༄༅།།ལེགས་བཤད་གསེར་གྱི་ཕྲེང་བའི་མཆོད་བརྗོད་ཀྱི་ཚིག་འགྲེལ་ལས་དང་པོ་བའི་གསར་བུ་རྣམས་ལ་གོ་བདེར་བཀོད་པ་

                གཞུང་དོན་སྣང་བ་སྟེར་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།
                 ༄༅།  །གངས་རིའི་མུ་ཁྱུད་གློག་ཕྲེང་དྲ་བ་ཅན།   
                 གངས་ཅན་ཞིང་འདིའི་ཆོས་སྲིད་དབང་བསྒྱུར་མཁན།
                   ལྟ་བ་རྟེན་འབྲེལ་འཚེ་མེད་བརྟུལ་ཞུགས་སྤྱོད།
                  གངས་ཅན་གདོང་ལྔའི་དབང་པོ་གཙུག་ན་རྒྱལ།
                 རིགས་ལམ་རྩིབས་སྟོང་ལྡན་པའི་ཐབས་མཁས་ཀྱིས།
                   རང་རང་གདུལ་བྱའི་བློ་དང་ལེགས་མཚམས་པ།
                 གཞུང་དོན་མཛུབ་ཁྲིད་བསྐྱངས་པའི་བཤེས་གཉེན་མཆོག།།
                      སྒོ་གསུམ་མི་ཕྱེད་དང་བས་ཕྱག་བགྱིའོ།
                                           
                   བསླབ་གསུམ་ནོར་གྱི་དབྱིབས་འཛིན་སྒེག་མོ་ལས།
                      ཐབས་ཤེས་ཟུང་གི་པད་ཚལ་བཞད་པའི་གཉེན།
                      ལེགས་བཤད་འོད་སྟོང་འཕྲོ་བའི་རྒྱལ་ཡུམ་རྒྱན།
                     ཀུན་ལ་གསལ་མཛད་འཇམ་མགོན་བླ་མར་འདུད།

ཅེས་མཆོད་པ་བརྗོད་པའི་ཚིག་གིས་མདུན་བསུས་ཏེ། འདིར་ལས་སུ་བྱ་བ་ལེགས་བཤད་གསེར་གྱི་ཕྲེང་བའི་མཆོད་བརྗོད་ཀྱི་ཚིག་དོན་ཅུང་ཟད་དགྲོལ་བ་ལ་འཇུག་པའོ། དེ་ཡང་ལེགས་བཤད་གསེར་གྱི་ཕྲེང་བ་ཞེས་པའི་མཚན་དོན་ནི། གསེར་དེ་འཇིག་རྟེན་ན་རིན་པོ་ཆེ་ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པས།གསེར་གྱི་ཕྲེང་བ་རྡོག་པོ་རྣམས་སྲད་བུ་ལ་བརྒྱུས་ཏེ་ཕྲེང་བ་གྱུར་པ་ན་ཕྲེང་བའི་ནང་ནས་མཆོག་ཏུ་བརྩི་བ་དེ་བཞིན་དུ་ལེགས་བཤད་འདི་ཡང་རྒྱ་བོད་ཀྱི་གྲགས་ཆེ་བའི་རྒྱན་འགྲེལ་ཀུན་གྱི་སྙིང་དོན་གཅིག་ཏུ་བསྡུས་པས་ན་གསེར་གྱི་ཕྲེང་བ་ལྟ་བུ་མཆོག་ཏུ་གྱུར་པར་ཡིན་ཞེས་པའོ། རྒྱལ་བ་མ་ཕམ་པ་ཞེས་སོགས་ཀྱི་དོན་ནི། ཉོན་མོངས་པའི་བདུད། འཆི་བདག་གི་བདུད། ཕུང་པོའི་བདུད། ལྷའི་བུ་ཡི་བདུད་བཅས་བདུད་བཞིའི་གཡུལ་ལས་རྣམ་པ་རྒྱལ་བས་ན་རྒྱལ་བ། སྔོན་བདག་ཅག་གི་སྟོན་པ་དགའ་ལྡན་དུ་དམ་པ་ཏོག་དཀར་གྱི་སྐྱེ་བ་བཞེས་ནས་ཕྱིས་འཛམ་བུ་གླིང་དུ་འབྱོན་པར་བརྩམས་པ་ན་དེར་བཞུགས་པའི་ལྷ་རྣམས་ཐུགས་སྐྱོ་ནས་སྨྲེང་ངག་བཏོན་པས་ན་སྟོན་པས་རྒྱལ་བ་བྱམས་པ་རྒྱལ་ཚབ་ཏུ་དབང་བསྐུར་ནས་ལྷ་དེ་དག་ཐུགས་མ་ཕམ་པ་མཛད་པས་མ་ཕམ་པ། སེམས་ཅན་ཀུན་ལ་བུ་གཅིག་པ་ལྟར་བརྩེ་བ་སྙིང་རྗེ་ཆེན་པོ་དང་ལྡན་པ་དེའི་ཞབས་ལ་སྒོ་གསུམ་གུས་པས་འདུད་དོ་ཞེས་པའོ། པད་དཀར་མིག་ནི་ཁྱབ་འཇུག་སྟེ། དེ་ཡང་སྔོན་ཁྱབ་འཇུག་གིས་སྦྱིན་བསྲེགས་ཀྱི་ཆེད་དུ་མེ་ཏོག་པད་དཀར་བཙལ་བ་ན་ལྷ་དབང་ཕྱུག་གིས་མེ་ཏོག་མི་མངོན་པར་བྱས་པས་ན་ཁྱབ་འཇུག་གིས་རང་གི་མིག་འབྲས་པད་དཀར་གྱི་ཚབ་ཏུ་སྦྱིན་བསྲེགས་མཛད་པས་ན་པད་དཀར་མིག་ཅེས་གྲགས་སོ། རི་འཇོམས་ནི། རྒྱལ་བྱིན་ཏེ། སྔོན་བསྐལ་པ་ཐོག་མར་ཆགས་པའི་ཚེ་རི་བོ་རྣམས་འགྲོ་འོང་བྱེད་པས་སེམས་ཅན་ལ་གནོད་ཚབ་ཆེ་བར་བརྟེན་རྒྱལ་བྱིན་གྱིས་རྡོ་རྗེས་རིའི་རྐང་པ་བཅག་ནས་འགྲོ་བ་མེད་པར་བྱས་པས་ན་རི་འཇོམས་ཞེས་སོ། དེ་ཡང་སྔོན་དྲང་སྲོང་པྲ་ཏི་ཙི་ཞེས་བྱ་བའི་བུ་ཞོ་འཐུང་ཞེས་པ་ལོ་བྱེ་བ་ཕྲག་བདུན་གྱི་བར་དུ་དཀའ་ཐུབ་ལ་གནས་པའི་དྲང་སྲོང་ཞིག་ཡོད་པ་དེའི་རུས་པ་བླངས་ནས་མཚོན་ཆ་བྱེད་ན་ཕྱོགས་ཐམས་ཅད་ལས་རྣམ་པ་རྒྱལ་ལོ་ཞེས་ལྷ་རྣམས་ཀྱིས་ཐོས་པས། ལྷ་རྣམས་ཀྱིས་དྲང་སྲོང་ལ་གསོལ་བ་བཏབ་པས། དྲང་སྲོང་གིས་རང་ལུས་ཀྱི་ཤ་ལྷག་པ་བྱས་ཏེ། རུས་པ་ལྷ་རྣམས་ལ་བྱིན། ལྷ་རྣམས་ཀྱིས་དྲང་སྲོང་གི་རྩིབས་ལོགས་ཀྱི་རུས་པ་ལ་རྡོ་རྗེ་བྱས་ཏེ་རྒྱལ་བྱིན་གྱིས་ཁྱེར། བྱིན་པའི་རུས་པ་ལ་དབྱུག་པ་བྱས་ཏེ་དབང་ཕྱུག་གིས་ཁྱེར་བར་རིག་བྱེད་ཀྱི་གཏམ་རྒྱུད་ལ་གྲག་གོ། གསེར་གྱི་མངའ་ནི་ལྷ་ཚངས་པ་སྟེ་ཚངས་པ་གསེར་གྱི་སྒོ་ང་ལས་བྱུང་བ་བཤད་པས་སོ། ཉ་ཡི་ཏོག་ནི་དགའ་རབ་དབང་ཕྱུག་སྟེ་ཉ་ཡི་དབྱིབས་དང་ལྡན་པའི་ཏོག་ཡོད་པས་ནའོ། གངྒཱ་འཛིན་པ་ནི་དབང་པྱུག་ཆེན་པོ་སྟེ། སྔོན་སྐལ་ལྡན་ཤིང་རྟ་ཞེས་བྱ་བའི་རང་གི་ཡབ་དམྱལ་བར་ལྷུང་བར་སྡིག་པ་གཞོམ་ཕྱིར་དུ་ཚངས་པ་ལ་གསོལ་བ་བཏབ་པས། ཚངས་པས་སྡིག་པ་སྦྱོང་ཐབས་སུ་ལྷ་ཡི་བུ་མོ་གངྒཱ་འཛམ་བུ་གླིང་དུ་བཏང་བ་ན་གངྒཱའགྲོ་མ་ནུས་པ་ན་དབང་ཕྱུག་ཆེན་པོས་རང་ཉིད་ཀྱི་རལ་པའི་གསེབ་ཏུ་བླུག་པས་ན་གངྒཱ་འཛིན་པ་ཞེས་སོ། སོགས་ཁོངས་ནས་ཚོགས་བདག་དང་ཉི་མ་ཟླ་བ་སོགས་བཏོན་ནོ། ཆེར་རློམ་ཞེས་སོགས་ཀྱི་དོན་ནི། འཇིག་རྟེན་ན་དཔལ་དང་འབྱོར་བ་དབང་ཐང་སོགས་མངོན་པའི་ང་རྒྱལ་གྱིས་ཆེས་ཆེར་རློམ་པ་དྲེགས་པའི་ལྷ་རྣམས་ཀྱི་ལམ་ལས་ཆེས་ཁྱད་པར་དུ་འཕགས་པ་རྒྱལ་བ་སངས་རྒྱས་ཀྱི་རིང་ལུགས་དྲི་མ་མེད་པ་འདི་ཉིད་དུས་རྟག་ཏུ་གནས་པར་གྱུར་ཅིག་ཅེས་པ་ནི་སྨོན་པའི་ཚིག་གོ། རབ་དཀར་ལྷག་བསམ་ཞེས་སོགས་ཀྱི་དོན་ནི། ཐོག་མར་འཇིག་རྟེན་ཆགས་ཚུལ་གྱི་རིམ་པར་དཔེར་བླངས་ནས་རྒྱལ་སྲས་སེམས་པ་ཆེན་པོ་རྣམས་ཀྱིས་སྦྱོར་བ་ལྷོད་མེད་ཀྱི་བརྩོན་འགྲུས་ལ་བརྟེན་ནས་ཐབས་ཤེས་ཟུང་འབྲེལ་དུ་ཉམས་བཞེས་མཛད་པ་ལས་རྫོགས་པའི་སངས་རྒྱས་ཀྱི་གོོ་འཕང་མངོན་ངུ་མཛད་ཚུལ་བཅས་སྟོན་པ་ཡིན་ནོ། དེ་ཡང་བསྐལ་པ་དང་པོ་ཆགས་པའི་ཚེ་ཐོག་མར་རླུང་གི་དཀྱིལ་འཁོར་ཆགས། དེ་ནས་ཆུ་ཡི་དཀྱིལ་འཁོར་ཆགས། ཆུ་དེ་རླུང་གིས་བསྲུབས་པ་སྟེ་དཀྲུག་པ་ལས་ཆུ་ཡི་སྙིང་པོ་རྣམས་ཕྱོགས་གཅིག་ཏུ་འདུས་པ་ལས་དབང་ཆེན་གསེར་ཀྱི་ས་གཞི་གྲུབ། དེ་ནས་རིམ་པ་བཞིན་རི་རབ་དང་ཆུ་གཏེར་བཞི་སྟེ། པཀྵུ། གངྒཱ། སིནྡྷུ། སི་ཏ་བཅས་ཆུ་བོ་བཞི་པོ་དེས་འཛམ་གླིང་གི་ས་གཞི་ཐམས་ཅད་ཡོངས་སུ་བསྐོར་ནས་ཡོད་པས་ལུས་ཀྱི་སྐེ་རགས་དང་འདྲ་བ་བཅས་དཔེར་བླངས་ནས། རྒྱལ་སྲས་རྣམས་ཀྱིས་ཐོག་མར་མན་ངག་བདུན་གྱི་ནང་ཚན་ལྷག་བསམ་གྱིས་མཚོན་པའི་རྒྱ་ཆེ་བའི་ལམ་གྱི་རིམ་པ་དང། སྟོང་ཉིད་རྟོགས་པའི་ཟབ་མོའི་ལམ་གྱི་རིམ་པ་གཉིས་ཟུང་འབྲེལ་དུ་ཉམས་བཞེས་མཛད་པ་ལས་བསྡུ་བའི་དངོས་པོ་བཞི་སྟེ་མཁོ་བ་སྦྱིན་པ། སྙན་པར་སྨྲ་བ། དོན་མཐུན་པ། དོན་སྤྱོད་པ། བཅས་བསྡུ་བའི་དངོས་པོ་བཞི་དང་། ཉེན་སྐྱོན་མཐའ་དག་དང་བྲལ་ཞིང་། ཡོན་ཏན་གྱི་དཔལ་ཕུན་སུམ་ཚོགས་པ་དང་སྡན་པས་སྐྱེ་དགུའི་དབུས་ན་ཆེས་ཆེར་མངོན་པར་མཐོ་བའི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་མཛད་ཚུལ་བཅས་སྟོན་ནོ། དེ་ཡང་དཔེ་དོན་སྦྱོར་ཚུལ་ནི། རབ་དཀར་ལྷ་བསམ་ཞེས་པས་ལྷག་བསམ་རྣམ་དག་དེ་དབང་ཆེན་གསེར་གྱི་ས་གཞི་དང་ཆོས་མཚུངས་མཛད་ཏེ། གསེར་གྱི་ས་གཞི་དེ་ངོ་བོར་ས་རྡུལ་སོགས་ཀྱི་བསླད་པས་དབེན་པ་དང་། འཇིག་རྟེན་གྱི་སྣོད་བཅུད་ཆགས་པའི་གཞི་རྟེན་བྱེད་པ་དེ་བཞིན་དུ། ལྷག་བསམ་རྣམ་དག་དེ་ཡང་ངོ་བོར་ཚུལ་མིན་ཡིད་བྱེད་ཞེ་སྡང་སོགས་ཀྱིས་བསླད་པ་དང་བྲལ་བས་རབ་ཏུ་དཀར་བ་དང་། ཐེག་པ་ཆེན་པོའི་རྒྱུ་འབྲས་མཐའ་དག་གི་གཞི་རྟེན་བྱེད་པས་ས་གཞི་དང་འདྲ། བདེན་པས་སྟོང་པའི་སྟོང་པ་ཉིད་ལ་གཏིང་དང་མཐའ་དཔག་དཀའ་བས་གཏིང་མཐའ་དང་བྲལ་བའི་རྒྱ་མཚོ་ཆེན་པོ་དང་ཆོས་མཚུངས། ཟབ་རྒྱས་གཉིས་ལ་བསླབ་པའི་བརྩོན་འགྲུས་དེ་འགྱོགས་འགྲོས་ཏེ་རླུང་བུ་དང་ཆོས་མཚུངས། བསྡུ་བའི་དངོས་པོ་བཞི། ཆུ་གཏེར་བཞི་དང་ཆོས་མཚུངས། ཕུན་ཚོགས་དཔལ་གྱིས་མངོན་པར་མཐོ་བའི་སྐྱབས་གནས་དཀོན་མཆོག་གསུམ་པོ་དེ། ལྷུན་པོ་སྟེ་རི་ཡི་རྒྱལ་པོ་རི་རབ་དང་ཆོས་མཚུངས་མཛད་དོ། དཔག་ཡས་ཡོན་ཏན་ཞེས་སོགས་རྐང་པ་བཞིས། ཡུམ་མཁྱེན་པ་གསུམ་པོ་དེ། མ་དྲོས་པའི་མཚོ་ཆེན་དང་ཆོས་མཚུངས་མཛད་དེ། དེ་ཡང་མ་དྲོས་པའི་མཚོ་ཆེན་དེ་ནོར་བུའི་ཚོགས་ཀྱིས་ཡོངས་སུ་གཏམས་པ་སྟེ་གང་བ། ཀླུ་ཡི་རྒྱལ་པོ་རྣམས་ཀྱིས་བསྟེན་པའི་གནས་ཡིན་པ། དེ་ལས་ཆུ་གཏེར་བཞི་འབྱུང་བ་བཞིན་དུ། ཡུམ་མཁྱེན་པ་གསུམ་པོ་དེ་ཡང་དཔག་ཏུ་མེད་པའི་ཡོན་ཏན་ཚོགས་ཀྱིས་བརྒྱན་པ། སྐལ་ལྡན་རྒྱལ་སྲས་རྣམས་ཀྱིས་བརྟེན་པའི་གནས་ཡིན་པ། རང་སྲས་འཕགས་པ་བཞིར་བསྐྲུན་པ་དཔེ་དོན་སྦྱར་རོ། གཞུང་ལུགས་འདབ་བརྒྱའི་ཞེས་པའི་རྐང་པ་བཞིས། རྗེ་བླ་མ་རང་གི་ཐུགས་འདབ་བརྒྱའི་ཕྲེང་བ་ཚར་དུ་དངར་བའི་མེ་ཏོག་པད་དཀར་གྱི་གཟུགས་སུ་བཀོད་ནས་གསུངས་པ་ཡིན། དེ་ཡང་པད་དཀར་གྱི་ཚལ་དེ། འདབ་བརྒྱའི་ཕྲེང་བ་ཚར་དུ་དངར་བ། ལོ་འདབ་ཀྱི་ཆ་ཤས་ཡོངས་སུ་རྫོགས་པ། འོད་སྟོང་འཕྲོ་བའི་ཉི་མའི་ཟེར་གྱིས་ཁ་ཕྱེ་བ་བཅས་དཔེར་བླངས་ནས། རྗེ་བླ་མ་རང་ཉིད་ཀྱིས་གཞུང་ལུགས་བརྒྱ་ཕྲག་མང་པོ་ཐུགས་སུ་ཆུད་པས། གཞུང་ལུགས་འདབ་བརྒྱའི་ཕྲེང་བ་ཚར་དུ་དངར་བ། རིག་པའི་རྣམ་དཔྱོད་ཀྱི་ཆ་ཤས་ཡོང་སུ་རྫོགས་པ། རང་གི་བླ་མའི་ལེགས་བཤད་ཀྱི་གསུང་གི་འོད་ཟེར་གྱིས།

རྗེ་རང་གི་ཐུགས་གཞུང་ལུགས་རབ་འབྱམས་ལ་གཟིགས་པའི་བློ་གྲོས་ཁ་ཕྱེ་བའི་བདག་བློ་པད་དཀར་ཚལ་དེ་ཡུམ་མཁྱེན་པ་གསུམ་གྱིས་དུས་རྟག་དུ་སྐྱོངས་བར་མཛོད་ཅིག་ཅེས་གསུངས་སོ།  རྣམ་དག་ལེགས་ལམ་ཞེས་པའའི་རྐང་པ་བཞིས།  རྒྱལ་ཚབ་མི་ཕམ་མགོན་ལ་ཐུགས་མཁྱེན་པའི་སྒོ་ནས་མཆོད་པ་བརྗོད་པ་ཡིན།    དེ་ཡང་སྒྲིབ་གཉིས་རྣམ་པ་དག་བྱེད་ཀྱི་ལེགས་པའི་ལམ།   ལམ་ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པ།   འདས་པ་དང་མ་འོངས་ད་ལྟ་བཅས་དུས་གསུམ་གྱི་རྒྱལ་བ་ཀུན་དང་།  