ང་རང་ཟིན་བྲིས་སུ་འཇུག་དོན།

“རིང་ལུགས”པ་མང་དག་ཅིག་གིས་ཟིན་བྲིས་ཀྱི་ས་ཞིང་གཤིན་པོ་འདི་བདག་འཛིན་བྱེད་པའི་སྒང་འདིར། ནམ་རྒྱུན་སྐད་ཆ་སྦོམ་བཤད་ལ་དགའ་བའི་ཁོ་བོ་ཁ་རོག་གེར་འདུག་པ་ནི་ནག་ཉེས་ཤིག་རེད་ལ། “བཤམས་སྟོན”གྱི་རྩོམ་ཆོས་དག་གིས་དྲ་བའི་རིག་གནས་ཀྱི་རིན་ཐང་དེར་གསའ་དང་གསེང་ནས་རྨེག་གི་འདུག་པས་ན། མགོ་སྒུར་ནས་མི་སྨྲ་བའི་རྟུལ་བཞུགས་བཟུང་བ་ནི་ཤེས་ཡོན་ཅན་གྱི་འགན་མ་འཁུར་བ་རེད། ངོས་དེ་ནས་འདང་ཞིག་རྒྱབ་ན། ང་ཅག་གི་རྫོབ་དྲགས་པའི་ཟིན་བྲིས་ཁོར་ཡུག་འདི་སྣང་མེད་དུ་བཞག་སྟེ། གནས་གཞན་དུ་སྤོར་བའི་བྱོལ་ལམ་སུས་ཀྱང་འཚོལ་ནུས་ནའང་། “བྱ་རྒས་དུས་ཚང་དྲན་པ་དང་། མི་རྒས་དུས་ཡུལ་དྲན་པའི”དཔེ་བཞིན། མཐར་ཐུག་གི་དམིགས་ས་གཅིག་པོ་ནི་རང་ཡུལ་ཡིན་ཞིང་། ཅི་ཞིག་ཡིན་མདོག་ལ་གོམས་པའི་ལངས་ཤོར་བ་དག་ལ་བསམ་ཤེས་ཤིག་གི་དོད། མང་མང་གི་སྡིགས་ཡུལ་དུ་གྱུར་ནའང་ཐང་། གང་ལྟར། ང་རང་ཧི་གཟུགས་ཟིན་བྲིས་སུ་མི་འཇུག་ཐབས་ཤིག་རྙེད་མ་བྱུང་།


ང་རང་ཟིན་བྲིས་སུ་འཇུག་དོན་ནི་རང་མིང་ཁ་བྱང་དུ་འཇོག་པའི་ངོ་པགས་མཐུག་པོ་ཅན་གྱི་སྒམ་ཚིགས་ཡེ་ནས་མེད་ལ། ང་རང་ཟིན་བྲིས་སུ་འཇུག་དོན་ནི་གྲོགས་ཕན་ཚུན་བར་ལ་རྩེད་མོ་དང་ཀུ་རེ་སློང་བའི་འཕྲིན་པའང་འབྲི་རྒྱུ་མེད། ང་རང་ཟིན་བྲིས་སུ་འཇུག་དོན་ནི་མི་གཞི་ཁྱད་གསོད་དང་མིང་བྱང་རྫུན་མ་བཀོལ་བའི་ཀུན་སློང་དེ་ཁྱོན་ནས་ཡོད་མི་སྲིད་ཞིང་། དེ་བས། ང་ལ་ཟིན་བྲིས་མཁན་པོའི་ཁྲི་ལ་སྙེགས་པའི་ཧམ་པ་མེད། ང་རང་ཟིན་བྲིས་སུ་འཇུག་དོན་ནི་ཟིན་བྲིས་ཀྱི་ཁོར་ཡུག་གཙང་ཡངས་ཤིག་ཆགས་རྒྱུ་དང་། བོད་སྐད་ཡིག་གི་ཡོངས་ཁྱབ་རིན་ཐང་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་དེ་ཡིན།


ངས་ནི་རུལ་སུངས་ཀྱི་སྒེར་གཅོད་ཆབ་སྲིད་ལམ་ལུགས་ལ་སུན་འབྱིན་དང་ངོ་རྒོལ་བྱེད་སྲིད་ལ། ངས་ནི་ཆོས་ལུགས་སྡོམ་གཅུན་བསམ་བློར་ཁ་གཏད་དང་དགག་སྒྲུབ་བྱེད་རྒྱུའང་ཡིན། འོན་ཏང་། མཇུག་འབྲས་ཅི་ཞིག་བྱུང་རུང་འགན་ནི་རང་ཉིད་ནས་འཁུར་བ་ལས་ཁག་གཞན་ལ་འགེལ་ས་མེད། ཡང་། ལ་ལས་འགྲིག་གི་དང་བཟང་གི་ལྟ་བུའི་སྦྱར་བྱང་བརྩེགས་སྲིད་ཀྱང་། ང་ལ་མཁོ་བོ་ནི་ངོ་བསྟོད་གཏན་ནས་མིན་དེ། དགོས་པ་ནི་མི་བུ་རེ་རེར་ཀུན་སློང་གཙང་མ་ཞིག་དང་། དྲ་བའི་རིག་གནས་ལ་ཡིད་འཇོག་དང་འཛུགས་བསྐྲུན་བྱེད་པའི་ཨ་མའི་བུ་དག་ཡིན།


རང་དབང་གི་བསམ་བློའི་ཁོར་ཡུག་དེའི་ཆེད་དུ་ངས་ནི“རང་ཉིད་རིང་ལུགས་པ”དག་དགག་བྱ་གཙོ་བོ་འཛིན་རྒྱུ་དང་། ཟིན་བྲིས་ཀྱི་སྤུས་ཀ་ཇེ་ལེགས་སུ་འགྲོ་ཆེད་དུ་ངས་ནི་གད་སྙི

ག་སྐྱེལ་འདྲེལ་བ་དག་གི་ལམ་བུ་གཏན་གཅོད་བྱེད་རྒྱུ་ཡིན། མ་ཟད། ཐོན་རྫས་རྫུན་མ་དག་གི་ཁ་གྲངས་ཉུང་བ་ནས་མེད་པར་འགྲོ་རུ་འཇུག་འདོད་པ་ཡིན། འདི་ནི་ང་རང་ཧི་གཟུགས་ཟིན་བྲིས་སུ་འཇུག་པའི་ཐོག་མའི་ཀུན་སློང་དང་། ཟིན་ཐོ་སྤེལ་བའི་དགོས་པ་ཡིན་ནོ།

Start a discussion about དགེ་འཕེལ།

Start a discussion
Return to "དགེ་འཕེལ།" page.