ལྦེ་ཁེ་རིག་མཛོད

Wikipedia ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།

ཆམ་ཚང་པདྨ་ལྷུན་གྲུབ་ཀྱི་ལོ་རྒྱུས་སྙིང་བསྡུས། ཆམ་ཚང་པདྨ་ལྷུན་གྲུབ

ཝི་ཀི་བྷྀ་ཊྱ་རིག་མཛོད།

༡༩༧༢ལོར་བོད་མདོ་སྨད་གཅན་ཚ་ཆོས་ཚང་མའི་ཆམ་ཚང་དྲེས་ཁུག[ce-hkuk]ཚང་ཞེས་པར་སྐྱེས། ཕ་ཡུལ་དུ་བོད་ཡིག་སློབ་གྲྭ་འགྲིམ་ཞིང་། སྔ་རྗེས་སུ་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ(ད་ལྟ་གཏོར་ཚར)དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་རྒྱ་རྩོམ་སྡེ་ཁག མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པ་གླིང་། ནན་ཁེའེ་སློབ་ཆེན་རྩོམ་རིག་གླིང་(ཐེན་ཅིང)བཅས་ནས་བོད་རྒྱ་གཉིས་ཀའི་སྐད་རིགས་དང་རྩོམ་རིག་སྐོར་ལ་སློབ་གཉེར་བྱས། བརྡ་སྤྲོད་རིག་པ་སྤྱི་དང་ལྷག་པར་སྐད་སྒྲ་རིག་པ་དང་། ཞོར་དུ་མི་རིགས་ཆོས་ལུགས་གནད་དོན་དང་སྲིད་ཇུས། ས་གནས་རིག་གནས་བཅས་ལ་ཞིབ་འཇུག་དང་། བོད་ཡིག་གནའ་དཔེ་ལེགས་སྒྲིགས་དང་བོད་རྒྱ་ལོ་ཙའི་ལས་ཀ་གཉེར་བཞིན་ཡོད།

ད་ལྟའི་བར《མི་རིགས་སྐད་ཡིག》དང《ཀྲུང་གོའི་བོད་རིག་པ》། 《མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ》སོགས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་དཔྱད་རྩོམ༣༠ཙམ་ཕུད་པ (དཔྱད་རྩོམ་ལ་ལ་ཕྱི་ཡིག་ཏུ་འགྱུར་ཡོད) དང་། བོད་རིག་པ་དང་མིའི་རིགས་རིག་པ། རྒྱ་བོད་སྐད་རིགས། སྤྱི་ཚོགས་བརྡ་སྤྲོད་རིག་པ་སོགས་སྐོར་གྱི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་འགའ་ལ་ཞུགས་མྱོང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དཔྱད་གཞི་རྣམ་གྲངས་ཆེ་གྲས༡༨ དང་། དཔེ་དེབ་ཆེན་པོ༡༠ཙམ་གྱི་རྩོམ་འབྲི་དང་ཡིག་སྒྱུར་བྱ་བར་ཞུགས།《ཨ་མདོའི་ཡུལ་སྐད་ཀྱི་སྒྲ་གདངས་ལ་དཔྱད་པ》དང་《སྒྱུ་རྩལ་གྱི་དོ་ཤལ》ཞེས་པའི་དེབ་གཉིས་དང་རྒྱ་འགྱུར་བོད་ཀྱི་སྒྲུང་གཏམ་དེབ་གཅིག་སོགས་པར་དུ་བསྐྲུན།

ད་ལྟ་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་གནའ་དཔེ་ལེགས་སྒྲིག་ཁང་གི་འགོ་གཙོ་གཞོན་པ་དང་ཞུ་ཆུང་ལོ་ཙ་བ། ཞིབ་འཇུག་ལྟེ་གནས་ཀྱི་འགོ་གཙོ་ཡིན། ཞོར་དུ་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ལས་འཛིན་དང་མཚོ་སྔོན་བོད་རིགས་དུས་དེབ་ཀྱི་ལག་བསྟར་གཙོ་སྒྲིག་པ། ཞིང་ཆེན་སྲིད་གཞུང་གི་ཡུལ་ཤུལ་ས་འགུལ་ཐེབས་རྗེས་བསྐྱར་བསྐྲུན་བློ་འདྲི་ས་སོགས་ཀྱི་འགན་ཁུར་ཡོད།