རྒྱལ་སྲས་སློབ་མའི་ཚོགས་དང་བཅས་པ་ཐམས་ཅད་ཤེར་ཕྱིན་གྱི་མདོ་སྡེ་ལ་བརྟེན་ནས་འབྱུང་བས་ཤེར་ཕྱིན་གྱི་མདོ་ལ་རྒྱལ་བའི་ཡུམ་ཞེས་གསུང་པའི་རྒྱས་འབྲིང་བསྡུས་གསུམ་གྱི་སྙིང་པོའི་དོན་ཤིན་ཏུ་རྟོགས་དཀའ་ཞིང་ཆེས་ཟབ་པའི་རྒྱ་ཆེ་བའི་ཟབ་མོའི་ལམ་གྱི་རིམ་པ་འདི་ཉིད་ཤེར་ཕྱིན་གྱི་མདོ་སྡེར་ཤུགས་བསྟན་དུ་སྦས་པའི་ཚུལ་གྱིས་གསུངས་པ་གང་།  ཡུམ་གང་གི་བརྗོད་བྱེད་ཀྱི་ཚིག་དང་བརྗོད་བྱའི་དོན།  ཚིག་དོན་ཇི་ལྟར་གནས་པ་བཞིནསྒྲ་དོན་དང་མ་འདྲེས་པ་གསལ་བར་མངོན་སུམ་དུ་གཟིགས་ཤིང།  རང་ཉིད་ཀྱིས་ཇི་ལྟར་གཟིགས་པ་དེ་བཞིན།   དེ་ལྟར་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལ་ལེགས་པ་སྟོན་པ།  བདག་ཅག་གི་སྟོན་པའི་རྒྱལ་ཚབ་རྒྱལ་སྲས་མི་ཕམ་མགོན་དེ་རྟག་ཏུ་རྒྱས་རྒྱུར་ཅིག་ཅེས་པའོ།  གང་ལ་རྟེན་ན་ཞེས་པའི་རྐང་པ་བཞིས།  འཕགས་པ་ཐོགས་མེད་ལ་མཆོད་བརྗོད་མཛད་པ་ཡིན་ཏེ།   དེ་ཡང་བསྟན་བཅོས་གང་ལ་བརྟེན་ན་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་སྦས་དོན་མངོན་པ་རྟོགས་པའི་རིམ་པ་རྒྱ་མཚོའི་འཇུག་ངོགས་ཆེན་པོོདང་འདྲ་བ་དེར་བདེ་བླག་ཏུ་ཏེ་དཀའ་ཚེགས་ཆུང་ངུས་བགྲོད་པའི་གྲུ་གཟིངས་ལྟ་བུ་རྒྱལ་བའི་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་མངོན་པ་རྟོགས་པའི་རྒྱན་འདི།  འཕགས་པ་ཐོགས་མེད་གང་གི་ཐུགས་བརྩེ་བ་སྙིང་རྗེ་ཆེན་པོ་དེ་ཡིས།   བདག་ཅག་འགྲོ་བ་རྣམས་ལ་མངོན་སུམ་དུ་སྣང་བ་མཛད་པ།  མཚན་འཕགས་པ་ཐོགས་མེད་ཅེས་བྱ་བ་དེ་ལ་གུས་པས་འདུད་དོ་ཞེས་པའོ།   རབ་གསལ་ཆེས་མྱུར་ཞེས་སོགས་རྐང་པ་བཞིས།  སློབ་དཔོན་སེང་བཟང་དབྱར་ཀྱི་ཆར་སྤྲིན་གྱི་གཟུགས་སུ་བཀོད་ནས་གསུངས་པ་ཡིན།   དེ་ཡང་ཆར་སྤྲིན་དེ་ལ་གློག་ཕྲེང་དྲག་ཏུ་འཁྱུད་པ་བཞིན་དུ།  སློབ་དཔོན་ཐུགས་གཞུང་ལུགས་ལ་སྤྱོད་པའི་ཤེས་རབ་གསལ་བ།   ཆེས་མྱུར་བ། ཆེས་ཟབ་པ་བཅས་སྤོབས་པ་ཆེན་པོས་བསྒྲུབས་པའི་རིག་པའི་གློག་ཕྲེང་དྲག་ཏུ་འཁྱུད་པ་དང།  ཆར་སྤྲིན་དེ་ཚ་བའི་གདུང་བ་བསིལ་བར་བྱེད་པའི་ཆུ་ཡི་ལྗིད་ཀྱིས་ནོན་པ་བཞིན་དུ།  སློབ་དཔོན་གྱི་ཐུགས་ལ་གཞུང་དོན་མི་ཤེས་པའི་རྨོངས་པ་སེལ་བར་བྱེད་པའི་ལེགས་བཤད་ཀྱི་ལྗིད་ཀྱི་ནོན་པ་དང།  ཆར་སྤྲིན་དེ་འབྲུག་སྒྲའི་དཔལ་གྱིས་ཉེར་བར་མཛེས་པ་བཞིན་དུ།   