༄༅།།བུ་རྒོད་པོ།

བན་ཤུལ་འཁྱམ་བསེ་རུ། 

འཛམ་གླིང་གནས་ཚུལ་མིག་གིས་མ་མཐོང་ལ།། གཞིས་ཕྱིས་བོད་མིའི་བདེ་སྡུག་མ་ཐོས་པར།། རང་ཉིད་ཤོང་བའི་སྤྱིལ་བུ་ཆུང་ཆུང་འདིར།། མགོ་བོ་བཏུམ་ནས་མིག་ཆུ་སྙིལ་ཡང་མྱོང་།།

དུས་རབས་ཉེར་གཅིག་ཆ་འཕྲིན་གློག་འགྱུ་ལས།། རི་ཆུ་སྟོང་ཕྲག་བརྒལ་བའི་བར་ཐག་ཀྱང་།། སྐད་ཅིག་བགྲོད་པའི་ཚན་རྩལ་ཕོ་ཉ་འདིས།། འཛམ་གླིང་གནས་ཚུལ་གསལ་བར་སྟོན་འདི་མཚར།།

ལུས་ཀྱི་གནས་མལ་གླིང་བཞིར་མཆིས་ན་ཡང་།། ཕྱི་ནང་མཐོང་ཐོས་དུས་ལྟར་འགྲེམས་པ་སོགས།། དེ་ལྟའི་མཐུན་རྐྱེན་ཡང་དག་འཛོམས་པའི་གླིང་།། ཇ་གྲོགས་འདུ་རའི་ཚོམས་ཆེན་ཨེ་མ་ཧོ།།

ལུས་པོ་གངས་ཀྱི་རི་དང་བྲལ་ན་ཡང་།། སེམས་པ་གངས་རིའི་ལྗོངས་དང་མ་བྲལ་བའི།། རང་སྡེ་ལ་རིགས་ལ་ཞེན་པའི་བུ་རྒོད་ཞིག། འདའ་བཞིའི་མདའ་ལྷ་འདི་ཡང་བསྟོད་པའི་ཡུལ།།

དཔའ་བོའི་ཞལ་ཆེམས་གང་སར་འགྲེམས་ལུགས་ནས།། གསར་འགྱུར་དུས་ལྟར་བརྒྱུད་གཏོང་གནང་ལུགས་དང་།། མདོར་ན་བུ་ཆུང་ལམ་སྟོན་བྱེད་ལུགས་སོགས།། རིགས་ཞེན་གངས་བུ་རྒོད་པོའི་གཤིས་སུ་གྲུབ།།

མེ་དང་མིག་ཆུའི་ཀློང་གི་གངས་ཅན་པའི།། སྐྱོ་གར་འཁྲབ་གཞུང་རིང་མོ་ཤུགས་ཀྱིས་བཀླགས།། བདེན་པའི་ང་རོ་འཛམ་གླིང་ཁྱོན་ལ་བསྒྲགས།། བུ་རྒོད་མདའ་ལྷའི་ངོ་སོ་ཡར་ལ་བསྟོད།།

མི་སྲིན་དམར་བོའི་དཔུང་གི་མཆེ་སྡེར་འོག། ཨ་ཐང་ཆད་པའི་ཚེ་སྲོག་གྲངས་མེད་ཅིག། ཁྱེད་ཀྱིས་བཏང་བའི་ཆ་འཕྲིན་དབྱངས་འགྲོས་ལ།། ཐིམ་ནས་སླར་ཡང་གསོན་པའི་རེ་ལྟོས་འཆའ།།

ཆ་འཕྲིན་གསར་བའི་ཁ་དོག་རེ་རེས་ལས།། འཚོ་བའི་སྣང་བརྙན་རེ་རེ་མངོན་བྱུང་བས།། ཀུ་དོགས་བསམ་བློ་རྒྱ་ལ་འཆིང་བའི་བདག། རྒྱང་དུ་ལྟ་བའི་བློ་སྒོ་ཡངས་པོར་ཕྱེས།།

ལྷག་བསམ་གངས་ཀྱི་རི་བོ་མ་ཉམས་པར།། ཕྱི་ཐག་དར་དཀར་གཞིས་ཕྱིས་བོད་དུ་འཐེན།། བདེན་དོན་གླུ་སྒྲ་དེ་ཡང་མ་འགག་པར།། སླར་ཡང་ཐོས་འཛིན་ཡུལ་དུ་འདྲེན་རོགས་ཞུ།།

ཁ་བ་བོད་པའི་དར་རྒུད་རེ་རེ་ན།། ཨ་ཐང་ཆད་པའི་གཏམ་རྒྱུད་མང་ན་ཡང་།། སེམས་ཀྱི་ཉི་ཟླ་སྐར་གསུམ་མི་མངོན་པའི།། གཞིས་ལུས་མུན་པའི་གླིང་འདི་ཅི་འདྲའི་སྐྱོ།།

བསམ་ཞིང་བསམ་ན་སྙིང་རླུང་སྟོད་དུ་འཚང་།། བྲལ་གདུང་མི་བཟོད་མིག་མཐར་མཆིལ་ཞགས་འཁྱིལ།། སེམས་ཀྱི་འཁུན་སྒྲ་རླབས་བཞིན་འཕྱུར་ནས་འོང་།། ད་ནི་སྨྱུ་གུའི་བསྒྱུར་མཚམས་བཙན་གྱིས་འགོག།

ཞེས་ཇ་གྲོགས་འདུ་ར་གསུམ་པའི་ནང་གསར་འགྱུར་དུས་ལྟར་བརྒྱུད་གཏོང་གནང་མཁན་སྐུ་ཞབས་མདའ་ལྷ་མཆོག་ལ་བཀའ་དྲིན་མཚོན་བྱེད་དུ། ༠༢༡༣ལོའི་ཟླ་༡༡པའི་ཚེས་༡་ཉིན། Chambusuiri ནས་ཕུལ།

Return to "རྩོམ་རིག" page.