ཨི་ཏ་ལི།

ཨི་ཏ་ལི་ ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།

ཨི་ཏ་ལི་ངམ་ཨི་ཊ་ལི་(ཡི་ཏ་ལིའི་སྐད།: Italia)ནི་ཡོ་རོབ་གླིང་གི་རྒྱལ་ཁབ་ཞིག་རེད། དེའི་རྒྱལ་ས་ནི་རོ་མ་རེད།

རྒྱལ་དར།


དབྱི་ཐ་ལི་ནི་ཡོ་རོབ་གླིང་གི་རྒྱལ་ཁབ་གྲགས་ཅན་ཞིག་ཡིན་པ་དང་མིང་ཆ་ཚང་ལ་དབྱི་ཐ་ལི་སྤྱི་མཐུན་རྒྱལ་ཁབ་ཟེར། རྒྱལ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་301333དང་མི་འབོར་ཁྲི་6002ཙམ་ཡོད། དེའི་བྱང་ཕྱོགས་ཀྱི་རི་བོ་ཨའར་པེ་སིའི་ས་ཁུལ་ནི་ཧྥ་རན་སི་དང་སི་ཝེས་ཙེར། ཨོ་སི་ཐྲི་ཡ། སི་ལོ་ཝེ་ཉི་ཡ་བཅས་ལ་སྦྲེལ་ཞིང་། དེའི་ས་ཁོངས་ཀྱིས་མངའ་ཁོངས་ཆུང་བའི་རྒྱལ་ཁབ་སྟེ་སན་མ་རི་ནོ་དང་ཝ་ཐི་ཁན་གཉིས་ཀྱི་མཐའ་ནས་བསྐོར་ཏེ་ཡོད། ཤེས་རིག་ལྡན་པའི་གནའ་བོའི་རྒྱལ་ཁབ་སྟེ་དབྱི་ཐ་ལི་མིང་འདི་ཐོས་མ་ཐག ང་ཚོའི་དྲན་པའི་ཡིད་ངོར་ཤར་ཡོང་བ་ནི་དུས་ཡུན་རིང་པོའི་ནང་སྙན་གྲགས་ཀྱི་དུང་སྒྲ་ཆད་མ་མྱོང་བའི་གནའ་བོའི་རོ་མ་གོང་མའི་རྒྱལ་ཁབ་དང་། སྤྱི་ལོ་79ལོར་ཝེ་སོ་ཝུ་མེ་རིའི་འཇིག་པ་ཆེན་པོས་ཐལ་བར་བཏང་བའི་ཕང་པའེ་གནའ་གྲོང་། ད་དུང་འཛམ་གླིང་ཡོངས་ལ་སྐད་གྲགས་ཆོད་པའི་མཆོད་རྟེན་གསེག་པོ་དང་རིག་རྩལ་བསྐྱར་དར་གྱི་འབྱུང་གནས་གཙོ་བོ་ཧྥོ་ལུའོ་ལུན་སྭ། མཛེས་སྡུག་དཔལ་གྱིས་སྒེག་པའི་ཆུའི་གྲོང་ཁྱེར་ཝེ་ཉི་སི། འཛམ་གླིང་གི་ངོ་མཚར་ཆེན་པོ་བརྒྱད་ཀྱི་གྲས་སུ་འཇོག་པའི་གནའ་བོའི་རོ་མའི་རྩལ་འགྲན་ཐང་སོགས་རེད།

རོ་མའི་སྒོར་དབྱིབས་རྩལ་འགྲན་ར་བ།

དེའི་ཁྲོད་ཀྱི་ཕང་པའེ་གནའ་བོའི་མཁར་ཤུལ་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཆོག་མཆན་ཐོབ་པའི་འཛམ་གླིང་གི་ཤུལ་བཞག་གཙོ་གྲས་ཤིག་ཡིན་ལ། གྲོང་ཁྱེར་འདི་སྤྱི་ལོ་79ལོར་ཝེ་སོ་ཝུ་མེ་རི་ཆེན་པོས་བསྣུབས་ཤིང་རྗེས་སུ་དབྱི་ཐ་ལིའི་གནའ་རྫས་རྟོག་ཞིབ་མཁན་ཚོས་སྔོག་འདོན་བྱས། མི་རྣམས་ཀྱིས་ཕང་པའེ་གནའ་གྲོང་གི་མཁར་ཤུལ་ལས་གནའ་བོའི་རོ་མའི་དུས་རབས་ཀྱི་སྤྱི་ཚོགས་འཚོ་བར་རྒྱུས་ལོན་བྱེད་བཞིན་ཡོད། རོ་མ་གོང་མའི་རྒྱལ་ཁབ་ཀྱི་དུས་དེར་ཀྲུང་གོ་ནི་ཧན་ཤར་མའི་དུས་ལ་ཁེལ་ཞིང་། སྐབས་དེར་དར་གོས་འགྲུལ་ལམ་གྱིས་ཐེངས་དང་པོར་ཀྲུང་གོ་དང་རོ་མ་གཉིས་སྦྲེལ་མཐུད་བྱས་ཏེ་རོ་མའི་མི་ཀྲུང་གོར་ཡོང་ནས་རིག་གནས་དང་ཚོང་ལས་ཀྱི་འབྲེལ་བ་ཆགས། དེ་བས་རྒྱའི་ཡིག་ཚང་ཁག་ཏུ་གནའ་ནས་བཟུང་ཤར་ལ་ལའོ་དབྱང་དང་ནུབ་ལ་རོ་མ་ཞེས་པའི་འབོད་སྲོལ་བྱུང་།


སྒོར་དབྱིབས་རྩལ་འགྲན་ར་བ་ནི་རོ་མའི་དུས་རབས་ཀྱི་ཆེས་རླབས་ཆེ་བའི་བཟོ་སྐྲུན་ཞིག་ཡིན་ལ་ད་ལྟ་ཉར་ཚགས་བྱས་པ་ཆེས་ལེགས་པའི་སྒོར་དབྱིབས་ཀྱི་རྩལ་འགྲན་ར་བའང་ཡིན། དེ་ནི་རོ་མ་གྲོང་ཁྱེར་ཝེ་ནེ་སི་ཐང་ཆེན་གྱི་ཤར་ལྷོའི་མཚམས་སམ་ཨོ་ལེ་ལི་ཨན་ལྕགས་རིའི་ནང་རོལ་དུ་ཡོད་པ་དང་། དེའི་གྲུབ་ཚུལ་སྒྲིག་གཞི་སོགས་ཉར་ཚགས་བྱས་པ་ལེགས་པོ་ཡོད་པས་འཛམ་གླིང་གི་དཔེ་མཚོན་ལྟ་བུར་གྱུར་ཡོད། སྒོར་དབྱིབས་རྩལ་འགྲན་ར་བ་འདིའི་ཕྱི་ཚུལ་བཙན་རྫོང་ཆེན་པོ་ཞིག་དང་འདྲ་ཞིང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་20000དང་སྒོར་མཐའི་རིང་ཚད་ལ་སྨི་527 ཚངས་ཐིག་ལ་སྨི་188 མཐོ་ཚད་ལ་སྨི་57 ཡོད་དེ་ད་ལྟའི་རྩེགས་རིམ་19ཅན་གྱི་ཐོག་ཁང་ཞིག་གི་མཐོ་ཚད་དང་མཚུངས་ཤིང་འཁྱམས་རའི་ནང་ལྟད་མོ་བ་ཁྲི་10.7ཙམ་ཤོང་ཐུབ།

ཝེ་ཉི་སི་ནི་དབྱི་ཐ་ལིའི་བྱང་ཤར་རྒྱུད་ཀྱི་ཡུལ་སྐོར་དང་བཟོ་ལས་གྲོང་ཁྱེར་གྲགས་ཅན་ཞིག་ཡིན་ཞིང་། དུས་རབས་13པ་ནས་དུས་རབས་17པའི་སྨད་ཀྱི་ཚོང་ལས་སྒྱུ་རྩལ་གྱི་གྲོང་རྡལ་གལ་ཆེན་ཞིག་ཀྱང་ཡིན། དེའི་འཛུགས་སྐྲུན་དང་མཛེས་རྩལ། འཇིམ་བཟོ། གླུ་གར་སོགས་ཀྱིས་འཛམ་གླིང་སྟེང་གོ་གནས་གལ་ཆེན་བཟུང་ཡོད་ལ་ཤུགས་རྐྱེན་ཡང་ཆེན་པོ་ཐེབས་ཡོད། ཝེ་ཉི་སིའི་མིང་གཞན་ལ་ཡ་ཏེ་ལི་ཡ་རྒྱ་མཚོའི་རྒྱལ་མོ་དང་ཆུའི་གྲོང་ཁྱེར། གླིང་བརྒྱའི་གྲོང་ཁྱེར། འོད་ཀྱི་གྲོང་ཁྱེར་སོགས་སུ་འབོད་ཅིང་དེ་ནི་འཛམ་གླིང་གོ་ལ་རིལ་མོའི་སྟེང་གི་ཆེས་འཆར་ཡན་ལྡན་པའི་གྲོང་ཁྱེར་ཞིག་ཡིན།


དབྱི་ཐ་ལི་ནི་ལུས་རྩལ་དར་ཁྱབ་ཆེ་བའི་རྒྱལ་ཁབ་ཞིག་ཡིན་ཞིང་ལུས་རྩལ་སྦྱོང་བརྡར་གྱི་བྱེད་སྒོ་སྤེལ་གྲངས་མང་བའི་རྒྱལ་ཁབ་ཅིག་ཀྱང་ཡིན། ད་ལྟའི་བར་དུ་དབྱི་ཐ་ལིར་ཁྱོན་བསྡོམས་ཨོ་རྩལ་འགྲན་ཚོགས་སྐབས་གསུམ་ལ་འཚོགས་ཤིང་། དེ་ལས་སྐབས་གཅིག་ནི་དབྱར་ཁའི་ཨོ་རྩལ་འགྲན་ཚོགས་ཏེ་སྤྱི་ལོ་1960ལོའི་རོ་མའི་ཨོ་རྩལ་འགྲན་ཚོགས་དང་། གཞན་གཉིས་ནི་1956ལོའི་ཁོ་ཏེ་ནཱ་ཏན་ཕེ་ཙོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་2006ལོའི་ཏུའུ་ལིང་གི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་གཉིས་རེད། གཞན་ད་དུང་དབྱི་ཐ་ལིས་འཛམ་གླིང་བུམ་པ་རྟགས་མའི་རྐང་གྲུག་འགྲན་བསྡུར་ཁྲོད་ཨང་དང་པོ་ཐེངས་བཞི་ལ་ལེན་མྱོང་བས་འཛམ་གླིང་རྐང་གྲུག་རྒྱལ་ཁབ་ཅེས་པའི་མཚན་སྙན་ལྡན་པའི་རྒྱལ་ཁབ་གྲལ་གྱི་གཅིག་ཀྱང་ཡིན།


དབྱི་ཐ་ལི་ནི་ཡོ་རོབ་གླིང་གི་མི་རིགས་དང་རིག་གནས་ཀྱི་འབྱུང་ཡུལ་ཡིན་ལ་དེས་སྔོན་ཆད་རོ་མའི་རིག་གནས་དང་དབྱི་ཐེ་ལ་སི་ཁན་ཤེས་རིག་ལ་གསོན་ཤུགས་སྩོལ་མྱངས། དུས་རབས་བཅུ་གསུམ་པའི་དུས་མཇུག་ནས་དུས་རབས་བཅོ་ལྔ་བའི་བར། དབྱི་ཐ་ལིའི་རིག་རྩལ་ལ་སྔར་བྱུང་མ་མྱོང་བའི་དར་རྒྱས་ཆེན་པོ་བྱུང་ཞིང་ཡོ་རོབ་གླིང་གི་རིག་རྩལ་བསྐྱར་དར་ལས་འགུལ་གྱི་འབྱུང་ཁུངས་གཙོ་བོར་གྱུར། ཏན་ཏིང་དང་ཏ• ཧྥིན་ཆི། སྨི་ཁའེ་ལང་ཅི་ལོ། ལ་ཧྥེར། ཅ་ལི་ལུའེ་སོགས་རིག་གནས་པ་དང་ཚན་རིག་པ་མང་པོ་བྱུང་ཞིང་། ཁོང་ཚོས་མིའི་རིགས་ཀྱི་རིག་གནས་འཕེལ་རྒྱས་ཐད་འགྲན་ཟླ་བྲལ་བའི་བྱས་རྗེས་ཆེན་པོ་བཞག་པ་དུས་ད་ལྟའང་དབྱི་ཐ་ལིའི་ས་ཆ་གང་སར་ད་དུང་མ་ཉམས་མཇལ་རྒྱུ་ཡོད་པའི་གནའ་བོའི་རོ་མའི་བརྗིད་ཉམས་ལྡན་པའི་བཟོ་བཀོད་དང་། རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་རི་མོ་དང་འཇིམ་བརྙན། གནའ་ཤུལ་དང་རིག་དངོས་སོགས་བགྲང་ལས་འདས་པ་ལས་ར་སྤྲོད་བྱེད་ཐུབ། དབྱི་ཐ་ལིར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཆོག་མཆན་གནང་བའི་འཛམ་གླིང་ཤུལ་བཞག་ཁྱོན་བསྡོམས་48ཡོད་པ་དང་། གོ་ལ་ཧྲིལ་པོའི་སྟེང་གི་འཛམ་གླིང་ཤུལ་བཞག་ཆེས་མང་བའི་རྒྱལ་ཁབ་ཅིག་ཡིན་ནོ། །