སློབ་དཔོན་ཟབ་མོ་སྟོང་པ་ཉིད་སྟོན་པའི་ལེགས་བཤད་ཀྱི་དཔལ་གྱི་ཉེར་བ་མཛེས་པ་བཅས་ཁྱད་པ་གསུམ་དང་ལྡན་པ།  མཚན་སློབ་དཔོན་སེང་བཟང་ཞེས་གྲགས་པ།  ཆུ་འཛིན་ནམ་སྤྲིན་པའི་གཟུགས་སུ་བཀོད་པ་གང་ཡིན་པ་དེ་ཐུབ་པའི་བསྟན་པ་ནམ་མཁའ་དང་འདྲ་བ་འདི།་  འཛིན་སྐྱོང་སྤེལ་གསུམ་རྒྱ་ཆེར་མཛད་པས་ན།   བསྟན་པའི་མཛེས་རྒྱན་དུ་གྱུར་ཞེས་པའོ།   ཀཻ་ལ་ཤ་ཡི་ཞེས་སོགས་ཚིགས་བཅད་གསུམ་གྱིས།  ཡུལ་གྱི་བཀོད་པ་དང་།   སྤྲུལ་པའི་ཆོས་རྒྱལ་དང་ལོ་ཙྭ་བ་རྣམས་ལ་བཀའ་དྲིན་རྗེས་དྲན་གྱིས་མཆོད་བརྗོད་མཛད་པ་ཡིན།  དེ་ཡང་ཀཻ་ལ་ཤ་སྟེ་གངས་རི་དཀར་པོའི་ཁ་དོག་གི་མདངས་འཕྲོག་པའམ་ཟིལ་གྱིས་གནོན་པའི།  ས་འཛིན་དཀར་པོ་སྟེ་ཁ་བ་ཏི་ཡི་ཕྲོགས་ཐམས་ཅད་བར་དང་མཚམས་མེད་པ་དཀྲིགས་པ་སྟེ་བཀང་ན་ཡང་།   དེར་གནས་པའི་འགྲོ་བ་རྣམས་བླང་དོར་གྱི་གནས་གང་ཡང་མི་ཤེས་པའི་སྨག་རུམ་སྟེ་མུན་པ་ཤིན་ཏུ་སྟུག་པོ་འཐིབས་པ་སྟེ་འཁྲིགས་པ་འདིར་རྒྱལ་བའི་བཀའ་དང་དེའི་དོན་རྣམས་པ་འབྱེད་པ་ལ་རང་དབང་དུ་གྱུར་པ།   རྒྱ་གར་མཁས་པའི་གསུང་གི་སྒྲ་དོན་ཇི་བཞིན་བོད་སྐད་དུ་ལེགས་པར་བསྒྱུར་ནས།  འགྲོ་བ་རྣམས་ལ་ཐར་པའིི་ལམ་གསལ་བ་མཛད་པས་ན།  སྤྲུལ་པའི་ལོ་པཎ་རྣམས་གངས་རིའི་ཁྲོད་འདི་ལྷ་དང་མིར་བཅས་པའི་འཇིག་རྟེན་ཀུན་གྱི་ཅོད་པན་ཐོད་ཀྱིས་ཏེ།  སྐྱེ་བོའི་གཙུག་ཏུ་བཀུར་བའི་གནས་སུ་གྱུར་ཞིང་།  གངས་ཅན་གྱི་ཞིང་དུ་བརྩོན་པ་དུ་མས་བསྟན་འགྲོའི་དོན་བསྒྲུབས་པ་མཛད་པ་གང་།  སྤྲུལ་པའི་ལོ་རྩྭ་བ་དང་པཎ་གྲུབ་རྣམས་དང་ནི།  ས་སྐྱོང་རྒྱལ་པོ་དང་བློན་པོའི་ཚོགས་དང་བཅས་པ་རྣམས་ལ།  དུས་རྣམ་པ་ཀུན་ཏུ་བདག་བློ་བཟང་གྲགས་པས་ཡིད་རབ་ཏུ་དང་བའི་སྒོ་ནས་སྐྱབས་སུ་མཆི་ཞེས་པའོ།  དོན་ཟབ་ཞེས་སོགས་ཚིགས་བཅད་གཉིས་ཀྱིས་རྗེ་བླ་མ་རང་ལ་བཀའ་དྲིན་ཆེ་བའི་ཡོངས་འཛིན་རྣམས་ལ་མཅོད་བརྗོད་མཛད་པ་ཡིན།  དེའི་ཚུལ་ནི་བརྗོད་བྱའི་དོན་ཟབ་ལ་བརླིང་བ་རྒྱལ་བ་སངས་རྒྱས་ཀྱི་གསུང་རབ་གྲུ་གཟིངས་ལྟ་བུ་ལ་ཐོས་བསམ་གྱིས་ཞུགས་ཏེ།  གྲུབ་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པར་གྱུརཔ་སྟེ་ཇི་བཞིན་ཐུགས་སུ་ཆུད་ཅིང་།  རྣམ་པ་གྲོལ་བའི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་བའི་ནོར་བུའི་གླིང་གར་ལྟ་བུ་ལ།  