ནང་བཞུགས་པའི་རེ་བསྐུལ་བྱས་པ་མཐོང་པས། ཐེ་ཚོམ་དང་བཅས་ནས་དགད་མོ་ཞིག་ཀྱང་ཤོར་བ་རེད།

བསམ་བློ་ཞིབ་ཕྲ་བཏང་རྗེས། ཁོ་རང་སྲིད་ཚོགས་དེའི་ཚོགས་མི་ཨང་༥༥པ་བྱེད་རྒྱུའི་ཐག་བཅད་པ་དང་། མ་ཟད་སྲིད་ཚོགས་དེའི་གཙོ་བཞུགས་ཚོགས་པའི་ཨུ་ཡོན་ཨང་༧པའང་ཆགས་པ་རེད། ཧི་ཐི་ལེས་བསམ་དོན། ཁོས་སོ་སོའི་ལྟ་བ་དང་དམིགས་ཡུལ་ལ་ཞིག་ནས་སྲིད་ཚོགས་ལ་བསྒྱུར་བཅོས་བྱ་ཐུབ་པ་མ་ཟད། རང་ཉིད་ཝི་ཨེན་ནཱ་རུ་ཡོད་པའི་སྐབས་ཀྱི་ལྟ་ཚུལ་དང་། གཡུལ་ས་མདུན་མའི་ཉམས་མྱོང་ཡང་ཆབ་སྲིད་ལས་འགུལ་ཞིག་གི་ནང་དུ་ཟུང་འབྲེལ་བྱ་ཐུབ་པའི་ངེས་པ་ཡང་ཡོད་པ་རེད། གཞན་ད་དུང་དེས་ཁོ་པའི་འཚོ་བའི་གནད་དོན་ཞིག་ཀྱང་ཐག་གཅོད་བྱ་གི་ཡོད་པ་རེད། དེ་ནས་བཟུང་། ཧི་ཐི་ལེ་ཁོ་རེའི་མི་ཚེའི་ནང་གི་ཐག་གཅོད་རང་བཞིན་གྱི་གོམ་པ་གང་དེ་སྤོས་པ་རེད།

འཇར་མན་བཟོ་པའི་སྲིད་ཚོགས་ལ་བསྒྱུར་བཅོས་གཏོང་བ།

རྩོམ་སྒྲིག

པར་རིས་བར་འཁྱམས།

རྩོམ་སྒྲིག