ལུས་ཅན་ཏེ་སེམས་ཅན་རྣམས་ཐབས་ཀུན་ནས་བཀྲི་བ་སྟེ་ཁྲིད་པར་མཛད་པའི་ཆོས་རྗེའི་ཞབས་ལ་སྒོ་གསུམ་གུས་པས་འདུད་དོ་ཞེས་པའོ།  བློ་གྲོས་གསལ་བའི་མཁས་པ་རྒྱུ་སྐར་ལྟ་བུའི་བྱེ་བའི་དབུས་ན་རབ་ཏུ་བརྗེད་པ་སྟེ།   མངོན་པར་མཐོ་བའི་འོད་དཀར་ཅན།  མཛད་པའི་འཕྲིན་ལས་ཀྱི་འོད་ཟེར་ཕྱོགས་བཅུར་འཔྲོ་ཞིང་གསལ་བར་བྱེད་པའི་ལེགས་བཤད་བདུད་རྩི་ལྟ་བུའི་གསུང་གི་འོད་ཟེར་གྱིས།  རྗེ་བླ་མ་བདག་གི་བློ་གྲོས་རྒྱ་མཚོ་ལྟ་བུ་མཛེས་པ་སྐྱེད་པ་སྟེ།  རྒྱས་པར་མཛད་པའི་ཡོངས་འཛིན་རྣམ་བཞི་དུས་རྣམ་པ་ཀུན་ཏུ་རྒྱལ་གྱུར་ཅིག་ཅེས་པའོ།  ཡོངས་འཛིན་རྣམས་པ་བཞི་ནི།  གསེར་ལྡོམ་དྭོགས་དཔྱོད་ལས།  རྗེ་ཡོན་ཏན་རྒྱ་མཚོ།  སློབ་དཔོན་དབུ་རྒྱན་པ།  ཉ་དཔོན་ཀུན་དགའ་དཔལ།  རྗེ་རེད་མདའ་བ་བཞི་ངོས་འཛིན་གནང་འདུག།།  ངེས་དོན་ཞེས་སོགས་ཀྱིས་རང་སྟོབས་ཀྱིས་གཞུང་དོན་སྒྲོགས་པའམ་འགྲེལ་བ་མཛད་པ་གང་ཡིན་པ་དེ་ནི་བུང་བ་དང་ཁྱད་ཆོས་གསུམ་གྱིས་ཆོས་མཚུངས་མཛད་པ་ཡིན།  དེ་ཡང་བུང་བ་དེ་པད་མའི་སྦྲང་རྩིའི་བཅུད་ཀྱིས་ལུས་སྟོབས་རྒྱས་ཤིང་།  པད་མའི་མཚོ་ཆེན་ནང་ཞུགས་ཏེ་སྙན་པའི་སྐད་སྒྲ་དར་དིར་སྒྲོགས་པ་བཞིན།  རང་སྟོབས་ཀྱིས་གཞུང་དོན་ཕྱིན་ཅི་མ་ལོག་པ་སྒྲོགས་པ་མཛད་པ་གང་ཡིན་པ་དེ་ནི།  གསུང་རབ་ཀྱི་ངེས་པའི་དོན་ཐུགས་སུ་ཆུད་པས།  བློ་གྲོས་ཀྱི་ལུས་སྟོབས་རྒྱས་ཤིང།  རྒྱལ་བའི་གསུང་རབ་ལ་ཐོས་བསམ་གྱིས་ཞུགས་ནས།  རང་སྟོབས་ཀྱིས་གཞུང་དོན་སྒྲོགས་པ་མཛད་པའི་སྐྱེས་བུ་སུ་ཞིག་ཡིན་པའམ་གང་ཡིན་པ་དེ་ནི།  འཇིག་རྟེན་ན་ཡོངས་འདུའི་ཤིང་བཞིན་ཟླ་ཡིས་དབེན་པ་སྟེ་འགྲན་ཟླ་དང་བྲལ་བ་ཡིན་ཞེས་པའོ།  དེ་སླད་དེ་རྒྱུ་མཚན་དེའི་ཕྱིར་ན།   བརྗོད་བྱེད་ཚིག་གི་གོ་རིམ་འབྲེལ་སྒྲིག་ཚུལ་སོགས་དང་།   བརྗོད་བྱའི་དོན་གང་ལ་ཡང་རང་ལ་འདི་ཡིན་འདི་མིན་གྱི་ཡིད་བརྟན་འཕེལ་བའི་ངེས་པར་ཅུང་ཟད་ཙམ་ཡང་མེད་པར་གྱུར་ཀྱང་།  གང་ཟག་གཞན་གྱི་ཟེར་ཟློས་འབའ་ཞིག་གི་རྗེས་སུ་འབྲངས་པའི་གཞུང་རྩོམ་གྱི་སྒྲ་བརྙན་དེ་དག་ཞོགས་ལ་ངལ་གསོ་བསྐྱོན་དང་།  བརྗོད་དོན་ཟབ་ལ་བརླིང་བ་དོན་བཟང་པོ་དངོས་བརྒྱད་དོན་བདུན་བཅུའི་རིན་པོ་ཆེ་བའི་ཕྲེང་བ་འདི།  ཚིག་གི་སྡེ་སྦྱོར་ལེགས་པའི་སྲད་བུ་སྟེ་སྐུད་པ་ལྟ་བུའི་ལེགས་བཤད་འདི་ལ་བརྒྱུས་ཤིང་།  དྲི་མ་མེད་པའི་ལུང་དང་རིགས་པའི་གཟི་འོད་བརྒྱ་ཡིས་བསྟར་བ་སྟེ་བརྒྱན་པའི་ལེགས་བཤད་འདི།  སྐལ་བ་དང་ལྡན་པའི་བློ་གསལ་བ་དག་གི་མགྲིན་པའི་རྒྱན་དུ་བདག་གིས་སྤེལ་ཞེས་པ་འདི་ནི་བརྩམ་པ་དམ་བཅའ་བའི་གཞུང་ངོ་།  ངོ་མཚར་རྨད་དུ་བྱུང་བའི་ལེགས་བཤད་གསེར་གྱི་ཕྲེང་བ་བརྩམས་པ་འདིས།  ལེགས་ཉེས་འབྱེད་པའི་ཤེས་རབ་ཀྱི་རྩལ་དང་མི་ལྡན་པ།  གཞན་གྱི་ཕུན་ཚོགས་ལ་ཕྲག་དོག་གི་ཚེར་མས།  བློ་གྲོས་ཀྱི་མིག་དཀྲུགས་པ་སྟེ་སྒྲིབ་པའི་བླུན་པོ་རྣམས་ལ་དགའ་བ་མི་སྐྱེད་མོད།   ཡིན་ནའམ་གཟུར་གནས་རྣམ་དཔྱོད་ཀྱིས་སྐུ་ལུས་མཛེས་པར་བྱས་ཤིང་།  སྤྲོ་བའི་བརྩོན་འགྲུས་ཀྱི་གོས་སུ་སྤུད་པའམ་བརྒྱན་པ།  རྒྱལ་བའི་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་ཚིག་དོན་མཐའ་དག་གསལ་བར་བྱེད་པའི་བསྟན་བཅོས་རྒྱན་གྱིས་རྣམ་དཔྱོད་ཀྱི་སྐུ་ལུས་མཛེས་པ་སྐྱེད་འདོད་པའི་བློ་གསལ་གཟུར་གནས་གང་གིས་འདི་མཐོང་བ་ན།  དེ་ཡི་མོད་ལ་སྟེ་དེ་མ་ཐག་བཞིན་ཀྱི་དཀྱིལ་འཁོར་ཏེ་ཞལ་རས་འཛུམ་མདངས་ཀྱིས་ཁྲ་ལྷམ་མེར་འགྱུར་བར་ངེས་སོ་ཞེས་པའོ།  གུས་པས་འདི་ནི་རང་དང་གྲོགས་ཚངས་པ་མཚུངས་པ་འགའ་དང་ཀློག་སློབ་བགྱིས་སྐབས་གཞུང་འདི་དོན་གཉེར་ཅན་གསར་བུ་བ་དག་ལ་དགོས་གལ་ཆེ་བར་མཐོང་ནས།  བླ་མའི་གསུང་བཞིན་བྲིས་ཁུལ་བགྱིས་ཡང་བློ་གྲོས་ཀྱི་ལང་ཚོ་མ་སྨིན་པའི་གྱི་ན་བ་བདག་ལྟ་བུས་འདི་འབྲི་བའི་ངལ་རྩོལ་བྱེད་པ་ནི།  སྣག་ཤོག་གྲོན་པའི་རྒྱུ་དང་།  འགལ་འཛོལ་གྱི་ཕུང་པོའི་གནས་ལས་མ་འདས་པས་དྲན་དབང་ཡོངས་ལ་ལག་པད་སྙིང་གར་ཟུམ་སྟེ་དགོངས་སེལ་ཞུ་རྒྱུར་ལགས།  གལ་ཏེ་འདི་ལ་ལེགས་པའི་ཆ་ཤས་ཅུང་ཟད་ཅིག་མཆིས་ན་སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་མི་བཤིག་པའི་རྡོ་རྗེའི་ཁམས་སུ་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་།   གཞུང་འདིའི་བཤད་སྒྲུབ་འཆད་ཉན་གྱི་བྱ་བ་དབྱར་གྱི་ཆུ་གཏེར་བཞིན་གོང་འཕེལ་ཡོངས་བའི་སྨོན་འདུན་དང་བཅས།  ཆོས་འདི་པ་ལ་ཤིན་ཏུ་གུས་པ་གདན་སའི་སློབ་གཉེར་བའི་གྲལ་མཐར་འཛིན་པ་ཚ་བ་བློ་བརྩོན་པས་ཕྱི་ལོ་༢༠༠༧ལོའི་གོང་ས་༸མཆོག་གི་སྐུའི་འཁྲུངས་སྐར་ཉིན་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཏུ་དམིགས་ཏེ་བྲིས་པ་དགེའོ།། །།